ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།
ཆོས་བཤད་གཞན་ཕན་ཉི་མ། །
ཆོས་བཤད་གཞན་ཕན་ཉི་མ་ཞེས་བྱ་བ་བཞུགས་སོ། །
དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད་ནས། །བར་དུ་གྲངས་མེད་བསྐལ་པར་ཚོགས་གཉིས་བསགས། །ཐ་མར་མངོན་པར་རྫོགས་པར་སངས་རྒྱས་ནས། །ཆོས་འཁོར་བསྐོར་བའི་སྟོན་པར་མགོས་ཕྱག་འཚལ། །སངས་རྒྱས་བསྟན་པའི་ཉི་མ་འོད་པོ་ཆེ། །བོད་ཡུལ་མུན་པའི་གླིང་འདིར་འདྲེན་མཁས་པའི། །སྔོན་བྱོན་རྒྱལ་བློན་པཎ་གྲུབ་ཐམས་ཅད་ཀྱི། །སྐུ་དྲིན་ཡང་ཡང་དྲན་བཞིན་གུས་པས་འདུད། །མཆོད་འོས་སྐྱབས་གནས་མ་ལུས་འདུས་པའི་སྐུ། །དངོས་གྲུབ་ཀུན་སྩོལ་
རྩ་བའི་བླ་མ་རྣམས། །མི་འབྲལ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །བདག་གཞན་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །མི་ལུས་རྙེད་དཀའ་འཆི་བ་མི་རྟག་པ། །ངན་སོང་ངན་འགྲོའི་སྡུག་བསྔལ་ལེགས་བསམས་ནས། །མི་དགེ་སྤངས་ནས་དགེ་བ་སྒྲུབ་པའི་ཚུལ། །བླ་མ་རྣམས་ཀྱི་གསུང་བཞིན་བཤད་པར་བྱ།། ༈ །།འོ་འགྲོ་བ་ཡོངས་ཀྱི་སྔོན་ནས་མ་འདྲིས་པའི་མཛའ་བཤེས་ཆེན་པོ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ཀྱིས། དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་
བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མངོན་པར་རྫོགས་པར་སངས་རྒྱས་ཏེ། ཡུལ་རྒྱ་གར་བྱ་རྒོད་ཕུང་པོའི་རི་སོགས་ནས་མཚན་དཔེས་མཛེས་པའི་སྐུའི་འོད་ཀྱིས་ཕྱོགས་ཀུན་འགེངས་བཞིན་ཡན་ལག་དྲུག་ཅུའི་གསུང་གིས་ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་སོགས་འགྲོ་བ་སོ་སོའི་སྐད་དུ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་མདོ་ཧྲིལ་གྱིས་དྲིལ་ན་མི་ལུས་རྙེད་དཀའ། འཆི་བ་མི་རྟག་པ། ཤི་ན་སྡིག་པ་བྱས་པ་རྣམས་ངན་སོང་གསུམ་དང་ངན་འགྲོའི་རིགས་སུ་སྐྱེས་
ནས་སྡུག་བསྔལ་མྱོང་ཞིང་། དགེ་བ་བྱས་པ་རྣམས་ཀྱིས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ཐོབ་ནས་བདེ་ཞིང་སྐྱིད་པས་ན། སྡུག་བསྔལ་མི་འདོད་པར་བདེ་སྐྱིད་འདོད་པ་རྣམས་ཀྱིས། ཚེ་འདིར་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་ཆུང་ངུ་ལ་ཡང་འཛེམ། བདེ་བའི་རྒྱུ་དགེ་བ་མཐའ་དག་སྒྲུབ་ཅེས་གསུངས་པ་ངས་འདིར་ཁྱེད་རྣམས་ལ་བཤད་རྒྱུའི་ཆོས་སོ། །ཆོས་བཤད་དེ་ལ་ཆོས་གཏམ་དང་ལུང་འདྲེན་མང་པོ་བྱས་ཨ་མཆོད་ཀྱིས་ཆོས་འདོན་འདོན། ལུང་བའི་ཆུ་བཞུར་བཞུར་བྱས་ཤུ་རུ་རུ་ཐོགས་པ་མེད་
པར་བཤད་ན་ཁོང་རྣམ་པ་གོ་རིགས་བཟང་བའི་མཁས་པ་རྣམས་ཀྱིས་ཉན་ན་ཚིག་རྣ་བར་སྙན་ཅིང་བསམས་ན་དོན་སེམས་ལ་ཕན་པས་བཟང་ཀྱང་ཁྱེད་ཆོས་ངོ་མི་ཤེས་པའི་ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཉན་ན་ཚིག་མི་གོ །བསམས་ན་དོན་མི་ཤེས་ཚེ། ཆོས་ཐུན་རིང་ན་སྐབས་ཤིག་ཉན་ན་ཡང་མི་འདོད། ཡུལ་དུ་སོང་ན་འགའ་རེས་དེ་རིང་བླ་མས་ཆོས་ཅི་གསུང་གི་དྲིས་ན། ཆོས་མང་པོ་གསུང་གི །ངེད་ཚོ་སྐྱེ་བོ་མི་ནག་པ་ལས་སྒྲིབ་ཆེ་བས་ཉན་པ་ཙམ་མ་གཏོགས་མཆོད་ཅིག་མི་གོ་གི་ཟེར་བླ་མའི་གསུང་བཞིན་བསྒྲུབས་ན་འདོད་ཀྱང་སྒྲུབ་ཚུལ་མི་ཤེས། སྐད་ཆ་བྱས་ཏེ་བཤད་ན་ཉན་ན་ཚིག་གོ །བསམས་ན་དོན་ཤེས་ཚེ། ཆོས་ཐུན་རིང་ཡང་གཅིག་གིས་གཅིག་ལ་གཏམ་ཤབ་ཤིབ་ཅིག་ཀྱང་བྱེད་ཀི་མི་འཇུག །ཁ་རོག་བླ་མའི་གསུང་ཆོས་ལ་ཉོན་ཟེར། ཆོས་བཤད་འགྲུབ་ཚེ་རང་གི་སེམས་ལ་འཛིན་རྒྱུ། གཞན་གྱི་མི་ལ་བཤད་རྒྱུ་གཉིས་ཀ་ཡོད་པས་ཕན་ཐོགས་ཆེ། དེས་ན་ད་རེས་ངས་སྐྱེ་བོ་ཕོ་མོ་དད་ཅན་ཡོངས་ལ་ཕན་པའི་ཕྱིར་འཇིག་རྟེན་པའི་སྐད་ཆ་བྱས་ཆོས་བཤད་རྒྱས་པ་ཞིག་བྱེད་རྒྱུ་ཡིན་པས། ད་ཁྱེད་རང་རྣམས་ཀྱིས་མ་གྱུར་ནམ་
མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་མྱུར་དུ་ཐོབ་པར་བྱ། དེའི་ཕྱིར་དུ་མཚན་ལྡན་གྱི་བླ་མ་འདིའི་དྲུང་ནས་དེ་རིང་ཉིན་དམ་པའི་ལྷ་ཆོས་ཉན་པར་བྱའོ་སྙམ་པའི་གསེར་སྦྱངས་བཙོ་མ་ལྟ་བུའི་བྱང་ཆུབ་ཀྱི་སེམས་ཡག་པོ་དེ་སྔོན་དུ་བཏང་ནས། ངའི་ཆོས་བཤད་འདིའི་འགོ་ཚུགས་ནས་མཇུག་མ་རྫོགས་ཀྱི་བར་དུ། དཔེར་ན་ནད་པ་བསམ་ཤེས་ཀྱིས་སྨན་པ་བཟང་པོའི་ཚིག་ལ་ཉན་པ་བཞིན་དུ་ཡིད་གཞན་དུ་མ་ཡེངས་པར་རྣ་བ་ལེགས་པར་གཏོད་ལ་གསན་པར་འཚལ། འོ་སྐོལ་རྣམས་སྐྱེ་དཀའ་བ་གླིང་བཞི་ཡི་ནང་ནས་མཆོག་ཏུ་གྱུར་པ་ལྷོ་འཛམ་བུའི་གླིང་དུ་སྐྱེས། ཐོབ་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བའི་མཚན་ལྡན་གྱི་བླ་མ་དང་མཇལ། ཐོས་པར་དཀའ་བའི་མདོ་སྔགས་ཀྱི་ཆོས་ཐོས་ཀྱང་། མི་དགེ་བ་སྤངས་ནས་དཀར་པོ་དགེ་བ་མི་སྒྲུབ་པ་འདི་ཅི་ཡིས་ལན་ཟེར་ན། དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག་པ། ཤི་ན་མི་དགེ་བའི་དབང་གིས་
ངན་སོང་གསུམ་དང་ངན་འགྲོའི་རིགས་སུ་སྐྱེས་ན་སྡུག་བསྔལ་ཡོད་ཚུལ་དང་། དགེ་བའི་མཐུས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་ཐོབ་ན་བདེ་སྐྱིད་ཆེ་ཚུལ་མ་ཤེས་པའམ། ཤེས་ཀྱང་མ་བསམ་པས་ལན་པ་ཡིན། དེ་བསམ་ཕྱིན་མི་དགེ་བ་སྤངས་ནས་ཆོས་མི་བྱེད་པའི་རང་དབང་མེད། འོ་ན་དལ་འབྱོར་རྙེད་དཀའ་ཇི་ལྟར་བསམ་དགོས་ཟེར་ན། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཟེར་བ་དེ། ད་ལྟའི་ངེད་ཚོའི་ལུས་རྟེན་འདི་ལ་ཟེར། ད་རེས་ངེད་ཚོ་ཐམས་ཅད་མི་ཁོམ་པའི་གནས་བརྒྱད་དུ་མ་སྐྱེས་པར་ག་ལེ་སོས་དལ་དུ་བསྡད་ཡོད་པས་དལ་ཟེར། ཆོས་སྒྲུབ་པའི་མཐུན་རྐྱེན་རང་གཞན་གྱི་འབྱོར་པ་བཅུ་ཚང་བས་ན་འབྱོར་ཟེར། མི་ལུས་ཐོབ་དུས་འདིར་ཆོས་བསྒྲུབས་ན་ནོར་བུ་ལས་དགོས་འདོད་འབྱུང་བ་ལྟར། འདི་ཕྱིའི་བདེ་སྐྱིད་ཐམས་ཅད་འབྱུང་བས་ན་མི་ལུས་རིན་པོ་ཆེ་ཟེར་བ་ཡིན། འོ་སྐོལ་རྣམས་ཀྱི་སྐྱེ་བ་སྔོན་མར་ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་དགེ་བ་རྣམ་པར་དག་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱར་ཏེ། ད་ལྟ་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཐོབ་པ་ཡིན།
ད་ཕྱིན་ཆད་མི་ལུས་ཤིག་ཐོབ་པ་ལ་རབ་འདུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་དགོས། དེ་མིན་ཀྱང་ཐ་ན་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཙམ་ཞིག་ངེས་པར་བསྲུང་དགོས་ཏེ། མི་དགེ་བ་བཅུ་ནི། སྲོག་གཅོད། མ་བྱིན་ལེན། མི་ཚངས་སྤྱོད། རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་འདི་རྣམས་ཡིན། འདི་རྣམས་མ་བྱས་ན་ཚུལ་ཁྲིམས་ཡིན་ཏེ། དེང་སང་བྱེད་མཁན་མང་། ཚུལ་ཁྲིམས་བསྲུང་བ་གཅིག་པུས་མི་ཆོག །དེའི་སྟེང་དུ་དཀོན་མཆོག་ལ་མཆོད་པ། དགེ་འདུན་ལ་བསྙེན་བཀུར། དབུལ་ཕོངས་ལ་སྦྱིན་གཏོང་། ཕ་མར་བརྩི་བཀུར་སོགས་དགེ་བ་བསྒྲུབ་དགོས་ཀྱང་། དེ་སྒྲུབ་པ་ནི་ཤིན་ཏུ་དཀོན། དེའི་སྟེང་དུ་བདག་ཕྱི་མར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཚན་ལྡན་གྱི་བླ་མ་མཇལ། ཟབ་རྒྱས་ཀྱི་ཆོས་ཐོས། ཚུལ་བཞིན་ཉམས་སུ་བླངས་ཏེ་མྱུར་དུ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག །ཅེས་པ་ལྟ་བུའི་སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་དགོས། ད་ལྟ་ཁྱེད་
ཚོས་ཕར་ལྟོས་དང་། སྐྱེ་བོ་ཁྲི་ཕྲག་མང་པོ་འཚོགས་པའི་ཁྲོད་ན་རྒྱུ་དེ་གསུམ་སྒྲུབ་པ་ཉིན་པར་གྱི་སྐར་མ་ལྟར་དཀོན། བློ་ཁ་ཚུར་ལོག་ལ་རང་གི་སྤྱོད་ཚུལ་ལ་ལྟོས་དང་། རྒྱུ་དེ་གསུམ་སྒྲུབ་པ་ཕར་ཞོག །ཉིན་གཅིག་ཙམ་ཡང་དགེ་བ་གཙང་སིང་ངེ་བ་འདི་བྱས་ཞེས་དྲན་རྒྱུ་རིན་ཆེན་གསེར་བས་དཀོན། མི་དགེ་བཅུ་ཉིན་རེ་བཞིན་བྱས་པ་བགྲང་ན་ལམ་སྲང་དང་གྲམ་པའི་རྡོ་བས་མང་། ཕྱི་མར་འགྲོ་ས་ཐུར་དང་། མྱོང་རྒྱུ་སྡུག་བསྔལ་མིན་པ་མེད་པས། མི་ལུས་མི་ཐོབ་པར་ཐག་ཆོད། ད་དུང་སྔར་བཞིན་མི་ལུས་ཤིག་ཐོབ་ནས་འོང་སྙམ་པའི་བློ་དེ། དཔེར་ན་དཔྱིད་དུས་ཞིང་ལ་ས་བོན་མ་བཏབ་པར་སྟོན་ཐོག་བཟང་བོ་ཞིག་སྐྱེས་ནས་འོང་སྙམ་པ་དང་འདྲ་བས་དོན་གོ་ཅི་ཡང་མེད་དེ། འཕགས་པ་ཉི་མའི་སྙིང་པོས་ཞུས་པའི་མདོ་ལས། དཔེར་ན་སྐྱེས་བུ་སྟོབས་དང་ལྡན་པ་ཞིག་གིས་ཡུངས་དཀར་གྱིས་བཀང་བའི་སྒྲོམ་བུ་ཞིག་ཁ་སྦུབས་ཏེ། ཤིན་ཏུ་དྲག་པར་སྤྲུགས་ཤིང་མ་ལུས་པ་བྱས་པའི་ཤུལ་དེར་ཡུངས་དཀར་འབྲུ་རེ་རེ་གཉིས་གཉིས་ཆགས་པར་དཀའ་ན། མང་པོ་སྨོས་ཀྱང་ཅི་དགོས། དེ་བཞིན་དུ་ངན་འགྲོ་དང་མཐོ་རིས་ཀྱི་ཁྱད་
ཤེས་པར་བྱའོ་ཞེས་གསུངས། དཔེར་ན་གྱང་ངོས་སུ་སྲན་མ་གཏོར་ན་ས་ལ་ལྷུང་ནས་རེ་གཉིས་ཙམ་མ་གཏོགས་ཆགས་དཀའ་བ་ལྟར། སྲན་མ་ས་ལ་ལྷུང་བ་རྣམས་ངན་སོང་གསུམ་དང་ངན་འགྲོར་སྐྱེས་པའི་ཚོད་ཙམ་ཡིན། གྱང་ངོས་སུ་རེ་གཉིས་ཆགས་པ་མི་ལུས་རིན་པོ་ཆེ་ཐོབ་པའི་ཚོད་དང་མཉམ་ཞེས་སྔོན་གྱི་དམ་པ་འགའ་རེས་གསུངས། འོ་ན་དེ་འདྲ་ཡིན་ན་མི་མང་ངོ་སྙམ་ན། དེ་ངེད་རང་ཚོས་བསམ་བློ་མ་བཏང་བ་ཡིན། ཁྱེད་ཚོ་དབྱར་མི་མེད་པའི་ལུང་སྟོང་ཞིག་ཏུ་སོང་དང་། ལུང་བ་དེའི་ཕུ་མདོ་བར་གསུམ་ན། བྱ་བྱེའུ་རི་དྭགས་རྟ་ནོར་ར་ལུག་འབུ་སྲིན་སོགས་སྲོག་ཆགས་ཡོད་ཚུལ་ལ་ལྟོས་དང་། བོད་གངས་ཅན་ཁྲོད་ཀྱི་མིའི་གྲངས་ཙམ་ཡོད། མི་ལུས་རིན་པོ་ཆེ་ཉུང་བ་དེ་གཅིག་པུས་ཤེས། གྲོག་ཚང་ཆེན་པོ་གཅིག་ལ་ལྟོས་དང་། རྒྱ་མཁར་ཆེན་པོ་ཞིག་ན་ཡང་། མི་དེ་འདྲ་ཡོད་པ་དཀོན། ལུང་བ་གཅིག་མིན་ལུང་པ་དེ་ནས་ཡང་ཕར་ནང་གི་ལུང་བར་སོང་ཀྱང་དེ་བས་མང་། ལུང་བ་དེ་ན་མི་རང་ཉིད་གཅིག་པུ་མིན་པ་མེད། སྲོག་ཆགས་དུད་འགྲོ་ཕྲ་མོ་བགྲང་གིས་མི་ལང་།
དེ་བཞིན་དུ་ས་སྟེང་ཐམས་ཅད་ན་ཡོད་པ་ཡིན། ས་ཕྱོགས་གཅིག་མིན། ས་སྟེང་གི་དུད་འགྲོ་འདི་རྣམས་ལས་རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་དུད་འགྲོ་མང་། དུད་འགྲོ་དེ་བས་ཡི་དྭགས་ཀྱི་སེམས་ཅན་མང་། ཡི་དྭགས་ལས་དམྱལ་བའི་སེམས་ཅན་རྣམས་མང་སྟེ། སངས་རྒྱས་ཀྱི་ཞལ་ནས། དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ་མོ། །ཡི་དྭགས་ནི་བྱེ་མའི་གྲངས་ཙམ་མོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་མོ། །ལྷ་དང་ལྷ་མིན་ནི་ཁ་བ་བུ་ཡུག་ཙམ་མོ། །མི་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །གསུངས། ཕ་དམ་པའི་ཞལ་ནས། སྤྱིར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །སྒོས་ཁ་འཐོར་བ་ཡི་ལུས་མཐོང་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །ཞེས་གསུངས། དེ་ལྟར་མི་ལུས་རིན་པོ་ཆེ་རྙེད་དཀའ་བར་མ་ཟད་དོན་ཆེ་སྟེ། མི་ལུས་འདིའི་སྟེང་ནས་དགེ་བ་བསྒྲུབས་ན། མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་བ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པས་ན། ཡིད་བཞིན་གྱི་ནོར་བུ་ལས་ལྷག་སྟེ། རྗེ་བདག་ཉིད་ཆེན་པོས། དལ་བའི་རྟེན་འདི་ཡིད་བཞིན་ནོར་
ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །ཞེས་གསུངས། དེས་ན་ད་ལྟ་ངེད་རང་ཚོས་གསེར་དངུལ་སྲང་གང་དོ་རེ་རྙེད་ནས། ཕྱི་ནས་བོར་སོང་ན། ཨ་ཁ། ཁོ་བོས་གསེར་རམ་དངུལ་དེ་ཕངས་ཟེར་འགྱོད་པ་སྐྱེ་ན། དེ་བཙལ་ན་རྙེད་པ་ཞིག་རེད། མི་ཁོམ་པའི་གནས་རྣམས་སུ་བསྐལ་བ་བརྒྱ་ཁྲིར་བཙལ་ཀྱང་རྙེད་དཀའ་བའི་མི་ལུས་རིན་པོ་ཆེ་ཡིད་བཞིན་གྱི་ནོར་བུ་ལས་ལྷག་པ་ཞིག་ཐོབ་པ་འདི་དོན་མེད་ཆུད་ཟོས་སུ་གཏོང་མི་རུང་སྟེ། སློབ་སྤྲིངས་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོའི་མཐར་ཕྱིན་ཅིང་། །བྱང་ཆུབ་མཆོག་གི་དགེ་བའི་ས་བོན་འདེབས་གྱུར་པ། །ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས། ད་རེས་མི་ལུས་རིན་པོ་ཆེ་ཐོབ་ནས་མི་དགེ་བ་བྱས་ན། གསེར་སྣོད་རིན་པོ་ཆེའི་ཕྲ་དུ་མས་བརྒྱན་པ་ཞིག །མི་གཙང་བ་ཁ་ལུད་དང་གཤང་གཅི་སོགས་ཀྱི་སྣོད་བྱས་པ་ལས་ཀྱང་ཆེས་ཤིན་ཏུ་བླུན་ཏེ། བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །མི་གཙང་ཕྱགས་བདར་
བྱེད་པ་དེ་བས་ནི། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་གསུངས། ད་རེས་ཆོས་དར་བའི་ཡུལ་དུ་སྐྱེས་ནས། ཆོས་རྣམ་དག་ཅིག་མ་བྱས་ན། དཔེར་ན་རིན་པོ་ཆེའི་གླིང་དུ་ཕྱིན་ནས་ལག་སྟོང་མཆན་དུ་བཅུག་ནས་ཕྱིར་ལོག་པ་དང་འདྲ་སྟེ། འཕགས་པ་དཔའ་བོས། འདི་ན་རྨོངས་པ་བསོད་ནམས་གཏེར། །ཅུང་ཟད་ཙམ་ཞིག་མི་བསགས་པ། །དེ་དག་འཇིག་རྟེན་ཕ་རོལ་དུ། །མི་བཟད་མྱ་ངན་ཁང་པར་འཇུག །རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟོང་པར་རང་ཁྱིམ་བཞིན། །ཞེས་གསུངས། ད་རེས་དགེ་བ་མ་བསགས་སྡིག་པ་བྱས་ན་ཕྱི་མར་མི་ལུས་ཐོབ་པ་ཕར་ཞོག །བདེ་འགྲོའི་སྒྲ་ཙམ་ཡང་མི་ཐོས་ཏེ། སྤྱོད་འཇུག་ལས། དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་ན། །བསྐལ་བ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས། ད་རེས་མི་དང་དུད་འགྲོའི་ཆེ་ཁྱད། བུ་དང་བུ་མོའི་བཟང་ངན་ཡང་ཆོས་ཡོད་མེད་ཀྱི་སྟེང་ནས་འབྱེད་པ་ཡིན་པས། ཚེ་འདིའི་ཁ་གསོ་ཚུལ་རྒྱབ་དྲོ་ཐབས་ཙམ། མིའི་མི་ཚད་
དུད་འགྲོས་ཀྱང་ཤེས་ནས་བྱེད་པ་ཡིན་པས། ཆོས་མེད་ཕྱིན་ཆད་ནས་རྔ་མ་དང་རྭ་གཉིས་མེད་པ་མ་གཏོགས་དུད་འགྲོ་དང་ཁྱད་པར་སྤུ་ཙམ་ཡང་མེད་དེ། རང་རེས་ཚེ་འདིར་མི་གཞན་གྱི་མགོ་སྐོར་རྫུན་གཏམ་གླེང་འཐེན། རྐུས་བྱས་ཇག་ལ་སོང་ནས་རྒྱུ་ནོར་ཁྱེར་འོངས་ནས་ཕྱུག་པོར་བཏང་ན། དེ་ལ་བླུན་པོ་སེམས་མེད་འགའ་རེས་ཡིད་སྨོན་བྱས་བུ་རྒོད་པོ་ཟེར་བསྟོད་ར་གཏོང་བ་དེ། འཇིག་རྟེན་རྒད་པོ་རྣམས་ཉོན་མོངས་པས་འཁྲུལ་བའི་གཏམ་ཡིན་ཏེ། ཆོས་ཀྱི་ལུགས་ལ་སྒོ་བསྟུན་ན་དེ་བས་བུ་ངན་ཞིག་གཞན་ན་མེད། དཔེར་ན། ཇག་རྐུས་བྱས་པ་ཞིག་དེ་རིང་སྐྱིད་ཀྱང་། སང་གནང་ལྟ་བུར་རྒྱ་ནང་དུ་ཁྲིད་ནས་མགོ་གཅོད་ངེས་ཤིག་ལ་དེའི་རྒྱུ་མཚན་ཤེས་པའི་མི་ཞིག་གིས་མི་སྨོན་པར་སྙིང་རེ་རྗེ་ཟེར་བ་ལྟར། ཚེ་འདིར་ཅུང་ཟད་བདེ་རུང་ཤི་མ་ཐག་ནས་དམྱལ་བར་འགྲོ་བའི་མི་ཞིག་ལ། དེའི་རྒྱུ་མཚན་ཤེས་པའི་ཆོས་པ་ཞིག་གིས། བུ་རྒོད་ཟེར་བ་ཕར་ཞོག་སྙིང་རེ་རྗེ། ལས་ངན། སྲོག་མ་ཆད་ཀྱང་རོ། དབུགས་དང་མ་བྲལ་ཡང་བེམ་པོ་དང་མཚུངས་ཞེས་སྨད་པའི་གནས་ཡིན་ཏེ། ཡང་
འགའ་རེས་ཇག་རྐུན་གཡོ་སྒྱུ་ཁྲམ་རྫུན་མ་བྱེད་བཞིན་རྒྱུ་ནོམ་བསགས་ཕྱུག་པོ་བྱས་ཀྱང་དེ་ལ་ཡང་བུ་དང་བུ་མོ་བཟང་པོ་མི་ཟེར། དེ་ཅིའི་ཕྱིར་ཞེ་ན། དཔེར་ན་གླང་རྒན་གྱིས་རྩྭ་ཆུ་འཐུངས་ནས་གྲོད་པུ་འགྲངས་པ་བཞིན། ཚེ་འདིའི་ཡུད་ཙམ་ཞིག་གི་བདེ་བ་ཡིན་པས་དོན་གོ་ཆུང་། འོ་ན་བུ་དང་བུ་མོ་བཟང་པོ་གང་ལ་ཟེར་ན། ཚེ་འདིར་མི་དགེ་བ་སྤངས་ནས། དགེ་བ་རྣམ་པར་དག་པ་བྱས་ན་ཚེ་རབས་གཏན་དུ་བདེ་ཞིང་སྐྱིད་པས། འཇིག་རྟེན་ཁམས་འདི་ན་དེ་བས་བུ་དང་བུ་མོ་བཟང་བོ་ཞིག་དཀོན་པས། སྨོན་ན་དེ་ལ་སྨོན་དགོས། བུ་རྒོད་པོ་ཡང་དེ་ལ་ཟེར་དགོས། དཔེར་ན་གྲུ་ཡོད་དུས་ཆུ་ཆེན་པོ་ལ་བརྒལ་དགོས་པ་དང་། དཔའ་བོའི་དཔུང་ཚོགས་འཛོམས་དུས་དགྲ་འདུལ་དགོས་པ་དང་། ཆུ་ལུད་དྲོད་གཤེར་འཛོམས་དུས་ས་བོན་འདེབས་དགོས་པ་དང་། ཅང་ཤེས་ཀྱི་རྟ་ཕོ་ཡོད་དུས་ས་ཐག་རིང་པོའི་ལམ་བགྲོད་དགོས་པ་དང་། འདོད་འཇོའི་བ་མོ་ཡོད་དུས་འོ་མ་བཞོ་དགོས་པ་དང་། གསེར་དངུལ་གྱི་གླིང་དུ་ཕྱིན་དུས་ཅི་ཐེག་ལེན་དགོས་པ་བཞིན་དུ། ད་རེས་སྔོན་གྱི་དགེ་བའི་མཐུས། མི་ལུས་རིན་པོ་ཆེ་ཐོབ། དབང་བོ་སྒོ་
ལྔ་ཚང་། རྒྱལ་བའི་བསྟན་པ་དང་མཇལ། དགེ་བའི་བཤེས་གཉེན་གྱིས་ཟིན། ལྷ་ཆོས་བྱེད་དབང་ཡོད། བྱེད་ཐབས་ཤེས་པའི་དུས་འདིར། ཚེ་འདིའི་ཡུལ་མཁར་གཉེན་བཤེས་རྒྱུ་ནོམ་གང་ལའང་མ་ཆགས་པར་བྱས། ཚེ་རབས་གཏན་དུ་བདེ་ཞིང་སྐྱིད་པའི་སོ་ནམ་ལ་ཆོས་ཤིག་མི་བྱེད་པའི་ཐབས་མི་འདུག་སྙམ་དུ་བསམས་ནས། ཆོས་བྱེད་པ་ལ་བློ་ཐག་རྦད་ཆོད་བྱེད་དགོས་ཏེ། ཆོས་བྱེད་བློ་ཡོད་ཀྱང་འཆི་བ་མ་བསམས་ན། ཆོས་སང་ཕོད་བྱ་སྙམ་པའི་ངང་ལ་ཕྱི་བཤོལ་བྱས་ན། ཆོས་ཀྱི་སྐལ་བ་འཆད་པས་འཆི་བ་བསམ་པ་གལ་ཆེ་སྟེ། འཆི་བ་ཇི་ལྟར་བསམ་དགོས་ཟེར་ན། སྔར་ཡུལ་མི་ཁྱིམ་མཚེས་ཕ་སྤུན་ཉེ་འབྲེལ། བླ་མ་མཆེད་གྲོགས་སོགས། སྐྱེ་བོ་ཕོ་མོ་འཇིག་རྟེན་འདི་ནས་ཕ་རོལ་ཏུ་སོང་བ་རྣམས་ལ་སོམས་དང་། རྒན་རྒོན་འགའ་རེས་མ་ཎི་འདོན་དུས་ཕྲེང་བ་བགྲང་བ་བཞིན་སྔར་མང་པོ་འཇིག་རྟེན་ཕྱི་མར་སོང་ཚར་བ་དེ་རྣམས་ཀྱང་བསྡད་ན་མ་འདོད་པ་མིན། སྡོད་རྩིས་མང་དུ་བྱས་ཀྱང་འདུག་དབང་མ་བྱུང་བ་ཡིན་པས། འོ་སྐོལ་ཐམས་ཅད་དེའི་རང་བཞིན་ལས་མ་འདས་པས་བདག་
ད་བར་མ་ཤི་བ་བཟང་། མ་ཤི་ཡང་རྣམ་གཡེང་གི་དབང་དུ་སོང་ནས་ཆོས་ཤིག་མ་བྱས་པ་འདི་སྐྱོན་རེ་ཆེ་སྙམ་དུ་བློ་ཆོས་ལ་བསྐུལ་དགོས། དཔེར་ན་གསོད་སར་འཁྲིད་པའི་སེམས་ཅན་གྱིས་གོམ་པ་སྤོས་པ་ལྟར། ལོ་ཟླ་ཞག་དང་སྔ་དྲོ་ཕྱི་དྲོ་ཙམ་སོང་ནའང་འཆི་བདག་གི་དྲུང་དུ་ཐག་ཇེ་ཉེར་འགྲོ་བ་ཡིན་ཏེ། ཚོམས་ལས། དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བས། །གསོད་བའི་དྲུང་དུ་སྙེག་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཞེས་གསུངས། གཞན་ཡང་ཚེ་ནམ་མཁའི་གློག་དང་རི་གཟར་གྱི་འབབ་ཆུ་ཤིང་སྡོང་གི་ལོ་མ་རྩྭ་ཁའི་ཟིལ་པ་དང་འདྲ་སྟེ། རྒྱ་ཆེར་རོལ་བ་ལས། སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ཞེས་དང་། བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། ཇི་ལྟར་ཤིང་གི་ཡལ་ག་ཡི། །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ལྟུང་བའི་ཆོས་ཉིད་དེ། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་དང་། བུ་མོ་བདུན་གྱི་རྟོགས་བརྗོད་ལས། འདོར་བར་འགྱུར་བའི་ལུས་སྲོག་ལ། །ཆུ་དང་རྩྭ་ཡི་ཟིལ་ལྟར་ལྟོས། །ཞེས་
གསུངས་པ་ལྟར་ངེས་པར་མྱུར་དུ་འཆི་ཡང་། དེང་སང་ཕལ་ཆེར་གྱིས་ཁོ་བོས་གཞོན་དུས་དགྲ་བཏུལ་གཉེན་བསྐྱངས། རྒྱུ་ནོམ་པ་བསགས། བུ་དང་ཚ་བོ་ཆེར་སོང་ནས། ང་མི་རྒན་ལ་ཞབས་ཏོག་ལེགས་པོ་བྱེད་ཙ་ན་ཆོས་བྱས་ན་ཡོང་། ད་རུང་ཆོས་བྱེད་མ་རན་སྙམ་ནས་ཆོས་ལ་ཕྱི་བཤོལ་བྱེད་པ་དེ། དཔེར་ན་བུད་མེད་རུལ་མ་ཞིག་གིས། སྔ་དྲོ་ཉི་མ་ཚ་མོ་ཤར་དུས་ནས་བཟུང་སྟེ། ཆུ་ར་རློན་པ་སོགས་མི་བསྐམ་པར། ཕྱི་དྲོ་ཉི་མ་ནུབ་རིར་ཕྱོགས་དུས་བསྐམ་ན་དབྱར་ཡིན་ན་རུལ། དགུན་ཡིན་ན་འཁྱགས་ནས། ཟ་རྒྱུའི་ཉམས་ལ་མི་ཕན་པ་ལྟར། ལོ་གཞོན་དུས་ནས་བཟུང་སྟེ་ཆོས་མི་བྱ་བར། ལོ་ལོན་དུས་ཁའི་སོ་ལོག །མགོ་ཡི་སྐྲ་དཀར། ལུས་ཀྱི་སྟོབས་ཟད། སེམས་ཀྱི་དཔའ་ཞུམ། ཡར་གྱི་ལ་མི་ཆོད། མར་གྱི་ཐུར་མི་ཕེབས། མིག་གིས་རྒྱང་མི་རིག །རྣ་བས་སྒྲ་མི་ཐོས་པའི་དུས་ཆོས་བྱེད་པ་ཕར་ཞོག །ཐ་ན་ལངས་འདུག་ཀྱང་དཀའ་སྟེ། རྒན་རྒོན་བླ་རྒན་ལོ་ལོན་ཚོ་ལ་ལྟོས་དང་། ཡར་ལ་ལངས་དུས་རྟ་རྒན་ཤེད་ངན་གྱིས་ལྡང་འདུག་མི་ནུས་པ་བཞིན་དུ། རྐང་པའི་གྲོགས་ལག་
པས་བྱས། ཡུན་རིང་བར་དུ་ལྡང་མི་ནུས་པར་གཡས་གཡོན་དུ་ཤེད་ཀྱིས་འཕག་ཡར་ལངས་པའི་ཤུལ་དུ་རྐང་བས་མི་རྗེས། ལག་པས་ཁྱི་རྗེས་འདྲ་བ་གཉིས་ཕབ་ནས། མི་ཞིག་ལངས་སོང་བ་དང་མི་འདྲ་བར་མི་ཁྱི་གཉིས་ལངས་སོང་བ་ཞིག་དང་འདྲ། འགྲོ་བའི་དུས་ཆང་གིས་བཟི་བའི་མི་བཞིན་ཕར་འཁྱོར་ཚུར་འཁྱོར། སྐབས་རེར་ལུས་ཀྱིས་ཡོ་སྲོང་མི་ཐུབ་པར་ལོག །ས་ལ་སྡོད་དུས་ས་རྡོ་ཆད་པ་བཞིན་འོང་ཤས་ས་ལ་སྟིགས་སེ་བརྒྱབ་ནས་ཨ་ཡོ་ཨ་ན་ཁ་ནས་འཆོར། ཆོས་བྱེད་ན་ལུས་ཀྱིས་ཕྱག་བསྐོར་བྱེད་དགོས་པ་ཡིན་ཏེ། ལོ་ལོན་དུས་ཕྱག་བསྐོར་མང་པོ་ཕར་ཞོག །བརྒྱ་ཕྱག་ཙམ་ཡང་དུས་གཅིག་ལ་འཚལ་དཀའ། ངག་གིས་ཁ་ཏོན་བྱེད་དགོས་པ་ཡིན་ཏེ། ཁ་བཏོན་མང་པོ་ཕར་ཞོག །ཐ་ན་མ་ཎི་ཞིག་འདོན་རྒྱུ་ཡིན་ཡང་། སོ་ལོག །ལྕེ་ལྡིབ་ནས་བཏོན་སར་མི་འགྲོ། སྨྲར་མི་དག །སྒྲ་ལོག་བཏོན་ན་བྱིས་པ་གཞོན་ནུ་འགའ་རེས་ལད་མོ་བྱས་ནས་རྒོད། སེམས་ཀྱིས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་ལྷ་སོགས་བསྒོམ་དགོས་པ་ཡིན་ཏེ། སྒོམ་ཕར་ཞོག །ད་ལྟ་དྲན་པ་ད་ལྟ་བརྗེད་ནས་གཞན་ཀུན་གྱིས་ཁྱོད་ལ་
ཅི་བྱུང་ཟེར། རྒས་དུས་ཆོས་བྱེད་དཀའ། རྒན་རྒོན་འགའ་རེས་ཆོས་བྱེད་པའི་དབང་དུ་བཏང་ཡང་། དེང་སང་སྙིགས་མའི་དུས་འདིར་བུ་ངན་ཁྲེལ་མེད་ན་རག་མང་། ཕ་མ་རྒན་རྒོན་གྱི་ཉིན་པར་གྱི་ལྟོ་བཅག །མཚན་མོའི་གཉིད་བཅག །སྒྱུ་ལུས་ཆུ་སེར། རྐང་ལག་ལ་སེར་ཁ་འགས་རག་གི་བར་དུ་ལས་དཀའ་ལས། སྡིག་སྡུག་གཏམ་ངན་གང་ལའང་མ་འཛེམ་པར། རྒྱུ་ནོམ་པ་བཙལ། གོས་ལེགས་པོ་ཞིག་རྙེད་ན་བུ་ལ་བསྐོན། རང་གིས་རྩག་ཆད་སོགས་ཧྲལ་ཧྲུལ་གོན། ཟས་ཞིམ་པོ་ཞིག་ཡོད་ན་བུ་ལ་བྱིན། རང་གིས་ཟས་ལྷག་ངན་ངོན་ཟོས། དཀའ་ཚེགས་དཀའ་ལས་མྱངས་ནས་ཡུན་རིང་བར་དུ་བསྐྱང་བསྐྱངས་ནས། བུ་ཡར་ཆེར་སོང་། རང་ལོ་ལོན་དུས། ད་བུས་དྲིན་གཟོ་ཞིག་བྱེད་མོད་སྙམ་ཡོད་དུས། རེ་སའི་བུས་རེ་ལོག་གེ་གཏོང་བ་མང་། ཅི་བྱས་ནས་གཏོང་ཟེར་ན། མནའ་མ་བདུད་མོ་དང་གཉིས་ཀ་ཁ་འཆམ་ཁོག་འགྲིག་ཚེ། རྒན་རྒོན་ལོ་ལོན་བཟའ་ལྷག་གི་འགྲོ། ཟས་ཞིམ་པོ་ཞིག་ཡོད་ན་གཉིས་ཀས་མཉམ་ཟ་བྱས། ཕ་མ་རྒན་རྒོན་ལ་གྲང་ལ་ཉོག་པའི་བཟའ་བཏུང་
སྟེར། ཕོ་བར་མི་བདེ་རུང་ལྟོག་ཚེ་ཟ་དགོས། དྲོ་འཇམ་ལེགས་པའི་གོན་པ་ཞིག་ཡོད་ན་གཉིས་ཀས་གྱོན། ཆད་ཆོད་ཧྲལ་ཧྲུལ་གྱི་ལྕི་མོ་དྲིན་ཅན་ཕ་མ་རྒན་རྒོན་ལ་བསྐོན། མི་ཐེག་ཀྱང་འཁྱགས་ཚེ་གོན་དགོས། རྒན་མོས་ཆུ་བླངས་ཇ་བསྐོལ་མེ་བུས་ནས་མནའ་མའི་གཡོག་དཀར་དཀར་ལ་ཁར་ནག་ནག་བྱེད་དགོས། རྒད་པོ་རྟ་རྗེས་ལ་སོང་ལུག་འཚོས། ཤིང་བཏུས། བཟོ་བྱས། ཡར་ལངས། ཕར་རྒྱུགས་ནས་བུ་ཡི་གཡོག་དཀར་དཀར་ལ་ཁར་ནག་ནག་བྱེད་དགོས། འགའ་རེས་དེ་བ་ཚང་ལ་གཡོག་པོ་རྒད་པོ་ཞིག་ཡོད་པ་དེ་གང་ནས་ཡིན་ཞེས་འདྲི། འགའ་རེས་དེ་ཁོ་རང་གི་ཕ་རྒད་པོ་རེད་གཡོག་པོ་མ་རེད་ཟེར་ནས་རྒོད། ཡང་རྒན་རྒོན་གཉིས་ཀྱི་སུ་ཡིན་ཡང་ལས་ཀ་མ་ཐུབ་པར་ཉལ་བསྡད་ན། བུ་དང་མནའ་མ་བདུད་མོ་གཉིས་ཀྱིས་ཡ་ཀི་ཚང་གི་རྒད་པོ། མ་ཀི་ཚང་གི་རྒན་མོ་དེ་ཚོས་ལས་དཀའ་རེ་ལས་གི་ཟེར། ཟུར་གཏམ་སྣ་ཚོགས་བཤད། མནའ་མས་ཁ་གཉེར་མཆུ་གཅུ་མ་དགའ་བའི་རྣམ་འགྱུར་བཙོག་པ་བརྒྱ་ཕྲག་སྟོན། བུ་ཡིས་འཆི་མེད་མ། ཕུང་རྒན་ཀ་ཟེར་ཚིག་ངན་རྡོ་ལོག་འདྲ་བ་ཁོག་དུ་འཇོག །ཡར་ལ་
འོང་དུས་སྡང་མིག །མར་ལ་འབུད་དུས་རྐང་ཐོས་བརྒྱབ་ཚེ་རང་གི་དྲིན་གྱིས་བསྐྱངས་པའི་བུ་ཡིས་དེ་འདྲ་བྱས་པ་དེ། གཞན་དགྲ་ཞིག་གིས་བྱས་པ་དང་མི་འདྲ་ལྷག་པར་སྙིང་ནད་ཆེ། བྱ་བ་འདི་བཙོག་ཨང་སྙམ་ནས་འདང་ལོག་རྒྱག་རྒྱུ་རྐྱང་ཡོང་། ཤི་ས་ན་སྐྱིད་མེད་ཀྱང་། སྡུག་ཐུག་ནས་ཤི་ན་ཚད་རེད་ཟེར། བླ་མ་སྐྱེས་བུ་དམ་པ་ཞིག་བྱོན་ན། འབྲི་མ་མོ་རྒོད་མ་གསུམ་པོ་འཛོམས་ཀྱང་། རྒད་པོ་འགའ་རེས་ཨ་བ་ལོ་ལོན་རེད། བླ་མ་དེ་བ་ཚང་ལ་འཕོ་ལུང་ཞིག་ཞུས་ཞེས་བཤད་ན། བུ་ཡིས་རེ་ཞིག་བར་དུ་ཁ་མི་གྲག །ཁྱོད་ཤི་མ་ཤི་གཉིས་ཀ་ཕ་ལ་འཕོ་ལུང་ཅན་པོ་མིན། ཤི་དུས་འཕོ་བ་ཞིག་འདེབས་ཐུབ་ན་ཚད་ཚད་ཡིན། ཁོང་ཚོའི་ཁ་མི་སོས་པས་མ་ཎི་ཆ་རེ་ཐོན་ལ་ཁ་རོག་སྡོད་དང་བཟང་ཟེར། རྒད་པོ་རྒན་མོ་འགའ་རེས། ཁྱིམ་མཚེས་གཡས་གཡོན་ཡུལ་མི་ཚོ་ལ་བུ་དང་མནའ་མའི་བྱ་སྤྱོད་བཤད་ནས་ཅུང་ཟད་རེ་ངུས་ན་བུ་ངན་གྱིས་གོ་མི་ཉན། གོ་ན་ཨ་ཁོས་ཁྱོད་ལ་སྡུག་ཅི་ཡོང་གི་ཡོད། ཁོར་མི་ཁ་བཏང་ནས། ནང་པར་ནས་ཁྱོད་ལ་སྐྱིད་ས་ཞིག་ཡོད་ན་དེ་ལ་སོང་། འདི་ནས་མ་འདུག་
ཟེར། རྒན་རྒོན་གྱི་སྙིང་ལ་མི་འབབ་པའི་ཚིག་ངན་མདའ་འདྲ་བ་མདུང་འདྲ་བ་བྱུང་ཚེ། སེམས་སྡུག་ནས་ཆོས་གཞན་ཕར་ཞོག །ཐ་ན་མ་ཎི་ཙམ་ཡང་ཁར་མི་འོང་། གཞན་འགའ་རེས་ཨ་མྱེ་མ་ཎི་རེ་ཐོན་ཞེས་བཤད་ན། ཨ་མྱེའི་ལས་ངན་པ་ཡིན་ནམ། མ་ཎི་ཡང་ཁར་མི་འོང་གི་ཟེར། མིག་མཐའ་ལ་ཆུ་འཁྱིལ། ཨུ་ཤུ་སྔམ་པ་འཐེན། དེ་བུ་དང་མནའ་མ་གཉིས་ཀྱི་གཅིག་ཤི་སོང་ནས་ལས་ལ་ངུས་པ་མིན། བུ་ཡི་བྱ་སྤྱོད་ངན་པའི་སྟབས་ཡིན། ཁྱེད་ཚོས་ལྟོས་དང་། དེང་སང་རྒན་རྒོན་ལོ་ལོན་མལ་ས་དྲོན་པོ་ན་བསྡད། བུ་ཡིས་དྲོ་འཇམ་གྱི་གོས་བསྐོན། ཞིམ་པོའི་ཟས་བྱིན། མངར་བའི་ཇ་བླུད། ད་ཆོས་གྱིས་མ་ཎི་ཐོན་ཟེར་བ་ཨེ་ཡོད་གི་ཅིག་སོམས་དང་། དེས་ན་རང་གི་ཁ་དབང་ཕུང་བོ་སྟོབས་ཡོད་དུས་སུ་ཆོས་བྱེད་དགོས། ཡང་བུ་བཟང་བོ་སྐྱེས་ཕ་མ་རྒན་རྒོན་ལ་བྱམས་ཀྱང་། ཚེ་མཇུག་ལ་མགོའི་ཉི་ཟེར་འདྲ་བས་ཡུན་ཐུང་། ཆོས་བྱེད་ཁོམ་མེད་པར་འཇིག་རྟེན་ཕྱི་མར་ལག་སྟོང་དུ་འགྲོ་དགོས་པས། རྒས་དུས་ཆོས་ལེགས་པོ་ཞིག་གང་གི་ས་ནས་བསམས་ན་འོང་དཀའ། ཡང་གལ་ཏེ་ཆོས་རྒས་ནས་འོང་བའི་
དབང་དུ་བཏང་ཡང་། འཛམ་གླིང་ཚེ་ལ་ངེས་པ་མེད། ནད་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུ་སོགས་འཆི་རྐྱེན་གྲངས་མང་རྒས་ཁོམ་མེད་པར་གློ་བུར་དུ་འཆི་ཉེན་ཡོད་དེ། ཚོམས་ལས། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་དང་། སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པའང་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེངས་དྲོད་ཅི་ཞིག་ཡོད། ཅེས་དང་། རྒྱལ་བ་བསྐལ་བཟང་རྒྱ་མཚོས། དུས་ད་ནང་དགྲ་འདུལ་གཉེན་སྐྱོང་གི །གྲོས་བྱེད་དུས་ལུས་བདེ་སེམས་ཀྱང་རྒོད། །དགུང་སྲོད་ལ་བབ་དུས་དུར་ཁྲོད་དུ། །ལུས་བྱ་ཁྱིས་ཟ་བ་ཅང་བདེན་ནམ། །ཞེས་གསུངས། ཁྱེད་ཚོས་ལྟོས་དང་། རྒྱ་ཁེ་བ་ཞིག་གི་ལག་ན་མ་རྒན་པགས་པ་དང་། ལུག་གུའི་ཚར་བུ་གཉིས་ཀྱི་ཚར་བུ་མང་། མི་རྒན་པ་གཞོན་པ་གཉིས་ཀྱི་གཞོན་པ་འཆི་བ་མང་། ཡ་ཀི་ཚང་གི་རྒད་པོ། མ་ཀི་ཚང་གི་རྒན་མོ། ཕ་ཀི་ཚང་གི་བླ་རྒན་ཤི་ཟེར་བ་ཐོས་པ་ཉུང་། ཡ་ཀི་ཚང་གི་བུ་
ཚ། མ་ཀི་ཚང་གི་མནའ་མ། ཕ་ཀི་ཚང་གི་ཚ་བོ་ཤི་སོང་། ཨ་ཧོ་ད་རུང་ལོ་ཉུང་ཡིན། འཆི་མ་རན་ཟེར་བ་ཐོས་རྒྱུ་མང་། དེས་ན་ནམ་འཆི་ཆ་མེད་པས། ཆོས་ད་ལོ་སང་ཕོད་གཉིས་ཀྱི་ད་ལོ། ཟླ་བ་སྔ་མ་ཕྱི་མ་གཉིས་ཀྱི་སྔ་མ། དེ་རིང་ནངས་པར་གཉིས་ཀྱི་དེ་རིང་། སྔ་དྲོ་ཕྱི་དྲོ་གཉིས་ཀྱི་སྔ་དྲོ་བྱེད་དགོས། ཡོངས་ལ་འཆི་བ་ཟེར་བའི་འབྲུག་བཞིན་གྲགས་པ། འཆི་བདག་ཟློག་མེད་ཐོག་དང་འདྲ་བ་དེ་གློ་བུར་ཐོག་ཏུ་བྱུང་བའི་ཚེ། གང་གིས་ཀྱང་ཕན་པ་མེད་དེ། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སྨན་པའི་རྒྱལ་པོ་དངོས་སུ་བྱོན་གྱུར་ཀྱང་། །ཚེ་ཡི་འཕེན་ཟད་སྲོག་ལ་མཐུད་རྒྱུ་མེད། །དབང་བོ་ཆེ་ཡིས་ཁྲིམས་ལ་གཏུགས་རྒྱུ་མེད། །སྨྲ་མཁས་ཅན་གྱིས་ཡུས་ཤགས་འདེབས་རྒྱུ་མེད། །མི་ཐེབས་ཡོད་པ་གླུད་དུ་གཏོང་རྒྱུ་མེད། །ཟས་ནོར་གྲོ་ཟན་གཅིག་དང་འགྲོགས་དབང་མེད། །མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ། །ཞེས་གསུངས་པ་ལྟར། འཆི་ནད་ཀྱིས་ཐེབས་ནས་མལ་སའི་ནང་དུ་ལྷུང་ཚེ། ཁྱིམ་ཚང་བཟའ་བ་འགའ་རེས། མོ་པ་སྨན་པ་བོས། མོ་པས་ཁ་ཚོ་ཡབ་ཡབ་མོ་བཏབ། སྨན་པས་ལག་པ་ཚོ་གྲབ་
གྲབ་རྩ་མྱང་། དེ་གཉིས་ཀའི་ཁ་ལ་མི་འདང་ནི་མ་རེད། མི་ཐུབ་མི་གྱུ་བའི་སྐུ་རིམ་མང་པོ་བཀྱལ་ཚེ། ཁྱིམ་ཚང་བཟའ་བ་འགའ་རེས་ཕྱོགས་ཕྱོགས་སུ་བརྒྱུགས་ནས། གཅོད་སྔགས་མགོ་མདུང་ཁ་ནག་ཀ་བླ་རྒན་མགོ་རྡོ་ཁ་སེར་ར་མང་པོ་བོས་འོང་ནས་ཡར་གྱི་ཕུ་བཅད། གཅོད་སྔགས་རྣམས་ཀྱིས་རྔ་བརྡུངས། དུང་བུས། བླ་རྒན་རྣམས་ཀྱིས་དྲིལ་བུ་དཀྲོལ། ཐལ་མོ་བརྡབས་ནས། ཆོམ་ཆོམ་འུར་འུར་བྱས་སྐུ་རིམ་བཏོན་ན། སྐུ་རིམ་འདོན་གི་ཡོད་པ་ཞིག་དང་མི་རིག་པར་གཅོད་སྔགས་བླ་རྒན་རྣམས་ཀྱིས་ནད་ཅིག་ཁྱེར་འོང་ཡར་གྱི་ཕུ་ནས་བསྡད། མར་གྱི་ནད་པའི་སྟེང་དུ་སྣོན་གི་ཡོད་པ་ཞིག་དང་འདྲ་བས། མར་གྱི་ནད་ཇ་མཚམས་ཚོ་ལ་དྲིས་ན། ཇེ་ཐུ་རེད་ཇེ་སྡུག་རེད། ཁོང་གི་ལས་འདི་ངན་གི་ཨུ་ཤུ་ཟེར་ངུས། གཅོད་སྔགས་འགའ་རེས་རྔ་ཕོག །བླ་རྒན་འགའ་རེས་དྲིལ་བུ་བསྡུས། ཇ་མྱུར་མོ་བྱས་ནས་འཐུང་། ཞྭ་རུལ་གོན། རྔ་རུལ་ཁུར། རྩམ་ཁུག་བཟུང་། ད་འཆི་རྒྱུ་རེད་བཟང་ཟེར་ནི་འདྲ་བ་ལྟར་བྱས། གཅིག་བསྐྱུར་གཉིས་བསྐྱུར་བྱས་ནས་ཡུལ་དུ་རྒྱུག །སོང་ཤུལ་ན་ནད་
པའི་མཐའ་ལ་ཉེ་འབྲེལ་རྣམས་འདུས་ནས། འགའ་རེ་ངུ་། འགའ་རེས་ཁྱོད་ནད་འདིའི་འོག་ནས་ད་རེས་མི་འཆོར་གྱི་ཨེ་ཡིན་ནམ། ཁ་ཆེམས་འདྲ་བཤད་རྒྱུ་ཡོད་ན་བཤད་ན་དགའ་ཟེར། ཁོ་རང་གིས་ཀྱང་ད་ངེས་པར་འཆི་རྒྱུ་རེད་སྙམ་ནས་སྡུག །ཤི་ན་ཉེ་འབྲེལ་འདི་ཚོ་ལ་འབྲལ་རྒྱུ་རེད་སྙམ་ནས་སྡུག །བྲལ་ནས་ཕྱི་མར་གང་དུ་འགྲོ་སྙམ་ནས་སྡུག །མིག་ནས་མཆི་མ་རེ་གཉིས་དོར། ཁ་ཆེམས་རེ་གཉིས་རེ་བཞག་ནས་ཤི་འགྲོ་དུས་སྙིང་འདྲ་བའི་བུ་དང་ཆུང་མ་གྲོགས་པོ་ཡོད་ཀྱང་ཡུད་ཙམ་འགྲོགས་དབང་མེད། ལོ་བརྒྱར་ཐུབ་པའི་ཟས་གོས་ཡོད་ཀྱང་ཤུལ་དུ་བཞག་ནས་རང་ཉིད་གཅིག་པུར་རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་རིང་བརྒྱུད་ནས་འཇིག་རྟེན་ཕྱི་མར་འགྲོ་སྟེ། ལྗོན་ཤིང་གི་མདོ་ལས། གཅིག་པུ་མྱུར་དུ་འགྲོ་དགོས་ན། །བློ་གཏད་ཐུབ་པའི་གྲོགས་ཡོད་དམ། །ལོ་བརྒྱ་ཐུབ་པའི་ཟས་ཡོད་ཀྱང་། །ཤི་བའི་ནངས་པར་ལྟོགས་པར་འགྲོ། །ལོ་བརྒྱ་ཐུབ་པའི་གོས་ཡོད་ཀྱང་། །ཤི་བའི་ནངས་པར་གཅེར་བུར་འགྲོ། །ཞེས་གསུངས། དེ་ལྟར་འགྲོ་དུས་ཆོས་མེད་ན་རང་སྐལ་ཆད་པ་ཡིན། ཤུལ་ན་འདུག་པའི་བུ་ངན་ཁྲེལ་
མེད་འགའ་རེས། ཕ་མ་རྒན་རྒོན་བླ་རྒན་གྱི་རྒྱུ་ནོམ་བསགས་ཚད་ཀྱིས། དགེ་རྩ་བྱེད་པ་ཕར་ཞོག །སྤུན་ཟླ་ཆ་རེ་ཡོད་ན། རྒྱུ་ནོམ་ཁོ་ལ་དབང་ཁོའི་ཡིན། གཞན་ལ་དོན་དག་མེད་ཟེར། ཆ་བོ་མི་འགྲིག་ཁ་འཁོན་ལག་འཛིང་བྱེད། ཤ་ཉེ་ཕ་སྤུན་ཡུལ་མི་བསམ་ཤེས་ཀྱིས་བར་ནས་བཤད་དུས། རྒན་རྒོན་ཤི་བ་ཞིག་དང་མི་འདྲ། གྱོད་ཅིག་བྲེས་ནས་ལ་ཡོག་ནས་ཐག་རིང་ཞིག་ཏུ་བྲོས་སོང་བ་ཞིག་དང་མཚུངས། རང་མ་ཤི་གོང་དུ་ཆོས་ཤིག་མ་བྱས་ན། ཤི་དུས་བུ་ཡིས་བྱེད་མོད་སྙམ་པ་དོན་གོ་ཅི་ཡང་མེད། གཞན་རྒན་རྒོན་ཕྱུག་པོ་འགའ་རེ་ཤི་དུས་ལྟོས་དང་ཧ་གོ་ཡོང་། ཤི་ན་གང་དུ་འགྲོ་ཟེར་ན་མདོ་སྔགས་ཉམས་སུ་ལེན་མཁན་སོགས་དགེ་བ་སྟོབས་ཆེན་བྱས་པ་རྣམས། ཤི་མ་ཐག་ནས་སངས་རྒྱས་པའམ། ཡང་ན་དག་པའི་ཞིང་དུ་འགྲོ། ཡང་ན་མཐོ་རིས་ལྷ་མིའི་ཡུལ་དུ་སྐྱེ། ཕ་མ་མི་རྟ་གསོད་མཁན་སོགས་སྡིག་པ་སྟོབས་ཆེན་བྱས་པ་རྣམས། ཤི་མ་ཐག་ནས་དམྱལ་བའི་གནས་སུ་ལྟུང་། ཡང་ན་ཡི་དྭགས་སུ་སྐྱེ། ཡང་ན་དུད་འགྲོར་སྐྱེ། གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་འགྲོ་མི་
དགོས། ཡང་དགེ་སྡིག་འདྲེས་མ་བྱས་པ་ངེད་ཚོ་འདྲ་བའི་སྐོར་འདི་ནི། གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་སོང་ནས། དགེ་སྡིག་གི་ཤན་ཕྱེས་ནས་ཡར་མར་ཞིག་ལ་འགྲོ་དགོས། དེ་མིན་གཞན་གང་ལའང་འགྲོ་ས་མེད། དགེ་སྡིག་གི་ཤན་ཅི་ལྟར་འབྱེད་ཟེར་ན། རང་རེ་ཚོ་འཆི་དུས་གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་ཞགས་ནག་སྐེད་དུ་དྲངས་པ། ཐུ་བ་གཡས་ཟེད་གཡོན་ཟེད་བྱས་པ་ཞིག་བཏང་བ་དེས། སྐེ་ལ་ཞགས་ནག་བསྐོན་ནས་འཐེན་ཚེ། རང་རེ་འཆི་ནད་ཀྱིས་ཐེབས་པ་ཡིན། ཤི་ཚེ་གཤིན་རྗེའི་ཕོ་ཉ་དེས་བཤའ་ལུག་ལྟར་ཁྲིད་དུས། ངེད་ཚོ་དང་མཉམ་དུ་ལྷན་ཅིག་སྐྱེས་པའི་ལྷ་ཟེར་བ་ཞིག་ཡོད་པ་དེས་སྣོད་དཀར་པོའི་ནང་དུ། དཀར་པོ་དགེ་བ་གང་བྱས་ཀྱི་གྲངས་ཀ་རྡེའུ་དཀར་པོ་བསགས་ཡོད་པ་དེ་ཕྲག་པ་གཡས་སུ་བཀལ་ནས་སྔོན་ནས་བསུས། ཡང་མཉམ་པོར་འོང་བའི་བདུད་ཟེར་བ་ཞིག་ཡོད་པ་དེས་སྣོད་ནག་པོའི་ནང་དུ། ནག་པོ་མི་དགེ་བ་བྱས་ཚད་ཀྱི་རྡེའུ་ནག་པོ་བསགས་ཡོད་པ་ཕྲག་པ་གཡོན་དུ་ཁུར་ནས། ཕྱི་ནས་དེད་དེ། བཞི་བོ་དེ་སའི་འོག་ཐུར་དུ་ལས་དབང་གིས་ལམ་ཆེན་འཐེན་ཡོད་པ་དེར་ཞུགས་ནས་
འགྲོ་དགོས། ཡང་སྡིག་པ་མང་པོ་བྱས་པའི་མི་ཡིན་ན། གཤིན་རྗེ་ཕོ་ཉ་བརྒྱ་ཕྲག་མང་པོ་འོང་ནས་སྐེ་དང་ཡན་ལག་ལ་འཆོར་མེད་ཀྱི་ཞགས་ནག་མང་པོ་བཏགས་མཚོན་ཆ་རྡོ་དང་དབྱུག་པས་རྡུངས་སོད་ཆོད་རྒྱོབ་གཏུབ་ཟེར། སྒྲ་མི་སྙན་པ་བསྒྲགས་ནས་ཁྲིད་སོང་དུས། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དེ་གང་ན་ཡོད་ཟེར་ན། ས་འདིའི་འོག་དཔག་ཚད་སྟོང་ཕྲག་ཉི་ཤུ་འདས་པའི་མཚམས་ན་ཡོད། ལྕགས་ཀྱི་ཁང་བ་གྲུ་བཞི་བ་ངོས་རེར་དཔག་ཚད་བཅུ་གཉིས་ཡོད་པ། སྡིག་ཅན་གྱི་སྣང་ངོར་དེ་བས་ཤིན་ཏུ་རྒྱ་ཆེ་བ། ནང་ན་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་ཁྲིའི་སྟེང་ན། གཤིན་རྗེ་ཆོས་ཀྱི་རྒྱལ་པོ་སྐུ་ཆེན་པོ་འཇིགས་སུ་རུང་བ་ཐོད་པའི་གཉེར་མ་རེ་རེའི་ནང་དུ་སྐྱ་མི་བརྒྱ་ཕྲག་རེ་དུས་གཅིག་ཏུ་གཤིབ་ནས་གཤར་སོང་ཡང་ཡངས་ཁྲོལ་ལེ་འདུག་པ། ཕྱག་གཡས་སྲིད་གསུམ་ཡོངས་རྫོགས་ནང་དུ་ས་ལེར་གསལ་བའི་སྲིད་པ་ལས་ཀྱི་མེ་ལོང་དང་། གཡོན་ཁྲམ་ཤིང་དཀར་ནག་ཐོགས་ནས། སེང་གེ་དཀར་མོ་གངས་རིའི་རྩེ་ལ་འགྱིངས་བཞིན་བཞུགས་པའི་མདུན་གྱི་གཡས་གཡོན་ན། སྟན་མཐོན་པོ་ལ་
གཤིན་རྗེའི་བློན་པོ་ཨ་བ་གླང་མགོ་ཅན་དང་། སྟག་སེང་དྲེད་མགོ་ཅན་སོགས་མགོ་བརྙན་མི་འདྲ་བ་མང་པོ་བསྡད་པའི་མཐའ་བསྐོར་ཕྱོགས་མཚམས་སུ། སྡིག་ཅན་ལ་ཆད་པ་གཅོད་པའི་གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་མང་པོས་མཚོན་ཆ་སྣ་ཚོགས་ཐོགས་ནས། རྒྱ་དམག་འཚོགས་པ་ལྟར་ཤིག་ཤིག་འགུལ་འཁྲིགས་བྱེད་པའི་ས་དེར་སླེབས་ན། མི་མང་པོས་དགེ་སྡིག་གི་ཤན་འབྱེད་ཀྱིན་ཡོད་དུས་ཤིག་ཡིན་ན་ཅུང་ཟད་འདུག་དགོས། དེ་འདྲ་མེད་པར་ཀུན་ཁོམ་ཡོད་དུས་ཤིག་ལ་སླེབས་ཕྱིན། དེ་མ་ཐག་ནས་བློན་པོ་མང་པོ་ཡོད་པའི་འགབ་དེར་ཙོག་པུར་བསྡད་ན། གཡས་གཡོན་གྱི་ལྷ་དང་བདུད་གཉིས་ཀྱང་བསྡད་ཚེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྐྱེ་བོ་ཕོ་མོ་སུ་ཡིན་ཡང་སྤྱན་གཉིས་ཀྱིས་ཧུར་རེ་བ་ཞིག་གཟིགས་ནས། འོ་ཁྱོད་གླིང་གི་མཆོག་གྱུར་འཛམ་བུའི་གླིང་དུ་སྐྱེས། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པ་དང་མཇལ། བསྟན་འཛིན་དགེ་བའི་བཤེས་གཉེན་རྣམས་ཀྱིས། ངས་དགེ་སྡིག་གི་རྩིས་གྲངས་ཞིབ་མོ་བརྒྱབས་ནས་དགེ་བ་བྱས་པ་ཡར་དང་། སྡིག་པ་བྱས་པ་ཐུར་དུ་གཏོང་གིན་ཡོད་ཅེས་གསུངས་པ་ལོས་གོ །གོ་ན་ཆོས་དར་
བའི་ཡུལ་ཡིན་པས། ཆོས་མང་པོ་བྱས་ལོས་ཡོད། ཡར་བླ་མ་དཀོན་མཆོག་ལ་མཆོད་པ། མར་དབུལ་བོ་ངན་སློང་ལ་སྦྱིན་གཏོང་། བར་ཕ་མ་རྒན་པ་ལ་བརྩི་བཀུར། ཕྱག་དང་བསྐོར་བ། སྨྱུང་གནས་བསྙེན་གནས། ཁ་བཏོན་བཟླས་བརྗོད། ཐོས་བསམ་བསྒོམ་གསུམ་སོགས་དགེ་བའི་ལས་ཅི་འདྲ་བྱས། སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས་གནོད་སེམས་ལོག་ལྟ་སོགས་སྡིག་པ་མི་དགེ་བ་མ་བྱས་མོད། བྱས་སམ་མ་བྱས་དྲང་བོར་ཤོད་གསུངས་ཚེ། ཡུལ་ཆ་མེད་གཤིན་རྗེ་འཇིགས་སུ་རུང་བའི་སྟབས་ཀྱིས། ཆོས་བྱས་པ་རྣམས་ཀྱི་ཁ་ནང་ཚོ་ལ་ཡང་རེ་ཞིག་གི་བར་དུ་ཅང་འོང་དཀའ། སྡིག་ཅན་སྨོས་ཅི་དགོས། ཆོས་བྱས་པའི་མིས་བློ་ཕབ་ནས་འདི་སྐད་ཞུ། འོ་ཆོས་རྒྱལ་ཆེན་པོ་ལགས། ཁྱེད་ཀྱི་གསུང་བཞིན་བདག་གིས་སྔོན་བསགས་དགེ་བའི་མཐུས་གླིང་གི་མཆོག་གྱུར་འཛམ་བུའི་གླིང་དུ་སྐྱེས། རྒྱལ་བ་ཤཱཀྱ་ཐུབ་པའི་བསྟན་པར་མཇལ། ཆུང་ནས་བསྟན་དང་བསྟན་འཛིན་རྣམས་ལ་དད། ཆེར་སོང་བླ་མ་མང་པོ་བསྟེན།
དབང་ལུང་ཁྲིད་གསུམ་མང་པོ་ཐོབ། ཁྱད་པར་ཁྱེད་ཀྱི་དགེ་སྡིག་གི་རྩིས་གྲངས་ཞིབ་ཅེས་གསུངས་པ་ཡང་གོ །ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་གང་ཡང་མི་བདེན་མི་སྲིད་སྙམ། དཀོན་མཆོག་ལ་མཆོད་འབུལ། དབུལ་ཕོངས་ལ་སྦྱིན་གཏོང་། བླ་མ་ལ་ཞབས་ཏོག་སོགས་དགེ་བའི་ལས་ལ་གང་ཐུབ་འབད་ཡོད་ལགས། མི་དགེ་སྡིག་པའི་ལས་ཤེས་བཞིན་བྱས་པ་མེད། མ་ཤེས་བཞིན་དུ་རྐང་འོག་ཏུ་འབུ་གཅུར་བ་སོགས་བྱས་འདྲ་ཡོད་སྙམ་སྐབས་སྐབས་བཤགས་པ་མང་པོ་བྱས་ལགས་ཞུས་ཚེ། གཡས་ཀྱི་ཕྱོགས་ནས་ལྷན་ཅིག་སྐྱེས་པའི་ལྷ་ཡར་བཞེངས་ནས། ཕྱག་གསུམ་འཚལ་ཏེ། ཁྱོད་ཁ་རོག་དང་ངས་བཤད་ཟེར་བའི་ལག་བརྡ་བྱས། འཛུམ་ཞིང་བཞད་བཞིན་ཡར་ལ་འདི་སྐད་ཞུ། འོ་ཆོས་རྒྱལ་ཆེན་པོ་བདག་ལ་སྙན་ཅུང་ཟད་གཡོར་དང་། ང་མི་འདི་དང་ལྷན་ཅིག་སྐྱེས་པའི་ལྷ་ཡིན། མི་འདིའི་ཆ་རྒྱུས་ཐམས་ཅད་ང་ལ་གསལ། ཞུ་རྒྱུ་མང་པོ་ངའི་ཁ་ན་ཡོད། ཕ་མའི་མིང་ལ་འདི་སྐད་ཟེར། ཕ་མ་གཉིས་ཀྱང་བླ་མ་དང་ཆོས་ཕྱོགས་ལ་དད་གུས་ཆེ། དཀོན་མཆོག་ལ་མཆོད་འབུལ།
དབུལ་ཕོངས་རྣམས་ལ་ཕན་ཐོགས་ཨེ་ཐུབ་བལྟ་བ་ཞིག་ཡིན། ཁོའི་མིང་ལ་འདི་ཟེར། ཆུང་ནས་ཆོས་དད་ཆེ། རྩེད་མོ་ཞིག་བྱེད་ཀྱང་ཆོས་འཆད་ཉན་མཆོད་འབུལ་སྦྱིན་གཏོང་བསྒོམ་བཟླས་ཤིག་གི་ལད་མོ་བྱེད། ཆེར་སོང་ནས་བླ་མ་འདི་འདྲ་བསྟེན། དབང་ལུང་ཁྲིད་གསུམ་འདི་འདྲ་ཐོབ། ཆོས་འདི་འདྲ་བྱས། ཁོ་བོས་སྔར་ཞུས་རྣམས་ལ་རྫུན་མེད་བདེན། མི་འདིས་དགེ་བ་གང་བྱས་ཀྱི་གྲངས་འདི་ཡིན་ཟེར་རྡེའུ་དཀར་པོ་མང་པོ་གཡས་ཕྱོགས་སུ་སྤུངས་ནས། ད་མི་འདི་སངས་རྒྱས་ཀྱི་ཞིང་ཞིག་གམ། ལྷ་མིའི་ཡུལ་ཞིག་ཏུ་གཏོང་བར་ཞུ་ཟེར་ཚེ། གཡོན་ནས་མཉམ་པོར་འོང་པའི་བདུད་ལངས་ནས། མི་འདི་དང་ལྷ་འདི་གཉིས་ཀྱིས་སྡིག་པ་མ་བྱས་ཞེས་ཞུས་པ་རྫུན་ཡིན། སྡིག་པ་མ་བྱས་ན་འདི་ཅི་རེད་ཟེར། རྡེའུ་ནག་པོ་ཁ་ཤས་ཡོད་པ་བཞག་ནས། མི་འདི་ཡིས་འདི་མ་ཡིན་པའི་སྡིག་པ་བྱས་པ་ཡོད་པས་དམྱལ་བར་གཏོང་དགོས་ཟེར། དེ་ལྟར་བཤད་རེས་བྱེད་དུས། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྣང་སྲིད་ཐམས་ཅད་གསལ་པའི་སྲིད་པ་ལས་ཀྱི་མེ་ལོང་ནང་དུ་བལྟས་ནས། མི་ཁྱོད་ཀྱིས་དགེ་བ་
གང་བྱས་འདི་རེད་ལྟོས་ཟེར་ནས། མེ་ལོང་ངོས་མར་ལ་བསྟན་པའི་ནང་དུ་བལྟས་དུས། རང་གིས་ཚེ་འདིར་བླ་མ་ཞིག་ལ་འབུལ་བ་ཞིག་བཏེགས་པའམ། ངན་སློང་ཞིག་ལ་སྦྱིན་པ་ཞིག་བཏང་བ་ཡན་ཆད་ཀྱི་དགེ་བ་གང་བྱས་ཐམས་ཅད་ས་ལེར་ཤར་ཡོད་པ་མཐོང་ཚེ་དགའ། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་དགེ་སྡིག་གི་རྡེའུ་མང་ཉུང་རྩིས་རྒྱ་མ་ཡང་ལྕི་བཏེགས་ནས། ཁྲམ་ཤིང་དཀར་པོ་ལ་མིའི་མིང་འདི་འདྲ་ཟེར་བ་ཞིག་གིས་དགེ་བ་འདི་འདྲ་བྱས་པས། མཐོ་རིས་ལྷའམ་མི་ཡུལ་འདི་འདྲ་ཞིག་ཏུ་སོང་ནས་བདེ་སྐྱིད་འདི་འདྲ་མྱོང་དགོས་སོགས་ཀྱི་ཡི་གེ་བྲིས་ཚེ། གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་མི་ལུས་ཐོབ་པ་དོན་ལྡན་བྱས་འདུག་གསུངས། ལམ་ཆེན་དཀར་པོ་ཞིག་བསྟན་ནས། ཁྱོད་ལམ་ཕ་ཀིར་ཞུགས་ལ་སོང་དང་། ལྷའམ་མི་ཡུལ་དུ་འགྲོ་བའི་ལམ་ཡིན། ཡང་སྔར་བཞིན་དགེ་བ་སྒྲུབས་ལ་ཤོག་གསུངས། གང་བསྟན་གྱི་ལམ་དེར་ཞུགས་ནས་འགྲོ། ལྷའམ་མི་ཡུལ་གཞན་དུ་འགྲོ་དགོས་ན། མི་དེས་ཁ་ཕྱིར་ཕྱོགས་ནས་ལྷོ་འཛམ་བུའི་གླིང་དུ་འགྲོ་བའི་མི་འདྲ་ཡོད་ན། དེ་བཞིན་དགེ་བ་སྒྲུབས་དང་ཕྱི་མར་མཐོ་རིས་
ཀྱི་གནས་སུ་འགྲོ་ཞེས་ཤོད་ཅིག་ཟེར། དགའ་བཞིན་མཐོ་རིས་ཀྱི་གནས་སུ་འགྲོ་བའི་མི་དེ་བས་སྐྱིད་པ་ཞིག་མེད། དེ་ལྟར་འགྲོ་བ་ཞིག་ཅི་ནས་ཀྱང་བྱེད་དགོས། ཡང་སྡིག་པ་མི་དགེ་བ་བྱས་ཕྱིན་ཆད། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྔར་བཞིན་འདྲི། དྲིས་ན་ལ་ལ་དངངས་ནས་ལུས་པོ་འདར། ལ་ལས་མིག་ནས་མཆི་མ་འབྱིན། ལ་ལས་རྫུན་ཞུ། རྫུན་ཅི་ལྟར་ཞུ་ཟེར་ན། ལགས་ང་ཆུང་དུས་བསམ་མ་ཤེས་པས། ཆོས་ཤིག་དགོས་སྙམ་པ་ཡིད་ལ་མ་ཤར། ཆེར་སོང་ནས་ཆུང་མ་ཞིག་བླངས། མི་དགོས་པའི་བུ་བུ་མོ་མང་པོ་བྱུང་། གཟའ་བ་ཉག་ཉོག་མང་པོའི་ཁ་མ་སོས་རྒྱབ་མ་ཁེབས་ནས་སྡིག་པ་མི་བྱེད་ཀ་མེད་བྱུང་། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་སྐྱེས་པའི་སྟབས་ཀྱིས་ཆོས་བྱེད་རྒྱུའི་ཁོམ་སྐལ་མ་བྱུང་། ཅུང་ཟད་ཁོམ་ཡང་བསམ་ལོག་པོ་ངས་འདང་ལོག་ཅིག་བརྒྱབ་ནས་དོན་གཉེར་མ་བྱས། འདང་ལོག་ཅི་ལྟར་བརྒྱབ་ན། བླ་མ་རྣམས་ཀྱིས་དམྱལ་བའི་སྡུག་བསྔལ་ཚེ་ཚད་སོགས་བཤད་པ་ཡང་ཡང་གོ་ཡང་། ག་རེ་ཡར་བལྟས་གནམ་རེད་མར་བལྟས་ས་རེད། གནམ་ན་གཤིན་རྗེ་
ཆོས་རྒྱལ་ཡོད་དོན་མེད། སྤྲིན་འདྲ་ཡོད་མོད། ཡོད་རུང་སུ་ལའང་གཤོག་པ་ནི་མེད། འགྲོ་ནི་མི་ཐུབ། ས་འོག་ན་འབའ་འབུ་འདྲ་ཡོད་མོད། གཤིན་རྗེ་ཆོས་རྒྱལ་འདུག་ཚུལ་མེད། ཡོད་རུང་ལམ་ནི་མེད། བྱི་བ་ལྟར་ཁུངས་བུ་བརྐོས་ནས་ག་ལ་འགྲོ། བར་འདིའི་མིག་གིས་མཐོང་ས་རྣ་བས་གོ་ས་ན་གཤིན་རྗེ་ཆོས་རྒྱལ་ཟེར་བ་ཞིག་ཡོད་རབས་མེད། གལ་ཏེ་ཡོད་རུང་རྨ་ཆུ་འབྲི་ཆུ་སོགས་ལ་བསྐོར་ས་ཡོད་པས་བསྐོར་གཏོང་མོད། དེའི་སྒོར་འགྲོ་ཅི་ལ་དགོས། གལ་ཏེ་སོང་ཡང་གཤིན་རྗེ་ཆོས་རྒྱལ་གྱིས་དགེ་སྡིག་གི་རྩིས་གྲངས་གང་གང་ལེན། རྫུན་འདྲ་བཤད་ན་ལོས་ཆོག །དེང་སང་གི་བླ་མ་རྣམ་པ་ཚོ་ཡང་ནོམ་པ་ལ་ངན་གི་ངེད་ཚོ་ཨེ་སྐྲག་བསམས་ནས། ནོམ་པ་ལེན་ཐབས་བྱས་པ་ལོས་ཡིན། ཆོས་བྱས་མ་བྱས་ཐམས་ཅད་གང་ཞིག་ཅིག་ལ་མག་མག་བུད་འགྲོ་བས། ཆོས་བྱས་པ་འདི་རེད་ཅེས་བཤད་རྒྱུ་གྲག་རྒྱུ་གང་ཡང་མི་འདུག་སྙམ་ཆོས་དོན་གཉེར་མ་བྱས་ལགས། ད་ཁྱེད་ཀྱིས་དགེ་སྡིག་གི་རྩིས་གྲངས་ཞིབ་མོར་བྱེད་པ་མངོན་སུམ་དུ་མཐོང་ཚེ་ཡིད་མི་ཆེས་པའི་རང་དབང་མེད་པས། ད་ང་ཕྱིར་ཅིག་
ཐོངས་དང་། ཡུལ་ན་རྒྱུ་ནོམ་ཡོད་པ་དབང་ཆེ་དུས་ཤིག་ལ་ཤི་འོང་བ་ཡིན་པས་ཆོས་ཇི་འདྲ་བྱས་ཀྱང་ཆོག །ཆོས་མང་པོ་བྱས་ནས་འོང་ལགས། ཞེས་ཞུས་ཚེ། གཡོན་ནས་མཉམ་པོར་འོང་བའི་བདུད་ལངས་ནས་ཕྱག་གསུམ་འཚལ། འཛུམ་བཞིན་འདི་སྐད་ཞུ། ཨེ་མ་ཆོས་རྒྱལ་ཆེན་པོ་བདག་ལ་ཅུང་ཟད་སྙན་གསོན་དང་། ང་མི་འདི་དང་མཉམ་པོར་འོང་བའི་བདུད་ཡིན། མི་འདིའི་ཆ་རྒྱུས་ཐམས་ཅད་ང་ལ་གསལ། ཞུ་རྒྱུ་མང་པོ་ངའི་ཁ་ན་ཡོད། མི་འདི་སྐྱེ་བའི་ཡུལ་ནི་འདི་ཕ་མའི་མིང་ལ་འདི་སྐད་ཟེར། ཕ་མ་གཉིས་ཀ་ཆོས་ལ་མི་དད་སྡིག་ལ་དགའ། གཞན་ཞིག་ལ་གནོད་ཅིག་སྐྱེལ་ཨེ་ཐུབ་དང་། རྒྱུ་ནོམ་ཞིག་ཚུར་ལེན་ཨེ་ཐུབ་ལྟ་བ་ཞིག་ཡིན། མི་འདི་ཡང་ཕ་མ་ངན་པའི་རིགས་ཡིན་པས་ཆུང་ངུའི་དུས་ནས་སྡིག་པ་ལ་དགའ། རྩེད་མོ་ཞིག་བྱེད་ཀྱང་དམག་ལས་འཁྲུག་རྩོད་རྐུ་འཕྲོག་ཅིག་གི་ལད་མོ་བྱེད། རྟ་རྒན་གཡག་རྒན་ཞིག་ལ་ཞོན་ནས་འགྲོ་ཡང་སོང་མ་སོང་གཉིས་ཀ་སྣ་སྤྲུགས་ལྕག་བརྒྱབས་ཡོབ་སྡིགས་རྐྱང་བ་བྱས། ལམ་ནས་ཁྱི་རྒན་ཞིག་མཐོང་ཡང་རྡོ་རྒན་ཞིག་གིས་མཆན་
ན་རྒྱག་ཨེ་ཐུབ་བལྟ། རི་མགོར་སོང་ན། བྱེའུ་ཕྲུག་བླངས་ཡར་གྱི་བྲག་དང་མར་གྱི་ས་ལ་བརྒྱབས་ནས་རྒོད་པ་དང་། བྲ་བྱི་བཟུང་ནས་ངན་གསོད་བྱས། ཤ་སྦྲང་བཟུང་ནས་འོང་ཤ་བཅད་ཤུལ་དུ་མེ་ཏོག་བཙུགས། བུང་བ་བཟུང་ཁོག་སྟོད་སྨད་བྱས་བཅད་ནས་སྦྲང་རྩི་འཇིབ་པ་སོགས་ཐུབ་ཚོད་ཀྱིས་སྡིག་པ་བྱས། ཆེར་སོང་ནས་སྡིག་གྲོགས་མང་པོ་བསྡུས་མི་བསད་རྟ་དེད་རྐུས་བྱས་ཕ་མ་བརྡུང་། ར་ལུག་རི་དྭགས་ཉ་སོགས་བསད། རི་བོ་ལ་མེ་བཞག །མཐུ་གཏད་ངན་ལས་བྱས། སངས་རྒྱས་མི་བདེན། ཆོས་མི་བདེན། དགེ་འདུན་མི་བདེན་ལས་རྒྱུ་འབྲས་མེད་ཟེར། བླ་མ་རྣམས་ཀྱིས་ཆོས་ཅི་ཙམ་བཤད་ཀྱང་རྡོ་ཐོག་ཏུ་ཆུ་བླུག་པ་དང་འདྲ། ཁས་ལགས་སོ་ཡ་ཡ་ཟེར། བླ་མ་ཕར་འཛུར་འཕྲོ་ལ་སྔར་ལྟར་སྡིག་པ་བྱེད། བླ་མས་ཆོས་ཅི་འདྲ་ཞིག་གསུངས་ཀྱང་ཇེ་ཐུ་ཇེ་སྡུག་ཏུ་སོང་ནས་ཆོས་ནང་དུ་མི་བསྙེན་པའི་འདྲེ་ཞིག་འདིའི་ནང་ན་ཡོད། སྐབས་ཤིག་སྡིག་སྒྲིབ་ཀྱིས་བཀབ་ནས་ཆོས་བཤད་བྱས་པ་ཉན་མི་འདོད་ཞེན་པ་ལོག །མི་ཞིག་གིས་གཞན་གྱི་ནོར་རྫས་བླངས་ཚུལ་སོགས་ཉོན་མོངས་འཕེལ་བའི་གཏམ་
བཤད་ན་དེ་ལ་ཉན། ཡིད་སྨོན་བྱེད། མི་འདིས་སྡིག་པ་མི་དགེ་བ་མ་བྱས་པ་གཅིག་ཀྱང་མེད། སྡིག་པ་གང་བྱས་ཀྱི་གྲངས་འདི་ཡིན་ཟེར་ནས། རྡེའུ་ནག་པོ་མང་པོ་གཡོན་ཕྱོགས་སུ་སྤུངས། ད་ནི་ཆོས་རྒྱལ་ཆེན་པོ་ཁྱེད་ཀྱིས་གསུང་གང་ཡང་འབྱོན་མི་དགོས། མི་འདི་དམྱལ་བ་མ་གཏོགས་འགྲོ་ས་མེད། ལས་ཀྱི་མེ་ལོང་ནང་དུ་བལྟ་རྒྱུ་མེད། རྒྱ་མ་ལ་གཞལ་རྒྱུ་ཅང་མེད་ཁྲིད་ཟེར། གཡས་ནས་ལྷན་ཅིག་སྐྱེས་པའི་ལྷ་བཞེངས་ཏེ་བཞིན་མདངས་གནག་ནས། མི་འདི་ཆུང་ངུའི་དུས་བསམ་མ་ཤེས། ཆེར་སོང་སྡིག་གྲོགས་ཀྱི་དབང་དུ་སོང་ནས། སྡིག་པ་མི་བྱེད་པའི་དབང་མ་བྱུང་། དགེ་བ་ཡང་བྱས་ཡོད་ཟེར་རྡེའུ་དཀར་པོ་ཁ་ཤས་ཡོད་པ་བཞག་ནས། མི་འདིས་སྔར་ཞུས་ལྟར་དུ་ཕྱིར་ག་ཐོངས་དང་། ང་ཡང་ཕྱི་བཞིན་འབྲང་ནས་དགེ་བ་གང་བྱས་ཀྱི་གྲངས་བསགས་ནས་འོང་ལགས་ཟེར། དེའི་ལན་དུ་མཉམ་པོར་འོང་བའི་བདུད་བགད་ནས་འདི་སྐད་ཟེར། ཧ་ཧ་སྔར་གཤིན་རྗེ་ཆོས་ཀྱི་རྒྱལ་པོས་དགེ་བ་བྱས་པ་ཐུར་དུ་བཏང་། སྡིག་པ་བྱས་པ་ཡར་ལ་བཏང་བ་སུ་ཡོད། མི་ཁྱོད་འཇིག་རྟེན་ཁམས་
ན་ཡོད་དུས་མི་འདི་གཤིན་རྗེ་ཆོས་རྒྱལ་གྱིས་ཡར་ལ་བཏང་བ་ཡིན་ཟེར་བ་གཅིག་ཀྱང་མཐོང་ཐོས་ཡོད་དམ། སྨྱོན་པ་ཞིག་གིས་བཤད་བཤད་བྱས་ཡིན་མིན་མང་པོ་མ་ལབ་པར་ཁ་རོག་སྡོད། ཡར་ཉོན་ཟེར་དུས་མག་སེ་འདུག་དགོས། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་ལས་ཀྱི་མེ་ལོང་ལ་བལྟས། མེ་ལོང་གི་ངོས་མར་བསྟན་ནས། མི་དེ་ལ་ཁྱོད་ཀྱིས་སྡིག་པ་བྱས་པ་འདི་རེད་ཅེས་བསྟན་དུས་ནང་དུ་བལྟས་ཚེ། སྔར་སྲོག་གཅོད་རྐུས་ཇག་སོགས་ཅི་བྱས་ཚད་ཀྱིས་ཕྱོགས་བྱས་ཚུལ་ཐམས་ཅད་ས་ལེར་ཡོད་པས། རྫུན་མ་ཆུད་ཚེ། ད་ཞུ་བ་འདྲ་བྱས་ན་ཕན་ཐོགས་ཨེ་ཡོད་སྙམ་ནས་ཕྱག་འཚལ། ཆོས་རྒྱལ་ཆེན་པོ་ལགས། མི་ང་སྙིང་རེ་རྗེ། ང་རང་ཡར་ཅིག་ཐོངས་ཟེར་ཞུ་བ་མང་པོ་བྱེད་པའི་བར་དེར། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་དགེ་སྡིག་གི་རྩིས་གྲངས་བརྒྱབ། རྒྱ་མ་ལ་གཞལ། ཁྲམ་ཤིང་ནག་པོའི་ངོས་ལ་མི་འདི་འདྲ་ཟེར་བ་ཞིག་གིས་མི་དགེ་བ་འདི་འདྲ་བྱས། དམྱལ་བར་སོང་ནས་ལོའམ་བསྐལ་བ་འདི་ཙམ་ཞིག་ཏུ་བཞག་ནས་ཚ་གྲང་གི་སྡུག་བསྔལ་འདི་འདྲ་མྱོང་གི་འཇུག་དགོས། དེ་ལས་ཐར་ནས་མི་ཡུལ་དུ་སྐྱེས་ཀྱང་དབུལ་བོ་
ནད་ཅན་དབང་བོ་མི་ཚང་བ་འདི་འདྲ་ཞིག་ཏུ་སྐྱེ་དགོས་སོགས་ཀྱི་ཡི་གེ་བྲིས། དེ་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོས། ངས་ཁྱོད་ལ་སྙིང་མ་རྗེ་བ་མིན། ཁྱོད་རང་གིས་ཁྱོད་རང་ལ་སྙིང་མ་རྗེ་བ་རེད། ལས་ངན་པ་ངས་མི་ཚད་སངས་རྒྱས་ཀྱིས་ཀྱང་བཟློག་ཏུ་མེད། ཁྱོད་ཀྱིས་མི་ལུས་ཐོབ་པ་དོན་མེད་བྱས་འདུག་གསུངས་ནས། ད་མི་འདི་མ་འཇོག་པར་དམྱལ་བའི་གནས་སུ་ཁྱེར་ལོའམ་བསྐལ་བ་འདི་འདྲའི་བར་དུ་ཞོག་གསུངས་ཚེ། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་མི་དེའི་སྐེ་ལ་འཆོར་མེད་ཀྱི་ཞགས་པ་ནག་པོ་བཏགས་ནས་ཁྲིད། ལུས་ལ་མཚོན་ཆ་རྣོན་པོས་བརྒྱབ་སོད་ཆོད་རྒྱོབ་གཏུབ་ཟེར་སྤྱི་བོ་ས་ལ་བཙུགས་ནས་ལམ་ནག་པོར་ཐུར་དུ་འཁྲིད་དུས། འཛམ་བུའི་གླིང་དུ་འགྲོ་བའི་མི་འདྲ་ཡོད་ན་ང་བཞིན་ཁྱིམ་ཚང་གི་ལྟོ་རྒྱབ་རང་གི་ཟས་གོས་ཀྱི་ཕྱིར་དུ་སྡིག་པ་མ་བྱེད། བྱས་ན་དམྱལ་བར་འགྲོ་གི་ཞེས་ཤོད། ཁྱད་པར་ངའི་ཡུལ་དུ་འགྲོ་མི་འདྲ་ཡོད་ན། བུ་དང་ཚ་བོ་འདི་འདྲ་ཡོད། ཁོ་ལས་ངན་པོ་དམྱལ་བའི་གནས་སུ་ཁྲིད་ཐལ། ཁོ་ལ་ཕན་པའི་དགེ་རྩ་རེ་གྱིས་ཞེས་ཤོད་ཟེར། མི་དེའི་སྡུག་
ཅིག་གཞན་ན་མེད། དེ་ལྟར་མི་འགྲོ་བ་ཞིག་ཅི་ནས་ཀྱང་བྱེད་དགོས། དེང་སང་ཝང་ཨམ་བྷན་ཞིག་གི་མདུན་དུ་སོང་ནས་ཚིག་འགའ་ཞུ་དཀའ་ན། ཡུལ་ཐག་རིང་ས་ཆ་མེད། འཇིགས་རུང་གཤིན་རྗེ་ཆོས་རྒྱལ་གྱི་མདུན་དུ་སོང་ནས་བཤད་ཤེར་བྱེད་པ་བུ་ཁོ་བཟང་ཟེར་མཁན་ཞིག་གིས་ཀྱང་དཀའ་རབས་ཡོད། སྔོན་མོའུ་འགལ་གྱི་བུ་རྫུ་འཕྲུལ་གྱིས་ནམ་ཕྱེད་ཅིག་ལ་མ་གང་ན་ཡོད་འཚོལ་དུ་མར་དམྱལ་བར་སོང་བའི་ལམ་ཞིག་ན། མིང་གཅན་གཟན་ཝ་ཟེར་བའི་མི་གཅིག་འདྲེ་དམག་འཇིགས་སུ་རུང་བ་མཚོན་ཆ་སྣ་ཚོགས་ཐོགས་པ་མང་པོས་བཟུང་། སྐེ་ལ་འཆོར་མེད་ཀྱི་ཐག་ནག་བཏགས་ནས། འདྲེ་མང་པོས་སྔོན་ནས་ཐུར་དུ་འཐེན་ནས་ཤུགས་དྲག་བརྡུང་དེད་ལ་ཤོག་ཟེར། ཕྱི་མ་རྣམས་ཀྱིས་བརྡུངས་ནས་ཤེད་ཀྱིས་འཐེན་མྱུར་དུ་ཁྲིད་ཟེར། གཡས་གཡོན་ན་འདྲེ་དམག་མང་པོས་མཚོན་ཆ་རྡོ་དང་དབྱུག་པས་བརྒྱབ་ནས། སོད་ཆོད་རྒྱོབ་གཏུབས་ཟེར་མི་སྙན་པའི་སྒྲ་སྐད་ཀྱིས་ནམ་མཁའ་གང་། ས་རྡུལ་གྱིས་བར་སྣང་གང་། འདྲེ་དམག་གིས་ལུང་པ་གང་ནས་འགྲོ་བ་མཐོང་། ཁོང་ཅུང་ཟད་ཐུགས་འཇིགས་ནས། ཨ་རྫི་འདི་ཅིའི་རྣམ་
སྨིན་ངན་པ་ཞིག་ཡིན་ནམ་དགོངས། འདྲེ་དམག་དེ་རྣམས་ལ། མི་འདི་སུ་ཡིན་འདི་ལྟར་སྡུག་པོ་བྱས་ནས་ཅིའི་ཕྱིར་འཁྲིད་ཅེས་དྲིས་པས། ནང་ནས་གཅིག་གིས། མི་འདི་ནི་འཛམ་བུའི་གླིང་གི་མི་མིང་མི་སྙན་པ་གཅན་གཟན་ཝ་ཟེར་བ་དུད་འགྲོའི་མིང་ཅན་དེ་ཡིན། མི་ངན་མིང་ངན་འདིས་འཇིག་རྟེན་ཁམས་ན་ཡོད་དུས། ར་ལུག་ཚོན་པོ་མང་པོ་བཤས་ནས་ཁང་ཆེན་བཀང་། སྡིག་ཅན་བྱ་ཁྲ་བཏང་ནས་རི་བོང་བཟུང་། རི་སྐྱིབས་ལ་འོག་བརྒྱུད་དེ་ཁྱི་ངན་བཏང་ནས། འཕྱི་བ་ཤ་བ་ལ་སོགས་རི་དྭགས་སྣ་ཚོགས་ལ་གནོད་པ་བྱས། དགེ་འདུན་མཐོང་ན་གཤེ་ཞིང་སྐུར་བ་འདེབས། དབུལ་བོ་རྣམས་མཐོང་ན་ཁྲོ་ཞིང་བསྡིགས་ནས་བརྡུངས། ཁོག་གི་བསམ་པ་སོལ་བ་ལས་ཀྱང་ནག །ཁ་ལག་སྦྱོར་བ་ཚེར་མ་བཞིན་དུ་རྩུབ། མི་དགེའི་ལས་ནི་རྣམ་པ་སྣ་ཚོགས་བྱས། བཤད་ན་བརྗོད་ཀྱིས་མི་ལང་། སྔར་ཟླ་བ་སྔ་བའི་ཚེས་བཅོ་ལྔའི་ཉིན་པར་འདྲེ་དམག་བརྒྱ་ལྔ་བཅུ་སོང་ནས། འཛིན་མ་ཐུབ་ཤོར་སོང་། ཟླ་བ་ཕྱི་མ་འདིའི་ནང་ལ་འདྲེ་དམག་ཉིས་བརྒྱ་ལྔ་བཅུས་ད་ཟིན། མཁན་པོ་མི་ངན་འདི་ལ་འཛམ་
བུའི་གླིང་ན་བུ་སྨད་ཉེ་འཁོར་མང་པོ་ཡོད་ཀྱང་། ད་འདི་ལྟར་འཁྲིད་དུས་ཕྱི་ན་ཀི་ལྷང་ལྷང་འདེབས་པའི་མི་གཅིག་གི་ར་མདའ་མི་སྣང་གི །ཆོས་མིན་གཞན་གང་གིས་ཕན་པ་མེད། དགེ་བ་བྱེད་དགོས་ཟེར། མི་དེའི་མིག་ནས་མིག་ཆུ་ཁ་སྣ་ནས་ཁྲག་འཛག་བཞིན་མར་དམྱལ་བར་ཁྲིད་སོང་། དེ་ནས་ཡང་སོང་ཚེ། སྡིག་ཅན་གྱི་སྐྱེ་བོ་ཕོ་མོ་གྲངས་མེད་པ་གོས་ཕུད་དེ་ཤིང་གི་ཡལ་ག་ལ་བཀལ་ནས་གཅེར་བུར་གདུག་པའི་ཆུ་ཆེན་པོ་ལ་བརྒལ་བ་མཐོང་། ཆུའི་ཕར་ཁ་ན་ཡིག་མཁན་གྱིས་སོ་སོའི་མིང་བྲིས་ནས་ཡིག་མཛོད་ལ་མནན་ཚེ། སྡིག་ཅན་རྣམས་ཀྱིས་ད་མ་བཟང་ཟེར་འགྱོད་ཅིང་ངུས་ཤུགས་རིང་བཏོན་ནས། སྡིག་པ་བྱས་ན་དམྱལ་བར་ལྟུང་བ་དང་། དགེ་བ་བྱས་ན་མཐོ་རིས་སུ་སྐྱེ་བ་སྔར་མ་ཤེས་ཟེར། ཆུ་དེའི་ལྷོ་དང་བྱང་ན་གླང་དང་སྟག་མགོ་ཅན་གྱི་སྲིན་པོ་འཇིགས་སུ་རུང་བ་གཉིས་ཀྱི་ལག་ན་རལ་གྲི་རྣོན་པོ་ཐོགས་ནས། སྡིག་ཅན་ཡོངས་ལ་སྡང་མིག་གིས་བལྟས། ཁ་གདངས་མཆེ་བ་གཙིགས་སྐད་དྲག་པོས་མ་གཏོང་མྱུར་དུ་ཁྲིད་ཅིག་སོང་ཞིག་ཟེར་ཚེ། སྡིག་ཅན་དེ་རྣམས་དངངས་ཤིང་སྐྲག་ནས། ཨ་མ་ད་ཅི་བྱ་ཟེར་
གནམ་དུ་ཁ་བལྟས་ཏེ་ཤེད་ཀྱིས་ངུ་བ་མཐོང་། དེ་ནས་ཡང་སོང་ཚེ། ལྕང་སྡོང་ཆེན་པོ་ཞིག་གི་གོང་ན། སྐྱེ་བོ་ཕོ་མོ་བཅུ་དལ་བར་འདུག་པ་མཐོང་། དེ་དག་ལ་ཁྱེད་རྣམས་འདིར་བདེ་བར་སོས་དལ་དུ་འདུག་པ་བཟང་། འདིར་ཅི་ལ་བསྡད་དྲིས་པས། དེ་རྣམས་ཀྱིས་ཁོང་ཚོ་འཛམ་བུའི་གླིང་གི་མི་ཡིན། འཇིག་རྟེན་ན་མིའི་མིང་རུས་མཐུན་པ་ཡོད་པས། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་ནོར་ནས་ཁོང་ཚོ་བཟུང་ནས་འོང་བས། མིང་དང་རུས་མ་མཐུན་པས་སླར་བཏང་བ་ཡིན་ཏེ། ཕུང་བོ་དབྱར་རུལ། དགུན་ལ་འཁྱགས་ནས། སླར་ཡུལ་དུ་ལོག་ས་མ་རྙེད་ནས་འདིར་བསྡད་པ་ཡིན་ཟེར། འཕགས་པ་མོའུ་འགལ་གྱི་བུ་ཁོང་ལ་ཀུན་གྱིས་ཚུར་བལྟས་ནས་ངུས། མཁན་པོ་འཇིག་རྟེན་ན་ནོར་རྫས་བསགས་ཏེ་དགེ་བ་མ་བྱས། ཤི་ཚེ་ནོར་ཟས་གཞན་གྱིས་སྤྱད། གསེར་གཡུ་སོགས་རིན་པོ་ཆེ་ཅི་ཡོད་ཀྱང་བདག་ཅག་རྣམས་ལ་ཕན་པ་ཅི་ཡང་མེད་ཀྱི། ཕྱི་ནས་བུ་སྨད་བུ་སོགས་ཀྱི་དགེ་རྩ་བཏང་བ་བདག་ཅག་ལ་ཕན་གྱི། ད་ལྟ་ཟས་སྐོམ་ཡོད་པ་དེ་ཡིན་ལགས། དགེ་སྡིག་གི་ཐག་ད་དུང་མ་བཅད། སྟེང་དུ་བདེ་
སྡུག་ཅི་ཡོད་ཆ་མེད་ཟེར། དེ་ནས་ཡང་སོང་ཚེ་སྡིག་ཅན་གྲངས་མེད་པ་དང་འཕྲད་དེ། དེ་རྣམས་ལ་མོའུ་འགལ་མའི་མིང་སུས་ཨེ་ཐོས་དྲིས་པས། ཉིན་གཅིག་ལ་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པའི་སེམས་ཅན་འགྲོ་བ་མཆིས། མོའུ་འགལ་མ་སུ་ཡིན་ཟེར་མིང་མ་གོ་ལགས། མཁན་པོ་སླར་འཛམ་བུའི་གླིང་དུ་གཤེགས་ན། བདག་ཅག་གི་བུ་སྨད་དང་བུ་ཚ་བོ་རྣམས་ལ། བདག་ལས་ངན་པའི་དབང་གིས་དམྱལ་བར་ལྷུང་འདུག །ཉི་མ་རེ་རེ་ལ་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་བ་བདག་ཅག་གི་དོན་དུ་ཆོས་ཐོན་མཆོད་སྦྱིན་ཐོངས། མིང་ནས་སྨོས་ལ་བསྔོ་སྨོན་གྱིས་དང་སྡུག་བསྔལ་ལས་ཐར་ནས་ཡར་མཐོ་རིས་སུ་འོང་གི །གཞན་འཇིག་རྟེན་གྱི་ཟས་ནོར་ལོངས་སྤྱོད་བཤམས། གླུ་གར་རོལ་མོ་སྣ་ཚོགས་བྱས་ཀྱང་བདག་ཅག་གིས་མི་མཐོང་། རྣ་བས་མི་ཐོས། ཕན་ཡང་མི་ཐོགས་གི་སྨོས་ཤིག་ཟེར། དེ་རྣམས་ལ་འདི་ནས་གཤིན་རྗེ་ཆོས་རྒྱལ་གྱི་མཁར་བོ་ཆེ་ཡོད་སར་ཐག་ཉེ་རིང་ཅི་ཡོད་དྲིས་པས། ཤིན་ཏུ་རིང་ངོ་། །མཁར་སྒོ་ན་འཇིགས་རུང་གྱད་སྟོབས་ཅན་ཁྲི་ཞང་བློན་ཆེན་པོ་གྲངས་མེད་པས་མདའ་
མདུང་སོགས་མཚོན་ཆ་སྣ་ཚོགས་ཐོགས་ཏེ་སྒོ་བསྲུང་ནས་ཡོད་ཟེར། དེ་ནས་ཡང་སོང་སོང་ནས་མཁར་སྒོར་སླེབ་ཚེ་སྔར་བཤད་པ་ལྟར་སྣང་། གཤིན་རྗེ་ལུས་ཁྲུ་བདུན་ཡོད་པ་ལག་ན་ཤང་ལིང་ཐོགས་པ་འགྱིང་ནས་འདུག་པ་ཞིག་ལ། གཤིན་རྗེ་སྒོ་འདི་བསྲུང་ནས་ཟླ་གྲངས་ཅི་སོང་དྲིས་པས། བདག་གིས་སྒོ་འདི་བསྲུང་ནས་བསྐལ་བ་བཞི་བཅུ་ཐམ་པ་སོང་ཟེར། བསྐལ་བ་ཡུན་ཅི་ཙམ་ཞིག་ལ་ཟེར་དྲིས་པས། སྒོ་བསྲུང་དེས། སྒོ་འདིའི་རྡོ་བ་ཆེན་པོ་མཆུ་ཞེང་མཐུག་སྲབ་དཔག་ཚད་བཞི་བཅུ་ཡོད། སྡིག་ཅན་རྣམས་བརྒལ་ནས། རྡོ་དེ་ཟད་ཙ་ན་བསྐལ་བ་གཅིག་གོ་སྨྲས། སྒོ་དྲུང་ན་སྡིག་ཅན་མང་པོ་ཡར་ལངས་ནས་འདུག །སྡིག་ཅན་གྲངས་མེད་པ་སྒོ་ནང་དུ་ཡར་ཞུགས་ནས་འདུག །ནང་ན་སྡིག་ཅན་གྱི་མི་འགའ་རེ་ལ། གཤིན་རྗེ་ཆོས་ཀྱི་རྒྱལ་པོས་སྐད་གསང་མཐོན་པོས་དགེ་སྡིག་ཅི་བྱས་ད་ཤོད་ཅིག་ཅེས་པའི་སྐད་སྒོ་ནས་ཐོས་ཚེ། ཕྱི་སྒོ་ན་ཡོད་པའི་སྡིག་ཅན་རྣམས་ཀྱི་སྙིང་འཕར་སྒྱིད་པ་འདར། ས་གཅིག་ཏུ་སྡོད་མི་ཟུག་པར་ད་ཅི་བྱ་ཟེར། ཡར་ལངས་མར་བསྡད་ས་ལ་བལྟས། གནམ་ལ་
བལྟས་ནས་ངུས་ཚེ། འཕགས་པ་མོའུ་འགལ་གྱི་བུས་དེ་རྣམས་ལ་སྙིང་རྗེ་དྲག་པོ་སྐྱེས། སྤྱན་ཆབ་ཤོར། དེ་ནས་ཕར་བལྟས་ཚེ་གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་མི་དམར་གླང་གི་མགོ་ཅན་ཁྲི་ཙམ་ཞིག་གིས་ལྕགས་ཀྱི་ཐོ་བ་རེ་བཟུང་ནས་ཡར་མར་ཕར་ཚུར་དུ་བརྒྱུག་ནས། ཁོ་རང་ཚོས་བྱས་པའི་ལས་ཡིན་པས། གཏོག་ཅིག་རྡུངས་ཤིག་ཟེར། ཤན་པས་ལུག་མང་འདེད་པ་ལྟར་སྡིག་ཅན་གྲངས་མེད་པ་ལྕགས་སྒྲོག་གིས་རྐང་བ་དང་ལུས་སྦྲེལ་ནས། མར་ལམ་དུ་བཅུག་སྟེ་བརྡུངས་ནས་དེད་ཚེ། སྡིག་ཅན་ཐམས་ཅད་སྐྲག་ནས་རྒྱུག །འཚེངས་རྒྱག་བྱས། ལྕགས་སྒྲོག་ལ་འཐོག་ནས་ཕལ་ཆེར་ལོག །ཡར་ལངས་ནས་བརྒྱུགས་པས་ས་འཚུབ་ཆེན་པོ་བྱུང་། ས་རྡུལ་གསེབ་ན་ངུ་འབོད་ཆེན་པོ་བྱས། ཕྱི་མིག་བལྟས། ཁ་ཡར་འཁོར་ནས་ལྷོ་རྒྱལ་འཛམ་བུ་གླིང་དུ་འགྲོ་བའི་ལས་ཅན་གྱི་མི་རེ་ཡོད་ན། མི་ཀུན་ལ་ཆོས་གྱིས། སྡིག་པ་བྱེད་མི་ཉན་གི་ཤོད། ཁོང་ཚོའི་ཡུལ་མི་རྣམས་ལ་ངེད་ཚོའི་དོན་དུ་དམིགས་ལ་དགེ་བ་རེ་སྒྲུབས། མིང་ནས་སྨོས་ལ་བསྔོ་བ་རེ་གྱིས་དང་ཕན་ཐོགས་པར་འདུག་ཅེས་ཤོད། ཨ་མ་ལས་འདིའི་ངན་
ནམ་ད་ཅི་བྱེད་གང་དུ་འཁྲིད་པ་ཡིན་ཟེར་སྨྲེ་སྔགས་མང་པོ་འདོན་བཞིན་མར་དམྱལ་ཁམས་བཅོ་བརྒྱད་དུ་འགྲོ་བ་མཐོང་ཚེ། འཕགས་པ་ལ་སྙིང་རྗེ་ཚད་མེད་སྐྱེས། སྤྱན་ཆབ་མང་པོ་ཤོར། དེ་ནས་ཁོང་གཤིན་རྗེ་ཆོས་རྒྱལ་གྱི་དྲུང་དུ་སོང་ནས། རྒྱལ་པོ་ཆེན་པོ། སྡིག་ཅན་གྱི་མི་རྣམས་ཁྱེད་ལ་མ་ཐུག་པར་གཞན་དུ་འགྲོ་ས་མ་མཆིས་ན། རྒྱལ་པོ་ཆེན་པོ་བདག་གི་མ་དེ་སྤྱན་སྔར་བབས་སམ། ཐུགས་སུ་ཆུད་དམ་སྨྲས་པས། རྒྱལ་པོས་ཡིག་མཁན་རྣམས་བོས་ཏེ་བཀའ་བསྩལ་པ། བཙུན་པ་འདིའི་མ་མོའུ་འགལ་མ་ཞེས་བྱ་བའི་མིང་ཡོད་དམ། ཡི་གེ་ལ་ལྟོས་ཤིག་གསུངས་པས། བལྟས་ནས་མ་རྙེད་ཚེ་རྒྱལ་པོས་མཁན་པོ། རྟག་པར་དགེ་བ་དྲན་ནས་ཚངས་པར་སྤྱོད་ཅིང་། དཀོན་མཆོག་ལ་མཆོད་པ་འབུལ་ཞིང་མདོ་སྡེ་དང་ལག་པ་མི་འབྲལ་ལ། དབུལ་ཕོངས་ལ་བྱམས་པ་དེ་ཤི་མ་ཐག་ནས་མཐོ་རིས་སུ་སྐྱེ་བས་དེ་འདིར་མི་འོང་། དགེ་འདུན་ལ་བརྡེག་ཅིང་གཤེ་བ་དབུལ་བོར་འཕྲོག་ཅིང་བཤུས་པ་དང་། མཚམས་མེད་པ་ལྔའི་ལས་བྱས་པ་དེ་ཤི་མ་ཐག་ཏུ་དམྱལ་བར་ལྟུང་འདིར་མི་འོང་གསུངས།
སླར་ཡིག་མཁན་རྣམས་ཀྱིས་དགེ་སྡིག་གི་ཡི་གེའི་མཛོད་ཐམས་ཅད་བཀླགས་ནས། ཞིབ་ཏུ་བཙལ་བས་མོའུ་འགལ་མ་དམྱལ་བར་སོང་ནས་ལོ་གསུམ་སོང་ཟེར་བའི་ཡི་གེ་བརྙེད། དེ་ནས་ཡང་མར་དམྱལ་བར་སོང་། འཕགས་པ་རང་གི་རྫུ་འཕྲུལ་དང་། སངས་རྒྱས་ཀྱི་ཐུགས་རྗེའི་མཐུས། དམྱལ་བའི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་སྟེ། བདེ་བ་ལ་བཀོད། མ་ཡར་བླངས་ནས་རིམ་པས་ལྷ་ཡུལ་དུ་ཁྲིད་ནས་བདེ་ལ་བཀོད་གསུངས། དེས་ན་ད་ལྟ་རྒྱ་ཡིས་ཁྲིད་ནས་ཉི་མ་ཁ་ཤས་བཙོན་ཁང་དུ་བཞག་ཚེ་བཟོད་དཀའ་ན། འཇིགས་རུང་གཤིན་རྗེའི་ཕོ་ཉ་མང་པོས་ཁྲིད་ནས་ཚ་དམྱལ་སོགས་ནས་བསྐལ་བར་སྡོད་དགོས་པ་ག་ལ་བཟོད་སྙམ་དུ་བློ་ལྡན་བསམ་ཤེས་རྣམས་འདི་ལ་ཅིག་སྐྲག་དགོས། འོ་ན་མི་དགེ་བའི་མཐུས་མར་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་ཅི་འདྲ་ཞིག་ཡོད་ཟེར་ན། འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་འདས་པའི་འོག་རོལ་ན། དམྱལ་བ་ཡང་སོས་ཡོད། དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་གིས་ཆོད་པའི་འོག་ན་རིམ་པ་བཞིན། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་
ཆེན་པོ། ཚ་བ། རབ་ཏུ་ཚ་བ། མནར་མེད་རྣམས་ཡོད། དེ་རྣམས་ལ་ཚ་དམྱལ་བརྒྱད་ཟེར། ཚ་དམྱལ་བརྒྱད་ཀྱི་ཐད་ཀའི་བྱང་ཕྱོགས་ན་གྲང་དམྱལ་བརྒྱད་ཡོད། ཚ་དམྱལ་བརྒྱད་ཀྱི་ཉེ་འཁོར་དང་ཕྱོགས་ཕྱོགས་ན། ཉེ་འཁོར་བའི་དམྱལ་བ། ཉི་ཚེ་བའི་དམྱལ་བ་ཡང་ཡོད། དམྱལ་ཁམས་བཅོ་བརྒྱད་པོ་དེར་སྐྱེས་ན། ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། བཤད་ན་བརྗོད་ཀྱིས་མི་ལང་། འོན་ཀྱང་རགས་རིམ་ཙམ་ཞིག་བཤད་ན། ཚ་དམྱལ་བརྒྱད་ཀྱི་འོག་ཐམས་ཅད་ལྕགས་བསྲེག་གི་ས་གཞི། ཁོར་ཡུག་ཐམས་ཅད་ལྕགས་བསྲེག་གི་རྭ་བ། སྟེང་ཐམས་ཅད་ནས་མེ་ལྕེ་འབར་ཞིང་འཁྲུག་པ་ཡིན། ཡང་སོས་སུ་སྐྱེས་པའི་སེམས་ཅན་རྣམས་ཀྱིས། སྔོན་ལས་ཀྱི་དབང་གིས་གཅིག་གིས་གཅིག་མཐོང་ཚེ་ཁྲོས། དཔེར་ན། ཕ་བསད་ཀྱི་བུས་ལག་དམར་མཐོང་བ་ལྟར་ཕན་ཚུན་གཅིག་གིས་གཅིག་ལ། མཚོན་ཆ་སྣ་ཚོགས་པས་བརྡེག་རེས་བྱས་པའི་ལུས་ཚལ་བ་བརྒྱ་སྟོང་དུ་སོང་བ་དང་བརྒྱལ་ཐབས་སུ་འགྱེལ་ཚེ། ནམ་མཁའ་ནས་ཁྱེད་རྣམས་སོས་པར་གྱུར་ཅིག་ཅེས་པའི་སྒྲ་
བྱུང་བ་དང་། ཡང་སོས་ཏེ་སྔར་ལྟར་མཚོན་བསྣུན་པའི་སྡུག་བསྔལ་ཡུན་རིང་མྱོང་། ཐིག་ནག་ན་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་དེར་སྐྱེ་བ་རྣམས་ཀྱི་ལུས་ལ་ཐིག་ནག་པོ་བརྒྱད་དགུ་ལ་སོགས་བཏབས་སྟེ། ལྕགས་ཀྱི་སོག་ལེ་མེ་འབར་བས་ཀླད་ཁྲག་འཐོར་བཞིན་འདྲལ་ཞིང་སྟ་རེ་སྟེའུ་དང་རལ་གྲིས་གཤགས་ཚེ་ཁྲག་འབབ་ཅིང་། སླར་ཡང་འབྱར་ཚེ་སྔར་ལྟར་གཤགས། བསྡུས་འཇོམས་ན། གཤིན་རྗེའི་ཕོ་ཉ་མདོག་མི་སྡུག་པ་མང་པོས་དེ་རུ་སྐྱེས་པ་རྣམས་ལྕགས་ཀྱི་རི་ཆེན་པོ་ར་ལུག་གི་གདོང་བ་འདྲ་བ་གཉིས་རེའི་བར་བསྡུས་ནས་ཏིལ་མར་བཙིར་བ་ལྟར་བཙིར་ཚེ་ཁྲག་གི་ཆུ་རྒྱུན་འབབ། གྱེས་པ་ན་ཡང་སོས་འོང་། དེ་ནས་ཡང་བཙིར་བའི་སྡུག་བསྔལ་མྱོང་། ངུ་འབོད་ན། གཤིན་རྗེ་རྣམས་ཀྱིས་དེར་སྐྱེས་པ་རྣམས་ལྕགས་ཁང་མེ་འབར་བའི་ནང་དུ་བཅུག་སྒོ་ཟུམ་ནས་མེ་སྦར་བས་བསྲེག་ཚེ། འབྲོས་ས་མི་འདུག་སྙམ་དུ་ངུ་འབོད་ལྷང་ལྷང་བྱེད། ངུ་འབོད་ཆེན་པོ་ན། ལྕགས་ཁང་ཉིས་རིམ་གྱི་ནང་དུ་བཅུག །སྒོ་ཕྱི་ནང་གཉིས་ཀ་ཟུམ་ནས་མེ་འབར་བས་བསྲེག་ཚེ། སྒོ་ནང་མ་ནས་ཐར་ཀྱང་ཕྱི་མ་ནས་མི་ཐར་སྙམ་ཤེད་ཀྱིས་ངུ་
འབོད་ཆེན་པོ་བྱེད། ཚ་བ་ན་ལྕགས་ཟངས་དཔག་ཚད་མང་པོ་ཡོད་པ་དམར་པོར་སོང་བའི་ནང་དུ་ཡོས་ལྟར་བརྔོ་ཞིང་། མདུང་རྣོན་པོ་མེ་འབར་བས་འཕོང་ནས་བཙུགས་ཚེ་སྤྱི་བོར་འཐོན། དབང་བོའི་སྒོ་ནས་མེ་ལྷབ་ལྷབ་འབར། ས་གཞི་ལ་པགས་པ་བཤུས་ཏེ་ཕུར་བས་གླང་གི་ཀོ་བ་ལྟར་རྒྱངས། རབ་ཏུ་ཚ་བ་ན། ལྕགས་ཟངས་དཔག་ཚད་ལྔ་བརྒྱ་དེ་བས་ལྷག་ཙམ་གྱི་ནང་དུ་ཁྲོ་ཆུ་ཟེད་ཟེད་ཁོལ་གྱིན་ཡོད་པའི་ནང་དུ་འཕངས་ཚེ་ཤ་ཞིག་ནས། ཀེང་རུས་ལྟར་འགྲོ་ཁར་བླངས་ཚེ་སོས། སླར་ནང་དུ་འཕངས་ནས་སྡུག་བསྔལ་མྱོང་། གསལ་ཤིང་རྩེ་གསུམ་མེ་འབར་བ་འཕོང་ནས་བཙུག་ཚེ། ཡར་རྩེ་ཕྲག་པ་གཡས་གཡོན་དང་སྤྱི་བོར་ཐོན་ཅིང་དབང་པོའི་སྒོ་ཐམས་ཅད་ནས་མེ་འབར་བ་དང་། ཟངས་ཞུན་ཁོལ་མ་ཁ་རུ་བླུད་ནས་ཁོག་རྣམས་ཚིག་སྟེ་སྨད་ནས་འབྱུང་། མནར་མེད་ན་ཕྱོགས་མཚམས་ཐམས་ཅད་ནས་མེ་འབར་བས་ལུས་མར་མེའི་སྡོང་བུ་ལྟར་བསྲེག་པའི་སྡུག་སྐད་ཐོས་པ་ཙམ་ལས། མེ་དང་སེམས་ཅན་སོ་སོར་མི་མཐོང་སྡུག་བསྔལ་བསམ་གྱིས་མི་ཁྱབ་པར་མྱོང་། དམྱལ་བའི་མེ་ཅི་
འདྲ་ཙམ་ཞིག་ཚ་ཟེར་ན། འཇིག་རྟེན་འདིའི་མེ་འདི་ལས་བདུན་འགྱུར་གྱིས་བསྐལ་བ་འཇིག་པའི་མེ་ཚ། བསྐལ་པ་འཇིག་པའི་མེ་ལས་བདུན་འགྱུར་གྱིས་དམྱལ་བའི་མེ་ཚ། དམྱལ་བའི་མེ་ལ་བལྟས་ན། འཇིག་རྟེན་གྱི་མེ་འདི་ཁ་བ་ལྟར་བསིལ། དམྱལ་བའི་མེ་སྟག་ཅིག་ས་སྟེང་འདིར་ལྷུང་འོང་རྒྱུ་འདྲ་ཞིག་ཡིན་ན། སྤྲ་བའི་ནང་དུ་མེ་སྟག་ལྷུང་བ་ལྟར། ས་སྟེང་ཚིག་ནས་ནུར་འགྲོ་བར་གསུངས། དེས་ན་རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས། མེ་བསྲེག་རབ་འབར་ལྕགས་ཀྱི་ཁང་པའི་ནང་། །བཅད་གཏུབ་བཙིར་བའི་ཁྲག་གི་ཆུ་ཀླུང་འབབ། །དབང་པོའི་སྒོ་ནས་ལྷབ་ལྷབ་མེ་འབར་བའི། །ཚུལ་འདིར་མི་འཇིགས་སྙིང་ལ་གདོན་གྱིས་བརླམས། །ཞེས་གསུངས། གྲང་དམྱལ་བརྒྱད་ཀྱི་འོག་ཐམས་ཅད་ཁ་བའི་ཐང་། འཁྱག་རོམ་གྱི་གཅོང་རོང་ཟབ་མོ། མཐའ་ཐམས་ཅད་གངས་རིའི་འཕྲེང་བས་བསྐོར་བ། སྟེང་ནས་ཁ་བ་བུ་ཡུག་འཚུབ་པ། ཕྱོགས་ཕྱོགས་ནས་རླུང་དྲག་པོ་ལྡང་ཞིང་མུན་པ་འཐིབས་པས་ཉིན་མཚན་ངོ་མི་ཤེས། ཆུ་བུར་ཅན་དུ་སྐྱེས་པའི་སེམས་ཅན་གོས་མེད་གཅེར་བུར་འདུག་པའི་ལུས་ལ་ཁ་བ་བུ་
ཡུག་རླུང་གིས་ཕྱོགས་བཞི་ནས་བཏབ་པས། ལུས་ལ་ཆུ་བུར་བྱུང་ནས་འཁུམ། ཆུ་བུར་རྡོལ་ནས་རྨར་སོང་། ནང་ནས་རྣག་ཁྲག་འཛག །ཨ་ཆུ་ཟེར་བ་ནི་སྡུག་བསྔལ་ཆེར་སོང་བས་སྐད་གདང་དྲག་པོས་ཨ་ཆུ་ཟེར། ཀྱེ་ཧུད་ཟེར་བ་ནི། སྡུག་བསྔལ་དེ་བས་ཆེ་བས་སྐད་ཤེད་ཀྱིས་འདོན་མི་ནུས་པར་རྐན་གྱི་ཕུག་ནས་ཀྱེ་ཧུད་ཟེར། སོ་འཐམ་པ་ནི། སྡུག་བསྔལ་དེ་བས་ཆེ་བས་སྐད་འདོན་མ་ཐུབ་པར་སོ་ཐམ་ཐམ་བྱེད། ཨུད་པལ་ལྟར་གས་པ་ནི་རླུང་ཆེན་པོས་བཏབ་པས། ཁ་དོག་སྔོ་ཞིང་སེར་ཁ་དྲུག་ཏུ་གས། པདྨ་ལྟར་གས་པ་ནི། པགས་པ་སྔོན་པོ་རྣམས་བཤུས་ཏེ་ཤ་རྗེན་དམར་ཧུ་རེ་ཚལ་པ་བཅུར་གས། པདྨ་ཆེན་པོ་ལྟར་གས་པ་ནི། སེར་ཁ་བརྒྱའམ། དེ་བས་མང་བར་གས་ནས་གྲང་བའི་སྡུག་བསྔལ་བཟོད་གླགས་མེད་པ་ཡུན་རིང་མྱོང་། གྲང་དམྱལ་གྱི་ཆུ་དེ་ཅི་ཙམ་གྲང་ཟེར་ན། དགུན་གྱི་ཆུ་འཁྱག་འདི་ལས་བརྒྱ་སྟོང་འགྱུར་གྱིས་གྲང་། གྲང་དམྱལ་གྱི་ཆུ་དེའི་ནང་དུ་ངེད་ཚོའི་མཛུ་གུ་ལྟ་བུ་ཞིག་གཏོང་རྒྱུ་ཡིན་ན། དེ་མ་ཐག་མཚམས་དེ་ནས་ཆད་འགྲོ་བ་རེད། གྲང་དམྱལ་གྱི་
ཆབ་རོམ་ཙམ་ཞིག་ཀྱང་ས་སྟེང་གི་མཚོ་ཞིག་གི་ནང་དུ་ལྟུང་རྒྱུ་ཡིན་ན། དེ་མ་ཐག་མཚོ་དེ་དབྱར་ཡིན་ཡང་འཁྱག་འགྲོ་བར་གསུངས། དེས་ན་རྒྱལ་དབང་ལྔ་པས། མུན་ནག་གངས་རིའི་སྦུབས་ཀྱི་འཐོར་རླུང་ཁྲོད། །གྲང་རེག་རྣོན་པོའི་མཚོན་གྱིས་ཉམ་ཆུང་ལུས། །བརྒྱ་སྟོང་མང་བར་གས་ཀྱང་མི་འཆི་བའི། །བྱེད་པོ་མི་དགེ་དགྲ་འདིས་རྟག་ཏུ་མནར། །ཞེས་གསུངས། ཉེ་འཁོར་བའི་དམྱལ་བ་ན། མེ་མུར་གྱི་འོབས་པུས་མོ་ནུབ་པ་ཙམ་ཡོད། དེ་ལ་རྐང་བ་བཞག་ན་གཞོབ་ཐུལ་གྱི་འཚིག་འགྲོ་ཞིང་ཡར་བཏེགས་ན་ཡང་སོས། རོ་མྱག་མི་གཙང་བའི་འདམ་ལ་ཆུད་པས་སྲིན་འབུ་ལྕགས་ཟངས་ཀྱི་མཆུ་ཁབ་འདྲ་བ་མང་པོས། ལུས་ཕུག་ནས་རུས་པ་ལ་ཐུག་གི་བར་དུ་ཟ། མཚོན་ཆ་རྣོན་པོ་གཟེངས་པའི་ཐང་ལ་རྐང་བ་བཞག་ན་འབིགས་ཅིང་བཏེགས་ན་སོས། ཤིང་སྡོང་ཅན་གྱི་རྩ་བ་ནས་བསྡད་ན། ཤིང་ལོ་འབབ་པ་རལ་གྲིར་གྱུར་ནས་ལུས་པོ་གཅོད་ས་ལ་འགྱེལ་ཚེ་ཁྱི་མང་པོ་འོང་ནས་རྒྱབ་གཞུང་སོགས་ནས་ཟ། ཤལ་མ་ལིའི་སྡོང་བོ་ལྕགས་ཀྱི་ཡལ་ག་མདུང་ལྟར་རྣོ་ཞིང་ལོ་མ་སྤུ་གྲི་ལྟར་རྣོ་བ། ཁ་གྱེན་ཐུར་དུ་བལྟས་ནས་ཡོད་
པ་འབབ་འཛེག་བྱས་ན་ཡལ་ག་རྣོན་པོས་ལུས་ཕུག །ལོ་མ་རྣོན་པོས་ཤ་གཅོད། སྐོམ་པས་ཆུ་ཀླུང་གི་འགྲམ་དུ་བརྒྱུག་ན། ཐལ་ཚན་གྱི་ཆུ་བོ་རབ་མེད་ཀྱི་ནང་དུ་ལྷུང་སྟེ་ཤ་རུས་འཚིག་པར་འགྱུར་བ་སོགས་སྡུག་བསྔལ་ཆེ། ཉི་ཚེ་བའི་དམྱལ་བ་ན། སྒོ་དང་ཀ་བ་ཐབ་དང་ཐག་པ་རྐམ་པ་གཏུན་དང་ཕྱགས་མ་སོགས་ཀྱི་དབྱིབས་ལྟ་བུའི་ལུས་བླངས་ཏེ། སྡུག་བསྔལ་མ་ངེས་པ་སྣ་ཚོགས་མྱོང་། དམྱལ་ཁམས་བཅོ་བརྒྱད་པོ་དེའི་ཚེ་ཚད་ཅི་ཙམ་ཞིག་ཡིན་ཟེར་ན། ཚ་དམྱལ་བརྒྱད་ཀྱི་ནང་ནས་ཚེ་ཐུང་ཤོས་ཡང་སོས་ཀྱི་ཚེ་ཚད་ནི། མི་ལོ་ཁྲག་ཁྲིག་གཅིག་ཐེར་འབུམ་ཆེན་པོ་དྲུག་དང་ཐེར་འབུམ་གཉིས་ཡིན། གཞན་རྣམས་ཀྱི་ཚེ་ཚད་ནི་དེ་བས་ཆེས་ཤིན་ཏུ་རིང་བ་ཡིན། གྲང་དམྱལ་བརྒྱད་ཀྱི་ནང་ནས་ཚེ་ཐུང་ཆུ་བུར་ཅན་གྱི་ཚེ་ཚད་ནི། ཡུལ་མ་གངྷའི་བྲེ་བོ་ཆེའི་ཁལ་བརྒྱད་ཅུ་འགྲོ་བའི་ཏིལ་གྱི་བང་བ་ནས་ལོ་བརྒྱ་བརྒྱ་རེ་སོང་བའི་འཕྲོར་ཏིལ་རེ་ཕྱུང་བས། ཏིལ་ཁལ་ཡོངས་རྫོགས་ཟད་པའི་ཡུན་དེ་ཙམ་ཞིག་ཡིན་གསུངས། གཞན་རྣམས་ཀྱི་ཚེ་ཚད་ནི་དེ་བས་ལྷག་གི་རིང་བ་ཡིན། ཉེ་འཁོར་བ་དང་ཉི་ཚེ་བ་
གཉིས་ཀྱི་ཚེ་ལ་ངེས་པ་མེད། རྣམ་སྨིན་གང་ཡོད་ཟད་རག་གི་བར་དུ་འཆི་རྒྱུ་མེད་གསུངས། འོ་ན་དེ་ཨེ་བདེན། ཁྱེད་གནས་དེར་ཕེབས་པ་ལྟ་བུ་ཞིག་གསུང་རྒྱུ་ཡོད་པ་འདི་འདྲ་གང་ན་ཡོད་ཟེར་ན། ང་མ་སོང་ཡང་གཤིན་རྗེ་ཆོས་རྒྱལ་གྱི་གྲོང་ཁྱེར་ཡོད་ཚུལ་དེར་འཁྲིད་ཚུལ་རྣམས། ཐུགས་རྗེ་ཆེན་པོའི་སྤྲུལ་བ་རྒྱལ་བོ་སྲོང་བཙན་སྒམ་པོའི་གསུང་མ་ཎི་བཀའ་འབུམ་ན་འདུག །དགེ་སྡིག་གི་ཤན་ཕྱེས་ནས་ཡར་མར་ལ་གཏོང་ཚུལ་ཉག་ཕྲུག་དང་། གླིང་བཟའ་འདས་ལོག་གཉིས་ཀྱི་རྣམ་ཐར་ན་བཤད་ཡོད། དམྱལ་བའི་སྡུག་བསྔལ་ཚེ་ཚད་རྣམས་ལམ་རིམ་སོགས་ན་གསུངས་ཡོད་པས་འདི་བདེན། ངེད་རང་ཚོའི་ཕྱོགས་གཞན་གྱི་སྐད་ཆ་ཞིག་བཤད་རྒྱུ་ཡིན་ན་དེའི་ནང་ན་ངེས་ནི་བརྒྱ་མི་ངེས་ནི་སྟོང་ཡོད་ཀྱང་། ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་ཐམས་ཅད་མཁྱེན་པས་ན་དེ་ལ་རྫུན་མེད། ཡང་འོ་ན་ཆོས་ཀྱི་ནང་ན། དམྱལ་བའི་ཆགས་ཚུལ་སྡུག་བསྔལ་ཡོད་ཚུལ་གསུངས་པ་མི་འདྲ་བ་མང་པོ་སྣང་བ་དེ་ཅི་ཡིན་སྙམ་ན། དཔེར་ན་ངེད་ཚོའི་ནག་ཅན་མང་པོ་ཞིག །ཕྱོགས་ཕྱོགས་ནས་བཟུང་རྒྱ་ནང་དུ་ཁྲིད་ནས་གསོད་རྒྱུ་ཡིན་ན། དེ་བཟུང་
ནས་འཁྲིད་ཚུལ་གསོད་ས་གསོད་མཁན་གསོད་ཚུལ་སོགས་མི་འདྲ་བ་དང་མཚུངས། འོ་ན་ཚེ་ཚད་མི་འདྲ་བ་མང་པོ་བཤད་འདུག་པ་དེ་ཅི་ཡིན་ནམ་སྙམ་ན། དཔེར་ན་ཉེས་པའི་ཆེ་ཆུང་གི་བཙོན་མ་ལ་ལ་སྡུག་བསྔལ་ཡུན་རིང་མྱོང་དུ་འཇུག་པ་དང་། ལ་ལ་ཡུན་ཐུང་བ་སོགས་མ་ངེས་པ་དང་འདྲའོ། །དེས་ན་རྒྱ་ཁྲིམས་ཀྱི་འདྲ་མི་འདྲས་ཅི་བྱ། རྒྱ་ཁྲིམས་འོག་ཏུ་མི་འགྲོ་བ་བྱེད་པ་གལ་ཆེ་བ་ལྟར། དམྱལ་བའི་སྡུག་བསྔལ་ཚེ་ཚད་འདྲ་མི་འདྲས་ཅི་བྱ། དེ་རུ་མི་འགྲོ་བའི་ཐབས་ལ་འབད་དགོས། ཡི་དྭགས་ནི་འཛམ་གླིང་འདིའི་འོག་དཔག་ཚད་ལྔ་བརྒྱ་འདས་པའི་འོག་རོལ་ན་ཡོད། དེ་རུ་སྐྱེ་བའི་ཡི་དྭགས་རྣམས་ཀྱི་ཁ་ཁབ་མིག་ལྟར་ཆུང་། ལྟོ་བ་རི་རབ་ལྟར་ཆེ། རྐང་ལག་འཇག་སྐྱ་ལྟར་ཕྲ་སྐྲ་གཟིང་མིག་དོང་དུ་ལྷུང་། རྒྱུ་མ་སྟོང་བ་རྒལ་ཚིགས་ལ་འབྱར། ཟས་སྐོམ་མ་མྱོང་བས་ཁ་དང་ལུས་སྐམ། ཚ་གྲང་གིས་གདུང་པས་མདོག་སྔོ་ལ་ནག །ཟས་སྐོམ་མི་རྙེད་འཆི་རྒྱུ་མེད། ཅུང་ཟད་རྙེད་པ་ཟོས་ན་ཁོག་ཏུ་སོང་ཚེ་མེར་གྱུར་ནས་ལུས་འཚིག །སོས་དུས་ཟླ་བ་ཚ། དགུན་དུས་ཉི་མ་གྲང་།
ཚ་གྲང་བཀྲེས་སྐོམ་གྱི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། དེ་ལས་ཁ་འཐོར་བ་རྒྱ་མཚོའི་འགྲམ་དང་འཇིག་རྟེན་ཁམས་འདི་ན་ཡོད་པ་རྣམས་ཀྱིས་ཀྱང་། བཀྲེས་སྐོམ་བརྡེག་བརྡུང་སོགས་སྡུག་བསྔལ་སྣ་ཚོགས་མྱོང་། ཚེ་ཚད་ནི་མི་ལོ་ཆིག་ཁྲི་ལྔ་སྟོང་གི་བར་ཐུབ། དུད་འགྲོ་ནི། རི་རབ་ཀྱི་ཆུ་མཚམས་མན་ཆད་ཀྱི་ཁོང་གསེང་རྒྱ་མཚོའི་ནང་ན། ཆེ་ཆུང་མདོག་དབྱིབས་མི་འདྲ་བ་ཆང་གི་སྦང་མ་ལྟར་ཡོད། མུན་པ་འཐིབས་པས་ལག་པའི་བརྐྱང་བསྐུམ་མི་མཐོང་། གཅིག་གིས་གཅིག་མནན་ནས་དབུགས་ཀྱི་དབྱུང་རྔུབ་ཙམ་ཡང་དཀའ། ཆེ་བས་ཆུང་བ་ཐམས་ཅད་ཁམ་ཤད་བྱས་ཟ། ཆུང་བ་རྣམས་ཆེ་བོའི་སྟེང་དུ་རུབ་ནས་ཟ། དེ་ནས་ཁ་འཐོར་བའི་དུད་འགྲོ་མིའི་གནས་ན་ཡོད་པ་འདི་རྣམས་ལ་མི་ཐེག་པའི་ཁལ་བཀལ། དབྱུག་པས་བརྡུང་། རྒྱབ་ཏུ་རྒལ་རྨ་བཏོན། འཕོང་བཤུས། རྒས་འཁོགས་ཀྱང་ཉིན་གཅིག་སྡོད་དུ་མི་འཇུག་འཆི་རག་གི་བར་དུ་སྡུག་བསྔལ་མྱོང་། ར་ལུག་ཤན་པས་ས་ལ་བསྒྱེལ་ཁ་བཙུམ་ཁོག་ཏུ་ལག་པ་བཏང་། སྲོག་རྩ་བཅད། ཡང་ན་མགོ་བཅད་ནས་བསད། རི་དྭགས་རྣམས་ཁྱི་དང་གཅན་
གཟན་གྱིས་དེད་ནས་བསད། རྔོན་པས་མེ་མདའ་བརྒྱབ་ནས་གསོད་པ་སོགས། གསོད་ཟ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཡོད་པ་ད་ལྟ་མིག་གིས་མཐོང་བ་འདི་རྣམས་ཡིན། ཚེ་ཚད་རིང་བས་བསྐལ་པ། ཐུང་བས་ཉིན་ཞག་ལས་མི་ཐུབ་པ་ཡོད་པས་མཐའ་གཅིག་ཏུ་མ་ངེས། ངེད་ཚོ་འདིར་མི་དགེ་བ་ཆེན་པོ་བྱས་པའི་མི་ཤི་མ་ཐག་ནས་རི་གཟར་གྱི་རྩེ་ནས་རྦབ་འདྲིལ་བ་རིའི་རྩ་བར་འགྲོ་བ་བཞིན། དམྱལ་ཁམས་བཅོ་བརྒྱད་དུ་སྐྱེས་ནས་དམྱལ་བའི་གཏིང་རྡོ་བྱེད་པ་ཡིན། འབྲིང་ཙམ་བྱས་པ་ཡི་དྭགས་སུ་སྐྱེ། ཆུང་ངུ་བྱས་པ་དུད་འགྲོར་སྐྱེ། དེ་གསུམ་གང་དུ་སྐྱེས་ཀྱང་སྡུག་བསྔལ་གང་གི་གང་ཆེ་མ་གཏོགས་བདེ་སྐྱིད་སྤུ་ཙམ་ཡང་མེད། ངན་སོང་གསུམ་ལས་ཐར་ནས་མི་རུ་སྐྱེས་ཀྱང་། ད་དུང་མི་དགེ་བའི་མཐུས། ངན་འགྲོའི་རིགས་ཞ་བོ་འོན་པ་ལྐུགས་པ། བྲན་གཡོག་སྤྲང་སློང་ཁས་དམན་ཚེ་ཐུང་ནད་མང་ཅན་དུ་སྐྱེས་ནས་སྡུག་བསྔལ་མྱོང་བར་འགྱུར། ཁྱེད་ཚོས་བྲང་ཁར་ལག་པ་ཞོག །རང་ལུས་ལ་དཔེ་ལོངས། བློ་ཁ་ནང་དུ་ལོག་ལ་བསམ་བློ་ཞིག་ཐོངས་དང་། དེང་སང་ལུས་ལ་མེ་བཙའ་
བཞག་པ་དང་། ཤ་རྗེན་སྟེང་དུ་མེ་སྟག་ལྷུང་བ། དགུན་གཅེར་བུར་གོས་མེད་པར་ཞག་གཅིག་ཟས་སྐོམ་མེད་པར་ཉིན་ཞག་གཉིས། ཁྱིས་སོ་བཏབ་པ་ཙམ་ཞིག་མི་བཟོད་ན། ཚེ་ཕྱི་མར་དམྱལ་བའི་ཚ་གྲང་། ཡི་དྭགས་ཀྱི་བཀྲེས་སྐོམ། དུད་འགྲོའི་གཅིག་ལ་གཅིག་ཟ་བའི་སྡུག་བསྔལ་ལོ་བསྐལ་བར་མྱོང་དགོས་པ་ཅི་ལྟར་བཟོད། དཔེར་ན་ནག་ཅན་གྱི་མི་མང་པོ་ཡོད་པའི་ནང་ནས་འགའ་རེ་སྔོན་དུ་རྒྱ་མིས་བཟུང་ནས། སྡུག་འདི་འདྲ་བཏང་སྟེ་ངན་གསོད་བྱས་ཚུལ་བཤད་ན། ནག་ཅན་ད་དུང་མ་བཟུང་བ་རྣམས་ཀྱིས་བཟུང་འདྲ་ཨེ་འཇོག །སྡུག་བསྔལ་དེ་འདྲ་མི་བཟོད་སྙམ་ནས་འཇིགས་སྐྲག་སྐྱེ་བ་ལྟར། ངན་སོང་གསུམ་ཀྱི་སྡུག་བསྔལ་དེ་རྣམས་བསམས། སྔར་མི་དགེ་བ་བྱས་པ་རྣམས་འཇིགས་སྐྲག་ཅིག་སྐྱེ་དགོས། དཔེར་ན་རྒྱ་ནང་དུ་ཁྲིད་ནས་སྡུག་བསྔལ་དང་མྱ་ངན་མི་འདོད་ན། ཇག་རྐུས་སོགས་གོང་མའི་ཁྲིམས་དང་འགལ་བའི་ལས་མི་བྱེད་དགོས་པ་ལྟར། ཚེ་ཕྱི་མར་ཚ་དམྱལ་ལ་སོགས་སུ་སོང་ནས་སྡུག་བསྔལ་མྱང་ན་མི་འདོད་པ་རྣམས་ཀྱིས། དེའི་རྒྱུ་མི་དགེ་བ་དུག་ལྟར་སྤང་དགོས་ཏེ། སློབ་དཔོན་ཀླུ་སྒྲུབ་
ཀྱིས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །ཞེས་གསུངས། ད་ངེས་པར་གང་ལ་བལྟས་ཀྱང་བསམས་ན་ངན་སོང་གི་རྒྱུ་མི་དགེ་བ་འདི་སྤང་དགོས་སྙམ་ན། སྤང་རྒྱུའི་མི་དགེ་བ་དེ་ཤེས་དགོས། ཤེས་པ་ལ་བླ་མའི་བཀའ་ཆོས་ལ་ཉན་དགོས་པ་ཡིན་ཀྱང་། དེང་སང་ཚེ་ཕྱི་མའི་སྡུག་བསྔལ་དེ་མ་དྲན་པའི་སྟབས་ཀྱིས། སྡིག་པ་སྤོང་བ་ཕར་ཞོག །བླ་མ་ཞིག་གིས་སྡིག་སྤོང་དགེ་སྒྲུབ་ཀྱི་ཆོས་ཟབ་མོ་ཞིག་གསུངས་ན་ཡང་། ཆོས་ཐུན་རིང་ན། དེའི་བར་ལ་ཡང་མི་ཆགས་པར། འགུལ་འཕག །ཉི་མ་ལ་བལྟས། ཡུལ་ལ་བལྟས། ཨུ་ཧུ་ཟེར་ལུ། ཨུང་ཟེར་འཁུན། ཁོ་བོ་ལ་ཡུལ་ན་ལས་དོན་གལ་ཆེན་འདི་འདྲ་ཞིག་ཡོད་ཟེར། ཤབ་ཤུབ་བྱས་ཐག་ཉེའི་མི་འགའ་རེ་ལ་བཤད། སྐབས་ཤིག་ཡར་ལངས་ཕྱག་གཅིག་འཚལ། ཡང་ན་ཕྱག་ཀྱང་མི་འཚལ་བར་ལངས་འགྲོ། ཡུལ་དུ་ཐོན་ཚེ། ཁྱིམ་ཚང་གཟའ་བ་རྣམས་ལ་ཁྱེད་ཆ་བོས་ངས་བཤད་པ་དེ་མ་བྱས། འདི་མ་བསྒྲུབས་པར་ཉལ་བསྡད་ནས་ཟེར་སྤྲོ་ལངས་ནས་གཟའ་བསྡིག་
གི་ཐུག་པ་བསྐོལ་བ་མང་། ཡང་བླ་མས་ཁྱིམ་པ་ཕོ་མོ་གླེན་པ་འགའ་རེས་མི་གོ་བར་དོགས་ནས། རྒྱལ་བའི་གསུང་རྡོ་རྗེའི་ཚིག་ལ་ཆོས་གཏམ་གྱི་ཤུན་པ་མ་བསྐོན་པར། ཀུན་གྱིས་གོ་སླ་བའི་ཕྱིར་དམར་འབྱིན་བྱས་བཤད་པ་ཁྱེད་འཇིག་རྟེན་པའི་ངོ་ཚའི་གཏམ་ལྟ་བུ་རེ་གཉིས་རེ་བྱུང་ཚེ། གཅིག་གིས་གཅིག་ལ་གྲུ་མོས་བརྒྱབས་སེན་ཏོག་བྱས། ཟུར་གཏམ་བྱས་འཛུམ་ནས་བགད། མགོ་སྒུར་གཉའ་ལྟུང་སྐྱབས་སུ་མཆི་ཁོང་ཆོས་པ་རེད་ཟེར། ཆོས་བཟང་པོར་ཉན་པའི་འཕྲོ་བཅད་ནས་མར་ལངས་འགྲོ་བ་ཡང་མང་། དེ་འཇིག་རྟེན་རྒན་རྒོན་རྣམས་ཀྱིས་ངོ་ཚ་བ་དང་མི་ཚ་བའི་གནས་མ་ཤེས་པའི་རང་མཚང་ཡིན་ཏེ། རྗེ་བཙུན་མི་ལས། ངོ་ཚ་བའི་གནས་ལ་ངོ་མི་ཚ། །ངོ་མི་ཚ་བ་ལ་ངོ་ཚར་བྱེད། །གསུངས་པ་ལྟར། ཚེ་འདིར་ཟས་གོས་སོགས་ཀྱིས་ཕོངས་ནས་ལྷ་མི་ཡོངས་ཀྱིས་ཁྲེལ་ཞིང་། ཕྱི་མར་གོས་མེད་གཅེར་བུར་དམྱལ་བར་འགྲོ་བའི་རྒྱུ། མ་བྱིན་ལེན་མི་ཚངས་སྤྱོད། རྫུན་ཕྲ་མ་གཡོ་སྒྱུ་སོགས་མ་རབས་སྤྱོད་ངན་རྣམས་ངོ་ཚ་བའི་གནས་ཡིན་པ་ལ། ངོ་མི་ཚ་བར་མ་ཟད་ཉིན་རེ་བཞིན་སྤྱོད་ཅིང་། ཚེ་འདིར་ཟས་གོས་སོགས་
འབྱོར་བ་རྒྱས་ནས་ལྷ་མི་ཡོངས་ཀྱི་སྨོན་གནས་སུ་གྱུར་ཅིང་། ཕྱི་མར་དར་དང་རིན་པོ་ཆེའི་རྒྱན་ཅན་ལྷའམ་མི་ཡི་གོ་འཕང་འཐོབ་པའི་རྒྱུ། སྦྱིན་གཏོང་ཚངས་སྤྱོད་ལ་གནས་པ་བདེན་པར་སྨྲ་བ་སོགས་ཡ་རབས་ཀྱི་བྱ་བ་ངོ་ཚ་མི་དགོས་པའི་གནས་ཡིན་པ་ལ་སྤྱོད་པ་ཕར་ཞོག །སྤྱོད་ཚུལ་གྱི་རྒྱལ་བའི་གསུང་། བླ་མས་གོ་སླ་སྐད་ཆ་བྱས་བཤད་པ་ལ་ཡང་ངོ་ཚ་ནས་མི་ཉན་པར་འབྲོས་པ། ངོ་ཚའི་བྱེད་ལུགས་གང་ཡིན་མ་ཤེས་པས་ལན་པ་ཡིན་པས། སྤྱིར་ངོ་ཚ་བའི་གནས་གང་ཡིན་ཤེས་པ་གལ་ཆེ། ཤེས་ན་ངོ་མི་ཚ་བ་ལ་ངོ་ཚ་བྱེད་དོན་མེད། ཁྱད་པར་བླ་མས་ལྷག་བསམ་དག་པས་ཆོས་བཤད་བྱེད་པའི་སྐབས་སུ་ཚིག་རེ་ངོ་ཚ་བར་བཟུང་ནས། ཆོས་མི་ཉན་པར་ལངས་འགྲོ་བའི་སྐྱེ་བོ་ཕོ་མོ་དེས་ཆོས་མ་ཤེས་པར་མ་ཟད། འཇིག་རྟེན་ཀྱང་མ་ཤེས་པ་ཡིན་པས་གླེན་པ་ནོར་དང་མཚུངས་ཏེ། རྒད་པོ་བསམ་ཤེས་ཚོས། ངན་པ་སྔོན་ལ་མ་བཤད་ན། བཟང་བོ་རྗེས་ནས་མི་ཡོང་ཟེར་བའི་ཧ་ཡང་མ་གོ་བ་ཡིན་པས། མི་ལ་རྟོག་དཔྱོད་མེད་ན་དུད་འགྲོ་ཡིན། །རྟ་ལ་གོམ་འགྲོས་མེད་ན་བོང་བུ་ཡིན། །མི་
ཟེར་རམ། རྟོག་དཔྱོད་ཐོངས། དཔེར་ན་ཆུ་བོ་ཆེན་པོ་རྨ་ཆུ་ལྟ་བུའི་ཕ་རོལ་དུ་སྒྲོལ་དུས། ཆུ་པ་རྣམས་ཀྱིས་གོན་པ་ཀུན་ཕུད་ནས་འགྲོ་དུས། ཕ་མ་སྲིང་གསུམ་འཚོགས་པས་མཐོང་ཀྱང་སྐབས་དེར་ངོ་མི་ཚ་བར་ལྷན་དུ་འགྲོ་བ་དང་། བུད་མེད་འགའ་རེས་འདོམས་སུ་རྨའམ་ནད་བྱུང་ན། དེ་ལ་ཕན་ཕྱིར་སྨན་པ་འོང་ནས་སྨན་དཔྱད་གཏར་བསྲེག་སོགས་བྱེད་དུས་ངོ་མི་ཚ་བར་སྨན་པའི་ངག་བཞིན་བྱེད་པ་ལྟར། ཚེ་འདི་ཕྱི་གཉིས་ལ་སྡུག་བསྔལ་མེད་པར་བདེ་བའི་ཐབས་རྒྱལ་བའི་གསུང་ཀུན་གྱིས་གོ་སླ་བ་སོགས་དགོས་པའི་དབང་གིས། བླ་མས་སྐད་ཆ་བྱས་བཤད་དུས་ངོ་ཚའི་གཏམ་ཚིག་རེ་ཙམ་བྱུང་ཡང་། སྐབས་དེར་ཀུན་ངོ་མི་ཚ་བར་གནས་དགོས། དཔེར་ན་ཆུ་ལ་རྐྱལ་མཁན་རྣམས་ཆུ་ཆེན་པོ་དེའི་ཕ་རོལ་དུ་སོན་པ་དང་། བུད་མེད་ལ་སྨན་དཔྱད་བྱས་ཚར་ནས་གོན་པ་གོན་ནས་དུས་རྟག་ཏུ་ལུས་སྦེད་དགོས་པ་ལྟར། བླ་མས་ཆོས་གསུངས་ཚར་ནས་ཕྱིན་ཆད་ཀུན་གྱིས་བླ་མའི་གསུང་ལྟར་མ་རབས་སྤྱོད་ངན་གྱི་རིགས་མཐའ་དག་ལ་འཛེམ་ནས་ངོ་ཚ་འཇིགས་བཅས་ཀྱི་སྒོ་ནས་བསྲུང་དགོས། འོ་ན་མར་ངན་སོང་གནས་སུ་ལྟུང་
བའི་རྒྱུ་མི་དགེ་བ་དེ་གང་ཡིན་ཁྱེད་ཀྱིས་ངེད་ཚོ་ལ་ཅིག་ཤོད་དང་ཟེར་ན། མི་དགེ་ཟེར་བ་དེ་སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས་གནོད་སེམས་ལོག་ལྟ་འདི་རྣམས་ཡིན་པས་སྤང་དགོས། ངེད་ཁྱིམ་པ་ཕོ་མོ་རྣམས་ཤེས་རྒྱ་ཆུང་བས་ན་དེ་རྣམས་སོ་སོར་རྒྱས་པར་མ་བཤད་ན་མི་ཤེས་པར་འདུག་པས། ད་ཁྱེད་ཀྱིས་ངེད་འཇིག་རྟེན་པའི་སྐད་ཆ་བྱས་རྒྱས་པར་ཅིག་གསུངས་དང་། ཕུགས་སུ་ཚེ་འདི་ཕྱིར་བདེ་ཞིང་སྐྱིད་ན་འཕྲལ་དུ་ངོ་ཚ་བའི་གཏམ་རེ་བྱུང་ཀྱང་བཟོད་ཟེར་ན། འོ་སྲོག་གཅོད་ཟེར་བ་དེ་ཆེ་བ་མི་ནས་ཆུང་བ་འབུ་སྲིན་ཡན་ཆད་གསོད་མི་ཉན་པ་ཡིན་ཏེ། དེང་སང་སྙིགས་མའི་དུས་ཀྱི་སྐྱ་སེར་ཕོ་མོ་རྣམས་དུག་གསུམ་རགས། ལྷག་པར་འདོད་སྲེད་ཆེ། ཁ་ཤ་ལ་དགའ་བའི་ཤུགས་ཀྱིས། སྡེ་དགོན་གྲོང་ཡུལ་གང་ན་ཕྱི་མ་མར་འགྲོ་བའི་ལས་ངན་པ་མང་པོ་གསོག་གིན་ཡོད། དེ་ཅི་ལྟར་གསོག་ཟེར་ན། འབྲོག་གི་ཕྱུག་པོ་རྣམས་ཀྱིས་ར་ལུག་རྒྱ་ལ་བཙོང་པས་སྡིག་པ་དེ་ལས་ཐུ་བ་མེད། ང་སྔོན་སོག་ཕྱོགས་ན་ཡོད་དུས་
ཡོན་བདག་དད་ཅན་ཞིག་ཡོད་པ་དེས། ནས་ཞིག་ཉོ་སྙམ་ནས་ལུག་བཅུ་ཙམ་བླ་བྲང་བཀྲ་ཤིས་འཁྱིལ་གྱི་ཐག་ཉེའི་ཤན་པ་ཡོད་སར་དེད་ནས་བཙོངས། རིན་གྱིས་ནས་བྲེ་ལ་ཚད་དུས། ལུག་བཅུ་བོ་ཁོ་བོའི་ཐག་ཉེའི་སྲང་བར་ནས་ཐག་པས་བསྟར་ཤན་པས་གྲི་བཟུང་ནས་འོང་ཚེ། ལུག་ཀུན་གྱིས་ཁོ་བོ་ལ་བལྟས། ངེད་རྣམས་ཤན་པ་འདི་ལ་གསོད་དུ་མ་འཇུག་ཟེར་བ་ལྟར་མིག་མཐར་ཆུ་འཁྱིལ་འཐེན་བསྐོར་བྱས། འགའ་རེ་འབའ། ཤན་པས་ལུག་གོང་མའི་མགོ་བཅད་ཚེ། ཕྱི་མ་དེས་ཁྱེད་ཚང་གི་ཁའི་དོན་དུ་ཁོ་བོའི་སྲོག་འགྲོ་གིན་ཡོད་ཟེར་བ་ལྟར། ཁོ་བོ་ལ་བལྟས་ཚེ་ཡང་ཤན་པས་ལུག་དེའི་མགོ་བཅད། དེ་ནས་རིམ་པ་བཞིན་བཅད་ཚེ། མཇུག་ན་ལུག་གཅིག་ཡོད་པ་དེ་ཁོ་བོ་ལ་ཆུང་ནས་འདྲིས་ཆེ་བ་ཞིག་ཡིན་པས། དེས་ཁོ་གཅིག་པུ་ཤན་པ་འདི་ལ་གསོད་དུ་མ་འཇུག་ཁྱོད་ལ་གསལ་ང་སྙིང་རེ་རྗེ་ཟེར་བ་ལྟར་བྱས། ཁོ་བོ་ལ་བལྟས་ནས་ཚུར་འཐེན་ནས་འབའ། མིག་ནས་མཆི་མ་རེ་གཉིས་འདོན་དུས། ཡང་ཤན་པས་མགོ་བཅད་ཚེ། ཁོ་བོའི་བྱ་བ་འདི་བཙོག་ཨང་། བླ་མ་དཀོན་མཆོག་མཁྱེན་སྙམ། མིག་ནས་མཆི་མ་
མང་པོ་བཏང་། ཕྱིན་ཆད་མུ་གེས་མགོ་ཐུར་དུ་བསྟན་ནས་ཤི་འགྲོ་ཡང་ལུག་གཅིག་རྒྱ་ལ་བཙོང་རེ་ཤི་སྙམ་ཞེ་མནའ་བསྐྱལ། དེ་ཕྱིན་ཆད་མ་བཙོང་ཟེར། ལུག་བཅུ་བོ་དེའི་མགོ་གཅོད་དུས་ཆར་ཟམ་ཟིམ་ཞིག་བབས་པས། ཆར་དང་ཁྲག་གཉིས་འདྲེས་ཚེ། སྲང་བར་ན་ཁྲག་གི་ཆུ་རྒྱུན་འགྲོ་བ། དེ་མཐོང་ནས་འབྲོག་གི་ཕྱུག་པོ་འགའ་ཞིག་གིས་ལོ་རེ་བཞིན་དུ་ར་ལུག་བརྒྱ་སྟོང་བཙོངས་པ། དེ་གསོད་ཙ་ན་ཤ་ཡི་རི། ཁྲག་གི་མཚོ་འཁྱིལ་ཡོད་ས་སྣང་། ཆོས་འདྲ་མ་བྱས་ན་ཕྱི་མར་གང་དུ་འགྲོ་སྙམ་པ་ཡིད་ལ་ཤར་ཟེར། དེས་ན་ཁྱེད་ཚོས་བསམ་བློ་རེ་ཐོངས་དང་། ཁྱེད་རྣམས་ཀྱི་གཅིག་ཤ་ཉེ་ཕ་སྤུན་གྱིས་བཟུང་ནས་རྒྱ་ཞིག་ལ་སྤྲད་དེ་བསད་ན་ཅི་འདྲ་རེད། རྒྱ་ནང་དུ་ཁྲིད་ནས་བསད་པ་དེ་ལས་ཐུ་བ་མེད། དེས་ན་ར་ལུག་གཡག་གསུམ་རང་གིས་བསད་པ་དང་། དེའི་རིན་བླངས་ནས་གཞན་ལ་གསོད་དུ་བཅུག་པ་གཉིས་ལ་ཁྱད་པར་སྤུ་ཙམ་མེད། རང་གི་ལུས་ལ་དཔེ་མི་ལེན་པར་བླ་རྒན་ཕུང་རྒན་ཁ་སེར་ར་འགའ་རེས་རྒྱ་ཁེ་བ་ལ་ལུག་སྤྲོད་དུས། མི་སྐྱ་གཡོག་པོར་ཁྲིད་ནས་ལུག་གི་ནང་དུ་སོང་།
ཤ་བཟན་སྐེ་ནག་རྣ་སེར་ཡ་ཀི་ཟུངས། མ་རྒན་འོང་སེར་མགོ་རིལ་མ་ཀི་ཟུངས། ཐོངས་ཚེར་ཀ་ཞིས་མཆུ་ནག་ཕ་ཀི་ཟུངས། ཡ་ཡ་ལུག་མི་འདུག་གི་ཤོར་ཐལ་རེམ་ཟུང་བཟུང་ཟེར་བ་མང་། སྡོམ་པ་ཤོར་བ་ལ་མི་འཕངས། ལག་ཤོར་བ་ལ་འཕངས། ངོ་ཚ་རྒྱུ་མེད་པར་སྡོམ་ལྡན་ལྟར་བྱས་ནས་ཆབ་ཚོ་བླངས། ཆོས་བཤད་བྱེད་དུས་ངེད་ཚོ་ལ་རྒོད་རྒྱུ་ཡོང་། དེས་ན་རྒྱ་ལ་ལུག་གཏན་ནས་མ་བཙོངས་པར་འཚོ་སྐྱོང་གྱིས་དང་། བལ་གཅིག་པུ་བཙོངས་ན་ཁ་སོས་ཡོང་། སྔོན་མཚོ་སྔོན་པོའི་ཕྱོགས་ཀྱི་རྒད་པོ་ཞིག་གིས་ལུག་གཅིག་ཀྱང་རྒྱ་ལ་མ་བཙོངས་པར་འཚོ་སྐྱོང་བྱས་བསྡད་ཚེ། འགའ་རེས་རྒད་པོ་ཁྱོད་ཀྱིས་ལུག་བཞག་ནས་ཅི་བྱ་བཙོངས་ནས་ཁ་རྒྱབ་ལེགས་པོ་བྱས་ཏེ། ཆོས་བྱས་ན་བཟང་། བཞག་ན་དོན་མེད་དུ་ཤི་འགྲོ་ཞེས་བཤད་ཚེ། རྒད་པོས་ཁོ་བོས་ཆོས་མི་ཤེས་ཀྱང་རང་ལུས་ལ་དཔེ་བླངས་ན། ཆོས་ནི་ར་ལུག་ཚེ་ཐར་བྱས་ན། དེ་བས་ཆོས་ཤིག་གཞན་ན་མེད་སྙམ། ལོ་རེ་བཞིན་བལ་བླངས་ནས་བཙོངས་ན་ལྟོ་རྒྱབ་འདང་འདུག །ལོ་བཅུ་སྟོད་ཙམ་ལ་ལུག་གི་རིན་ལས་ལྷག་པ་འོང་། བཞག་ན་ཤི་ལོས་འགྲོ
དེ་ཡི་མི་ཚད་རང་ཉིད་ཀྱང་འཆི་རྒྱུ་རེད། དེ་ལ་བྱ་ཐབས་མེད། ལུག་ཤི་སོང་ཡང་ཤ་དང་པགས་པ་ཡོད་ཟེར་ནས། གཅིག་ཀྱང་མ་བཙོངས་པར་ལེགས་པར་འཚོ་སྐྱོང་བྱས་པས་ཁྲི་ལུག་འཕེལ། རྒད་པོ་ལོ་བརྒྱ་ཐུབ་པ་བྱུང་ཟེར། དེས་ན་ར་ལུག་མ་བཙོངས་པར་འཚོ་སྐྱོང་གྱིས་དང་བཟང་། ཡང་རེའུ་ལུ་གུ་ཆུང་དུས་བསད་ནས་ཚར་བུ་བཙོངས་པ་འདི་ངན། ཚོང་བ་ཧེབ་རྒན་འགའ་རེས། ད་ལོ་ཚར་བུ་གོང་བཟང་གི་ཟེར་གཡོག་པོ་ལ་ལུ་གུ་གསོད་དུ་འཇུག་གམ། ཡང་ན་རང་གིས་གསོད་ཚེ། ལུ་གུ་ཆུང་ཆུང་ཡག་པ་རྣམས་ཀྱིས་ཚུར་ངོ་ལ་མིག་ཁྲ་ཧྲིག་གེ་ལྟ་དུས་སྙིང་མི་རྗེ་བར་ཚར་བུ་བཙོངས། ས་ཐག་རིང་ན་རྟ་རྒན་ནམ། ཡང་ན་གཡག་རྒན་ཞིག་ལ་ཞོན་ཚར་བུ་རྣམས་ཤ་དག་བྱས་ནས་འགྲོ། ཐག་ཉེ་ན་མཆན་ཁུང་ངམ། ཡང་ན་ལག་ཏུ་བཟུང་ནས། ཁོག་པ་འདོད་སྲེད་ཀྱིས་གང་། འདིས་ཅི་ཁུག་སྙམ་ནས་འདང་རྒྱག་གིན་འགྲོ། ཚར་བུ་ནོམ་པ་ལ་བརྗེས་ནས་སླར་ཡུལ་དུ་འོང་ཚེ། དགུང་མོ་མ་མོ་རྣམས་འོང་དུས། ལུ་གུ་བཏང་ན་ལུ་གུ་བསད་པ་རྣམས་ཀྱི་མ་རྒན་ཚེར་མོས་ཀྱང་།
མོ་ཡི་ལུ་གུ་འོང་གི་ཡོད་སྙམ་ནས་མིག་གིས་ལུ་གུ་འོང་ཚད་ལ་བལྟས་དུས་ཅི་ཡང་མ་མཐོང་ཚེ་ངའི་ལུ་གུ་ལ་ཅི་ཞིག་བྱུང་སྙམ། སེམས་སྔངས་ནས་ལུ་གུ་འདོགས་སར་རྒྱུག །དེ་ན་མེད་ཚེ་སྦྲ་གུར་གང་ཡིན་ཡང་གཡས་ན་ཨེ་ཡོད་སྙམ་ནས་གཡས་སུ་རྒྱུག །གཡོན་ན་ཨེ་ཡོད་སྙམ་ནས་གཡོན་དུ་རྒྱུག །དེ་ན་མེད་ཚེ་ཡར་མར་ཡོངས་ལ་བལྟས་ནས་ཤེད་ཀྱིས་འབའ། དེ་དུས་ངེད་ཚོ་ཡིན་ན་བུའི་ལས་ལ་སེམས་སྡུག་ནས་ངུས་པ་རེད། སྙིང་རྗེ་རྒྱུ་དེ་ན་ཡོད་མོད། སེམས་ཡོད་ཀྱི་མིག་ནས་མཆི་མ་འཆོར། སེམས་མེད་འགའ་རེས་བུ་བསད་པའི་སྟེང་དུ་ད་དུང་མ་མོ་ལ་ཡང་བཤའ་རྒྱུ་མ་ཀ་ཟེར། རྡོ་དང་དབྱུག་པ་སོགས་ཀྱིས་རྒྱག །ཕྱིར་ཉིན་རི་ཁར་འགྲོ་དུས་མ་མོ་དེ་ལུག་རྣམས་ཀྱི་མཇུག་ཏུ་འདུག །ཁ་ཕྱིར་ཕྱོགས་ནས་འབའ། རི་མགོ་ལ་སོང་ན་རྩྭ་ཁམ་རེ་ཟོས། ཡང་བུ་དྲན་ནས་རེ་རེ་འབའ། དགུང་མོ་ལུག་རྣམས་དེད་འོང་དུས་ཀུན་གྱི་སྔོན་ལ་བུད་ནས་འབའ་གིན་འོང་། དེ་ལྟར་བུ་ལ་མི་གཅེས་ནི་གཅིག་མེད། ལྷག་པར་ཡང་དུད་འགྲོས་གཅེས། ང་རི་བོ་རྨ་ཆེན་ན་ཡོད་དུས། བྲ་བོ་གཅིག་གིས་ཕྲུག་གུ་ཁྲིད་ནས་
འགྲོ་དུས། ཁྲ་ཞིག་ཡོད་པ་དེ་མཐོང་ཚེ། བུ་ཁྲས་འཁྱེར་གྱིས་དོགས་ནས་བྲོས་པས་བུ་དེ་འགྲོ་མ་ནུས་ཚེ། ཁ་ནང་དུ་བཟུང་ནས་ཁུང་ནང་ཞིག་ཏུ་བྲོས་སོང་དུས་ངའི་བསམ་པ་ལ་མ་འདི་སྙིང་རེ་རྗེ། བུ་ལ་སྙིང་ཐག་པ་ནས་ག་འདྲ་ཞིག་བྱམས་རྒྱུ་རེད་སྙམ་པ་བྱུང་། དེས་ན་མི་དབང་ཆེན་བཙན་པོ་ཞིག་གིས་ཤེད་ཤུགས་ཀྱིས་ཁྱེད་ཚོའི་བུའམ་བུ་མོ་ཞིག་བསད་པགས་པ་བཤུས་ནས་ཁྱེར་ན་ཅི་འདྲ་ཞིག་རེད། ཁྱེད་ཚོས་ཧོས་ཅི་འདྲ་ཞིག་མི་འདེབས། དེས་ན་རང་ལ་དཔེ་ལོངས་ལ་མ་རྒན་དང་ཚེར་མོའི་ལུ་གུ་འདི་གཅིག་མ་གསོད་དང་། ཚེ་འདིར་ལུག་ཇེ་ཉུང་དུ་མི་འགྲོ་ཇེ་མང་དུ་འགྲོ། ཕྱི་མར་ཡང་དམྱལ་བར་མི་ལྟུང་མཐོ་རིས་སུ་སྐྱེ། ཡང་ཁྱེད་ཚོའི་ཕྱུག་པོ་མཛོ་མོ་ལྔ་བཅུ་ཡོད་པ་རྣམས་ཀྱིས་ཀྱང་རྟོལ་བུ་གཅིག་ཀྱང་མི་འཇོག་པར། དུས་གཉན་དང་ཁྱད་པར་ཟླ་བ་བཞི་བའི་བཅོ་ལྔ། གནམ་སྟོང་ཚེས་བརྒྱད་ཡིན་ཡང་མི་འཛེམ་པར་སྡིག་པ་ཇེ་འཕེལ་དུ་འགྲོ་བ་ལ་ལྷག་པར་འདི་བཟང་ཟེར་བ་ལྟར་བྱས། ཉིན་རེར་མཛོ་མོ་བཅུ་ལྷག་ཙམ་ལ་རྟོལ་བུ་སྐྱེས་ཀྱང་། སྙིང་རེ་རྗེ་ཚེ་ཕྱི་མར་གང་དུ་འགྲོ་མ་བཟང་ཟེར་བའི་
མི་གཅིག་མེད། མཛོ་མོ་ལ་རྟོལ་བུ་སྐྱེས་ཟེར་ཐམས་ཅད་ལ་འཛུམ་པ་ལངས་དགའ་སྟེ། ཁྱིམ་མཚེས་ནག་གྱོང་ང་། གཡོག་པོ་གཉའ་ཐུང་ང་། བྱིས་པ་སྔོ་མཆུ་ཚོ་འོངས་ནས་བསད། རྒད་པོ་ཁ་སེར་ར། མི་གཞོན་རོ་རིང་ང་ཚོས་བཤས་ནས། ཡ་ཀི་ཚང་ལ་ག་བྱིན། མ་ཀི་ཚང་ལ་འདི་བྱིན། ཨ་མཆོད་ལ་ཁྲག་གྲོད་པུ་གང་པོ་ག་བྱིན་དང་ཟེར། ལོ་རེ་བཞིན་དུ་དེ་ལྟར་བསད་ན། མཛོ་མོ་ལྔ་བཅུ་ཅན་ཞིག་གིས། ལོ་བཅུ་ལ་ལྔ་བརྒྱ་ལོ་ཉི་ཤུ་ལ་རྟོལ་བུ་སྟོང་ཕྲག་ཅིག་བསད་པ་རེད། ཕྱི་མར་འགྲོ་སའི་ཁུང་ཞིག་བལྟས་ན་ཨེ་ཡོད་ཅིག་སོམས་དང་། ཕྱུག་པོ་ཚོས་སྡིག་པ་མ་བཅད་ཕྱིན་ཆད། ཆོས་ལེབ་རེ་བླངས། ཨ་མཆོད་རེ་བཞག །མཆོད་སྦྱིན་ཅུང་ཟད་རེ་བཏང་བས་སྡིག་པའི་འགོ་ཙམ་ཡང་མི་ནོན། ལས་ཅན་དེ་ཚང་གི་ཨ་མཆོད་བཞག །མཆོད་སྦྱིན་བཏང་ཞེས་སྨོན་རྒྱུ་སྤུ་ཙམ་ཡང་མེད། ཁྱེད་ཚོས་ལྟོས་དང་། མཛོ་མོས་བུ་མཐོང་ཚེ་དགའ་ནས་བུའི་སྟེང་དུ་ལྕེ་བལྡག་བྱས། ད་འདི་ལངས་ནས་མོ་ཡི་ཕྱི་ལ་འགྲོ་དུས་དེ་ནམ་ཞིག་ཡིན་ནམ་སྙམ། ལངས་འགྱེལ་བྱེད་དུས། གཡོག་པོ་ཁ་རོ་ཚོ་སོང་ནས། མ་བུ་གཉིས་
ཀ་ཁ་བྲལ་ནས་ཁྱེར་འོང་ན། མ་ངུར་ནས་བུའི་རྗེས་ལ་འོང་། བུས་མ་ལ་བལྟས་པའི་ཚེ་སྙིང་རྗེ་རྒྱུ་དེ་ན་ཡོད་མོད། གསོད་དུས་མིག་ཚོ་ཁྲ་ཧྲིག་གེ་ལྟ་དུས། སེམས་ཡོད་ཀྱིས་ལག་མི་འགྲོ། ཟུར་ནས་མི་ཆགས། ཕྱིར་སྒོ་ལ་འབུད་དགོས། སེམས་མེད་ཚོས་བསད་བཤས་ནས། ཁྱོད་ཀྱིས་བུ་བསད་པའི་ཤུན་པ་འདི་རེད་ད་ཟོ་ཟེར་བ་ལྟར་བྱས་རྟོལ་བུའི་པགས་པ་མཛོ་མོའི་སྔོན་དུ་འཕངས། མཛོ་མོས་གཏམ་ཞིག་སྨྲ་མ་ཐུབ་པ་མ་གཏོགས། སེམས་ན་ཤུལ་འཆད་རྒྱུ་ཚང་རྗེས་བཟློག་རྒྱུ་ཚང་། བུ་བཞག་ནས་འོ་མའི་ཕྱེད་བཞོས་ན་ཆེད། བསད་ནས་ཤ་ཟོས་པས་མི་ཆོག །ད་དུང་དེའི་སྟེང་དུ་མོའི་འོ་མས་གསོ་དགོས་པ་འདི་ལག་དམར་ལ་ལག་སྣུམ་བྱིན་པ་རེད་སྙམ། ཁོང་ཁྲོ་ལངས་མིག་རྩ་དམར་པོར་སོང་། གསོད་མཁན་གྱི་མི་ལ་རྡུང་སྙིང་འདོད། ཡང་བརྡུང་ན་མོ་ཡང་གསོད་སྙམ་རྡུང་མི་ཕོད། བྱ་ཐབས་གཞན་མ་རྙེད། བུ་ལ་འཕངས་ནས་འདུག་མ་ཐུབ། དོན་མེད་ཀྱི་ཁྱི་རྒན་བསྐོར་དེད་བྱེད། རི་མགོ་ལ་སོང་ན་བུ་དེ་དྲན་ནས་ངུར་རྒྱངས་བྱས་ནས་ཡུལ་དུ་འོང་། དེས་ན་ཁྱེད་ཚོའི་བུད་མེད་
ཅིག་གིས་བུ་བཙས་མ་ཐག་ཏུ་གཞན་བཙན་པོ་ཞིག་གིས་མའི་ལག་ནས་འཕྲོག་སྟེ་བསད་ནས་ཤ་ཟོས། བུའི་པགས་པ་མའི་སྔོན་དུ་འཇོག་རྒྱུ་ཡིན་ན་ཅི་འདྲ་ཞིག་རེད། བསམ་བློ་ཐོངས་དང་། ཕྱི་མར་རང་གི་ཐོག་ཏུ་དེའི་ཐུ་ཞིག་འོང་ངེས། དེ་དུས་ཅི་ཞིག་བྱ། གཡང་སྡེ་བསོད་ནམས་ཅན་མཚོ་སྔོན་པོའི་ཕྱོགས་ཀྱི་སོག་པོ་ཚོས་རྟོལ་བུ་མི་གསོད་པས། ཁྱེད་ཚོས་ཀྱང་དེ་ལྟར་གྱིས། མཛོ་མོའི་རྟོལ་བུ་འདི་ཅིག་མ་གསོད་པར་ཞོག་དང་བཟང་། བཞག་ན་མཛོ་འབྲི་གཡག་བཞིན་དུ། བཞོས་ན་དེ་ཆོག་ཁལ་བཀལ་ཆོག །གལ་ཏེ་མ་སོས་ཤི་སོང་ཡང་རྒྱ་ཆེ་འཐུག་པའི་ཀོ་བ་བླངས་ནས། ལྷམ་བཏབ་སྒྲོ་བ་བཟོས་ན་ཆོག །ཤ་ཡང་ཟ་ཆོག །ཁེ་མ་གཏོགས། ཕམ་ཁ་མེད། དཔྱིད་དུས་ཤི་འགྲོ་བ་དེ། ཆུང་དུས་མའི་འོ་མ་ཁོག་ཏུ་མ་སོང་གསོ་མ་ཤེས་བདག་མ་བྱས་པས་ལན་པ་ཡིན། གསོ་ཤེས་ན་མཛོ་འབྲི་གཡག་ལས་བཟང་བ་ངས་ཀྱང་མཐོང་། ཁྱེད་རྣམས་ལ་ཡང་གོ་མཐོང་ལོས་ཡོད། ཚེ་འདིར་ཕྱུག་པོ་འདོད་ན་ཡང་བཞག་ན་བཟང་། འདི་སྔོན་སྲིད་པ་རྒད་པོ་ཟེར་བ་ཞིག་གིས་གསོད་དགོས་ཞེས་བཤད་པ་དེ་རྫུན་ཁོ་ན་ཡིན། སངས་རྒྱས་
ཀྱི་གསུང་རབ་མདོ་རྒྱུད་གང་ན་མཛོ་མོའི་རྟོལ་བུ་འདི་བཙས་མ་ཐག་ནས་གསོད་དགོས། འཇོག་མི་རུང་ཞེས་གསུངས་པ་ཡོད་མ་མྱོང་། ཕྱིན་ཆད་ཁྱེད་རྣམས་ཀྱིས་མཛོ་མོའི་བུ་འདི་མ་གསོད། ཡང་ཁྱེད་ཚོས་བུ་མོ་ཕར་ལ་རྫོངས་དུས་མནའ་མ་ཚུར་ལ་ལེན་དུས། གཅེས་སྲོག་ལ་བབ་པ་ལྟར་བྱས། ར་ལུག་གཡག་གསུམ་པོ་བསྒྱེལ་ནས་བཤའ་གང་ཐུབ་བྱས། གཞན་ཚོ་ལ་ཤ་ཁོག་རེ་ཁྱེར་ཤོག་དང་སྟོན་མོ་བྱེད་རྒྱུ་ཡིན་ཟེར་ནས། ཤ་ཁོག་བཅུའམ་བཅོ་ལྔ། ལྔ་བཅུའམ། བརྒྱ་ལྷག་ཙམ་མི་མང་ཚོགས་པའི་གྲལ་དུ་དམར་པུང་ངེ་བཞག །ཆང་སྐྱུར་མང་པོ་འཐུང་སྟེ། སྡིག་པའི་ས་བོན་བཏབ་ནས་ཕྱི་མར་དམྱལ་བར་འགྲོ་བ་ལ་བཤད་རྒྱུ་མེད་རུང་། འགའ་རེས་བཤད་པ་ཞིག་རྒྱག་ཟེར། ཆང་ཕོར་བ་གང་རེ་ལག་ཏུ་བཟུང་སྟེ། ཁ་དར་ཞིག་ཕྲག་ཏུ་འཕངས་ཚེ། གཞན་ཐམས་ཅད་ཀྱིས་ད་བཤད་པ་བཤད་རྒྱུ་རེད་ཟེར་མཐའ་ལ་འདུས་ཚེ། འོ་དེ་རིང་ཚོ་ཉི་མ་བཟང་བོ་སྐར་མ་བཟང་པོ་ཟེར་ནས་བཤད་ཚེ། འགའ་རེས་སྐབས་སྐབས་དེ་ཡིན་ཟེར། ཆོས་ཤེས་པ་ཚོས་ཉན་ན་དེ་རིང་ད་བཟང་ས་ཡོད།
ཁྱེད་ཚོའི་བྱ་བ་དེ་ཡིན་སྙམ། ཡང་འགའ་རེ་ཡར་ལངས་ནས་ལུས་པོ་འཁྱོག་འགྲམ་པ་ལག་པས་སྐྱོར། ཨེ་ཡི་ཟེར་ནས་ཁ་ཚོས་འགྱ་འགྱུ་མང་པོ་བྱས་གླུ་ལེན་དུས། ཁོ་ཚོར་བལྟས་ན་རྒོད་རྒྱུ་འོང་། ཚེ་ཕྱི་མར་ངུ་བཞིན་དམྱལ་བའི་སྡུག་བསྔལ་མྱོང་དགོས་པའི་རྒྱུ་སྒྲུབ་པ་མ་བཟང་སྙམ་ནས་མ་ཎི་རེ་མི་འདོན་རུང་། དེའི་སྟེང་དུ་གླུ་ཞིག་ལེན་ཨེ་དགོས་ཁི། ཡང་འགའ་རེས་རྟགས་རེས་བྱས་བར་བར་ཐམས་ཅད་ཧ་བགད་བྱེད། དེ་ལ་རྒོད་རྒྱུ་ཅི་ཡོད། ཚེ་ཕྱི་མའི་སྡུག་བསྔལ་དེ་བསམ་ན་ངུ་རྒྱུ་ཞིག་མི་འོང་རུང་། རྒོད་རྒྱུ་ཞིག་ཡོང་ས་ཨེ་ཡོད་ཁི་ཁྱེད་ཚོས་ཅིག་སོམས་དང་། ཤ་དེ་ཀུན་ས་ནས་ཡར་སྐྱེས་གནམ་ནས་མར་ཐུར་དུ་བབ་བར་ནས་མིས་བཅོས་པ་མིན། དེ་ཐམས་ཅད་ཀྱི་ཁ་བསུམ་བྲང་གཤགས་ཁོག་ཏུ་ལག་པ་བཏང་སྲོག་རྩ་དམར་པོ་བཅད་ནས་ཁྱེར་འོང་བ་ཤ་སྟག་ཡིན། ཁྱེད་ཚོའི་ལུས་ཀྱི་རྐང་ལག་ཐག་པས་བསྡམས་ཁ་བསུམ་སྲོག་རྩ་བཅད། ཤ་ཁྲག་གིས་སྟོན་མོ་བྱེད་པ་ཕར་ཞོག །མཛུབ་མོ་ཞིག་བཅད་ནས་སྟོན་མོ་བྱེད་ཨེ་ཐུབ་སོམས། དེས་ན་རང་ལུས་ལ་དཔེ་ལོངས་ལ་ཁྱེད་ཐམས་ཅད་ཀྱིས་སྟོན་མོ་བྱེད་དུས་སྔོན་
ནས་སྡིག་མེད་ཀྱི་ཤ་འཚོལ། དེ་ལ་གཟས་ནས་བཤས་མ་བཤའ། ཤ་མང་པོ་དགོས་དོན་མེད། མང་པོ་ཟོས་ན་གྲང་དྲོ་མ་སྙོམས་པར་དྲོས་འཁྱགས་བྱས། ཕོ་བར་བསྡད་ནས་འཆི་རྒྱུ་ཡིན་མོད། ཡང་ན་དམར་ངན་སྣ་གསུམ་གདོན། ཤ་དུག་གིས་ཤི་ཟེར་བ་མང་། ཤ་ལ་བཟང་ཅི་ཡང་མེད། ཇ་ཆང་ཞོ་ཐུད་གོ་རེ་གྲོ་མ་སོགས་སྡིག་མེད་ཀྱི་ཟས་ཞིམ་པོ་མང་པོས་སྟོན་མོ་བྱས། བཤད་པ་བརྒྱབས་གླུ་བླངས་གར་བྱས་ན་འཇིག་རྟེན་སྐྱིད་ཀྱི་མཆོག །ཆོས་དང་ཡང་མཐུན་པས། ཕྱིན་ཆད་སྟོན་མོའི་དུས་སུ་སྲོག་གཅོད་འདི་གཏན་ནས་མ་བྱེད། ཡང་ཁྱེད་ཚོས་བླ་མ་འགའ་རེ་ཕེབས་ཚེ། ཇ་ཞུས་བྱེད་རྒྱུ་ཡིན་ཟེར་ར་ལུག་དཀྱིལ་ནས་ཀ་ཟུངས་ཞེས་བཤད་དུས། འགའ་རེ་ནང་དུ་རྒྱུག་རའམ་ལུག་དེའི་རྐང་བ་ནས་བཟུང་ཚེ་ས་ལ་འགྱེལ་འཕག་ཤད་བྱེད་ཚུར་ཁྲིད་འོང་དུས་ཤེད་ཀྱིས་འབའ། སྒོའམ་ཁྱིམ་གང་རུང་ནས་མགོ་ཐུར་དུ་བསྟན་ནས་བསྒྱེལ། སུག་བཞི་ཐག་ནག་གིས་བསྡམས་ཚེ། མཁུན་བུ་བགྲང་། སྐེ་གུག་ཁ་སྣ་ཐུམ་དུས་ར་ལུག་གང་ཡིན་དེས་རྔ་མ་རིལ་ལི་ལི་གཡུག །གསོད་མཁན་གྱིས་མ་ཎི་
ཤུབ་ཤུབ་ཤུབ་འདོན། སྐབས་ཤིག་རིལ་མ་ཚོ་ཐར་ཐར་བྱས། ཕྱི་དབུགས་ཆད་དུས་མི་ནག་འགའ་རེས་གྲི་ཆུང་བརྡར་ནས་ཤིའམ་མ་ཤི་ཟེར། གྲི་རྣོན་པོས་བྲང་གཤགས། ལག་པ་གཡས་པ་ཁོག་ཏུ་བཏང་། སྲོག་རྩ་དམར་པོར་བརྙབ་ནས་འཐེན་དུས་སྔར་བས་ལྷག་པའི་སྡུག་བསྔལ་ཆེ། ནང་དབུགས་ཆད་ནས་འཆི་བར་འགྱུར་བས། དེས་ན་ཡོན་བདག་ཕོ་མོ་དྲིན་ཅན་ཁྱེད་ཚོའི་ཆོས་འདི་སུ་ཡི་ལུགས་ཡིན། འདི་འདྲ་བྱེད་དགོས་སུ་ཡིས་གསུངས། ཕན་ཡོན་ཅི་ཡོད་ཅིག་ཤོད་དང་། བླ་མ་འདི་ཡིས་གསུངས་སོ་ཞེས་བཤད་རྒྱུ་མེད་སྙམ། ཁྱེད་ཚོས་རང་གི་ཁ་སྣ་བསུམ་ལ་ཅུང་ཟད་ཅིག་སྡོད་དང་། ངེད་རང་ཚོས་སྡོད་མི་ཐུབ་པའི་དུས་བཏང་བ་ཡིན། གཏོང་རྒྱུ་མིན་ན་སྡུག་བསྔལ་དེ་བཟོད་དཀའ་བས། དེས་ན་རང་ལུས་ལ་དཔེ་ལོངས་ལ་བསམ་བློ་ཞིག་ཐོངས་དང་། བླ་མ་ཇ་ཞུས་བྱས་པ་དེ་ཆོས་སུ་སོང་མ་སོང་། ཁྱེད་ཚོས་ལྟོས་དང་། བླ་མ་དེ་ལ་ཤ་དྲངས་ན་ཆེན་པོ་མི་བཞེས། གྲྭ་བ་དང་ནང་ཟན་ཚོས་ཟ་བས། བླ་མ་ལ་ཤ་དྲངས་པ་དེ་དོན་གྱིས་གྲྭ་བ་གཉའ་ཐུང་ནང་ཟན་སྨུག་རིས་ཚོར་མཆོད་པས་དེ་ཆོས་ཤིག་ཡིན་མིན་གྱི་
ཧ་དེ་གོ་ཡོང་། བླ་མ་མཆོད་ན་གྲོ་མ་ཞུན་ཐུད་སོགས་ཕུལ། འབུལ་བ་ཆེན་པོ་ཕུལ་དང་བཟང་། དེ་ལ་མི་དགྱེས་པའི་བླ་མ་མེད་སྙམ། ཡོད་ན་བླ་མ་དེའི་ཁ་ལ་ཐལ་བ་ཡང་རྒྱག་མི་དགོས། ཡང་ཁྱེད་ཚོའི་ཁྱིམ་གྱི་མི་ཞིག་ལ་ན་ཚ་བྱུང་ན། གཅོད་སྔགས་བླ་རྒན་བན་དེ་མང་པོ་བསྡུས་ཏེ། ར་ལུག་གཡག་གསུམ་མང་པོ་བཤས་ནས་སྒོ་ཁྱིམ་ཤ་ཁྲག་དང་རྩོ་ཡིས་འགེངས་པ་འདི་ངན། སྔོན་ལས་ཀྱི་དབང་གིས་ནད་མི་སོས་ན་སྲོག་ཚབ་ཏུ་སྲོག་འགྲོ་ཚུལ་མེད་དེ། ང་སྔོན་ཕ་ཡུལ་ན་ཡོད་དུས་ཕྱུག་པོ་གཅིག་གི་བུ་ན་ནས། བན་སྔགས་མང་པོ་བོས་ཚེ་ང་ཡང་སོང་། ཀུན་གྱིས་སྐུ་རིམ་བཏོན་དུས་གཡག་རྒན་ཞིག་ཁྲིད་འོངས་ནས་བསད་པས། དེའི་འཕྲོ་ལ་གཅེས་ཕྲུག་དེ་ཡང་ཤི་ནས་རོ་ཐོག་རོ་བཞག་བྱས་སོང་། དེས་ན་ཁྱེད་ཚོས་ནད་པ་ལ་རིམ་གྲོ་མ་བྱེད་ཅེས་བཤད་པ་མིན། སྲོག་གཅོད་ཀྱི་ལས་འདི་མ་བྱེད་པར་ཚེ་ཐར་མཆོད་སྦྱིན་སོགས་འདི་ཕྱི་གཉིས་ཀ་ལ་ཕན་པའི་སྐུ་རིམ་གྱིས་དང་བཟང་། ཡང་ཁྱེད་ཚོས། མི་མེད་ལུང་སྟོང་ན། ཉེས་མེད་རི་དྭགས་ཀྱིས། བདག་མེད་ཀྱི་རྩྭ་ཆུ་འཐུང་པ་ལ།
འཆོར་མེད་ཀྱི་མེ་མདའ་སོགས་ཀྱིས་བརྒྱབས་ནས་མ་གསོད། ཁྱེད་ཚོའི་ལུས་ལ་མེ་མདའ་རྒྱག་མི་དགོས། གོན་པ་བཟོ་དུས་མཛུ་གུ་ཁབ་ཀྱིས་ཕུག་ན་ཅི་འདྲ་ཞིག་རེད་ལྟོས་དང་། རི་དྭགས་དེ་ཚོར་སྙིང་རེ་མི་རྗེ་རུང་རང་ཚེ་ཕྱི་མར་སོང་ན་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་པ་ལ་ཅིག་སྐྲག་དགོས། སྔོན་ཉག་ཕྲུག་དམྱལ་བར་སོང་དུས། མི་གཅིག་ལ་འབྲོང་སོགས་རི་དྭགས་མང་པོ་འོངས་ནས་བརྡུངས་རྐང་ལག་གིས་བརྒྱབས། གཅན་གཟན་མང་པོས་ཤ་ཁྲག་འཐུང་བ་ཞིག་མཐོང་ནས། འཕགས་པ་སྤྱན་རས་གཟིགས་ལ་དྲིས་ཚེ། སྐྱེ་བ་སྔོན་མར་རི་དྭགས་བསད་པའི་རྣམ་སྨིན་རེད་གསུངས། རི་དྭགས་གསོད་མཁན་ཕལ་ཆེར་ཕྱི་མར་སོང་ན་ལྕགས་ཀྱི་ཤལ་མ་ལིའི་སྡོང་པོར་འབབ་འཛེག་བྱེད་དགོས། ཅི་ལྟར་བྱེད་ཟེར་ན། དམྱལ་བའི་ཐང་ཆེན་པོ་ནས་སྟག་དྲེད་སྤྱང་ཀི་ཁྱི་སོགས་ཀྱིས་དེད་ཚེ། དེ་ལ་སྐྲག་ནས་བྲོས་པས་ཡིབ་ས་མ་རྙེད། ཐང་ན་ལྕགས་ཀྱི་སྡོང་པོ་སྐྱེས་ཡོད་པའི་སྟེང་དུ་ཡར་སོང་ཚེ། གཅན་གཟན་འགའ་རེས་ཕྱི་ཆོད་ནས་ཡར་འགྲོ་བའི་འཕོང་ནས་ཤ་ཁམ་གང་བཅད་ཚེ། སྲོག་འཕང་གི་ཡར་སོང་ཚེ།
སྡོང་པོ་དེའི་ཡལ་ག་མདུང་ལྟར་རྣོ་བས་ལུས་ཕུག །ལོ་མ་སྤུ་གྲི་ལྟར་རྣོ་བས་ཤ་བཅད་ཚེ། ཐང་དུ་ཤ་དུམ་བུ་ཁྲག་ཐིག་པ་བྱས་ལྷུང་བ་གཅན་གཟན་རྣམས་ཀྱིས་ཟོས་འཐུང་ནས་ཡར་བལྟ། རྩེ་མོར་བསྡད་ཚེ་ལྕགས་ཀྱི་བྱ་ཁྲ་མིག་དམར་ལྕགས་མཆུ་ཅན་མང་པོ་འོང་ནས་མགོ་ལ་བབས་ཏེ་ཐོད་པ་བརྟོལ་ནས་ཀླད་ཁྲག་འཐུང་། འགའ་རེ་ཕྲག་གོང་དུ་བབས་ནས་མིག་འབྲས་འབྲུ་ཁ་སྣ་གཅོད། རྩེ་མོར་སྡོད་དུས་བྱ་ཁྲས་མི་བཅུག་མར་འབབ་དུ་གཅན་གཟན་གྱིས་མ་བཅུག །ལུས་འགུལ་ན་ལྕགས་ཀྱི་ཡལ་གས་ལུས་ཕུག་ལོ་མས་ཤ་བཅད། ལས་ཀྱི་དབང་གིས་འཆི་རྒྱུ་མེད་པར་བཟོད་གླགས་མེད་པའི་སྡུག་བསྔལ་ཡུན་རིང་མྱོང་། དེང་སང་སྡུག་བསྔལ་འདི་མི་ཤེས་པར་འགའ་རེས་ཁྱི་ཁྲིད་མེ་མདའ་ཁུར་ཉིན་གཅིག་ཡུལ་ནས་འདུག་མི་ཐུབ་པར་ནམ་ལངས་རེ་བྱེད་པ་འདི་རྣམས་སྙིང་རེ་རྗེ། བླ་མ་ཚོས་རི་དྭགས་པ་འགའ་རེར་རི་དྭགས་མ་གསོད་ཅེས་བཤད་ན། འགའ་རེས་ལགས་བཟའ་བ་ཁ་མང་རྒྱབ་མང་གི་སོང་ནས། ཁ་མ་སོས་རྒྱབ་མ་ཁེབ་པར་སྡིག་པ་བསགས་པ་ཡིན། ཚེ་ཕྱི་མའི་སྡུག་བསྔལ་དེ་མ་
ཤེས་པ་མིན། སྡུག་ཐུག་ན་མི་གསོད་པའི་ཐབས་མི་འདུག །ངེད་ཚོའི་ལས་འདི་ཤིན་ཏུ་ངན་པས། ཐུགས་དམ་སྐྱབས་འོག་ནས་ཅིག་མ་འདོར་མ་གཏོགས། ཁྱེད་རྣམས་བཞིན་ཡོན་ཏན་ནི་མེད་པས། འདི་མི་བྱེད་པར་བསྡད་གཏོང་དཀའ་ལགས། ཟེར་བ་དེ་སྡིག་པའི་ཁ་འགེངས་ཚེ་ཕྱི་མར་ཁ་ཐུར་དུ་སོང་ནས་ཡར་ལ་མི་འཁོར་བའི་སྔ་ལྟས་པོ་སླེབ་པ་ཡིན། རི་དྭགས་མ་བསད་པར་ཁ་མི་སོས་ན་རྒྱ་བོད་སོག་གསུམ་པོ་གནའ་ཞིག་ནས་འཐོར་ཚར། རི་དྭགས་མེད་པའི་ཡུལ་ཕྱོགས་ཐམས་ཅད་མུ་གེས་ཤི་ནས་ད་ཡོད་རྒྱུ་མ་རེད། ཐབས་མེད་ཀྱིས་སེམས་ཅན་གྱི་སྲོག་བཅད་ནས་ཟ་དགོས་ཟེར་བ་དེ་གླེན་གཏམ་བཤད་པ་ཡིན། མི་དེ་ལས་བླུན་པོ་ཞིག་གཞན་ན་མེད། ཁེ་ཚོང་ཞིང་ལས་འཚོ་སྐྱོང་བཟོ་བཙེམ་སོགས་གཞན་མ་ཚོའི་ཁ་གསོ་ཚུལ་རྒྱབ་འགེབ་ཚུལ་ལྟར་བྱས་ནས། ཁ་མི་སོས་རྒྱབ་མ་ཁེབ་ན་འཆི་ཚད་ལ་སླེབ་པ་རེད། རི་དྭགས་མ་བསད་ན་མི་འཆི་བའི་ཁག་ངས་ཐེག །ཡང་དཔོན་པོ་རྒན་པ་འགའ་རེས། གཞན་སྡེ་བ་ཚོ་བ་ཁྱིམ་ཚང་རེ་གཉིས་མ་འགྲིག་པའི་བར་ལ་གཟུ་བྱེད་ཟེར་ནས་སོང་། སྙོམ་ཆུང་གི་གཉའ་བ་མནན།
བཙན་པོའི་གཟེངས་བསྟོད། བདེན་པ་རྫུན་དུ་བཏང་། རྫུན་པ་བདེན་པར་བསྒྱུར། སྙོམ་ཆུང་ཕམ་དུ་བཅུག །གཟུ་བ་རྣམས་ཀྱི་སྲོག་ལ་བབས་པ་ལྟར་བྱས་ར་ལུག་མང་པོ་གསོད་པ་འདི་མི་རུང་། ཡང་ཁྱེད་ཚོས་ཕ་མ་རྒན་རྒོན་རེ་ཤི་ཚེ། བླ་མའི་འཚོ་བ་ཡིན་ཟེར་ར་ལུག་ཚོན་པོ་བཤས་ནས་ཤ་དྲངས། ཁོང་རྣམ་པའི་ཆབ་གུང་ཚིགས་ཚོ་ཟེར། ར་ལུག་གཡག་གསུམ་གྱི་ཤ་འདྲེན་པ་འདི་ཤི་བོ་ཚོ་ལ་ཕན་བཏགས་པ་མིན་གནོད་བསྐྱལ་བ་ཡིན། བཀའ་གདམས་བླ་མ་འགའ་རེས། ཕ་མ་ལ་དགེ་རྩ་བྱེད་དུས་སྲོག་གཅོད་བྱས་ན་དཔེར་ན། སྟོབས་མེད་ཆུས་ཁྱེར་བ་བཟུང་ནས། སྐེ་ལ་རྡོ་ཞིག་བཏགས་ཏེ་སླར་ཆུ་ནང་དུ་འཕངས་པ་དང་འདྲ་གསུངས། དེས་ན་འཚོ་བའམ་ཆབ་ཚོ་ཟེར་མིང་སྙན་པ་ཞིག་བཏགས་ཀྱང་མི་ཡག་རྒྱུ་དེ་རྗེས་ན་ཡོད། སྲོག་ཆོད་ལ་ཆོས་གྱིས་ཞེས་སངས་རྒྱས་ཀྱི་གསུངས་ན་མེད། ཕ་མ་ལ་དགེ་རྩ་བྱེད་ན་ར་ལུག་ཤན་པས་གསོད་པ་བླུས། རང་གི་ར་ལུག་གི་ནང་ནས་ཚེ་ཐར་ཐོངས་དང་བཟང་། ཡང་གཅོད་པ་དང་སྔགས་པ་འགའ་རེ་གྲོང་ཆོག་ཏུ་སོང་ན། ཨ་ཁུ་གཅོད་པའམ་སྔགས་
པ་ད་འོང་གི་ཟེར། བཏགས་པའི་ར་ལུག་མ་རྒན་གང་ཡིན་ཡང་ས་ལ་བསྒྱེལ་ནས་ལྟོ་བ་ཕྲལ་པགས་པ་བཤུས་དུས། གཅོད་སྔགས་སྙིང་ཁམས་ཅན་རྣམས་ཁྱིམ་ཚང་དེའི་ཡར་གྱི་ཕུག་ནས་བསྡད་ཚེ་ཡོན་བདག་འགའ་རེས། དོན་སྙིང་ཚོ་དམར་ཙ་རེ་ཁྱེར་འོངས་ནས་འདིས་ཅི་བྱེད་རྒྱུ་ཡིན། ཨ་ཁུ་གཅོད་པས་འདི་ལོངས་ཟེར་དུས་ངོ་ཚ་རྒྱུ་མེད་པར་ག་རེ་འདིར་བྱིན་ཟེར་གཏོར་སྒམ་ནང་དུ་འཕངས་ནས། ཉི་མ་ལྔའམ་བདུན་གྱི་བར་དུ་ཡི་དམ་གྱི་ལྷ་བཟང་བོ་མནོལ་དུ་བཅུག །ཡང་ཤ་དང་ཁྲག་སྣ་འདི་འདྲ་དགོས་ཟེར་སྐད་གསེང་མཐོན་པོས་བོས་ད་ཁྱེར་ཤོག་ཟེར། འབར་བའི་བསྲེག་ཤ་ཟེར་བ་ཤ་མ་དྲངས་པའི་སྔོན་དུ་ཤ་ཞིག་འཚོད་དམ་བསྲེགས་ནས་ཟོས། དེ་ནས་མ་རྒན་གྱི་པགས་པ་བརྒྱངས། རྔ་རུལ་ནག་ལྷབ་དུད་དྲེག་མ་དེ་རྐུན་མ་བཞིན་དུ་གནམ་ལ་བཏགས། ཁྱོད་ལ་རྐུན་རོགས་མི་དུ་ཡོད། མི་བཤད་ན་གསོད་རྒྱུ་ཡིན་ཟེར་བ་ལྟར་བྱས། དབྱུག་པས་ཤེད་ཀྱིས་བརྡུངས། ཧཱུཾ་ཕཊ་ཚོ་ཟེར། ཐང་གི་མི་སྐྲག་ཏུ་འཇུག །མར་གྱི་འདྲེ་ཐུལ་ཡོད་མེད་ཅི་ཤེས། སྟོན་ཁའི་ར་ལུག་མང་པོ་གསོད་ངེས་པ་ཡིན་པས་འདི་འདྲ་གཏན་
ནས་མི་རུང་སྟེ། སྔོན་ལྷོ་ཁའི་ཕྱོགས་ཀྱི་ཤི་ལོག་ཅིག་དམྱལ་བར་སོང་དུས། ཟངས་ཀྱི་གཞོང་བ་དཔག་ཚད་ལྔ་བརྒྱ་ཙམ་ཞིག་གི་འོག་ཏུ་རྡོ་སོལ་རི་རབ་ཙམ་སྤུངས་ནས། གཤིན་རྗེའི་ཕོ་ཉ་མང་པོས་ཕྱོགས་ཕྱོགས་ནས་སྦུད་པ་དྲག་ཏུ་བརྒྱབ་སྟེ་ཟངས་དམར་པོར་འགྲོ་རུ་བཅུག །མཚོན་ཆ་རྣོན་པོ་ཐོགས་པའི་གཤིན་རྗེ་འགའ་རེས། གློ་ལ་ལིང་སྒམ་དང་རྐང་དུང་བཏགས་པའི་སྔགས་པ་རལ་ཟེད་ལ། མགོ་ལ་དོམ་པགས་གྱོན་པའི་གཅོད་པ་མགོ་རིལ་མང་པོ་བཟུང་ནས། གསོན་པོར་པགས་པ་བཤུས་ཕུར་བས་བརྒྱངས། གདན་དུ་བཏིང་ལུས་ལ་གྱོན་ཟངས་གཞོང་དུ་གཅོད་སྔགས་མང་པོ་བཞག་ནས་བསྲེག་ཚེ། ཨ་ཚ་དང་ཨ་ནའི་སྒྲ་དང་གསུར་དྲིས་ལུང་བ་གང་། སྐབས་ཤིག་ཡོས་བརྔོས་པ་ལྟར་ཕོ་བ་གས་ཀྱིན་འགྲོ་བ་ཞིག་མཐོང་ནས། ཨ་རྫི་འདི་ཅི་ཡི་རྣམ་སྨིན་ངན་པ་ཞིག་ཡིན་ནམ་སྙམ་ནས། སྤུ་གྲི་ཐོགས་པའི་གཤིན་རྗེ་ཞིག་ལ་དྲིས་ཚེ། འདི་བོད་གངས་ཅན་གྱི་གཅོད་སྔགས་འགའ་རེས་མར་གྱི་ར་ལུག་བསད་ནས། ཤ་ཁྲག་གིས་ཡར་གྱི་ལྷ་བཟང་བོ་མནོལ་དུ་བཅུག །དམར་ཆོག་རྐྱང་བ་
བྱས་ནས། གཡང་གཞི་བླངས་པའི་རྣམ་སྨིན་ཡིན། ཁྱོད་བོད་ཡུལ་དུ་འགྲོ་ན། གཅོད་སྔགས་མགོ་མདུང་དེ་ཚོ་ལ། ཁྱེད་ཚོ་ཡར་མར་ལ་མདོང་ངེ་མདོང་ངེ་རྒྱུག་ལ་རེམ་རེམ་ལ་ཤོག་དང་། ངེད་ཚོས་ཀྱང་སྔོན་ན་ངེས་ངེས་ཁྲིག་ཁྲིག་བྱས་བསྡད་ཡོད་ཅེས་ཤོད་དང་ཟེར་སྐད། འོ་སངས་རྒྱས་ཀྱི་ཞལ་ནས། ཅི་འདྲ་བ་ཡི་ལས་བྱས་པ། །འབྲས་བུ་དེ་འདྲ་སྨིན་པར་འགྱུར། །གསུངས་པ་དང་མཐུན་པས། ངས་བསམ་ན་འདི་ཤིན་ཏུ་བདེན་པར་འདུག་སྙམ། ཁྱེད་དད་ཅན་གཅོད་སྔགས་རྣམས་ཀྱིས་གྲོང་ཆོག་མ་བྱེད་བྱས་པ་མིན། གྲོང་ཆོག་བྱེད་དུས་གཡང་གཞི་གཏན་ནས་མ་ལེན་པར་གཞན་རང་གི་གྲྭ་སློབ་གྲོགས་མཆེད་རྣམས་ལ་ལེན་དུ་མ་འཇུག་དང་བཟང་། ཡང་ཁྱེད་ཚོའི་འགའ་རེས་ཕ་མ་དང་། ཨ་ཁུ་ལ་རླུང་འདྲ་ལངས་ཨེ་འཇོག །རླུང་བཅོས་ལ་ཤ་ཞིག་དགོས་ཟེར། ར་ལུག་གང་གི་གང་ཚོ་བཤའ་བ་དེ། རྒན་རྒོན་ལོ་ལོན་ཚོ་ཚུར་དང་ཕར་གཉིས་ཀྱི་ཕར་ལ་ཐག་ཉེ་དུས་དེ་མི་རུང་། ཕྱི་མར་སོང་ན་གཤིན་རྗེ་ཕོ་ཉ་རྣམས་ཀྱིས་ཨ་ཁུ་ཁྱོད་རླུང་གིས་ཤི་ནས་འོང་བ་ཡིན་ནམ་ཟེར། ཁ་ནང་དུ་ཤ་བཅད་ནས་བཞག་རླུང་ཨེ་ལྡང་གི་
ལྡང་ན་ད་དུང་རླུང་བཅོས་བྱེད་ཟེར། ཇ་མར་ཞོ་ཐུད་ཕྱེ་རྩམ་ཟ་རྒྱུ་ཡོད་ཕྱིན་ཆད་རླུང་གིས་མི་འཆི་བའི་ཁག་ངས་འཁུར། རོང་བ་འགའ་རེས་ལོ་མང་པོར་ཤ་ཁ་ལ་མ་རེག་པ་མང་། རླུང་གིས་འཆི་རྒྱུ་ཡིན་ན་དེ་ཚོ་འཆི་དགོས་ཀྱང་ཤི་རབས་མེད། ཁྱེད་ཚོས་རྒན་རྒོན་ཚོ་ལ་ཁག་བཞག་ནས་ར་ལུག་མ་གསོད། རྒན་རྒོན་ཚོས་གསོད་རྒྱུ་ཞིག་ཡོད་པ་བུ་ཚ་བོས་བསད་ནས་སྟེར་བར་འདུག་སྙམ་ནས་བཤའ་རུ་མ་འཇུག །ཚེ་ཕྱི་མར་གནོད་པས་མི་ཚད་ཚེ་འདིར་ཡང་རྒན་རྒོན་ལ་ཤ་མ་འཕྲོད་པར་ཤི་བ་མང་། སྔོན་ཨ་རིག་གི་རྒད་པོ་ཞིག་ན་བ་ལ་སྨན་པ་ཞིག་གིས་རླུང་རེད་རླུང་བཅོས་གྱིས་ཞེས་བཤད་པས། བུ་ཡིས་གཞན་ཞིག་གི་ལག་ནས་ལུག་གཅིག་ཉོས་ཏེ་ཚུར་ཁྲིད་འོངས་ནས་བསད། ལོང་གཡོས་རྒན་མོས་ཁྱེར་ནས་རྒད་པོའི་ཁར་བཞག་ཚེ། རྒད་པོས་ཡར་ཧུབ་ཟེར་འགའ་འཇིབ་ནས་མིག་གྱེན་དུ་བཟློག་མར་ཧུས་ཟེར་ལོང་གཡོས་ཁ་ནང་དུ་བཟུང་ནས་ཤི་སོང་ཚེ། རྒན་མོས་ཨོ་ཧོ་ཧོ་ཟེར་ངུས། དེ་ན་གཅོད་པ་ཞིག་ཡོད་པ་དེས་མཐོང་ནས་འཁོར་བའི་བྱ་བ་འདི་ཅི་ཞིག་རེད། བུ་ཡིས་ལུག་བསད་ལུག་གི་
གཡོས་ཀྱིས་རྒད་པོ་བསད། རྒན་མོ་ངུས་བྱ་བ་དེ་བཙོག་ཨང་སྙམ་རྒོད་རྒྱུ་བྱུང་ཟེར། ཡང་ཁྱེད་ཚོས་ཁྱི་རྒན་མཚེར་ནས་འཇོག་པ་འདི་མི་རུང་། ཚེ་སྟོད་ཁྱི་ཡིས་མི་རྐུན་མི་དགོས་ཁྱི་རྐུན་ཞིག་ཀྱང་འོང་དུ་མ་བཅུག་པའི་དྲིན་ཅན་དེ། རྒས་དུས་མཚེར་ནས་བཞག་ན་དེ་བས་ཁྲེལ་མེད་ན་རག་གི་ཁྱིམ་ཚང་ཞིག་གཞན་ན་མེད། ཁྱི་རྒན་མཚེར་ནས་བཞག་ན། ཡར་རྒྱུག་མར་རྒྱུག །ཤུལ་ཆད་རྒྱུ་ཚང་། རྗེས་བཟློག་རྒྱུ་ཚང་། གང་དུ་སོང་བ་ཡིན་ནམ་ཟེར་བ་ལྟར་བྱས་ངུ་ཟུག་བྱེད། ད་ཁ་ཐུར་དུ་འགྲོ་རྒྱུ་ཚང་ལ་ཁ་གདངས་ལག་པ་བཟེད་ནས་འཆི་དགོས་ཟེར་བ་ལྟར་བྱས། མགོ་ཐུར་དུ་བསྟན་སོ་གཙིགས་སྡེར་མོ་བསྒྲད་ནས་འཆི། ཕྱི་ནས་མཚེར་ཚོ་ལ་སོང་ན་རུ་བཀལ་བ་ཞིག་དང་མི་འདྲ་དམག་ཞིག་གིས་བརྒྱབ་ནས། ཁྱི་ཡན་ཆད་བསད་སོང་བ་ཞིག་དང་འདྲ། ཡང་ཁྱེད་ཚོའི་བུད་མེད་བདུད་མོ་འགའ་རེས། ཁྱི་ལ་ལྟོ་མི་ལྡུད་པར་མུ་གེས་འཆི་རུ་འཇུག་པ་འདི་མི་རུང་། ཚེ་འདིར་ཡང་ཁྱི་ལྟོག་པ་ཡུལ་ནས་མི་འདུག་པར་ཕྱོགས་ཕྱོགས་སུ་ལྡོམ་འགྲོ། ཡུལ་དུ་བསྡད་ཀྱང་གར་ཡིན་སའི་ཉལ་ནས་བསྡད། མི་རྐུན་མི་དགོས་ཁྱི་
རྐུན་ཞིག་ཀྱང་མི་ཁོག །ཁྱི་མུ་གེས་འཆི་རུ་བཅུག་ན་ཚེ་ཕྱི་མར་རྣམ་སྨིན་ཤིན་ཏུ་ཆེ། སྔོན་ཉག་ཕྲུག་དམྱལ་བར་སོང་དུས་ཉག་ཁ་དམར་པོ་ཞིག་གི་ཕར་ལྟག་ན། ཚེར་ཕུང་དམར་པོ་ཞིག་གི་རྩ་བ་ན། ཁྱི་མོ་དམར་མོ་ཞིག་ལྕགས་ཐག་གིས་བཏགས་པ་ཞིག་གི་ཁ་ནང་ན་མེ་དམར་པོ་ཞིག་འབར་ནས་བསྲེག་པ་མཐོང་ཚེ་འཕགས་པ་ལ་དྲིས་པས། དེ་འཇིག་རྟེན་ཁམས་ན་ཡོད་དུས་རྒྱལ་པོ་ཞིག་གི་གཡོག་མོས་ཁྱི་མོ་ཞིག་ལ་ལྟོ་མ་བྱིན་པའི་རྣམ་སྨིན་རེད་གསུངས། ཡང་ལྷག་པར་བླ་མ་དང་ཕ་མ་གསོད་པ་དང་བརྡུང་བ་ཕར་ཞོག་མགོ་ལ་ཡང་འགོམ་མི་རུང་། སྔོན་མཛའ་བོའི་བུ་མོ་རྒྱ་མཚོར་འགྲོ་དུས་ཨ་མའི་མགོ་རྐང་བས་འཕུལ་ནས་སོང་བའི་རྣམ་སྨིན་གྱིས། ཕྱིས་མགོ་ལ་འཁོར་ལོ་མེ་འབར་བ་ཞིག་ཟུག་དྲག་ཏུ་འཁོར་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱངས་གསུངས། མ་ལ་མིག་སྡང་གིས་བལྟས་ཚིག་ངན་ཙམ་ཡང་སྨྲ་མི་རུང་། ཕྱི་མར་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་མི་དེའི་མིག་ཕྱུང་། ལྕེ་མ་མཆུའི་འོག་ནས་བླངས། སྟེང་དུ་ལྕགས་ཕུར་འདོམ་པ་གང་རྡེབ་གསུངས། ཡང་སྡེ་བ་ཕན་ཚུན་ཐུག་
ནས་མི་སྲོག་རྟ་སྐེ་མང་པོ་ལེན་པ་འདི་ཤིན་ཏུ་ངན། བསོད་ཟད་འགའ་རེས་རྒྱུ་ནོམ་པ་བུ་ཚ་བོ་འགའ་ཡོད་ཚེ་ཁྱི་ངན་ཟུག་ཟུག་བྱས་གྱོད་ཕར་བཙལ། ཅུང་ཟད་ཅིག་ལ་ཞེ་སྡང་ལངས། ངན་པ་དེ་བས་ངེད་ཚང་ལ་མི་འོས་པ་འདི་འདྲ་བྱས། བུ་ཡི་མི་ཚད་བུ་མོ་མ་ལུས་ཀྱང་། བུ་ལ་སྙིང་ཡོད་སྙིང་ལ་རུས་པ་ཡོད་ན་ཁྱི་འདྲ་བ་དེ་པའི་མི་གསོད་དགོས་རྟ་དེད་ཡོང་དགོས། ངེད་ཚང་ཨ་ཕ་ཨ་མྱེའི་རིང་ནས་བཙན་པོ་ཞིག་ཡིན་ན་མ་གཏོགས་སྙོམ་ཆུང་ཞིག་མིན་ཟེར་རྒད་པོ་ཕུང་རྒན་འཆི་མེད་ཚོས་སྡེ་བ་ཚོ་བ་བསྡུས་ནས་ཁས་ཕུང་། གསར་བུ་ཐམས་ཅད་སོང་ནས་ལག་གིས་ཕར་ཕུང་། ཕར་གྱི་མི་ཐམས་ཅད་ཀྱིས་ཚུར་ཕུང་། ཕུང་གསུམ་ཕུང་རྫོགས་ཚེ། གཟུ་བ་འོངས་ནས། མི་བསད་སྟོང་ཡིན་ཟེར་ནས་ཕྱི་ནང་ཐམས་ཅད་སྟོང་བར་ཕུད། གསོན་པོའི་ཁ་སྟོང་བར་བཏང་། ཤི་བོ་ཕྱི་མར་ལག་སྟོང་དུ་འགྲོ། མི་ཟད་རྒྱུ་ཟད་གཉིས་ཀ་བྱེད་པས་འདི་གཏན་ནས་བྱེད་མི་རུང་། ཁ་མགོ་བྱེད་མཁན་མི་གསོད་དམག་མི་ཐམས་ཅད་ཤི་ན་དམྱལ་བ་མ་གཏོགས་གཞན་དུ་འགྲོ་ས་མེད། སོང་ན་བསྐལ་བ་མང་པོར་ཁ་ཡར་ལ་འཁོར་བའི་དུས་མི་
འབྱུང་། ཡང་བླ་མ་དཔོན་པོ་འགའ་རེས་རང་གི་ཡོང་སྒོ་ལ་གནོད་ཀྱིས་དོགས་ནས། ཕྲག་དོག་གི་དབང་གིས་གཞན་ལ་དུག་འདྲེན་པ་དང་། གཅོད་སྔགས་འགའ་རེས་ཤ་ལྷུ་ཆེ་ཆུང་གྲལ་གྱི་མགོ་མཇུག་ཡན་ཆད་བརྩད་ནས། མཐུ་གཏང་ངན་ལས་བྱེད་པ་དང་། ཁེ་ཚོང་དམག་ལས་ཇག་རྐུན་ལམ་དུ་འགྲོ་བའི་ཕྱིར་ར་ལུག་གིས་གཞི་བདག་མཆོད་པ་དང་། ནད་པ་སོགས་ཀྱི་དོན་དུ་ཡུལ་ལྷ་གཞི་བདག་མཆོད་ཟེར་ར་ལུག་གི་སྐེ་ལེན་པའམ། ཡང་ན་གསོན་པོར་ཁོག་གི་སྙིང་དམར་ཙ་རེ་བླངས་ལག་ན་འགུལ་བཞིན་བསངས་ཀྱི་ནང་དུ་བཞག་ནས་དམར་བསངས་གཏོང་བ་དང་། ཤ་ཁྲག་གིས་མཆོད་པ་དང་། ལོ་ཡི་ཆེད་དུ་ར་ལུག་ཆེ་ཆུང་གང་ཡིན་ཡང་བསད་ནས་ལྷ་མཆོད་པ་དང་། ཡང་འགའ་རེས་མགྲོན་པོ་འབོད་རྒྱུ་ཡིན་ཟེར་ནས། ར་ལུག་ཚོན་པོ་བཤའ་བ་དང་། སྐུ་གསུང་ཐུགས་རྟེན་བཞེངས་དུས་ར་ལུག་གསོད་པ་དང་། དགོན་གསར་པ་འདེབས་དུས་ས་རྡོ་ཤིང་ལེན་ལྷ་བཟོ་ཤིང་བཟོ་སོགས་ལ་ར་ལུག་གཡག་གསུམ་བསད་ནས་སྟེར་བ་དང་། རྒྱལ་བློན་བླ་མ་དགེ་བསྐོས་རྣམས་ཀྱིས་ཉེས་པ་ཅུང་
ཟད་རེ་བྱས་པ་ལ་ཆད་པ་ཆེན་པོ་བཅད་ནས་གསོད་པ་དང་། ཡང་དགོན་པའི་བཞོ་མཛོ་མ་ཡིན་ཟེར། ཉི་ཤུ་སུམ་ཅུ་ལྔ་བཅུ་བཞག་ནས་ལོ་རེ་བཞིན་རྩེབ་དུས་རྟོལ་བུ་གར་བསད་མི་ཤེས་པ་འདི་རྣམས་གཏན་ནས་བྱེད་མི་རུང་། ཡང་དགོན་པའི་ཐག་ཉེར་ཤན་པ་ལག་དམར་བཞག །ར་ལུག་གསོད་དུ་བཅུག །དགོན་མཐའ་རྭ་ཅོ་རུས་པས་འགེངས་པ་འདི་མི་རུང་། སྔོན་ངའི་བླ་མ་ཨ་རིག་དགེ་བཤེས་རིན་པོ་ཆེས་རྭ་རྒྱ་དགོན་བཏབ་ནས། ཉིན་གཅིག་ཁོང་བསྐོར་བ་ལ་བྱོན་དུས། དགོན་པའི་མཐའ་ན་རུས་པ་ཡོད་ཚད་བཏུས། ཐུ་བ་གང་ཁྱེར་འོངས་འདུ་ཁང་གི་སྒོར་སྤུངས་ནས། གྲྭ་བ་རྣམས་བོས་ཏེ་འདི་ལ་ལྟོས་ཨང་། ལས་ངན་པོ་ངས་དགོན་པ་འདི་ཅི་ལ་བཏབ་བཞག་པ་རེད། མ་བཏབ་ན་ཨང་། དེང་ཕྱིན་ཆད་ཁྱེད་ཚོས་བན་རྒན་ང་བླ་མ་ཞིག་དུ་བརྩི་ན་འདི་འདྲ་མ་བྱེད། གསུངས་པས། དེ་ནས་བཟུང་དགོན་པའི་མཐའ་ཚོ་གཙང་སིང་ངེ་གནས་སྐད། སྔོན་བླ་མ་ཞིག་གིས་ཡོན་བདག་འགའ་རེ་ལ་སེམས་ཅན་ཐམས་ཅད་ཕ་མ་ཡིན་པས། སྲོག་གཅོད་བརྡེག་རྡུང་སོགས་གནོད་པ་བྱེད་མི་རུང་། སྲོག་སྐྱོབ་སྦྱིན་གཏོང་སོགས་
ཕན་གང་ཐོགས་གྱིས་ཞེས་ཆོས་བཤད་བྱས་པའི་མཇུག་ཏུ། ཡོན་བདག་གིས་ལུག་གཅིག་བསད་ནས་ཤ་དྲངས་དུས། ནང་མཆོད་བྱིན་རླབས་བཏོན་ནས་ཟོས། ཐུག་པ་ཞིག་དྲངས་དུས་ཞལ་ཟས་རོ་བརྒྱ་མ་བཏོན་ནས་འཐུང་ཚེ། ཡོན་བདག་དེ་བའི་ནང་ན་རྒྱ་ཟ་ལར་ཞིག་ཡོད་པས། དེས་ཨེ་ཁྱེད་བོད་ཀྱི་བླ་མ་མི་བཟང་གི་ཡ་ཟེར། དེ་ཅི་རེད་དྲིས་པས། བླ་མ་འདིས་ད་ནང་ཆོས་བཤད་བྱེད་དུས་སེམས་ཅན་ཐམས་ཅད་སྐྱེ་བ་སྔོན་མའི་ཕ་མ་ཡིན་ཟེར། ད་ལུག་བསད་ནས་ཤ་དྲངས་དུས། མཆིལ་མ་མིད་ཞོར་ལ་ཤར་དུ་ཕའི་ཤ། ནུབ་ཏུ་མའི་ཤ་ཚོ་ཟེར་མང་པོ་ཞིག་བཏོན་ནས་ཟོས། ཐུག་པ་དྲངས་དུས། ཤ་ཟས་རོ་ཟས་པོ་ནང་ན་ཉུང་གི་ཟེར་ཉུང་ཉུང་ཞིག་བཏོན་ནས་འཐུང་བཏང་། སེམས་ཅན་ཐམས་ཅད་ཕ་མ་ཡིན་ཟེར་བ་དེ་རྫུན་བཤད་པ་རེད་ཡག་པོ་མ་རེད་སྨྲས་ཚེ། ཡོན་བདག་དེས་བདེན་བདེན་འདྲ་བར་འདུག་ཟེར་ཧ་བགད་བྱས་པ་ལྟར། དེང་སང་བླ་མ་འགའ་རེས་ཁ་ནས་ཆོས་བཤད་ཚོན་པོ་བྱམས་སྙིང་རྗེ་དང་ཁྱད་པར་གཏོང་ལེན་བྱེད་དགོས་ཟེར། དོན་ལ་བབས་ཚེ་ཡོན་བདག་མང་པོས་ཇ་ཞུས་བྱེད་
དུས། ཉིན་རེ་ལ་ལུག་བཅུ་ཉི་ཤུ་སུམ་ཅུ་རེ་བསད་ནས་ཤ་དྲངས་ཀྱང་། ཧུབ་ཧུབ་ཟེར་ཟ་ཅི་ཐུབ་བྱེད་པ་མ་གཏོགས། དེའི་ནང་གི་གཅིག་མ་གསོད་ཙམ་ཡང་མི་ཟེར་བ་མང་། འདི་འདྲའི་མཛད་སྤྱོད་གཟིགས་ན་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཁྲེལ་བ་ཕར་ཞོག །རྒྱ་ཟ་ལར་ཆོས་བསྲེག་ཡན་ཆད་ཀྱིས་འཕྱ་སྨོད་ཧ་བགད་བྱེད་པའི་རྒྱུ་ཞིག་ཡིན་པར་གདའ། ཡང་འགའ་རེས། སུ་རུག་གི་ར་ལུག་གཡག་གསུམ་རྒྱ་ལ་བཙོངས་ནས་ངན་གསོད་བྱེད་དུ་བཅུག །སྲོག་རིན་དུ་ནོམ་པ་བླངས། ཁབ་བསགས་ནས་འབུག །བརྒྱ་བྱིན་ནས་སྟོང་། དངུལ་བྱིན་ནས་གསེར་ཨེ་ལོན་བལྟས། ཆོས་བརྒྱད་ཀྱི་གཡོག་བྱས་ནས་ཉི་མ་ནམ་ཚ་བཏང་། རྒྱུ་ནོམ་ཅི་ཙམ་རྙེད་ཀྱང་ཆོག་ཤེས་མེད་པར་རྙེད་ཀྱིན་རྙེད་ཀྱིན་ཇེ་བསེར་སེར་སྣ་ཇེ་ཆེར་སོང་། དགོན་པའི་གྲྭ་པ་གྲྭ་རྐྱང་ཚོས་ད་ལོ་བླ་མ་ལ་ཕྱོགས་ཕྱོགས་ནས་ཡོང་སྒོ་བཟང་། འགྱེད་ཕོགས་ཆེ་ཞིག་ཡོད་མོད་སྙམ་ཡོད་དུས། ཆེ་བ་ཕར་ཞོག་ཇེ་ཆུང་ལ་སོང་། ཁ་དང་ཕོར་བ་གཉིས་ཀ་ཡར་རྡེབ་ཤོར་ཚེ། ཆོས་ཅི་ཙམ་བཤད་ཀྱང་གཞན་རྒྱུད་ལ་མི་ཕན། འགའ་རེས་དེ་རིང་ཆོས་གསུང་ཞོར་ལ་ཁོང་ཅིག་བཤུམ་
གྱིན་གདའ། སྐྱབས་སུ་མཆི་ཞེས་སྨྲས་ཚེ། འགའ་རེས་ཨང་དེའི་མིག་ནས་མིག་ཆུ་མི་ཚད་ཅི་ཞིག་འོངས་ཀྱང་ང་ལ་དད་པ་འདྲ་སྐྱེ་རྒྱུ་མི་འོང་གི །དེ་ངུས་པ་སེམས་ཅན་གྱི་དོན་མིན། ཁོང་རང་གི་དོན་དག་ཅིག་ལམ་དུ་མ་སོང་བ་དྲན་ནས་ངུས་པས་ངེད་ཚོའི་ཁྲི་ཁ་བརྫད། དགོན་པ་མི་སྐྱོང་དགེ་སྦྱོར་མི་བྱེད། ཤ་རྒྱག་རེ་འཆོས། ཁྱོད་ལ་ངུ་རྒྱུ་ཆེན་པོ་འོང་བ་བདེན་ཟེར་ཁོང་འཛུམ་བྱེད། དེས་ན་སངས་རྒྱས་ཚར་སོང་ཡང་སྡིག་ལ་འཛེམ་དགོས་མ་འཛེམ་ན་འགྲོ་དོན་མི་འོང་། ཡང་དགོན་པའི་གྲྭ་བ་རྣམས་ཀྱིས་ཀྱང་བླ་མས་ཆོས་ཅི་གནང་མི་སེམས་པར་མང་ཇ་འགྱེད་ཕོགས་ཅི་འདྲ་ཞིག་ཡོད་དམ་སྙམ། དགེ་སྦྱོར་རྣམ་དག་ཅིག་ཨེ་འོང་མི་བསམ་པར་གྲོང་ཆོག་ཅིག་ཨེ་འབུད་སྙམ། རྒྱལ་བའི་གསུང་རབ་སྔོན་དུ་ཡོད་བཞིན་དུ་ངོ་ཚ་རྒྱུ་མེད་པར། ཁ་ཤ་ལ་དགའ་ནས་གཞན་ལ་སྲོག་གཅོད་བྱེད་དུ་འཇུག །ཁྱད་པར་གྲྭ་བ་ངོ་ཤེས་ཕན་ཚུན་གྱིས་རྒྱུ་ནོམ་བརྩད་ནས་གསོད་རེས་བྱས། དེ་གོ་ཚེ་ཁྱིམ་པ་རྣམས་ཀྱིས་ངེད་ཚོ་ལ་བཤད་རྒྱུ་ཅི་ཡོད། རྒྱུ་ནོམ་པའི་སྟེང་ན་ཁོང་རྣམ་པ་ཚོས་གཅིག་གིས་གཅིག་
གསོད་པར་འདུག་ཟེར་དཔེ་འཐེན་ཚད་བཞག་དེའི་ཐུ་བཅའ། དེས་ན་ཁོང་རྣམས་ཀྱིས་སྲོག་གཅོད་ཀྱི་ལས་རང་གིས་བྱེད་དམ། གཞན་ལ་བྱེད་དུ་འཇུག་གཏན་ནས་མི་རུང་། རང་གི་ཤིག་ཀྱང་རྙེད་ན་སྔོ་རླན་སྟེང་ས་ཕུག་དྲོ་སར་འཕེན་དགོས། ལག་ཏུ་ཆུད་ན་མ་ཐུབ་པའི་དགྲ་བྱས་སེན་མོའམ་སོ་དམེ་བོ་བྱས། མཆིལ་མས་དམེ་ལག་བཀྲུ་བ་དེ་མི་རུང་། ཚེ་ཕྱི་མར་སོང་ན་གཤིན་རྗེ་ཆོས་རྒྱལ་གྱི་མདུན་ནས་ངེད་ཚོས་རྒྱལ་ལོན་ཟེར་བ་དེ་རྫུན་ཡིན། སྔོན་ཉག་ཕྲུག་འདས་ལོག་དམྱལ་བར་སོང་དུས། སྐབས་ཤིག་ན་མི་མང་པོ་རི་གཉིས་ཀྱི་བར་ལ་གཅུར་བ་ཞིག་མཐོང་ནས་སྤྱན་རས་གཟིགས་ལ་དྲིས་ཚེ། དེ་ཤིག་བསད་པའི་རྣམ་སྨིན་རེད་གསུངས། ཀུན་བཟང་སྙིང་ཐིག་ལས་ཐ་ན་རང་གི་ཤིག་ཙམ་ཡང་གསོད་པ་སྤང་ཞིང་། གཞན་གྱིས་སྲོག་གཅོད་པར་འདུག་ན་ཡང་ཐབས་དུ་མའི་སྒོ་ནས་དགག་ཅིང་འཆི་བ་བླུ་བར་བྱ། གལ་ཏེ་རང་ཉིད་ཆོས་སྒོར་ཞུགས་ནས་སེམས་ཅན་ཆུང་ངུ་ཁབ་རྩེ་ཙམ་ཞིག་བསད་ཀྱང་། དེའི་རྣམ་སྨིན་གྱིས་རང་ལན་བརྒྱར་གསོད་དོ་གསུངས། དེས་ན་སེམས་ཅན་གསོད་པ་ཕར་ཞོག །ཐ་ན་ཁལ་རྟ་ཡན་ཆད་
ལ་རྡོ་དང་དབྱུག་པས་རྡུང་མི་རུང་། སྔོན་ཚོང་པ་ཞིག་གིས་བོང་བུ་མ་སོང་བའི་ཚེ་ཞེ་སྡང་ལངས་ནས་དབྱུག་པས་མང་པོ་བརྒྱབ་པའི་རྣམ་སྨིན་གྱིས། ཕྱི་མར་སོང་དུས་གཤིན་རྗེ་ཞིག་གིས་མི་དེ་ས་ལ་བསྒྱེལ་ནས་དབྱུག་པས་ཤུགས་དྲག་ཏུ་བརྡུངས་པ་ཉག་ཕྲུག་གིས་མཐོང་། ཉག་ཕྲུག་ཁོང་གིས་ཁྱི་རྐུན་ལ་རྡོ་ཞིག་གིས་བརྒྱབ་པའི་རྣམ་སྨིན་གྱིས། གཤིན་རྗེ་ཞིག་གིས་ཕ་བོང་ཆེན་པོ་ཞིག་བླངས་ནས་རྐེད་པའི་སྟེང་དུ་བརྒྱབ་པས་བཟོད་གླགས་མེད་པའི་སྡུག་བསྔལ་མྱངས་གསུངས། དེང་སང་ཟུག་གཟེར་རྒྱུན་མི་འཆད་པའི་ནད་པ་མང་བ་འདི་རྣམས་ཀྱིས་ཀྱང་ཚེ་སྔོན་གཞན་ལ་རྡེག་རྡུང་བྱས་པའི་རྣམ་སྨིན་ཡིན། དེས་ན་ཁྱེད་ཚོའི་འགའ་རེས་ཚེ་ཕྱི་མའི་སྡུག་བསྔལ་འདི་མི་ཤེས། རྟ་གཡག་རེ་ལ་ཞོན་ནས་འགྲོ་དུས་ཡོབ་བསྡིགས་བྱས་ལྕག་གིས་བརྒྱབས་སྣ་ཚ་སྣ་བླངས་ནས་སྤྲུགས་འཐེན་བསྐོར་བྱས། མཛོ་གཡག་བོང་བུ་སོགས་དེད་ནས་ཚོང་ཞིག་ལ་འགྲོ་དུས། ཁལ་རྟའི་འཕོང་ལ་རྡོ་དང་དབྱུག་པས་གཅོད་སྔགས་སྨྱོན་པ་འགའ་རེས་རྔ་བརྡུང་བརྡུང་བྱས་ཤེད་ཀྱིས་བརྡུངས། ཁྱི་རྐུན་རེ་ལག་ཏུ་ཆུད་ན་
རང་གི་ལག་གི་རྡོ་དང་དབྱུག་པ་ཆག་རག །ཁྱིའི་གཅིན་སྐྱག་འཆོར་རག་གི་བར་དུ་མྱག་མྱོག་ཏུ་གཏོང་བ་འདི་མི་རུང་། ཁལ་རྟ་ལ་གང་བྱམས་གྱིས། ཡང་ཁྱེད་ཚོས་གཡག་གི་རྩིད་པ་སོར་གང་ཡོད་མེད་ཅིག་བསམས་ནས། གཡག་མནན་ནས་རྩིད་པ་སྲ་ཤིང་གི་མགོ་ལ་དཀྲིས་ནས་ཤེད་ཀྱིས་གཡག་རྒན་རྣམས་ཀྱི་སྟེང་གི་ཀོ་བ་ཚོ་འགོག་རག་བར་དུ་འཐེན་ནས་བླངས། གཡག་འཆི་ལ་ཐུག་པའི་ན་ཚ་བྱུང་བས་མི་བཟོད་པར་འཁུན་བུ་མ་ཎི་བཞིན་དུ་བགྲང་སྤུའི་རྩ་བ་ན་ཡང་ཁྲག་རྔུལ་ཆུ་བཞིན་འཛུམ་དུ་འཇུག་པ་འདི་མི་རུང་། ཁྱེད་ཚོའི་གཅིག་མནན་ནས་ཁ་སྤུ་མཆན་སྤུ་འོག་སྤུ་ཀུན་འཐེན་ནས་བླངས་ན་མི་ཚའམ། བསམ་བློ་ཐོངས། རང་ལུས་ལ་དཔེ་ལོངས་ལ་གཞན་དབུས་གཙང་ཕྱོགས་ཀྱི་འབྲོག་པ་ཚོས་འབྲེག་པ་བཞིན་དུ་བྲོགས་དང་། འབྲེག་ཤེས་ན་རྩིད་པ་མང་ཉུང་ལ་ཁྱད་པར་མེད་གཅིག་ཡིན། མི་ཕྱུག་གཉིས་ཀས་སྡུག་བསྔལ་མྱོང་བའི་ཐབས་རྡུགས་དེ་འདྲ་མ་བྱེད་དང་བཟང་། ཡང་ཁྱེད་ཚོས་རྟ་བོང་མཛོ་གཡག་རེའུ་ལུ་གུ་བརྒྱ་སྟོང་མང་པོའི་འོག་གི་འབྲས་བུ་གཅིག་ཀྱང་མི་འཇོག་པར་ཐམས་ཅད་བཅད་ནས།
ན་ཚ་འཆི་ཚད་པ་འབྱུང་གི་བཅུག །འགའ་རེས་གཅོད་མི་ཤེས་བཞིན་ཉེས་མེད་དུད་འགྲོ་མང་པོ་འཆི་རུ་འཇུག་པ་འདི་འཇིག་རྟེན་ཁམས་འདིར་ཕྱིན་ཅི་ལོག་ལྟས་ངན་མི་སྲིད་པ་ཞིག་དར་སོང་བ་ཡིན་ན་མ་གཏོགས་གཅོད་དགོས་དོན་མེད། མ་བཅད་ན་ལུས་སྟོབས་ཆེར་རྒྱས་ནས་གཡག་ཚོ་འབྲོང་དང་འདྲ་བར་འགྲོ་བ་ལ་ལྟོས། དེ་བཞིན་ར་ལུག་རྟ་བོང་སྒོ་ང་མ་བཅད་པའི་དུད་འགྲོ་ཕལ་ཆེར་གྱི་ཡག་ལུགས་ལ་ལྟོས། འོ་ན་ར་ཐུག་ལུག་ཐུག་ཚོ་དཔྱིད་དུས་ཤི་འགྲོ་བ་ལ་ཅི་བྱུང་བ་ཡིན་ཟེར་ན། དེར་གཞན་ཐམས་ཅད་བཅད་ནས་རེ་གཉིས་བཞག་པས་མ་མ་བརྒྱ་སྟོང་མང་པོ་ལ་བྱས་པས་ལན་པ་ཡིན། ཐམས་ཅད་བཞག་ན་དེ་འདྲ་འབྱུང་དོགས་མེད། སྔོན་མཚོ་སྔོན་པོའི་དབུས་ཀྱི་རི་རྩེ་ན་འདུག་པའི་རི་ཁྲོད་པ་འགའ་ཞིག་གིས་ར་མ་བཟུང་དུས། ར་ཕོ་ཀུན་གྱི་འོག་གི་འབྲས་བུ་གཅིག་ཀྱང་མ་དབྱུང་བར་བཞག་པས། ར་ཕོ་བརྒྱ་ལྷག་ཙམ་ཡོད་པ་ཐམས་ཅད་གཞན་ལས་ལྷག་པའི་ཚོ་བསོགས་པ་བྱུང་། ར་ཕོ་མང་བའི་ཤུགས་ཀྱིས་རྩིད་མོ་ལའང་རེའུ་བྱུང་། ར་མ་ཆེ་བ་རྣམས་ལ་རེའུ་གཉིས་རེ་བྱུང་སྐད། གཅོད་ན་ཕོ་
སྐྱེས་འགའ་རེས་རང་གི་ཆུང་མས་མི་ཆོག་པར་གཞན་གྱི་བརྒྱ་ཉོས་ཀྱི་ཆུང་མ་ཁྲིད་དེ། སྡེ་བ་ཚོ་བ་ཕན་ཚུན་གྱོད་ལ་གཏུགས་ནས་མི་སྲོག་རྟ་སྐེ་མང་པོ་ལེན་དུ་བཅུག །ཕ་མ་རྒན་རྒོན་བླ་རྒན་རྣམས་ཀྱིས་སྡིག་སྡུག་གཏམ་ངན་སོགས་ལ་མ་འཛེམ་པར་ཚེ་གང་བོ་ལ་བསགས་པའི་ཟས་ནོར་ཁང་ཞིང་ཡན་ཆད་ཉི་མ་གཅིག་ལ་བརླག་ཏུ་འཇུག་པ་དང་། དགེ་སློང་བན་དེ་འགའ་རེ་དཀོར་གྱིས་ཚོས་ནས། བླ་མ་དགེ་བའི་བཤེས་གཉེན་གྱིས་གནང་བའི་སྡོམ་པ་བསྲུངས་ན་མངོན་མཐོ་དང་ངེས་ལེགས་ཀྱི་བདེ་སྐྱིད་ཐམས་ཅད་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་ལྟ་བུ་དེ་འཆོར་དུ་བཅུག །མར་འཁོར་བའི་མེ་འོབས་སུ་མཆོང་ས་ཏེ་དམྱལ་བའི་རྒྱུ་མི་དགེ་བ་འབའ་ཞིག་སྒྲུབ་པ་དང་། ཕོ་ངན་འགའ་རེས་རང་གི་ཆུང་མ་དགུང་མའི་ཁྲིག་གི་རོ་སྣོག་སྣོག་བྱས་སུན་དུ་བཅུག །ཕ་མ་རྒན་རྒོན་རྣམས་གཉིད་དུ་མི་འཇུག །དགེ་སློང་བན་དེ་སྡོམ་ལྡན་ལ་འདོད་ཆགས་སྐྱེ་རུ་བཅུག །རང་གི་སྒོ་ང་སྐྲང་ཆུ་འགགས་ཐ་མ་གྲང་ནད་ཀྱིས་ཐེབས་ནས་འཆི་བ་སོགས་རང་གཞན་ཡོངས་ལ་གནོད་པ་འདི་འདྲའི་རིགས་ཐམས་ཅད་རྩ་བ་ནས་གཅོད་དགོས་ཏེ་སུས་གཅོད་མི་ཐུབ།
དེས་ན་རང་ལུས་ལ་དཔེ་ལོངས་ལ་དུད་འགྲོ་རྣམས་ཀྱི་སྒོ་ང་མ་གཅོད་དང་བཟང་། དུད་འགྲོ་རྣམས་རྒྱུན་དུ་མི་དང་མི་འདྲ་དུས་ཚོད་གཅིག་ཡིན་པས། དེ་དུས་ཤིང་ངམ་ཕྱིང་པ་སོགས་ཀྱིས་ཆགས་པ་སྤྱོད་ཚུལ་མེད་པའི་ཐབས་གྱིས། དུད་འགྲོའི་སྒོ་ང་གཅོད་མཁན་གྱི་མི་ཕྱི་མར་ངན་སོང་དུ་སྐྱེ། གལ་ཏེ་མི་རུ་སྐྱེས་ཀྱང་ཕོ་ལུས་མི་ཐོབ་བུད་མེད་ཀྱི་ལུས་སུ་སྐྱེ། ཕོ་རུ་སྐྱེས་ཀྱང་དབང་བོ་མི་ཚང་བར་སྐྱེ་བས་འདི་གཏན་ནས་བྱེད་མི་རུང་། སྲོག་འདི་ལ་མི་གཅེས་པ་གཅིག་ཀྱང་མེད་པས། དེང་སང་འབྲི་མ་མོ་རྒོད་མ་གསུམ་པོ་འཛོམ་པའི་ཕྱུག་པོ་ཕ་བུ་གཉིས་ཅན་ཞིག་གི་སྒོར། གཞན་བཙན་པོ་ཞིག་གིས་དམག་མང་པོ་ཁྲིད་ནས་འོང་མཐའ་ཐམས་ཅད་བསྐོར་མཚོན་ཆ་རྣོན་པོས་གཅོད་དུས། དེའི་ནང་ནས་གཅིག་གིས་ཁྱེད་ཕ་བུ་གཉིས་ཀྱི་གཅིག་བསད་ནས་རྒྱུ་ནོམ་འཇོག་གམ། ཡང་ན་ཁྱེད་གཉིས་བཞག་ནས་སྒོ་ཡི་རྒྱུ་དང་། ཁྱིམ་གྱི་ཟས་འཁྱེར་ཞེས་གང་འདོད་འདྲི་རྒྱུ་ཡིན་ན། ཕ་བུ་གཉིས་ཀྱི་སུ་ཡིན་ཡང་། ང་སོད་ལ་རྒྱུ་ནོམ་ཞོག་མི་ཟེར། ཁོང་གཉིས་མ་གསོད་པར་རྒྱུ་ནོམ་ཁྱེར་ཟེར། དེས་ན་རྗེ་སྐལ་ལྡན་
རྒྱ་མཚོའི་ཞལ་ནས། སྲོག་གཅེས་པ་སེམས་ཅན་ཀུན་ལ་གཅེས། །སྲོག་གཅོད་པའི་ལས་འདི་སྤངས་ན་བཟང་། །ཞེས་གསུངས། ཡང་ཁྱེད་ཚོའི་གཅོད་སྔགས་འགའ་རེས་གཏོ་འཕེན་དུས་དབྱངས་བྱས། མཚོན་ཆས་མི་འཇིག་གང་ཡང་མེད། །འཚོ་བའི་སྲོག་ལ་ཀུན་ཀྱང་འཛེམ། །རང་གི་ལུས་ལ་དཔེ་ལོངས་ལ། །གཞན་ལ་གནོད་པ་མ་བྱེད་ཅིག །ཅེས་ལྷ་འདྲེ་ཚོ་ལ་ཆོས་བཤད་བྱེད་པ་ལྟར། རང་ལུས་ལ་དཔེ་བླངས་ནས་སྲོག་གཅོད་ཀྱི་ལས་འདི་ལ་ཤིན་ཏུ་འཛེམ་གལ་ཆེ། མ་འཛེམ་ཕྱིན་ཚེ་ཕྱི་མར་བདེ་བར་མ་རེ། ཤི་མ་ཐག་ནས་སྡུག་བསྔལ་གྱི་འགོ་འཛུགས་པ་ཡིན་པས། བླ་མའི་གསུང་ལ་འདང་རྒྱག་རང་གིས་རང་ཉིད་ལ་སྙིང་རྗེ་ན། རང་འཐག་གི་ཆུ་བཅད་པ་བཞིན་དུ་སྔར་སྡིག་པ་བྱེད་པ་རྣམས་ཀྱིས་ཀྱང་སྡིག་འཕྲོ་རྦད་ཀྱིས་ཆོད་དང་བཟང་། ཡང་མ་བྱིན་ལེན་གང་ཡིན་ཟེར་ན། ཆེ་བ་རྟ་མཛོ་གསེར་དངུལ་གོས་དར་ནས། ཆུང་བ་རས་ཁ་ཁ་དར་ཁབ་སྐུད་ཡན་ཆད། གཞན་གྱིས་ཚུར་ལ་མ་བྱིན་པ། རྫུན་གཏམ་གཡོ་སྒྱུ་བྱས་རྐུ་འཕྲོག་བྱས་ནས་ལེན་མི་རུང་། ཁྱད་པར་ཇག་རྐུན་བྱས་ན། ཕ་རོལ་དེ་དག་དབུལ་བོར་
གྱུར་ནས། ལ་ལ་མུ་གེས་འཆི། ལ་ལས་རི་དྭགས་བསད། རྐུ་འཕྲོག་བྱས་གཞན་ལ་གནོད་སྐྱེལ། གཞན་དེས་ཀྱང་གཞན་ལ་གནོད་སྐྱེལ། ཕྱོགས་དེའི་གྲོང་པ་རྣམས་འཐོར་ཚེ་ཕྱོགས་དེ་ན་དགོན་པ་ཡོད་པ་རྣམས་ཀྱང་། སྦྱིན་བདག་མེད་པས་ཞིག་རལ་འཐོར་གསུམ་དུ་འགྲོ་ངེས། སྔོན་བོད་ཇག་གི་རྐྱེན་གྱིས། སོག་ཕྱོགས་ཨ་རིག་གི་དགོན་པ་བཅོ་བརྒྱད་ཙམ་འཐོར་ཟེར། དེས་ན་སངས་རྒྱས་ཀྱི་བསྟན་པ་དང་སེམས་ཅན་གྱི་བདེ་སྐྱིད་ལ་གནོད་ཚད་ཀྱི་རྣམ་སྨིན་ཇག་རྐུན་བྱེད་མཁན་གྱི་སྟེང་ན་ཡོད་པས། ཕྱི་མར་དམྱལ་བ་མ་གཏོགས་འགྲོ་ས་མེད་པས་འདི་གཏན་ནས་མི་རུང་། ཚེ་འདིར་ཡང་མི་ཁ་གཏམ་ངན་སྡུག་གྱོང་ཕམ་ཁ་འཁོན་འཛིང་གི་རྒྱུན་མི་འཆད། མཐར་རྒྱ་བོད་སོག་གསུམ་ཞིག་གིས་ངན་གསོད་བྱས་བསད་ནས་རི་ཡུལ་ངོ་མི་ཐུག་པ་མང་། དེས་ན་རྗེ་སྐལ་ལྡན་རྒྱ་མཚོས། ཇག་རྐུན་མ་འཁོན་གྱི་གཞི་མ་ཡིན། །འདི་གང་གི་ས་ནས་བཅད་ན་ལེགས། །ཞེས་གསུངས། ཡང་གཞན་གྱི་ཚུར་ལ་གཡར་བ་དང་བཅོལ་བ་རྣམས་ཀྱང་གཡོ་སྒྱུ་བྱས། ཆག་སོང་ཆད་སོང་བོར་སོང་ཅི་བྱུང་མ་ཤེས་
མེད་ཟེར། ཕྱིར་ལ་མི་སྟེར་བ་དེ་ཡང་མ་བྱིན་ལེན་ཡིན་པས་ན་མི་རུང་། ཕར་ལ་སྟེར་དུས་བྲེ་ཆུང་བ་རྒྱ་མ་ཡང་མོའི་སྟེང་ནས་བྱིན། ཚུར་ལ་ལེན་དུས་བྲེ་ཆེན་དང་རྒྱ་མ་ལྕི་མོའི་སྟེང་ནས་ལེན་པ་དེ་ཡང་མ་བྱིན་ལེན་ཡིན་པས་མི་རུང་། བྲེ་སྲང་ལ་གཡོ་སྒྱུ་བྱས་ན་ཕྱི་མར་མི་དེའི་ཤ་བཅད་ནས་བྲེ་ལ་གཞལ། རུས་པ་བཅག་ནས་རྒྱ་མ་ལ་འགྱོག་ཅེས་དམ་པ་དུ་མས་གསུངས། དེས་ན་གཞན་གྱིས་ཚུར་བྱིན་ན་མ་གཏོགས། མ་བྱིན་པར་ཁབ་སྐུད་ཙམ་ཡང་ལེན་པ་སྤང་དགོས། ཡང་མི་ཚངས་སྤྱོད་གང་ཡིན་ཟེར་ན། ཕོ་སྐྱེས་ཀྱིས་གཞན་གྱི་ཆུང་མ་ཤེད་ཤུགས་བརྩད་ནས་འཕྲོག་པ་དང་། སྐྱེས་པ་མེད་དུས་རྐུ་བ་དང་། བུད་མེད་ཀྱིས་གཞན་ཕོ་སྐྱེས་ཀྱི་ཁ་དྲངས་པ་དང་། ཁྱད་པར་དགེ་སློང་བན་དེའི་ཚུལ་ཁྲིམས་འཆལ་དུ་འཇུག་མི་རུང་། ཚུལ་ཁྲིམས་ཉམས་སུ་བཅུག་པའི་བུད་མེད་ཕྱི་མར་སོང་ན། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་མགོ་ཐུར་དུ་བསྟན་ནས། གསང་གནས་ལ་ལྕགས་ཀྱི་སྦུ་གུ་བཙུགས་ཏེ་ཁྲོ་ཆུ་ཁོལ་མ་བླུགས་ནས་བསྲེགས་གསུངས། རང་གི་མ་དང་སྲིང་མོ་ཚ་མོ་སོགས་ལ་ངོ་ཚ་བའི་ཚིག་ཟུར་ཙམ་ཡང་སྨྲ་མི་རུང་།
རང་གི་ཆུང་མ་ཡིན་ཡང་སྨྱུང་གནས་སྡོམ་པ་བསྲུང་བའི་སྐབས་དང་། སྐུ་གསུང་ཐུགས་རྟེན་གྱི་དྲུང་དང་བླ་མ་དང་ཕ་མ་སོགས་ཀྱི་ཐག་ཉེ་དང་། དགེ་འདུན་པའི་མཐོང་ས་སོགས་ནས་སྤྱོད་མི་རུང་། ཡང་རྒད་པོ་འགའ་རེས། ངན་པ་དེ་ལ་དགའ་ན་ཐ་མ་གཅོང་གིས་འཆི་ཟེར་བ་ལྟར། མང་པོ་བྱས་ན་ནད་དུ་མ་ལྡང་། ཁྱད་པར་མཁལ་རྐེད་ན། སྒོ་ང་སྐྲངས་ཆུ་འགགས་ནས་འཆི་བས། མཚན་རེ་ལ་རེ་གཉིས་ཙམ་མིན་སྤྱོད་མི་རུང་ཞེས་ལམ་རིམ་སོགས་གཞུང་གཞན་ལས་གསུངས། དེ་ལྟར་བྱས་ན་གཟུགས་པོ་ངན་དུ་མི་འགྲོ་ཞིང་། གྲང་ནད་མི་བསྐྱེད་པ་སོགས་ཕན་པའི་དགོས་པ་མང་པོ་ཡོད་པས་དེ་ལུགས་གྱིས། ཡང་རྒད་པོ་འགའ་རེས། ར་བདེ་སའི་མི་འདུག །བུ་མོ་སྐྱིད་སའི་མི་འདུག་ཟེར་བའི་འཇིག་རྟེན་གཏམ་དཔེ་ལྟར། བུད་མེད་འགའ་རེ་སྐྱིད་ཆེ་རྒྱག་བཞག་ན། རང་གི་ཕོ་སྐྱེས་ཀྱིས་མི་ཆོག་པར་ཁྱི་མོ་བཞིན་དུ་ཕོ་སྐྱེས་བཟང་ངན་གཉིས་ཀ་བསྡུས། སྐབས་ཤིག་རང་གི་ཕོ་སྐྱེས་ལྷ་འདྲ་བ་ཚོ་བཞག་ནས། གཞན་འདྲེ་འདྲ་བ་ཚོའི་ཕྱི་ལ་བུད་འགྲོ། སོང་ན་སྡེ་བ་ཕན་ཚུན་འཁྲུག་ནས།
རྨང་པོ་ཚང་གི་བུ་གཅིག་ཡན་ཆད་མི་བཟང་གང་གཅེས་གང་དམར་རྣམས་གསོད་རེས་བྱས། ཟས་ནོར་གང་བཟང་མང་པོ་ཟད་ཚེ་སྙིང་ནད་ཆེ་རུ་སོང་ནས་ལྷག་པར་གསོད་རེས་བྱེད། ལོ་མང་པོའི་བར་དུ་གྱོད་མི་འགྲིག །སྡེ་བའི་མི་ཀུན་གྱིས་གྲིབ་ནག་མ་དེས་སྡེ་བ་བཟང་བོ་འདི་ལ་མ་བཟང་གྲིབ་ནག་མ་ཡུག་སར་འབུད་རྒྱུ་མ་ཟེར་དམོད་མོ་བྱེད། མཐར་ཁྱིམ་ཚང་དེའི་ཁྱིའི་ཁྱི་སྐོ་ཀ་བའི་ཀ་རྡོ་ཡན་ཆད་སྟོང་ཡིན་ཟེར་ནས་ཁྱེར་འགྲོ། ཁྱེར་ན་བཟའ་གཉིས་ཀའི་ཁ་སྟོང་བར་འགྲོ། སྐབས་ཤིག་ཁ་མི་སོས་ནམ་མི་ཆོད། སྡེ་བས་བུད་མེད་དེའི་བྱ་བ་ཟེར་ནས། དཔེར་འཐེན་ཚད་ཀྱི་འཇོག །ད་ཉོས་པ་ཡིན་ཟེར། དེས་ན་སྡིག་སྡུག་གཏམ་ངན་ཐམས་ཅད་བུད་མེད་འགའ་རེས་རིན་བྱིན་ནས་ཉོས་པ་ཡིན་པས། བུད་མེད་བསམ་ཤེས་འདྲ་ཡོད་ན། རང་གི་ཕོ་སྐྱེས་ཀྱི་ཆོག་ནི་གྱིས་དང་བཟང་། ཁྱད་པར་དགེ་སློང་བན་དེ་རྣམས་ཀྱིས་མི་ཚངས་སྤྱོད་པ་ཕར་ཞོག །ཆགས་སེམས་ཀྱིས་གཞན་གྱི་བུད་མེད་ལ་རེག་པ་དང་། ངོ་ཚ་བའི་གཏམ་སྨྲ་བ་དང་། ཐ་ན་མིག་ཟུར་ཙམ་ཡང་བལྟ་མི་རུང་། ཡང་དེང་སང་སེར་མོ་འགའ་རེས་དཀོར་འཆོས་
འཆོས་ནས། ཁ་ཏོན་བཟླས་བརྗོད་མ་བྱས་པས་དཀོར་མ་ཞུ་ཚེ། བླ་མ་འགའ་རེས་དཀོར་ཁ་ལ་བབས་ན་མི་བཤད་དགུ་བཤད། ལག་ཏུ་བབས་ན་མི་འཁྱུག་དགུ་འཁྱུག །སྙིང་ལ་བབས་ན་མི་དྲན་དགུ་དྲན། གསུངས་པ་བཞིན་སྐབས་ཤིག་བུད་མེད་སྙིང་ལ་འདོད་དེ་ཁ་ནས་ལབ་ལོབ་མང་པོ་དེ་ལ་བཤད། ལག་ན་ཅི་ཡོད་དེ་ལ་བྱིན། ལོ་འགའི་འཕྲོ་ནས་སྐྱ་སར་བབས་ཏེ། ལོག་བརྒྱབ་ཆུ་བཏང་ལས་ཀ་མང་པོ་བྱས་ཚེ། སྔར་ལྷ་འདྲ་བ་ཚོ་ཡང་ཕྱིས་འདྲེ་འདྲ་བ་ཚོར་སོང་། འགའ་རེས་བནྡེ་ཡིན་དུས་དེ་ཅིག་ཡག །ད་ཅིག་བཙོག་གི་ཟེར། འགའ་རེས་ཨ་ཧོ་ཧོ་དེ་དང་པོ་ལྟར་བསྡད་ན་ཆེད། མི་འདི་འདུག་མ་ཐུབ་ན་བྱ་བ་དེའི་བཙོག་ཨང་ཟེར། དེས་ན་སྟོན་པའི་གོས་སྣམ་འོག་ནས་སྨུག་ཤན་ནེ་བསྡད་ན་བཟང་། བླ་མ་དགེ་བསྐུལ་གྱིས་བཀག་ཀྱང་མི་ཐུབ་པར་སྨག་རབ་རུབ་ལ་གཏད་ནས་མར་ཁྱིམ་གྱི་མེ་ནང་དུ་མིག་བཙུམས་ནས་ལྡང་མ་འཇོག །ཆགས་པ་སྤྱད་ནས་ལེན་རྒྱུ་ཞིག་ཡོད་ན་རྒན་རྒོན་བླ་རྒན་འགའ་རེས་གནའ་ནས་བླངས་ཚར་སོང་། ད་ཅང་ཡོད་ས་མེད། སྡིག་སྡུག་མི་ཁ་
གཏམ་ངན་ཁྱིས་གྱོང་ཕམ་ཁ་ལེན་རྒྱུ་ཡིན་མོད། དེ་མིན་དེའི་ནང་ན་མཆོད་ཅིག་ལེན་རྒྱུ་མེད། དེས་ན་སྐྱ་སེར་ཕོ་མོ་སུ་ཡིན་ཡང་འདོད་ཆགས་མ་ཆེ། འདོད་ཆགས་ཆེ་བའི་མི་ལ་བདེ་བ་ཞིག་ཡོང་བ་སངས་རྒྱས་ཀྱིས་མ་གསུངས། རྫུན་གང་ཡིན་ཟེར་ན། སྔར་རང་གི་མིག་གིས་མཐོང་བ་ཞིག་ལ་ཁོ་བོས་མ་མཐོང་མ་རིག །རིག་དོན་མེད་ཟེར། མ་མཐོང་བ་ཞིག་ལ་ཁོ་བོས་མཐོང་། འདི་འདྲ་ཞིག་རེད་ཟེར། རྣ་བས་གོ་བ་ཞིག་ལ་ཁོ་བོས་མ་གོ་ཅི་ལ་ཐོས། ཐོས་དོན་མེད་ཟེར། མ་ཐོས་པ་ཞིག་ལ་ཁོ་བོས་ཐོས། ལོས་ཐོས་ལོས་གོ་མི་གོ་ས་ན་མེད་ཟེར། ཤེས་པ་ཞིག་ལ་དེ་ཁོས་མ་ཤེས། གསལ་ཆ་མེད། མ་ཤེས་པ་ཞིག་ལ་དེ་ཁོས་ཤེས་གསལ་ཆ་ཆེ་ཟེར། ལྷག་པར་གཞན་གྱི་ལག་ནས་རྒྱུ་ནོམ་པ་བུ་ཆུང་མ་སོགས་ཚུར་ལེན་སྙམ་ནས། རྫུན་སྣ་ཚོགས་པ་བཤད་དེ་ཚུར་ལ་ངན་སྐྱོན་མ་བྱས་ཀྱང་། ཁོ་བོ་ལ་མི་འདིས་འདི་འདྲ་བྱས་ཟེར་གླེང་ལོག་འཐེན་མི་རུང་། ཕྱི་མར་དམྱལ་བར་སོང་ནས་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་མི་དེའི་ཁ་ནང་གི་ལྕེ་ཕྱིར་ཕྱུང་ཐང་བཅད་ནས། ཕྱོགས་བཞིར་བརྒྱངས་ཚེ་ལས་དབང་གིས་ལྕེ་དཔག་ཚད་ལྔ་
བརྒྱར་འགྱུར་ཏེ། དེའི་སྟེང་དུ་གཤིན་རྗེ་སྟོང་གིས་གླང་ཉིས་སྟོང་དོར་བསྡེབས་ཐོང་གཤོལ་སྟོང་བཙུགས་ནས་རྨོ་ཞེས་མདོ་དྲན་པ་ཉེར་གཞག་ལས་གསུངས། ཡང་དེའི་སྟེང་དུ་ཀུན་ཡིད་ཆེས་པའི་ཕྱིར་མནའ་སྐྱེལ་གཏན་ནས་མི་རུང་། སྔོན་གླིང་བཟའ་ཆོས་སྐྱིད་བར་དོར་སོང་དུས་ཐང་ཆེན་པོ་ཞིག་ན་ཆུ་ཆེན་པོ་ཞིག་ཡོད། དེ་ལ་ཟམ་ཆེན་པོ་ཞིག་བཙུགས་ཡོད་པས། དེའི་ཚུར་རོལ་ན་ཆོས་མང་པོ་ཞིག་བརྩིགས་པའི་འོག་ཏུ་མི་ཞིག་མནན་ནས་གཅུར་བ་ཞིག་མཐོང་སྟེ་མི་དཀར་པོ་ཞིག་ལ་དྲིས་པས། དེ་སྐྱེ་བ་སྔོན་མར་མནའ་བསྐྱལ་བའི་རྣམ་སྨིན་ཡིན་གསུངས། རྫུན་མ་སྤངས་ན་ཕྱི་མར་ཉེས་པ་ཡོད་པ་ཕར་ཞོག །ཚེ་འདིར་ཡང་མི་དེས་སྐད་ཆ་ཅི་ཙམ་བཤད་ཀྱང་བདེན་པར་མི་འཛིན་ཅིང་ཉན་མཁན་དཀོན། ཤེས་ཚད་ཀུན་གྱིས་དེའི་སྐད་ཆས་ཅི་བྱེད་ཟེར་བརྙས་སྨོད་བྱེད་པ་མང་། བདེན་པ་ཞིག་བཤད་ཀྱང་དེ་བདེན་ནམ་མི་བདེན་སྙམ་གཞན་ཡིད་མི་ཆེས། དེས་ན་རྫུན་གྱི་རིགས་མཐའ་དག་སྤོང་དགོས། ཕྲ་མ་གང་ཡིན་ཟེར་ན། སྡེ་བ་ཚོ་བ་ཁྱིམ་ཚང་བཟའ་བ་སོགས་མཐུན་པོ་བྱས་འགྲོགས་ཡོད་པའི་བར་
ལ། ཁ་དབྱེན་མང་པོ་བརྒྱབ་ནས་འཁོན་འཛིང་བྱེད་དུ་འཇུག་པ་འདི་ཡིན། ཁ་ཇི་ལྟར་རྒྱག་ཟེར་ན། ཁྱིམ་ཚང་བཟའ་བ་གཉིས་རེའི་བར་ལ་སོང་ནས། བུད་མེད་ལ་སྐད་ཆ་བཤད་པའི་ཞོར་ལ། ཁྱེད་ཚང་གི་སྐྱེས་པ་རི་འགོ་ཚོ་ལ་སོང་དུས་དང་། ཁྱོད་ཀྱིས་མི་རིག་པའི་ལ་འོག་ལྐོག་འོག་ན། རྒྱུ་ནོམ་པ་བརླག །བྱ་སྤྱོད་ངན་པ་འདི་འདྲ་བྱེད་པས། ཁོས་བཤད་པ་ཡིན་མ་ཟེར་ངོ་རེ་ཚ་ཡིན། ཁྱོད་འདི་བྱས་བསྡད་ནས་ཅི་བྱེད། ང་ཁྱོད་ཡིན་ན་འདི་འདྲ་བྱེད་ལ་ཡ་ཀི་གྱིས། མ་ཀི་གྱིས་ཟེར། ཕོ་སྐྱེས་ཀྱི་རྩར་སོང་ནས། ཐོག་མར་སྐད་ཆ་གཞན་བཤད། དེ་ནས་ཁྱེད་ཀྱི་བུད་མེད་དེས་ཁྱོད་གཞན་ཚོ་ལ་སོང་ཤུལ་ན་ལས་ཀ་མི་ལས། བྱ་སྤྱོད་མིའི་མིག་ཏུ་མི་འགྲོ་བ་འདི་འདྲ་བྱེད། ཁྱོད་མི་ཅི་ཞིག་བཟང་ནི་རེད། ངའི་ཆུང་མ་ཡིན་ན་དེ་གནའ་ཞིག་ནས་བརྫངས་ཚར་ད་ཙམ་བཞག་མེད། བུད་མེད་རུལ་མ་ཡ་མོ་དེ་ཀས་ཅི་བྱ། ཡ་ཀི་ཚང་གི་མནའ་མ། མ་ཀི་ཚང་གི་བུ་མོ་དེ་ཚོ་བཟང་ནི་ཡག་ནི་གཉིས་ཀ་རེད། ད་དེ་འདྲ་ཞིག་བླངས་ན་བཟང་མོད། ཁྱོད་ལ་རྒྱུ་ནོམ་པ་ཡོད་ཚོ་ཟེར། བཟའ་གཉིས་ཀ་ལ་དེ་འདྲ་མང་པོ་བཤད་ཚེ། ཞེ་འགྲས་ལ་
སོང་ནས། གཅིག་གིས་གཅིག་ལ་ཁྱོད་ཀྱིས་འདི་བྱས་ངས་མ་ཤེས་མ་གོ་ཨེ་སྙམ་ཟེར། འཁོན་རེས་བརྡུང་རེས་བྱས། དེ་སུས་བཤད་པ་ཡིན་སྙམ་རྩད་བཅད་ནས་ཤེས་ཚེ། ཁ་དབྱེན་རྒྱག་མཁན་གྱི་མི་དེ་ལ་འཁོན་འཛིང་བྱེད། བཟའ་གཉིས་ཀ་ཡང་ཁ་འཐོར་ནས་འགྲོ། ཡང་ཁྱིམ་མཚེས་གོང་མས་གང་བཤད་འགབ་མ་ཚང་ལ་བཤད། འགབ་མས་གང་བཤད་གོང་མ་ཚང་ལ་བཤད། སྐད་ཆ་ཚིག་གཅིག་ཙམ་ལ་རྫུན་མང་པོ་བསྲེས་ནས་བཤད་ཚེ། ཁྱིམ་མཚེས་གོང་འོག་གཉིས་ཀའི་སེམས་ལ་གནོད་ཞེ་སྡང་ལངས་ནས་འཁོན། གྲི་ཕྱུང་མདུང་བཟུང་ནས་ནང་འཆོར་དགོང་འཆོར་བྱས་ཚེ། འགའ་རེ་འོང་ནས་བཟུང་མ་ཐུབ་ཚེ། འདི་གཉིས་ཀྱི་གཅིག་གིས་གཅིག་གསོད་ཉེན་འདུག་པས་ཁྱིམ་མཚེས་ཅན་པོ་མ་རེད། སྦྲ་གུར་ཅན་ཞིག་ཡིན་ན་གཅིག་ཚང་ལ་རུ་ཁོལ་ཟེར། སྦྲ་རུལ་ཚོའི་མཆུ་བསྡམས་ནས་སོང་ཚེ། ཤུལ་ན་གཅིག་པོ་དེ་ནག་ཙོག་གེ་འདུག །འགའ་རེས་དེ་ཁ་གཉིས་དང་པོ་ཚོ་ཅིག་བཟང་། ད་ཅི་བྱུང་ཟེར། འགའ་རེས་ཁ་ཞིག་ཕར་རྩོད་ཚུར་རྩོད་བྱས། དེ་གཉིས་ཀའི་བར་ལ་རྡོ་བཞག་
ཡག་ཡིན་ཟེར། ཁ་བཤད་མི་དེ་ལ་འགའ་རེས་ཁྱོད་ཀྱིས་ཅི་ཚོ་བཤད་ཀྱི་རེད། ཁ་རྒྱ་སྟོན་ཅིག་རོའི་མགོ་མི་འདུག་གི་ན་དཀོན་ཅོག་གསུམ། ད་ཁྱོད་ཁ་རོག་ལ་སྡོད་དང་དགའ་མོད་ཟེར། ཡང་སྡེ་བ་ཚོའི་བར་ལ་ཚིག་ངན་མང་པོ་ཁྱེར་ནས། མི་སྲོག་རྟ་སྐེ་མང་པོ་ལེན་དུ་འཇུག་པ་འདི་ཚོ་ཡིན་པས་སྤང་དགོས། མ་སྤངས་ན་སྔར་བཤད་པ་དེ་བས་ཀྱང་མང་བའི་གཤིན་རྗེའི་ཕོ་ཉས་ལྕེའི་སྟེང་དུ་ཐོང་གཤོལ་སྟོང་ཕྲག་མང་པོ་བཙུགས་ནས་ཞིང་ལྟར་ཡང་ནས་ཡང་དུ་རྨོ་ཞེས་མདོ་དྲན་པ་ཉེར་གཞག་ལས་གསུངས། ཡང་ཚིག་རྩུབ་གང་ཡིན་ཟེར་ན། གཞན་གྱི་སེམས་ལ་གནོད་པའི་ཚིག་ངན་མདའ་འདྲ་བ་མདུང་འདྲ་བ་སྨྲས་བ་དེ་ཡིན། དེ་ཇི་ལྟར་སྨྲས་ཟེར་ན། ཅུང་ཟད་ཙམ་ཞིག་ལ་ཞེ་སྡང་ལངས། ངོ་ཚོ་གནས་འགྱུར་ནས། ཚེ་ཐུང་པོ། ཁ་ཐུར་དུ་འགྲོ་རྒྱུ་པོ། ཤུལ་འཆད་རྒྱུ་ཚང་། རྗེས་ལྡོག་རྒྱུ་ཚང་ཟེར་དམོད་མོ་བྱས། གཡོག་པོ་གཡོག་མོ་ཚོ་ལ། གཡོག་ནག །ཁྱི་རྒན། ལྟོ་རྐྱལ། ངོ་ཚོ་ཅིག་འདྲ་འདྲ་བོ་ཟེར་ཁ་མིང་དང་སྣ་མིང་བཏགས། སྒོ་ཕྱུགས་ལ་བཤའ་རྒྱུ་བོ། སྟོང་ཟོག་པོ། ནད་ཀྱིས་འཆི་རྒྱུ་བོ། རྦབ་དུ་
འདྲིལ་རྒྱུ་བོ་ཟེར། བུད་མེད་ལ་བདུད་མོ་ངོ་དམར་མ་ངོ་སྐྲང་མ་ཟེར། ངོ་སྔོན་པོ་ཞིག་ཡིན་ན་སྔོ་ལུ་མ་གདོང་རྐོ་མ་ཟེར། མིག་ནང་དུ་ལིང་ཏོག་བྱུང་བ་འདྲ་ཡིན་ན། ཞར་རྐོ་མ་ཀ་ཁྱི་ཞར་མ་འདྲ་བས་བལྟ་བལྟ་བྱས། ཁྱེད་ཀྱི་ཨ་ཕ་ཨ་མའི་རོ་ལ་བལྟས་པ་ཨེ་ཡིན། ཀ་ངོ་མི་རིག་གི་ཆུག །ཁྱོད་ལ་འགྲོ་ས་ཞིག་ཡོད་ན་ད་སོང་མ་འདུག་ཟེར། ཁ་ལ་ཡོང་ཡོང་བཤད་པ་འདི་ངན། སྔོན་དགེ་སློང་ཞིག་གིས་དགེ་སློང་ཞིག་ལ་ཁྱོད་སྤྲེའུ་དང་འདྲ་འོ་ཞེས་སྨྲས་པས། སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས། དགེ་ཚུལ་ཞིག་གིས་དགེ་སློང་དགྲ་བཅོམ་པ་སྐད་མི་སྙན་པ་ཞིག་ལ་ཁྱོད་ཀྱིས་དབྱངས་འཐེན་པ་དེ་ཁྱི་ཟུག་པ་དང་འདྲའོ་སྨྲས་པས་ཁྱིའི་སྐྱེ་བ་ལྔ་བརྒྱ་བླངས་གསུངས། དམྱལ་བར་སོང་ན་གཤིན་རྗེའི་ཕོ་ཉ་རྣམས་ཀྱིས། ཁ་ནས་ལྕེ་ཕྱིར་ཕྱུང་དུ་བཅུག་གྲི་རྣོན་པོས་བཅད་ནས་སླར་ཡང་ཁ་ནང་དུ་འཇོག་ཅེས་མདོ་དྲན་པ་ཉེར་གཞག་ལས་གསུངས། དེས་ན་གཞན་གྱི་སེམས་ལ་གནོད་པའི་ཚིག་ངན་སྤུ་ཙམ་ཡང་སྨྲ་མི་རུང་། རིག་འཛིན་གང་ཤར་རང་གྲོལ་གྱིས། གཏམ་འཇམ་པོས་སྨྲས་པ་མ་གཏོགས་པ། །ངོ་གནག་ཅིང་
ཚིག་རྩུབ་སྨྲས་པ་སོགས། །དུག་བཞིན་དུ་སྤང་བ་གནད་དུ་ཆེ། །གསུངས། ཡང་ངག་འཁྱལ་གང་ཡིན་ཟེར་ན། རྒན་གཞོན་སུ་ཡིན་ཡང་། ཉི་ཕུག་དང་གོ་ཁ་སོགས་ནས་དྲོས་ཚེ། ཁ་སོས་དལ་བཞག་ན། ཕུའི་ཤ་བ། མདོའི་དགོ་བ། མིའི་བཟང་ངན། ཆུའི་བསྐ་སླ། ཡ་ཀིའི་བུ་ཡི་འགྲོ་ཚུལ། མ་ཀིའི་མནའ་མའི་འདུག་ཚུལ་སོགས་དོན་མེད་ཀྱི་ལོང་གཏམ་སྣ་ཚོགས་པ་ལབ། དཔྱིད་ཀྱི་ཉི་རིང་དེ་གར་ཤོར་མི་ཤེས་པར་རྒན་རྒོན་འགའ་རེས་ཅིག་གིས་ཐག་མ་ཆོད་ནི་འདྲ་བ་ལྟར་བྱས། ཇ་ཡན་ཆད་འཁྱག་གི་བཅུག །བཤད་བཤད་ན་གཞན་གྱི་རྣ་བ་སུན། བུ་ཚ་བོས་ཇ་འཐུང་འཁྱག་ཐལ་སྨྲས་ཀྱང་རེ་རེ་འགུལ་ནས། ད་དུང་ལབ་ཚེ་ཆགས་སྡང་སོགས་ཉོན་མོངས་པ་ཐམས་ཅད་ཀྱི་འགོ་ལངས་ནས། སྐབས་ཤིག་ཚིག་རྐང་མི་འགྲིག །འཁོན་ལ་ཁད་བྱེད། གཞན་གྱི་བླ་བཙགས་ངན་གཏམ་ནས་ཁྱེད་ཚང་ལ་དེ་ཡིས་འདི་ཟེར་ངས་འདི་བཤད་ཟེར། གཅིག་གིས་ངན་པ་དེ་ཁོང་ཚང་ལ་དེ་ཟེར་ནི་ཨེ་རེད་ཟེར། དེའི་ཕྱི་ཉིན་སོང་ནས་འཁོན་འཛིང་ཚོ་བྱེད། སྐད་ཆ་མང་ན་མི་བཟང་། ཁྱད་པར་བུད་མེད་འགའ་རེས་རི་མགོ་ཆུ་
ཁ་ཚོ་ལ་སོང་ན། མགོ་ཚོ་འཕྲུག་ཞོར། ཤིག་ཚོ་འཐུ་ཞོར་ལ་དགོས་མི་དགོས་ཀྱི་སྐད་ཆ་མང་པོ་བཤད་ནས། ཅིག་རའི་མགོ་ཚོ་བསྡད་ནི་མང་། བཤད་དགོས་ཐག་ཆོད་ཀྱི་ཚིག་མ་གཏོགས། ལབ་ལོབ་མང་པོ་བཤད་མི་རུང་། ངག་འཁྱལ་ལབ་པ་རྣམས་དམྱལ་བར་སོང་ན། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་མི་དེའི་ལྕེ་ཟངས་ཞུན་རབ་ཏུ་འབར་བས་བསྲེགས། དེ་ནས་མགུལ་བ་བསྲེགས། དེ་ནས་སྙིང་། དེ་ནས་ཕོ་བ། དེ་ནས་རྒྱུ་མ་བསྲེགས་ནས་ཐུར་དུ་ཐོན་ཞེས་མདོ་དྲན་པ་ཉེར་གཞག་ལས་གསུངས། ཡང་བརྣབ་སེམས་གང་ཡིན་ཟེར་ན། གཞན་གྱི་ཇ་རས་གོས་དར་རྟ་ནོར་ལུག་གསུམ་བུ་ཆུང་མ་གཡོག་པོ་ཁང་ཞིང་གང་ཡིན་ཡང་། ཁོའི་ལག་ཏུ་འོང་ན་ཅི་མ་རུང་སྙམ་ཧེབ་རྒན་འགའ་རེས་མཚན་མོ་ཉལ་ནས། དེ་ལག་ཏུ་འོང་བའི་ཐབས་ཤིག་བྱེད་དགོས་ཏེ། ཅི་བྱས་ན་འོང་ངམ་སྙམ། ཉལ་ས་ནས་ཁ་ལོ་ཕར་འཁོར་ནས་འདང་བརྒྱབ། ཚུར་འཁོར་ནས་འདང་བརྒྱབ་ནས་ནམ་གོང་གི་བར་དུ་གཉིད་མི་འོང་། ཕྱི་ཉིན་ཐུན་ལ་བསྡད་པ་ལྟར་བྱས། ཉི་མའི་དྲོས་ཀྱི་བར་དུ་གཉིད་ལ་ཤོར་ཚེ། འགའ་རེས་
གཅིག་བོས་དུས་ཤི་དང་འདྲ། གཉིས་བོས་དུས་གཅིག་གཉིས་འགུལ། གསུམ་བོས་དུས་ཨུང་ཟེར། ཇ་འཐུང་ཞེས་བཤད་ན། སླར་ཡང་མགོ་ནང་དུ་ཁྱེར་ནས་གཉིད། དེ་མཚན་མོ་རང་འཐག་འཐག་གི་སོང་བ་མིན་འདང་ལོག་མང་པོ་བརྒྱབ་པའི་སྟབས་ཡིན། སྔོན་གྱི་ལས་འཕྲོ་ཞིག་མེད་ན་བརྒྱ་བསམས་ཀྱང་གཅིག་མི་འགྲུབ། ལས་ཤིག་ཡོད་ན་འདང་གཅིག་ཀྱང་མ་བརྒྱབ་པར་གང་འདོད་ལག་ཏུ་འོང་། རྒྱུ་ནོམ་པས་ཆོས་བཅའ་མ་ཐུབ་ན་ཕྱུག་པོ་སེར་སྣ་ཅན་གྱིས་ཚེ་འདིར་བསོག་བསྲུང་འཚོ་སྐྱོང་བྱས་མི་ཚེ་སྡུག་ཟད་ལ་གཏོང་། ཕྱི་མར་ཡི་དྭགས་སུ་སྐྱེ། དེས་ན་བརྣབ་སེམས་སྤོང་དགོས། ཡང་གནོད་སེམས་གང་ཡིན་ཟེར་ན། རང་གི་ཡིད་དུ་མི་འོང་བའི་དགྲ་ཡ་དེ་ལ་ཉིན་གཅིག་ངན་འདི་འདྲ་ཞིག་བྱས་ནས་ཆམ་ལ་ཅིག་འབེབས་ཨེ་ཐུབ་བལྟ། ཡང་གཅོད་སྔགས་རྣམས་ཀྱིས་ཁོ་བོས་མཐུ་ངན་སྔགས་འདི་འདྲ་ཞིག་བྱས་ནས། དེའི་ཤུལ་བཅད་དེ་རྒྱལ་ཁམས་ཀྱི་མིག་ལ་བསྟན་ནས་ཀ་སུ་ཞིག་གི་བྱད་རེད་སྨྲས་ན། དེ་ཁོ་བོའི་བྱད་ཡིན་པར་གོ །དེ་ཕྱིན་ཆད་ནས་བཟུང་། ཁོ་བོ་ལ་སུས་རེག་ཐུག་མི་ཕོད་པར། དེ་གཉན་པོ་
དུག་གི་སྡོང་པོ་ཞིག་ཡིན་ཟེར་བ་བྱུང་ན་ཅི་མ་རུང་། ཕྱི་མར་སོང་ན་དགྲ་ཡ་ཚང་གི་བཟའ་བ་ཆེ་ཆུང་ཐམས་ཅད་ཀྱི་ཁ་ཐུར་དུ་སོང་ནས། དམྱལ་བ་རྡོ་རྗེ་གདན་ནས་ཁ་ཡར་ལ་མ་འཁོར་ན་སྐྱིད་ལ། མི་འཁོར་བའི་སྨོན་ལམ་ཐོབ་ཟེར། འདི་ཕྱི་གང་དུ་ཡང་དེ་དག་ལ་རང་གི་གནོད་པ་ཞིག་གཏོང་ཨེ་ཐུབ་སྙམ། ཡང་ན་གཞན་གྱིས་གནོད་པ་ཞིག་བྱུང་ན་ཅི་མ་རུང་སྙམ་པ་གནོད་སེམས་ཡིན་པས་འདི་མི་རུང་། གཞན་འདི་གསོད་དོ་སྙམ་པ་ཡིད་ལ་ལན་ཅིག་ཤར་ན་ཕྱི་མར་རང་ལན་ཅིག་གསོད། བརྒྱ་སྟོང་ཤར་ན་དེ་ལྟར་གསོད། གཞན་ལ་གནོད་སྐྱེལ་སྙམ་པའི་ངན་སེམས་སྐད་ཅིག་མ་ཅི་ཙམ་སྐྱེས་པའི་གྲངས་དང་མཉམ་པའི་བསྐལ་བར་དམྱལ་བར་གནས་དགོས་ཏེ། སྤྱོད་འཇུག་ལས། ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་བར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །འདི་ལ་ཕོ་གསར་དཔའ་བོ་བྱས་ན་འདོད་པ་དང་། སྔགས་གསར་གཉན་པོ་བྱས་ན་འདོད་པ་རྣམས་ཀྱིས་ལྷག་པར་འཛེམ་དགོས། དཔེར་ན་རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་དུག་ཏུ་འགྱུར་བ་ལྟར།
བསམ་པ་ངན་ན་ལུས་ངག་གིས་ཅི་བྱས་ཐམས་ཅད་ཀྱང་མི་དགེ་བར་འགྱུར། བསམ་པ་མི་ལ་ནག་ན་སྦྱོར་བ་རང་ལ་འདུ་ཟེར་བ་ལྟར། གནོད་སེམས་འདི་ཁོག་ན་ཡོད་པའི་མི་དེ་གཞན་ཀུན་གྱིས་ཡིད་དུ་མི་འོང་ལྷ་འདྲེ་མི་གསུམ་གྱིས་སྡང་ཞིང་། རང་གི་བསོད་ནམས་འཛད་པའི་རྒྱུ་ཡང་འདི་ཡིན་ཏེ། ས་སྐྱ་པཎ་ཆེན་གྱིས། བསོད་ནམས་འཛད་ཁར་བསམ་ངན་སྐྱེ་གསུངས། དེས་ན་གནོད་སེམས་འདི་དུས་དང་རྣམ་པ་ཐམས་ཅད་དུ་གཏན་ནས་སྤོང་དགོས། ཡང་ལོག་ལྟ་གང་ཡིན་ཟེར་ན། བླ་མ་དང་ཆོས་བཟང་པོ་ལ་ངན་པར་ལྟ་བ། གྲོགས་ཀྱིས་ཕན་བཏགས་པ་ལ་གནོད་དུ་ལྟ་བ། གཞན་གྱིས་བཟང་བཤད་པ་ལ་ངན་དུ་ལྟ་བ། ལས་རྒྱུ་འབྲས་བདེན་པ་ལ་མི་བདེན་པར་ལྟ་བ་སོགས་གོ་ལོག་བྱེད་པ་འདི་ལ་ལོག་ལྟ་ཟེར། ཁྱད་པར་གསར་རྙིང་ས་སྐྱ་སོགས་ཀྱི་བླ་མ་ཆེ་ཆུང་སུ་ཡིན་ཡང་། འདི་ནི་བླ་མ་བཟང་པོ་མ་རེད། ཆོས་ལུགས་གང་ཡིན་ཡང་འདི་ཆོས་རྣམ་དག་མ་རེད་སྙམ་ལོག་པར་ལྟ་མི་རུང་། སྔོན་ལེགས་སྐར་དང་ལྷས་སྦྱིན་གཉིས་ཀྱིས་སངས་རྒྱས་ཀྱིས་ཅི་མཛད་ཐམས་ཅད་ལ་ལོག་ལྟ་བྱས་པས། ཕྱིས་ས་གས་ནས་ཚེ་དེར་
གཉིས་ཀ་དམྱལ་བ་མནར་མེད་དུ་ལྷུང་། ཡང་སྔོན་གཏེར་སྟོན་ཞིག་ལ་གྲྭ་བ་ཞིག་གིས་གསང་སྔགས་ཀྱི་ཆོས་ཞུས། གསུང་ཚེ་གྲྭ་བའི་བློར་མ་ཤོང་འགལ་བརྩིས་ནས། འདི་མ་རེད་དེ་མ་རེད་ཆོས་ལོག་ཅིག་རེད་སྙམ་ལོག་པར་བལྟས་པས། ཕྱིས་ས་གས་ནས་རྡོ་རྗེའི་དམྱལ་བར་ལྷུང་གསུངས། ཡང་བླ་མ་ཞིག་གིས་ཁོ་བོའི་ཆོས་ལུགས་འདི་མ་གཏོགས། གཞན་ཐམས་ཅད་ཆོས་རྣམ་དག་མ་ཡིན་ནོ་ཞེས་ལོག་ལྟ་བྱས། སྡང་སེམས་ཀྱིས་ཆོས་ལུགས་གཞན་ཐམས་ཅད་ལ་དགག་པ་མང་པོ་བཏང་བས། ཚེ་དེར་ཉིན་གཅིག་གྲྭ་བ་འགའ་ཁྲིད་ནས་གྲོང་ཆོག་ཅིག་ཏུ་སོང་ནས་ཕྱིར་འོང་བའི་ལམ་བར་ནས། བླ་མ་གནས་འགྱུར་ནས་དུག་སྦྲུལ་འདོམ་པ་གང་ཙམ་ཡོད་པ་ཞིག་ཏུ་གྱུར་ནས་ནགས་ཤིག་ཡོད་པ་དེ་རུ་སོང་སྐད། དེས་ན་ལོག་ལྟ་འདི་རྣམ་སྨིན་ཤིན་ཏུ་ཆེ་བས། བླ་མ་དང་ཆོས་ལུགས་གང་ལའང་ལོག་ལྟ་མི་བྱེད་པ་གལ་ཆེ། ཡང་ཁྱེད་ཁྱིམ་པ་འགའ་རེས། ཁོ་བོས་བླ་མ་རྣམས་ཀྱིས་ཆོས་བྱས་ན་ཚེ་འདི་ཕྱི་གཉིས་ཀ་ལ་བདེ་སྐྱིད་འབྱུང་གསུང་བ་ལ་ཉན་ནས། ཐར་མདོ་ཚོ་བླངས། ཨ་མཆོད་ཚོ་
བཞག །ཆོས་འདི་འདྲ་ཞིག་བཏོན། ལོ་རེ་བཞིན་དུ་མཆོད་སྦྱིན་ཡང་འདི་འདྲ་བྱས། འོ་ད་མི་ཤེས། ན་ཚ་གོད་ཁ་ཞིག་གིས་མི་འཇོག་གི །རིགས་རྒྱུད་རེ་ཨེ་འོང་སྙམ་ན། བུ་མི་དགོས་བུ་མོ་ཞིག་ཀྱང་དཀའ་འདུག་ཟེར། ཆོས་ལ་ཞེན་པ་ལོག །ཨ་མེ་ལས་ཅན་ཅིག་ཚང་གི་ཆོས་ཕར་ཞོག །གཞན་ལ་གླེང་འཐེན་རྫུན་གཏམ་མགོ་བསྐོར་ཇག་རྐུན་ལ་སོང་རི་དྭགས་བསད་ཀྱང་ཇེ་བཟང་ཇེ་ལེགས་སུ་སོང་། གཅོད་སྔགས་འགའ་རེས་དམོས་ཀྱང་། སྐུ་རིམ་བྱས་པ་ཞིག་དང་འདྲ་སྟེ། བུ་དང་ཚ་བོ་འཛོམ། རྒྱུ་ནོམ་པ་འཛོམ། དེའི་སྐྱིད་ཅིག་མེད་ཟེར་ཡིད་སྨོན་བྱེད་པ་དེ། ཆོས་ཧ་མ་གོ་བས་སྐྱེ་བོ་མི་ནག་པའི་གླེན་གཏམ་ཡིན། ཆོས་བྱས་ན་མི་འདོད་པ་འོང་བ་དེ། ཆོས་གནད་དུ་སོང་བའི་རྟགས་ཡིན། དཔེར་ན་དུག་རོ་རྙིང་པ་ཞིག་ཁོག་ན་ཡོད་པ་དེ་ལ་སྨན་བཟང་པོ་བཏང་ན་སྐབས་དེར་ན་ཟུག་ཆེན་པོ་བྱུང་ནས། ཁར་སྐྱུགས་པའམ། མདོ་རུ་བུད་ནས་ཕྱིས་བདེ་ཆམ་མེ་འགྲོ་བ་བཞིན། དམྱལ་བར་སྐྱེ་བའི་རྒྱུ་ལས་ནག་པོ་མི་དགེ་བ་སྔར་བྱས་ཚད་ཆོས་བྱས་པའི་མཐུས། མགོ་བོ་ན་བ་ཙམ་གྱིས་བྱང་ཞིང་དག་ནས། ཚེ་མཇུག་འདིའམ་
ཕྱི་མར་བདེ་ཞིང་སྐྱིད་པའི་སྔ་ལྟས་བཟང་པོ་བྱུང་བ་ཡིན་པས་འགྱོད་མི་རུང་། དེ་ལ་ནག་པོ་མཐའ་ཟད་ཟེར་བས་ཤིན་ཏུ་བཟང་། སྡིག་པ་བྱས་པ་འགའ་རེ་ཇེ་བཟང་ཇེ་ལེགས་སུ་འགྲོ་བ་དེ། མར་མེ་འཆི་ཁར་ཇེ་གསལ་དུ་སོང་ནས་ནག་ཚུབས་སེ་འགྲོ་བ་བཞིན། མི་དེའི་ཚེ་སྔོན་ལས་དཀར་པོ་གང་བྱས་ཟད་ནས། ཚེ་མཇུག་གམ་ཤི་མ་ཐག་ཏུ་སྡུག་བསྔལ་གྱི་འགོ་འཛིན་པའི་སྔ་ལྟས་ངན་པ་པོ་སླེབ་པ་ཡིན་པས་སྨོན་མི་རུང་། དེ་ལ་དཀར་པོ་མཐའ་ཟད་ཟེར་བས་ཤིན་ཏུ་ངན། སྔོན་སངས་རྒྱས་ཀྱི་དུས་སྡིག་ཅན་གཅིག་གི་ཁྱིམ་དུ་རིན་པོ་ཆེའི་ཆར་བབ་ཚེ། བླུན་པོ་འགའ་རེས་ངེད་རང་ཚོས་ཆོས་བྱས་ན་རིན་པོ་ཆེའི་ཆར་འབབ་པ་ཕར་ཞོག །མི་འདོད་པ་ཆར་ལྟར་འབབ། འདིས་སྡིག་པ་བྱས་པར་རིན་པོ་ཆེའི་ཆར་བབ་པ་ངོ་མཚར་ཆེ་ལས་ཅན་པོ་ཟེར། ཆོས་ཤེས་པ་རྣམས་ཀྱིས་ལས་ངན་ཚང་ལྟས་ངན་བྱུང་མ་བཟང་། ད་བྲོས་ན་དགའ་ཟེར། དེའི་ཕྱིར་ཉིན་སའི་ཆར་བབས། དེ་ནས་རྡོའི་ཆར་བབས་ཁྱིམ་ཚང་དེ་ས་རྡོའི་འོག་ཏུ་ཤོར་གསུངས། ཚེ་འདིར་དེ་ལྟར་སྨིན་པ་ཡང་ཡོད། མ་སྨིན་ཀྱང་ཕྱི་མར་སོང་ན་
དམྱལ་བར་ལྷུང་ནས་ཚ་གྲང་གི་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས་པ་དེ་མ་ཤེས་པའི་སྟབས་ཀྱིས། དེང་སང་འདི་འདྲ་ཟེར་བ་མང་། ཡང་རྒན་རྒོན་འགའ་རེ་ཡུན་རིང་ན་ནས་འཆི་ཁར་ནད་གཅོད་ཀྱི་སྡུག་བསྔལ་ཆེ་ཚེ། ཨ་ཧོ་ཁོས་ཆོས་འདི་འདྲ་བྱས་མ་ཎི་དམིགས་བརྩེ་མ་སོགས་འདི་འདྲ་བཏོན་ན། ད་ཁོའི་ཉིན་རེའི་སྡུག་བསྔལ་འདིས་ཕར་མི་འཆི། ཚུར་མི་གསོན་པས། བླ་མ་དཀོན་མཆོག་ཐུགས་རྗེ་ཆེ་ཟེར་བ་དེ་ད་ཁོ་བོའི་ཐད་དུ་ཆུང་འགྲོ་བ་འདི་བཙོག་ཨང་། ཁོའི་ལས་འདི་ངན་ཨང་། ཁོའི་སྟེང་ན་མི་འདག་རྒྱུ་ངན་པ་ཞིག་ཡོད་གི་ཨུ་ཤུ་ཨ་མེ་གཞན་ཞིག་གིས་སྡིག་པ་འདི་འདྲ་བྱས་ཀྱང་ལས་ཅན་པོ་དེའི་སེམས་བཟང་བ་ཨེ་ཡིན། བདེ་ཅོག་གེ་ཤི་བུད་སོང་ཟེར། དད་ལོག་བྱེད་པ་འདི་མི་རུང་། དེ་དཔེར་ན་ཉེས་པ་ཆུང་ངུ་ཞིག་བྱས་པའི་མི་ལ་ཝང་ཨ་འབན་སོགས་ཀྱིས་ཁྲིམས་མང་པོ་བརྒྱབ་ནས་སྲོག་གི་ཆད་པ་མེད་པར་བཏང་གཏོང་བ་བཞིན་དུ། སྔར་བྱས་ཀྱི་སྡིག་པ་ཅུང་ཟད་ཡོད་པ་རྣམས་བླ་མ་དཀོན་མཆོག་གི་བྱིན་རླབས་ཀྱིས་འཆི་ཁར་ན་ཟུག་ཆེ་བ་དེས་དག་ནས། ཕྱི་མར་མཐོ་རིས་ཐར་བའི་གནས་སུ་སྐྱེ་བ་ཡིན་པས་
བཟང་། སྡིག་ཅན་འགའ་རེ་འཆི་ཁར་ནད་གཅོད་ཆུང་བ་དེ། དཔེར་ན་མི་བསད་རྟ་དེད་མང་པོ་བྱས་པའི་རྐུན་མ་ཇག་པ་རྒྱ་ཡིས་བཟུང་ནས་ཁྲིད་འགྲོ་དུས། མི་བརྡུང་བར་བོང་བུ་སོགས་ལ་བསྐྱོན་གོན་པ་བསྐོན་ཟས་བྱིན་ནས་ཁྲིད་དེ་བཙོན་ཁང་དུ་སླེབ་ཚེ། ཀུན་ཚོགས་ནས་ཁྲིམས་ཆེན་པོ་བརྒྱབ། ཤ་ཁམ་རེ་བཅད་དེ་ཁ་ནང་དུ་བཞག །ཁྲག་ཧུབ་རེ་བླུད། གློ་སྙིང་ཕྱིར་ཕྱུང་ནས་ངན་གསོད་བྱེད་པ་ལྟར། སྡིག་ཅན་འགའ་རེ་འཆི་ཁར་བདེ་མོ་བྱས་ཤི་འགྲོ་བ་དེ་སེམས་དཀར་བ་ཡང་མིན། དེའི་སྡུག་བསྔལ་ཐམས་ཅད་ཕྱི་ན་ཡོད། ཕྱི་མར་དམྱལ་ཁམས་བཅོ་བརྒྱད་དུ་སྐྱེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་བསྐལ་པ་མང་པོའི་བར་དུ་མྱོང་དགོས། དེ་ལ་སྨོན་རྒྱུ་སྤུ་ཙམ་མེད། བླ་མ་རྣམས་ཀྱིས་ཆོས་གསུང་བ་དེ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གསུང་ངེད་རང་ཚོ་ལ་བཤད་པ་ཡིན། སངས་རྒྱས་ཀྱི་གསུང་ལ་རྫུན་མེད་བདེན་སྙམ་དུ་ཡིད་ཆེས་བསྐྱེད་ནས། ལོག་ལྟ་མི་བྱེད་པ་འདི་ཤིན་ཏུ་གལ་ཆེ། འོ་ད་ངས་ཁྱེད་རྣམས་ལ་མི་དགེ་བ་བྱས་ན་ཉེས་དམིགས་ཆེ་ཚུལ་ལ་ངེས་ཤེས་ལྷག་པར་སྐྱེ་བའི་ཕྱིར།
སྔོན་བྱུང་གི་གཏམ་རྒྱུད་འགའ་བཤད། སྔོན་རྒྱལ་པོ་ཆོས་ཀྱིས་འཕགས་པ་ཞེས་བྱ་བས་ཉེས་ཅན་གྱི་མི་ཞིག་ལ་ཁྲིམས་བཅད་ནས་བསད་པས། རྒྱལ་པོ་ཚེའི་དུས་བྱས་ནས། རྒྱ་མཚོའི་ནང་དུ་ཆུ་སྲིན་ལུས་དཔག་ཚད་བདུན་བརྒྱ་ཡོད་པ་ཞིག་ཏུ་སྐྱེས། དེ་ནས་ཆུ་སྲིན་དེ་ཤི་ནས་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་མྱངས། སྔོན་རྒྱལ་པོའི་བློན་པོ་དཔའ་བོ་ཞིག་གང་ལ་མི་འཛེམ་པར་མཚོན་ཁར་རྒྱུགས་ནས། ཕར་མི་མང་པོ་ལ་བརྒྱབས་ནས་རྨས་པ་དང་བསད་པས། ཤི་མ་ཐག་ཏུ་དམྱལ་བར་སྐྱེས་ནས་མཚོན་རྣོན་པོ་རལ་གྲི་མདའ་མདུང་སོགས་བཙུགས་ཡོད་པའི་ཁར་བརྒྱུགས་ཚེ། མཚོན་ཆས་ལུས་ཕུག་ཤ་བཅད་ཀྱང་། ཡང་སྔར་བཞིན་དུ་བརྒྱུགས་ནས་སྡུག་བསྔལ་མྱངས། དེ་ནས་ཚེ་འཕོས་ཏེ་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་ཡུན་རིང་བར་དུ་མྱངས། སྔོན་མི་ཞིག་གིས་རི་དྭགས་མང་པོ་བསད་པས་ཤི་ནས་དམྱལ་བར་ལྷུང་ཚེ། མི་ལུས་གཅན་གཟན་དང་རི་དྭགས་སོགས་ཀྱི་མགོ་ཅན་མང་པོས་ལ་ལུང་དུ་དེད་ནས། ཕྱོགས་ཕྱོགས་ནས་དུག་མདའ་མར་སྣེ་མེ་ལྕེ་འབར་བ་མང་པོ་འཕངས་ཏེ་གཡས་ནས་བརྒྱབ་གཡོན་
ནས་ཕུད། དེས་གཡོན་ནས་བརྒྱབ་གཡས། མགོ་ནས་བརྒྱབ་མཇུག །མཇུག་ནས་བརྒྱབ་མགོ་ནས་ཕུད་ནས་སྡུག་བསྔལ་མྱངས། དེ་ནས་ཚེ་འཕོས་ནས་དམྱལ་བ་ཆེན་པོར་སྐྱེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་ཡུན་རིང་མྱངས། སྔོན་ཉ་བ་ལྔ་བརྒྱས་ཉ་རྒྱའི་ནང་དུ་ཉ་ཆེན་པོ་གཉིས་ཟིན་ནས། ཉ་བ་ལྔ་བརྒྱས་འཐེན་ཀྱང་ཆུས་འཁྱེར་བར་ཉེ་བ་ན། རྩྭ་ཐུན་ཤིང་ཐུན་གྲོང་གི་མི་དང་བཅས་མི་བདུན་ཁྲི་བདུན་སྟོང་གིས་འཐེན་གྲོགས་བྱས་ནས་ཚུར་སྐམ་ལ་ཕྱུང་སྟེ། ཤིང་སྡོང་ཆེན་པོ་ཞིག་ལ་བཏགས་གསོན་པོར་སྟེང་ནས་ཤ་བཅད་པས། ཉ་གཉིས་ཀྱིས་བཟོད་གླགས་མེད་པའི་སྡུག་བསྔལ་ཆེན་པོ་མྱང་ཚེ། ངེད་གཉིས་ཀྱིས་མི་འདི་རྣམས་གསོན་པོར་མཚོན་གྱིས་གསོད་ཐུབ་ན་ཅི་མ་རུང་སྙམ་དུ་སེམས། ཤི་ནས་ཉ་དེ་གཉིས་རྒྱལ་པོ་འཕགས་སྐྱེས་པོ་དང་། བློན་པོ་མ་ལ་གནོད་ཅེས་བྱ་བར་སྐྱེས། དེ་དུས་ཀྱི་མི་བདུན་ཁྲི་བདུན་སྟོང་པོ་ཤཱཀྱའི་མི་རུ་སྐྱེས་ནས་ཡོད་པས། རྒྱལ་བློན་གཉིས་ཀྱིས་དམག་དྲངས་ཏེ་མི་བདུན་ཁྲི་བདུན་སྟོང་བོའི་མགོ་གསོན་པོར་མཚོན་གྱིས་བཅད་ནས་བསད། དེ་དུས་ཀྱི་ཉ་བ་ལྔ་བརྒྱ་
བོ་ཁྱེའུ་ལྔ་བརྒྱར་སྐྱེས་ཡོད་པས། གསོན་པོར་ལྕགས་ཀྱི་ཤལ་མས་བཤལ་ནས་བསད། དེ་ནས་རྒྱལ་པོ་འཕགས་སྐྱེས་ཀྱིས་མི་ཞིག་བཏང་ནས། བཅོམ་ལྡན་འདས་ཀྱིས་ཅི་གསུང་ལྟོས་ལ་ཤོག་གསུངས་ནས་སོང་ཚེ། བཅོམ་ལྡན་འདས་ཀྱིས་འཁོར་དགེ་སློང་རྣམས་ལ་རྒྱལ་པོ་འཕགས་སྐྱེས་པོ་དང་བློན་པོ་མ་ལ་གནོད་གཉིས་འཁོར་བཅས་ཀྱིས། ཤཱཀྱའི་བདེན་པ་མཐོང་བའི་མི་བདུན་ཁྲི་བདུན་སྟོང་བསད་པའི་ལས་ཀྱིས་ཞག་བདུན་འདས་པ་ན། གསོན་པོར་མེས་ཚིག་ནས་ཚེའི་དུས་བྱས་ཏེ། དམྱལ་བ་མནར་མེད་དུ་ལྷུང་ནས། བསྐལ་པ་བདུན་ཁྲི་བདུན་སྟོང་གི་བར་དུ་གནས་པར་འགྱུར་ཞེས་གསུངས་སྨྲས་པས། འཕགས་སྐྱེས་པོ་འཁོར་བཅས་ཀྱིས་ཕོ་བྲང་ནས་མེ་མི་འབུད་པའི་ཁྲིམས་བྱས། ཞག་བདུན་གྱི་བར་དུ་ཆུའི་ཁང་པར་ཞུགས་ནས་བསྡད་དེ། ཞག་བདུན་འདས་པའི་ནངས་པར་རྒྱལ་པོ་ཕོ་བྲང་དུ་ལོག་པ་ན། བཙུན་མོའི་མགོ་རྒྱན་གྱི་མེ་ཤེལ་ལ་ཉི་ཟེར་ཕོག་པས། རས་བལ་ལ་མེ་འབར་ཏེ་སླར་ཕོ་བྲང་ལ་མེ་མཆེད་ནས་འཕགས་སྐྱེས་པོ་འཁོར་བཅས་གསོན་པོར་མེས་ཚིག་ནས། དམྱལ་བ་མནར་མེད་དུ་ལྷུང་གསུངས། སྔོན་ཙ་
ནག་ཀྱི་ཞེས་པ་ཞིག་གིས་ལྷའི་གསལ་སྣང་དང་ང་རྒྱལ་མཐར་ཕྱིན་པ་དེས་གཤིན་རྗེ་གཤེད་དངོས་སུ་གྲུབ་ཀྱང་། རྐྱེན་ཅུང་ཟད་ལ་ཁྲོས་ནས་མི་ཞིག་མཐུ་བྱས་ནས་བསད། དེ་ནས་ཚེ་འཕོས་ཏེ་དམྱལ་བ་མནར་མེད་དུ་སྐྱེས། དེ་ནས་ཀླུ་གདུག་པ་ཅན་ཞིག་ཏུ་སྐྱེས། དེ་ནས་ཡི་དྭགས་མཐུ་བོ་ཆེ་ཞིག་ཏུ་སྐྱེས་པར་འཇམ་དཔལ་རྩ་རྒྱུད་ལས་གསུངས། ཡང་སྔོན་མི་སུམ་ཅུ་སོ་གཉིས་ཀྱིས་གླང་གཅིག་རྐུས་ནས་བསད་པས། ཚེ་རབས་མང་པོར་མི་དེ་དག་གཞན་གྱིས་དུས་གཅིག་ལ་བསད་ཅིང་། སངས་རྒྱས་འཇིག་རྟེན་དུ་བྱོན་བའི་དུས། གླང་དེ་རྒྱལ་པོ་གསལ་རྒྱལ་དུ་གྱུར། མི་སུམ་ཅུ་སོ་གཉིས་པོ་ལྷ་མཚམས་མའི་བུར་གྱུར་ནས། རྒྱལ་པོས་དུས་གཅིག་ཏུ་བསད། ལྷ་མཚམས་མ་སྔོན་མི་དེ་དག་གིས་གླང་གསོད་པའི་ཚེ། རྒན་མོ་ཞིག་ཏུ་གྱུར་ནས་རྗེས་སུ་ཡི་རང་བྱས་ཤ་ཡང་མཉམ་དུ་ཟོས་པས། ཚེ་རབས་ཐམས་ཅད་དུ་དེ་དག་གི་མར་གྱུར་ནས། བུ་དེ་དག་བསད་པའི་སྡུག་བསྔལ་གྱིས་གདུངས། སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། མི་གཅིག་གིས་དགེ་འདུན་གྱི་འཚོ་བའི་ནང་ནས་ཨ་མྲའི་འབྲས་བུ་
བཅུ་གསུམ་ལོངས་སྤྱད་པ་དང་། དགེ་སློང་གཅིག་གི་ལག་ནས་བུ་ལོན་བླངས་པའི་སྐྱིན་པ་མ་འཇལ་བས། ཉི་ཚེ་བའི་དམྱལ་བར་སྐྱེས། དེ་ནས་དམྱལ་བ་ཆེན་པོར་སྐྱེས། དེ་ནས་ཀླུ་ཞིག་ཏུ་སྐྱེས་ནས་ལུས་སྲིན་བུས་གང་ཞིང་རྣག་ཁྲག་འཛག །སྔར་གྱི་བུ་ལོན་བདག་པོ་དེ་ཡང་ཀླུ་དེའི་མཆན་ཁུང་དུ་སྲིན་བུར་སྐྱེས་ནས་ཤ་ཟོས་ཁྲག་འཐུང་། སྔོན་སངས་རྒྱས་རྣམ་གཟིགས་ཀྱི་དུས་སུ་བུད་མེད་གཅིག་གིས། དགེ་འདུན་གྱི་གཙུག་ལག་ཁང་དུ། དགེ་འདུན་གྱི་མལ་ཆའི་སྟེང་དུ་རབ་བྱུང་མང་པོ་དང་ཉལ་བོ་བྱས་པས། ངན་སོང་དུ་སྐྱེས། བསྐལ་བ་འཇིག་པ་ན་ཞིང་གཞན་གྱི་ངན་སོང་དུ་ཚེ་འཕོས། དེར་བསྐལ་བ་འཇིག་པའི་དུས་སུ། འཇིག་རྟེན་འདིས་ཀླུ་མོ་ལོང་བ་ལུས་རུལ་ཅིང་རྣག་ཁྲག་འོང་བ་སྦྲང་བུ་སྲིན་འབུས་ཟ་བ་ཞིག་ཏུ་སྐྱེས། དགྲ་བཅོམ་པ་གྲགས་པས་སྔོན་གཞན་གྱི་བུད་མེད་ལ་ཆགས་སེམས་ཀྱིས་རེག་ཅིང་འཁྲིག་ཚིག་སྨྲས་པས་དམྱལ་བར་སྐྱེས། ཕྱིས་མི་ལུས་ཐོབ་ཀྱང་སྐྱེ་བ་ལྔ་བརྒྱར་ལག་གཡས་སྐམ་པ་དང་། སྲིད་པ་ཐ་མའི་ཚེ་ཡང་ལག་པ་གཡས་མི་བདེ་བར་གྱུར། ཁྱིམ་བདག་དབང་པོ་མེད་པས། སྔོན་ནོར་ཁྱེར་
བ་མི་དྲན་ནོ་ཞེས་རྫུན་གཅིག་སྨྲས་པས་དམྱལ་བར་སྐྱེས། ཕྱིས་མི་ལུས་ཐོབ་ཀྱང་སྐྱེ་བ་ལྔ་བརྒྱར་མིག་རྣ་བ་ལྕེ་མེད་པར་གྱུར། ཡང་སྔོན་སངས་རྒྱས་འོད་སྲུང་གི་དུས་དགེ་སློང་རྣམས་ཀྱིས། དགེ་བསྙེན་མང་པོའི་འཚོ་བ་བསླངས་པས། དགེ་བསྙེན་དེ་དག་གིས་དགེ་སློང་འདི་རྣམས་ཀྱིས་ཡི་དྭགས་བཞིན་རྟག་ཏུ་ལག་པ་བཟེད་པར་བྱེད་ཅེས་སྨྲས་པས། ཆུ་བོ་གངྒཱའི་འགྲམ་དུ་ཚེ་རབས་ལྔ་བརྒྱར་ཡི་དྭགས་སུ་སྐྱེས། ཚེམ་བུ་མཁན་གྱིས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རང་གི་ཕུ་བོ་ཕྱིར་མི་འོང་བ་ཐོབ་པ་ལ། འཕྱེ་བོ་ཞེས་ཚིག་རྩུབ་སྨྲས་པས། ཚེ་རབས་མང་པོར་འཕྱེ་བོར་གྱུར། དགྲ་བཅོམ་པ་ཨུ་ཏྲ་མཐའ་ཡས་ཀྱིས་སྔོན་རང་སངས་རྒྱས་ཤིག་དུག་མདས་བསད་པའི་རྣམ་སྨིན་ལྷག་མ་ཙམ་གྱིས་རལ་གྲིས་སྐེ་བཅད་དེ་གྲོངས། ཡང་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་མ་ཞིག་གིས། དགེ་སློང་མ་མང་པོ་ལ་བ་གླང་རྫི་མོ་ཞེས་སྨྲས་པས། ཚེ་རབས་མང་པོར་བ་གླང་རྫིར་གྱུར། བུ་མོ་གསེར་མདོག་གིས། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རབ་ཏུ་བྱུང་བ།
རིགས་གཟུགས་ལང་ཚོ་སོགས་ཀྱིས་རྒྱགས་པའི་སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ། གཟུགས་བྱད་མི་སྡུག་པ་རིགས་ངན་སོགས་ཀྱི་ཚིག་རྩུབ་སྨྲས་པས། གང་དུ་སྐྱེས་ཀྱང་གཟུགས་བྱད་དང་རིགས་ངན་ཞིང་། མི་སྡུག་པའི་རྣམ་གྲངས་བཅོ་བརྒྱད་དང་ལྡན་པ་བྱུང་། བྱང་ཆུབ་སེམས་དཔའ་སྣང་བ་བསམ་གྱིས་མི་ཁྱབ་པས། སྔོན་སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་བཞི་མཆོད་དེ་ཚངས་པར་སྤྱད་ཀྱང་། བྱང་སེམས་ལྷ་བཟང་ལ་ནལ་བུ་ཁྱོད་ལ་ཡོན་ཏན་ཅང་མེད་ཅེས་སྨྲས་པས། བསྐལ་བ་དགུ་བཅུར་ནལ་བུར་སྐྱེས། བཙས་མ་ཐག་ཏུ་མ་ཡིས་བོར་ནས་རྒྱུན་དུ་ཁྱི་སྤྱང་ཀི་སོགས་ཀྱིས་ཟོས། སྔོན་སྤྲང་པོ་གཅིག་གིས་དགེ་འདུན་འདི་རྣམས་ཀྱི་སྐེ་འཁོར་ལོས་བཅད་པར་བྱ་བ་ཞིག་ན་ཞེས་ཁྲོས་ཏེ་སྨྲས་པས། རིང་པོར་མི་ཐོགས་པར་ལམ་གྱི་འགྲམ་དུ་ཉལ་སར་ཤིང་རྟའི་འཁོར་ལོས་མགོ་བོ་བཅད། རབ་འབྱོར་གྱིས་སྔོན་དགེ་སློང་རྣམས་ལ་སྦྲུལ་གདུག་པ་ཞེས་སྨྲས་པས་ཀླུར་སྐྱེས། བུ་མོ་རྡོ་རྗེ་མས་སྔོན་རང་སངས་རྒྱས་ཤིག་ལ་བྱད་གཟུགས་མི་སྡུག་པ་མགོའི་སྐྲ་རྟ་རྔོག་འདྲ་བ་པགས་པ་རྩུབ་པ་འདི་མི་ལེགས་ཞེས་
ཚིག་ངན་སྨྲས་པས། ཚེ་རབས་མང་པོར་མདོག་མི་སྡུག་པར་གྱུར་ཅིང་། ཕྱིས་རྒྱལ་པོ་གསལ་རྒྱལ་གྱི་སྲས་མོར་སྐྱེས་ཀྱང་། མདོག་ཤིན་ཏུ་མི་སྡུག་པས་རྟག་ཏུ་མུན་ཁང་དུ་གནས་དགོས་པ་བྱུང་། སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། དགེ་སློང་སྡེ་སྣོད་འཛིན་པ་ཞིག་ང་རྒྱལ་གྱིས་ཁེངས་ནས། གཞན་དག་ལ་གནག་རྫི་ཡིན་ཞེས་སྨྲས་པས། སྐྱེ་བ་ལྔ་བརྒྱར་གནག་རྫི་བྱེད་པར་གྱུར། ཡང་སངས་རྒྱས་འོད་སྲུང་གི་བསྟན་པ་ལ། དགེ་སློང་བསམ་གཏན་བསྒོམ་པ་གཅིག་གིས་དགེ་སློང་གཞན་གྱིས་ཁ་ཏོན་བྱེད་པ་ལ་དགེ་སློང་འདི་རྣམས་ཀྱིས་མཚན་མོ་སྦལ་པ་ལྟར་སྐད་འབྱིན་ཏོ་སྨྲས་པས། སྐྱེ་བ་ལྔ་བརྒྱར་སྦལ་བར་སྐྱེས། ཡང་དགེ་སློང་ཞིག་སངས་རྒྱས་ལ་མ་རངས་ནས་ཤིང་གི་ཡལ་ག་ཞིག་བཅད་པས། ཕྱིས་མགོ་ལ་ཤིང་སྡོང་ཆེན་པོ་སྐྱེས་པའི་ཀླུ་ཞིག་ཏུ་གྱུར་ནས། སངས་རྒྱས་འོད་སྲུང་གི་དུས་ནས་བཟུང་རྒྱལ་བ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་པའི་བར་དུ་སྡུག་བསྔལ་མྱངས། ད་དུང་ཡང་མྱོང་དགོས་ཞེས་སངས་རྒྱས་ཀྱིས་གསུངས། ལྷས་བྱིན་གྱིས་མདོ་སྡེ་མང་པོ་ཁ་ཏོན་ཤེས་ཀྱང་།
ཉེས་པ་བྱས་ཏེ་ཚུལ་ཁྲིམས་ཉམས་པས་མཚམས་མེད་པའི་སེམས་ཅན་དམྱལ་བར་སྐྱེས། རྒྱལ་པོ་ཞིག་གིས་མགྲོན་པོ་སྐོམ་པས་གདུངས་པ་འགའ་ལ་བུར་ཆང་བླུད་པས། དམྱལ་བ་ངུ་འབོད་ཆེན་པོར་སྐྱེས་ཞེས་དྲན་པ་ཉེར་གཞག་ལས་གསུངས། ལྷའི་བུ་བསྙེན་གནས་ཀྱིས་སྔོན་བསྙེན་གནས་བླངས་པ་ལས། ཕྱི་དྲོ་ཟས་ཟོས་པས་ཚུལ་ཁྲིམས་ཉམས་པས་ཀླུར་སྐྱེས་ཏེ། ཉིན་གཅིག་བཞིན་བྱེ་ཚན་གྱི་ཆར་བབས་ཏེ་རུས་པ་ཙམ་ལུས་པར་བྱེད་པའི་སྡུག་བསྔལ་མྱངས་གསུངས། ཡང་སྔོན་སངས་རྒྱས་གཙུག་ཏོར་ཅན་གྱི་དུས། རྒྱལ་པོ་མེ་ཏོག་བྲལ་གྱིས་གཙུག་ལག་ཁང་ཡོ་བྱད་དང་ལྡན་པ་ཞིག་དགེ་འདུན་ལ་ཕུལ་བ། ཕྱིས་རྒྱལ་བུ་གཙུག་ལག་ཁང་དེར་གནས་ནས་གཞན་སྡོད་དུ་མ་བཅུག་པས། བསྐལ་པ་སུམ་ཅུ་རྩ་གཅིག་གི་བར་དུ་དམྱལ་བ་སོགས་ངན་སོང་དུ་སྐྱེས། དེ་ནས་ཀླུ་སྨན་པདྨའི་གདོང་ཞེས་བྱ་བར་གྱུར་ལུས་གང་གིས་རེག་ཀྱང་མེ་འབར་ནས་སྡུག་བསྔལ་མྱངས། ཡང་དགེ་སློང་ཞིག་གིས། ཚེ་འདི་ཉིད་ལ་འཕགས་པ་ཐོབ་པར་ཡོད་པ་ལ་སྒོག་པ་ཞིག་ཟོས་པས། ཚེ་རབས་དུ་མར་མི་འཐོབ་པར་བྱས་ཞེས་འདུལ་བ་ལུང་
ལས་གསུངས། ཡང་སངས་རྒྱས་འཁོར་བ་འཇིག་གི་དུས་སུ། ཆོས་སྨྲ་བ་ཞིག་གིས། རྒྱུ་ནོམ་ཅི་རྙེད་ཀྱང་འཁོར་རྣམས་ལ་མ་བྱིན་པར་རང་གཅིག་པུས་ལོངས་སྤྱད། དགེ་སློང་ཆོས་བྱེད་གཞན་ལ་མི་སྙན་པ་སྨྲས་པས། ངན་སོང་དུ་ལྷུང་ནས་སྡུག་བསྔལ་དུ་མ་མྱངས། ཕྱིས་སངས་རྒྱས་ཤཱཀྱའི་རྒྱལ་པོ་བྱོན་དུས་ཀླུ་ལོང་བ་ཞིག་ཏུ་གྱུར། སློབ་མ་རྣམས་ཀྱང་སྦལ་བ་དང་སྲིན་བུར་སྐྱེས་ནས་ལུས་ལ་ཟོས། ཡང་སྔོན་བཅོམ་ལྡན་འདས་རྣམ་གཟིགས་ཀྱི་དུས་སུ། དགེ་འདུན་པ་ལ་རིན་པོ་ཆེ་ཞིག་ཡོད་པ་ཞལ་ཏ་བ་ལ་བཅོལ་ནས། ཕྱིས་དགེ་འདུན་པས་བླངས་པ་ན། ཁྱེད་ཚོས་སྐྱག་པ་ཟའམ། རིན་པོ་ཆེ་དེ་ངའི་ཡིན་ཞེས་སྨྲས་པས། བསྐལ་བ་དགུ་བཅུ་རྩ་གཉིས་ཀྱི་བར་དུ་དམྱལ་བ་མནར་མེད་དུ་སྐྱེས། སངས་རྒྱས་འཇིག་རྟེན་དུ་བྱོན་དུས། རྒྱལ་པོའི་ཁབ་ན་མི་ཐམས་ཅད་ཀྱིས་གཤང་གཅི་འདོར་བའི་ཆུའི་ལྟེང་ཀ་ཞིག་ཡོད་པ་དེར་སྲིན་འབུ་ཆེན་པོ་སྦྲུལ་འདྲ་བ་ཞིག་ཏུ་སྐྱེས་ནས་སྡུག་བསྔལ་མྱངས། ཡང་འཁོར་བ་པས། སྔོན་མཁན་པོ་དུས་སྟོན་ལ་འབྱོན་པར་ལན་གསུམ་བསྐུལ་ཡང་མ་བྱོན་པས། ཁྱོད་ཚེ་
རབས་ལྔ་བརྒྱར་གསོན་པོར་ཁྱིམ་ནས་མ་ཕྱུང་ཞིག་ཅེས་ཚིག་ངན་སྨྲས་པས། མའི་མངལ་ཁོ་གནས་ཤིའོ། ཡང་ལག་པ་ཅན་ཞེས་བྱ་བ། སྔོན་དགེ་སློང་ཞིག་སྦྱིན་བདག་རྣམས་ཀྱིས་འབོད་པའི་ཕྱི་ལ་འགྲོ་བ་ལས། ལན་ཅིག་དེ་མ་རྙེད་པས་གཞན་ཞིག་ཁྲིད་པ་ལ། དེ་ཁྲོས་ནས་དེང་ཕྱིན་ཆད་ཁྱོད་ཀྱི་ཕྱི་ལ་སོང་ནས་ལྷུང་བཟེད་ལག་ཏུ་བཟུང་བཀྲུས་ན། བདག་གི་ལག་པ་གཉིས་མེད་པར་གྱུར་ཅིག་ཅེས་སྨྲས་པས། ལག་པ་གཉིས་མེད་པར་གྱུར། འཕགས་པ་ལྡེ་གུས་གསོས་ཀྱིས། སྔོན་ཝ་ར་ཎ་སིར་རང་གི་མས་སྦྱིན་པ་བྱེད་པ་ལ་མ་བྱེད་ཅེས་བཀག་ཀྱང་། མ་ཁོགས་པས་ཁང་བའི་ཕུགས་སུ་བཅུག་སྒོ་བཅད། མས་ཟས་བསླངས་པས་ཐལ་བ་ཟོ་ཞེས་སྨྲས་ནས། ཞག་དྲུག་ལ་ཟས་མ་བྱིན་པར་མུ་གེས་བསད་པས། བསྐལ་བར་དམྱལ་བ་མནར་མེད་དུ་སྐྱེས། ཕྱིས་མཉན་ཡོད་ཀྱི་བྲམ་ཟེ་ཕྱུག་པོ་ཞིག་གི་བུ་གཟུགས་མི་མཛེས་པ་ཞིག་ཏུ་སྐྱེས། སྐྱེས་མ་ཐག་ནས་མའི་འོ་མ་སྐམ་ནས། མ་མ་གཞན་གཅིག་གཉིས་བཙལ་ཀྱང་སྐམ་སྟེ་ལྡེ་གུས་གསོས། ཆེར་ལོན་པ་ན་ཟས་མ་རྙེད་པས་རབ་བྱུང་བྱས་འབད་པས་དགྲ་བཅོམ་པ་
ཐོབ་ཀྱང་། ཟས་ཅུང་ཟད་ཙམ་ཡང་མ་རྙེད་པར་ཞག་དྲུག་ཟས་ཆད། ཞག་བདུན་པ་ལ་ཐལ་བ་ཆུ་དང་སྦྱར་བ་གསོལ་ནས་མྱ་ངན་ལས་འདས་སོ། །ཡང་འཕགས་པ་མོའུ་འགལ་གྱི་བུས། སྔོན་རང་གི་མ་ལ་ཁྲོས་ཏེ། འདིའི་རྐང་ལག་འདམ་བུ་ལྟར་འཇོམས་པ་ལ་འགལ་བ་མེད་དམ། ཞེས་སྨྲས་པས། ཚེ་རབས་མང་པོར་སྡིག་བསྔལ་དུ་མ་མྱངས། མཐར་དགྲ་བཅོམ་པར་གྱུར་དུས་མུ་སྟེགས་ཀུན་ཏུ་རྒྱུ་རྣམས་ཀྱིས། སྐུ་ལུས་འདམ་བུ་ལྟར་བཅོམ། སྔོན་བུད་མེད་གཅིག་བག་མར་ལེན་པ་མ་རྙེད་པ་ལ། ལན་ཅིག་ནང་ནས་ཕྱག་དར་དོར་བས་རང་སངས་རྒྱས་ཤིག་ཕྱི་ན་ཡོད་པའི་དབུ་ལ་ཕོག །དེ་བུད་མེད་དེས་མང་པོ་མཐོང་ནས་འཛུམ་ཤོར། དེའི་རྣམ་སྨིན་གྱིས་ཀ་ཏ་ཡ་ན་དགྲ་བཅོམ་པ་ཐོབ་ནས་ཀྱང་། སྐྱེ་བོའི་ཚོགས་མང་པོས་ས་རྡོའི་ཆར་ཆེན་པོ་ཕབ་སྟེ་མནན་ནས་མི་མཐོང་བར་བྱས། ལེགས་འོངས་ཀྱིས་སྔོན་རང་སངས་རྒྱས་ཤིག་ལ་མུ་ཏོ་བ་ཁ་དོག་ངན་པ་འདི་ཞེས་ཕྱག་དར་ཕུང་བོའི་སྟེང་དུ་བསྒྱེལ། ཕྱིས་འགྱོད་དེ་བཤགས་པ་བྱས་སྨོན་ལམ་བཏབ་མོད་ཀྱང་བསྐལ་པར་དམྱལ་བར་སྐྱེས།
དེ་ནས་ཚེ་རབས་ལྔ་བརྒྱར་མི་དབུལ་བོར་གྱུར། སྲིད་པ་མཐའ་མའི་ཚེ་ཡང་སྤྲང་པོར་གྱུར་ཏེ། སྤྲང་པོ་མང་པོས་ཕྱག་དར་ཁྲོད་དུ་བསྒྱེལ་ནས་བརྡུང་། ཆོས་སྨྲ་བ་ཆོས་ཞེས་པ་གཅིག་གིས་ང་འདི་ཁོ་ན་ཡིན་གྱི། གཞན་མིན་ནོ་ཞེས་ཆོས་སྨྲ་བ་གཅིག་ལ་སྨད་པས། བསྐལ་བ་བདུན་ཅུར་དམྱལ་བར་སྐྱེས། ཚེ་དགུ་ཁྲིར་མི་དབུལ་བོ་ལྕེ་མེད་པར་གྱུར། རྒྱལ་པོ་གཅིག་གིས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ཕྱིར། ཞག་བདུན་བུད་མེད་ལྔ་བརྒྱས་གླུ་གར་རོལ་མོ་བྱས་པ་ལ། ཁྱེའུ་བཅུས། ཆོས་སྨྲས་པའི་བྱང་ཆུབ་སེམས་དཔའ་དེ་ལ་བུད་མེད་ཀྱི་བསྐུར་པ་བཏབ་པས་ལོ་དགུ་ཁྲིར་དམྱལ་བར་སྐྱེས། ཚེ་རབས་ལྔ་བརྒྱར་ཟ་མ་དང་ཀླ་ཀློ་དང་ལོག་ལྟ་ཅན་དུ་སྐྱེས། ཚེ་རབས་དྲུག་བརྒྱར་དམུས་ལོང་དང་ལྕེ་མེད་པར་གྱུར། ཡང་སྔོན་མི་འགའ་ཞིག་གིས། གཙུག་ལག་ཁང་གི་རྩིག་པ་དང་ཀ་བ་ལ་སྣབས་ལུད་འཕངས་པས། རྩིག་པ་དང་ཀ་བ་ལྟ་བུའི་དམྱལ་བར་སྐྱེས། དགེ་འདུན་གྱི་ཤིང་དང་ལོ་མ་དང་ཐག་པ་དང་ཕྱགས་མ་རྣམས་བརྐུས་པས་ཤིང་ལྟ་བུ་སོགས་ཀྱི་དམྱལ་བར་སྐྱེས། དགེ་འདུན་གྱི་ལོངས་སྤྱོད་ཀྱི་དུས་ཕྱི་ལ་བསྣུར་བས་རྐེད་པ་
སྐུད་པ་སྦྲེལ་བ་ལྟ་བུའི་དམྱལ་བར་སྐྱེས། ཡང་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་དགེ་སློང་ལྔ་བརྒྱ་བསླབ་པའི་གཞི་ཕྲ་མོ་རྣམས་དང་བྲལ་བས། ཆུ་བོ་གངྒཱའི་ངང་པ་དང་ཉ་དང་རུས་སྦལ་དུ་སྐྱེས། ཡང་རབ་བྱུང་མང་པོས་བསླབ་པའི་གཞི་ཕྲ་མོ་རྣམས་ལ་གུས་པར་མ་བྱས་པས། ཞིང་རྨོ་བའི་དུད་འགྲོར་སྐྱེས། སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་དུས། རིགས་གཟུགས་འབྱོར་བ་ཆེ་བའི་ཁྱིམ་བདག་ཅིག་གི་ཆུང་མས་བུད་མེད་དབུལ་མོ་ཞིག་ལ་བརྙས་སྨོད་བྱས་ཚིག་ངན་སྨྲས་པས། ཚེ་རབས་ལྔ་བརྒྱའི་བར་དུ་དབུལ་ཕོངས་འཚོ་བ་སློང་མོ་ལ་ལྟོས་པའི་རིགས་སུ་སྐྱེས། སྔོན་ཤེད་བུ་སེར་སྐྱས། སློབ་པ་དང་མི་སློབ་པའི་དགེ་འདུན་རྣམས་ལ་གླང་པོའི་མགོ་ཅན་ཁྱོད་ཀྱིས་ཆོས་སམ་ཆོས་མ་ཡིན་པ་ཅི་ཤེས་ཞེས་པ་ལ་སོགས་པ་ངན་སྨྲས་མི་འདྲ་བ་བཅོ་བརྒྱད་བྱས་པས། མགོ་བརྙན་མི་འདྲ་བ་བཅོ་བརྒྱད་ཡོད་པའི་ཆུ་སྲིན་ཉའི་རིགས་སུ་སྐྱེས་ཏེ། སྟོན་པ་འོད་སྲུང་གི་དུས་ནས་ཤཱཀྱའི་རྒྱལ་པོའི་བར་དུ་དུད་འགྲོར་བསྡད་པར་གསུངས། སྔོན་མཉན་ཡོད་ཀྱི་དགེ་བསྙེན་མ་གཅིག་གིས་དད་པས་
ཚུལ་ཁྲིམས་རྣམ་པར་དག་པའི་དགེ་སློང་ཞིག་ལ་ཟླ་བ་གསུམ་གྱི་བར་དུ་མཆོད་པ་འབུལ་ཞེས་སྤྱན་དྲངས། ལོགས་ཤིག་གི་གནས་ཁང་དུ་བཞུགས་སུ་བཅུག་ནས། བཟའ་བཏུང་རོ་བརྒྱ་བ་དྲི་བཟང་དང་ལྡན་པ་སྣ་ཚོགས་སྦྱར་ཏེ། བྲན་མོ་ཞིག་ཡོད་པ་དེ་ལ་འདྲེན་དུ་བཅུག་པས། བྲན་མོས་ལམ་ནས་ཞིམ་པོ་རྣམས་ཟོས་ནས་ལྷག་མ་དགེ་འདུན་པ་ལ་ཕུལ་བས། བྲན་མོ་ཟོ་མདོག་ཇེ་བཟང་དུ་སོང་ཚེ། དགེ་བསྙེན་མ་ཡིད་མ་ཆེས་ནས། བྲན་མོ་ཁྱོད་ཀྱིས་དགེ་སློང་ལ་ཕུལ་བའི་ཟས་ཕུད་མ་ཟོས་སམ་ཞེས་དྲིས་པས། བྲན་མོས་བདག་གིས་མ་ཟོས། ཟོས་ན་བདག་ཕྱི་མར་གང་དུ་སྐྱེས་ཀྱང་རང་གི་ཤ་ལ་ཟ་བར་ཤོག་ཅིག་སྨྲས་པས། ཤི་ནས་དམྱལ་བར་སྐྱེས་ནས་རང་ཤ་རང་གིས་ཟོས། དེ་ནས་ཚེ་འཕོས་ནས་དམྱལ་བ་ཆེན་པོར་སྐྱེས་སྡུག་བསྔལ་དཔག་མེད་མྱངས། སྔོན་མི་གཅིག་གིས་དགེ་འདུན་པ་བུད་མེད་ཡིན་ཞེས་ངན་སྨྲས་བྱས་པས། ཚེ་དེར་ཕོ་མཚན་གནས་འགྱུར་ནས་མོ་མཚན་དུ་གྱུར། ཤི་ནས་སྐྱེ་བ་ལྔ་བརྒྱར་བུད་མེད་ཀྱི་ལུས་བླངས། སྔོན་བྲམ་ཟེ་བདེ་བྱེད་ཅེས་བྱ་བས་གཞན་ལས་བླངས་པའི་ལ་ཕུག་འགའ་ཞིག་མའི་
ལག་ཏུ་བཞག་ནས་ཆུ་ཀླུང་གི་ངོགས་སུ་ཁྲུས་བྱེད་དུ་སོང་སྟེ། ཕྱིར་འོངས་ནས་མ་ལ་ངའི་ལ་ཕུག་ཚུར་བྱིན་ཞེས་སྨྲས་པས། མས་ཁྱོད་ཀྱི་ལ་ཕུག་རབ་བྱུང་བསོད་སྙོམས་པ་ཞིག་ལ་བྱིན་སྨྲས་པས། བྲམ་ཟེ་ལྟོགས་ནས། བདག་གི་ལ་ཕུག་ཟ་བའི་རབ་བྱུང་དེ་མ་ཞུ་བའི་ནད་ཀྱིས་འཆི་བར་ཤོག་ཅིག་ཅེས་ཚིག་ངན་སྨྲས་པས། ཚེ་རབས་བརྒྱ་ཕྲག་མང་པོ་ལ་ལ་ཕུག་མ་ཞུ་ནས་ཤི། ཕྱིས་རྒྱལ་པོ་གསལ་རྒྱལ་དུ་གྱུར་ཀྱང་ལ་ཕུག་རྙིང་བ་ཟོས་ནས་མ་ཞུ་བར་འཆི་བའི་དུས་བྱས་གསུངས། སྔོན་གཅིག་གིས་དགེ་སློང་ཞིག་ལ་ཁྱོད་ནག་ཁུང་དེར་ལོ་དྲུག་ཅུའི་བར་དུ་སྡོད་ཅིག་བྱས་པས། ཚེ་རབས་ལྔ་བརྒྱར་མངལ་དུ་ལོ་དྲུག་ཅུ་རེ་བསྡད་ནས་སྐྱེ་དགོས་པ་བྱུང་། སྔོན་མོའུ་འགལ་གྱི་བུ་རིགས་དྲུག་གི་གནས་སུ་གཤེགས་ཤིང་རྒྱུ་བའི་ཚེ། རྒྱ་མཚོའི་འགྲམ་ན་ཡི་དྭགས་ལུས་ཆེ་བ་རོ་སྟོད་གཉིས་ཅན་ཞིག་འདུག །དེ་གཅན་གཟན་ལྕགས་ཀྱི་མཆེ་བ་ཅན་མང་པོས་དེད་ནས་ལུས་ཀྱི་ཤ་བཅད་དེ་ཟོས་ཚེ་སླར་ཡང་སྐྱེས། མི་མང་པོས་དེད་ནས་མཚོན་གྱིས་རོ་སྟོད་གཅིག་བཅད་ན་གཅིག་སྐྱེས་གཅིག་བཅད་ཚེ་ཡང་
གཅིག་པོ་སྐྱེས་པས། དེའི་སྡུག་བསྔལ་མ་བཟོད་པར་སྐད་ངན་བཏོན་ནས་བྲོས་ཀྱང་། དེ་དག་གིས་ཕྱི་དེད་ནས་འགྲོ་བ་ཞིག་མཐོང་བས། དེ་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ། དགེ་འདུན་པའི་དབྱར་གྱི་རྙེད་པ་ལ་བཅད་ནས་དགུན་གནས་པ་ལ་ཕུལ། དགུན་གྱི་རྙེད་པ་ལ་བཅད་ནས་དབྱར་གནས་པ་ལ་ཕུལ། གཉིས་ཀ་ལ་བཅད་ནས་རང་གིས་ལོངས་སྤྱད། ཁ་ཅིག་གཞན་ལ་བྱིན་པའི་ལས་སོ་གསུངས། སྔོན་གྲོ་བཞིན་སྐྱེས་རྒྱ་མཚོར་ནོར་བུ་ལེན་དུ་འགྲོ་དུས། མ་ངུས་ཏེ་བུ་ཁྱོད་ཁོ་མོ་དང་ནམ་ཞིག་འཕྲད་པ་ལ་ཟེར་ཚེ། མ་འདིས་བདག་འགྲོ་ཁར་བཀྲ་མི་ཤིས་པ་སྨྲའོ་བསམ་ཚིག་རྩུབ་མོ་སྨྲས་པས། མས་བུ་ལ་ཁྱོད་ཀྱིས་བཤགས་པ་གྱིས་ཤིག་ཟེར་རོ། །དེར་མ་ལ་བཟོད་པར་གསོལ་ཏེ་གྲོ་བཞིན་སྐྱེས་འཁོར་བཅས་རྒྱ་མཚོར་བཞུད་ནས་སོང་། ནོར་བུ་ལོན་ནས་སླར་ལོག་སྟེ་རྒྱ་མཚོའི་འགྲམ་དུ་བསྡད་པས། སྔར་མ་ལ་ཚིག་ངན་སྨྲས་པའི་ལས་ཀྱིས་ཁོ་མཚན་མོ་གཉིད་ལ་ཤོར། ཚོང་པ་གཞན་རྣམས་སྔ་བར་ལངས་ནས་འགྲོ་དུས། གྲོ་བཞིན་སྐྱེས་ཀྱང་ལངས་ནས་སྔ་ཕྱི་བར་གསུམ་ཞིག་ན་འོང་གིན་ཡོད་མོད་སྙམ་ནས་བསྐྱུར་
ཏེ་སོང་བས། ཁོ་རང་གཉིད་སད་ནས་བལྟས་པས་ཚོང་བ་ཀུན་མེད་ཚེ། སོང་སོང་ནས་ཉི་མ་ནུབ་པའི་དུས་སུ་གཞལ་མེད་ཁང་ཞིག་ཏུ་ཕྱིན་ཏེ། ནང་ན་ལྷ་མོ་གཟུགས་བཟང་བ་བཞི་དང་སྐྱེས་པ་གཟུགས་བྱད་མཛེས་པ་གཅིག་དང་ལྔ་བོ་ལྷན་ཅིག་ཏུ་གནས་ཏེ་དགའ་མགུར་སྤྱོད་པ་མཐོང་། ཟས་སྐོམ་བྱིན་ནས་ཉི་ཤར་བར་དུ་བསྡད། ཉི་མ་ཤར་ཚེ་གཞལ་མེད་ཁང་དེ་མི་སྣང་བར་ཁྱི་སྲེ་བོ་བཞིས་སྐྱེས་བུ་དེ་ཁ་སྦུབ་ཏུ་བསྒྱེལ་ཏེ་ཤ་པགས་བཅད་ནས་ཟོས། ཉི་མ་ནུབ་ཚེ་སྔར་བཞིན་གྱུར་ནས་དགའ་མགུར་སྤྱད་པས། གྲོ་བཞིན་སྐྱེས་ཀྱིས། འདི་ལྟར་གྱུར་པའི་ལས་ཅི་ཡིན་དྲིས་པས། མི་དེས་བདག་གནས་པའི་གྲོང་གི་བཤན་པར་གྱུར་བ་ན་སྲོག་བཅད་དེ་འཚོ་བའི་ཚེ། འཕགས་པ་ཀཱ་ཏྱཱ་ན་བྱོན་ནས་སྲོག་གཅོད་སྤང་དུ་བཅུག་པས། ཉིན་མོ་མ་སྤངས། མཚན་མོ་སྤངས་པའི་ལས་ཀྱིས་འདི་ལྟ་བུར་གྱུར། ཁྱེད་གནས་པའི་གྲོང་དུ་འགྲོ་ན། བདག་གི་བུ་བཤན་པ་ཞིག་ཡོད་པ་དེ་ལ་སྔར་གྱི་ལོ་རྒྱུས་དེ་ཤོད་ལ། རལ་གྲིས་བཅད་པའི་འོག་ན་གསེར་བུམ་པ་གང་ཡོད་པ་ཕྱུང་ལ། འཕགས་པ་ཀཱ་ཏྱཱ་ན་ལ་བསོད་སྙོམས་
ཕུལ། བདག་གི་མིང་ནས་བཟུང་ལ་བསྔོ་བ་གྱིས་དང་། དེས་བདག་གི་ལས་ངན་པ་བྱང་བར་འགྱུར་རོ་ཞེས་ཤོད་ཅིག་ཟེར། ཡང་དེ་ནས་སོང་བ་དང་། གཞལ་མེད་ཁང་ཞིག་ཏུ་ཉི་མ་ཤར་ནས་ཕྱིན་པས། ལྷ་མོ་གཟུགས་བཟང་བ་གཅིག་དང་སྐྱེས་པ་གཟུགས་བྱད་མཛེས་པ་གཅིག་དང་གཉིས་ཀ་ལྷན་ཅིག་ཏུ་བསྡད་ནས་དགའ་མགུར་སྤྱོད་པ་འདུག །དེར་ཟས་བྱིན་ནས་བསྡད་པས། ཉི་མ་ནུབ་ཚེ་དེ་དག་མི་སྣང་བར་སྦྲུལ་ཆེན་པོ་ཞིག་བྱུང་སྟེ། སྐྱེས་བུ་དེ་ལ་ལན་གཉིས་དཀྲིས་ནས་སྤྱི་བོ་ནས་མར་ཟོས། ཉི་མ་ཤར་བ་དང་སྔར་བཞིན་སོང་ཚེ། འདི་ལྟར་གྱུར་པ་ལས་ཅི་ཡིན་དྲིས་པས། བདག་གིས་གནས་པའི་གྲོང་གི་བྱི་བོ་བྱེད་པའི་ཚེ། འཕགས་པ་ཀཱ་ཏྱཱ་ན་བྱོན་ནས་སྡིག་པ་སྤང་དུ་བཅུག་པས། རྟག་ཏུ་སྤང་མ་ནུས་པར་མཚན་མོར་མ་སྤངས་ཉིན་མོར་སྤངས་པས་འདི་ལྟ་བུར་གྱུར། ཁྱེད་གནས་པའི་གྲོང་དུ་འགྲོ་ན་བདག་གི་བུ་མོ་ལ་ལོ་རྒྱུས་ཤོད་ལ། མེ་ཐབ་ཀྱི་འོག་ན་གསེར་བུམ་པ་གང་ཡོད་པ་དེ་ཕྱུང་ལ། འཕགས་པ་ཀཱ་ཏྱཱ་ན་ལ་བསོད་སྙོམས་ཕུལ། བདག་གི་མིང་ནས་བཟུང་ལ་བསྔོ་བ་གྱིས་དང་། བདག་གི་ལས་ངན་
པ་བྱང་བར་འགྱུར་རོ་ཞེས་ཤོད་ཅིག་ཟེར། ཡང་དེ་ནས་སོང་བ་དང་། ལྕགས་ཀྱི་གྲོང་ཁྱེར་ཞིག་ན་སྐྱེས་བུ་མདོག་ནག་པོ་བོངས་ཆེ་བ་མིག་དམར་བ་དབྱུག་པ་ཐོགས་པ་ཞིག་འདུག་པ། དེ་ལ་ཆུ་ཡོད་དམ་དྲིས་པས་ཅང་མ་སྨྲས་ཚེ། དེར་ཆུ་ཞེས་བྱ་བའི་སྒྲ་དེ། ཡི་དྭགས་ལུས་སྡོང་དུམ་མེས་ཚིག་པ་འདྲ་བ། རུས་གོང་གི་ལུས་ལ་སྤུ་དང་སྐྲས་གཡོག་པ། གསུས་པ་རི་རབ་ཙམ། རྐེད་པ་དང་རྐང་ལག་འཇག་མ་ལྟར་ཤིན་ཏུ་ཕྲ་བ་གཅིག་ལ་དེ་འདྲ་བརྒྱ་སྟོང་དུ་མས་བསྐོར་བ་གཅིག་གིས་ཐོས་ནས། གྲོ་བཞིན་སྐྱེས་སྙིང་རྗེ་ཅན་བདག་ལ་ཆུ་བླུད་ཅིག་ཟེར། བདག་གིས་ཀྱང་ཆུ་མ་རྙེད་པར་གཞན་ལ་སློང་ན་བདག་ལ་ཆུ་ག་ལ་ཡོད་སྨྲས་པས། དེ་བདེན་བདག་ཅག་གིས་ཡི་དྭགས་ཀྱི་གྲོང་ཁྱེར་འདི་ནས་ལོ་བཅུ་གཉིས་ཙམ་ལ་ཆུ་ཞེས་བྱ་བའི་མིང་ཡང་མ་གོ་ཟེར། ཁྱེད་ཅག་གིས་སྔར་ལས་ངན་ཅི་བསགས་པས་འདིར་སྐྱེས་པ་ཡིན་ཞེས་དྲིས་པས། བདག་ཅག་རྣམས་ཀྱིས་ཚེ་སྔོན་སེར་སྣ་བྱས་མཆོད་སྦྱིན་ཅུང་ཟད་ཙམ་ཡང་མ་བྱས་པའི་ལས་ཀྱིས་འདིར་སྐྱེས་སོ་ཟེར། དེ་ནས་ཡང་སོང་ཙ་ན། གཞལ་མེད་
ཁང་གཅིག་ན་བུད་མེད་གཟུགས་བྱད་མཛེས་པ་ཞིག །དར་གོས་གྱོན་ནས། རོ་བརྒྱ་ལྡན་པའི་ཟས་ཟ་བཞིན་རིན་པོ་ཆེའི་ཁྲི་རི་མོ་སྣ་ཚོགས་བཀྲ་བ་ཤིན་ཏུ་མཛེས་པ་ཞིག་གི་སྟེང་ན་བདེ་བར་འདུག །ཁྲི་དེའི་རྐང་བ་བཞི་ལ་བཞིན་མི་སྡུག་པའི་ཡི་དྭགས་བཞིས་བཏེགས་ནས་འདུག་པ་དེར་བུད་མེད་དེས་ཁོ་རང་ལ་ཟས་བྱིན་ནས། འདི་དག་གིས་ཟས་སློང་ན་མ་སྟེར་ཟེར། དེ་དག་གིས་བསླངས་ཚེ་བྱིན་པས། གཅིག་གི་ཁ་ནས་ཕུབ་མར་གྱུར། གཅིག་གི་ཁ་ནས་ལྕགས་ཀྱི་ཐུ་ལུམ་མེ་འབར་བ། གཅིག་གི་ཁ་ནས་རང་ཤ། གཅིག་གི་ཁ་ནས་རྣག་ཁྲག་ཏུ་གྱུར་ཏོ། །འདི་ལྟར་འགྲོ་བ་ཅི་ཡིན་དྲིས་པས། ཁོ་མོ་གནས་པའི་གྲོང་གི་བྲམ་ཟེ་མོར་གྱུར་པ་ན། འདི་དག་ནི་བདག་གི་ཁྱོ་དང་བུ་མནའ་མ། བྲན་མོར་གྱུར་དུས། བདག་གིས་འཕགས་པ་ཀཱ་ཏྱཱ་ན་ལ་བསོད་སྙོམས་ཕུལ་བས་མ་བཟོད་པར་འདི་བཞི་བོ་ཁྲོས་ནས། དེའི་ཁ་ནང་དུ་ཕུབ་མ། ལྕགས་ཀྱི་ཐུ་ལུམ། ཁོ་རང་གི་ཤ། རྣག་ཁྲག་རྒྱོབ་ཅེས་ཚིག་ངན་སྨྲས་པས་འདི་ལྟ་བུར་གྱུར། ཁོ་མོ་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེ་རྒྱུ་ཡིན་པ་ལ། སྨོན་ལམ་ལོག་པས་ཡི་དྭགས་མཐུ་ཆེན་མོ་
འདིར་སྐྱེས། ཁྱེད་གནས་པའི་གྲོང་དུ་འགྲོ་ན། ངའི་བུ་མོ་སྨད་ཚོང་བྱེད་པ་དེ་ལ་ལོ་རྒྱུས་ཤོད་ལ། སྔོན་གྱི་གནས་ཁང་རྙིང་བ་ན་ལྕགས་ཟངས་ཟུང་བཞི་དང་། གསེར་གྱི་མཁར་བ་དང་། རིལ་བ་སྤྱི་བླུགས་ཤིག་ཡོད་པ་ཕྱུང་ལ། འཕགས་པ་ཀཱ་ཏྱཱ་ན་ལ་བསོད་སྙོམས་ཕུལ། བདག་ཅག་གི་མིང་ནས་བཟུང་ལ་བསྔོ་བ་གྱིས་དང་། བདག་ཅག་གི་ལས་ངན་པ་ཟད་པར་འགྱུར་རོ་ཞེས་ཤོད་ཅིག་ཟེར། དེ་ལྟར་ཕྱོགས་ཕྱོགས་སུ་འཁྱམས་ནས་ལོ་བཅུ་གཉིས་སོང་། དེ་ནས་གནས་པའི་གྲོང་དུ་སྔར་གྱི་ལོ་རྒྱུས་རྣམས་རིམ་བཞིན་བཤད་ནས། རང་ཡུལ་དུ་འོང་ཕ་མ་གཉིས་ཀྱིས་སྐད་ངོ་ཤེས་ནས་ངུས་པས། སྔར་བུ་ཡི་ཕྱིར་མྱ་ངན་མང་པོ་བྱས་མིག་ནང་དུ་ལིང་ཏོག་བྱུང་ནས། ཞར་ཡོད་པ་ཕྱིར་འོང་བས་དགའ་བདེའི་གཏེར་ཁ་རྡོལ། དེ་ནས་གྲོ་བཞིན་སྐྱེས་འཕགས་པ་ཀཱ་ཏྱཱ་ནའི་དྲུང་དུ་སོང་རབ་ཏུ་བྱུང་ནས། ཕྱིར་མི་འོང་བའི་འབྲས་བུ་ཐོབ། དེ་ནས་སངས་རྒྱས་བཅོམ་ལྡན་འདས་ཀྱི་སྤྱན་སྔར་ཕྱིན་ནས་དགྲ་བཅོམ་པའི་འབྲས་བུ་ཐོབ། སྔོན་སྟོན་པ་འཁོར་བ་འཇིག་མྱ་ངན་ལས་འདས་པའི་རྗེས་སུ། རྒྱལ་པོ་
མཛེས་ལྡན་གྱིས་མཆོད་རྟེན་ཆེན་པོ་ཞིག་བྱེད་དུ་གཞུག་པ་ན། གླ་མི་ཞིག་གིས་འདི་ལྟ་བུའི་མཆོད་རྟེན་ཆེན་པོ་བྱེད་དུ་གཞུག་པར་བརྩམས་པས། ནམ་ཞིག་ཟིན་པར་འགྱུར་བ་མ་ཤེས་སོ། །ཞེས་ལན་གཉིས་སུ་འཕྱས་པ་ལ། ཕྱིས་ལེགས་པར་ཟིན་པ་ན། འགྱོད་ནས་གླ་རྔན་གྱིས་གསེར་གྱི་དྲིལ་བུ་བྱེད་དུ་བཅུག་ནས་མཆོད་རྟེན་ལ་བཏགས་པས། མདོག་ངན་ཞིང་ལུས་ཆུང་ལ་སྐད་སྙན་པ་བཟང་ལྡན་དུ་སྐྱེས་པར་གསུངས། སྔོན་རྒྱ་ནག་རི་བོ་རྩེ་ལྔ་ན་བཞུགས་པའི་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་བ་ཞིག་ལ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞལ་གཟིགས་པའི་དུས་ཞལ་ནས། སྙིགས་དུས་ཀྱི་མི་ཐམས་ཅད་ལ་དད་པ་ཆུང་དུག་ལྔ་ཆེ་བའི་དབང་གིས་མི་དགེ་བཅུ་བྱས་པའི་མཐུས་ཤི་ཚད་རེ་གཉིས་མ་གཏོགས་ཐམས་ཅད་མར་དམྱལ་བར་ལྷུང་ནས། ཡར་བླ་མ་དམ་པ་དང་འཕགས་པ་བདག་གིས་ཀྱང་འདྲེན་དཀའ་བར་འདུག །ངས་གདུལ་བྱ་བོད་གངས་ཅན་ཁྲོད་ཀྱི་སྐྱེ་བོ་ཕོ་མོ་དད་ཅན་རྣམས་ཀྱིས་ཞལ་གསུང་རྩི་ན་མཆོད་སྦྱིན་ཆེན་པོ་མ་ནུས་ཀྱང་། མི་དགེ་བཅུ་མ་བྱེད་པར་བླ་མ་དང་དཀོན་མཆོག་ལ་དད་པ་གྱིས། ཆོས་ཐམས་ཅད་ཀྱི་
སྙིང་བོ་ཡི་གེ་དྲུག་མ་ཐོན་གསུངས། མི་དགེ་ཆུང་ངུ་ཙམ་བྱས་ཀྱང་སྡུག་བསྔལ་ཆེན་པོ་མྱོང་དགོས་པས། དེས་ན་དུས་དང་རྣམ་པ་ཐམས་ཅད་དུ་མི་དགེ་བ་ཕྲ་ཞིང་ཕྲ་བ་ཡང་དུག་ལྟར་སྤོང་དགོས། སྤངས་ན་འཆི་བའི་དུས་གཤིན་རྗེའི་ཕོ་ཉ་སྟོང་འོངས་ནས། སྐེ་ལ་ཐག་པ་སྦོམ་པོ་བརྒྱ་བརྒྱབས་ནས། ངོ་ནག་པོ་བྱས་ཐུར་དུ་བརྒྱ་སྟོང་འཐེན་ཀྱང་། ངན་སོང་གསུམ་དུ་གཏན་ནས་འཁྲིད་མི་ཐུབ། ངན་སོང་གསུམ་དུ་མ་སོང་ན། མཐོ་རིས་ལྷ་མི་གཉིས་མིན་སྐྱེ་ས་གཞན་མེད། ད་ཁྱེད་རྣམས་ཀྱིས་དགེ་བ་གཞན་བྱེད་མ་ཐུབ་ཀྱང་། མི་དགེ་བཅུ་སྤངས་ན་འདི་བས་དགེ་བ་ཞིག་མེད་པས། ཕྱིན་ཆད་སྲོག་ལ་བབས་ཀྱང་མི་དགེ་བ་ཆུང་ངུ་ཙམ་ཡང་གཏན་ནས་མི་བྱེད་པ་གལ་ཆེའོ། །ངན་སོང་གསུམ་དུ་སྐྱེ་བའི་རྒྱུ་མི་དགེ་བཅུ་བྱེད་དུ་འཇུག་མཁན་དེ་རང་རྒྱུད་ཀྱི་གཏི་མུག་འདོད་ཆགས་ཞེ་སྡང་གསུམ་ཡིན་པས། དུག་གསུམ་པོ་འདི་སྤོང་དགོས། གཏི་མུག་ཆེ་བའི་མི་དེ་ལ་ཚེ་འདིར་ཡང་གཞན་གྱིས་གླེན་པ་མ་ཀི་ཟེར་བརྩི་སྒོ་མེད་བརྙས་སྨོད་མང་། མི་ཤེས་གཏི་མུག་དབང་གིས་སྲོག་གཅོད་མ་བྱིན་ལེན་རྫུན་སོགས་མི་དགེ་
བ་བྱེད་ངེས། བྱས་ན་ཕྱི་མར་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་མྱོང་། དགེ་བ་དང་མི་དགེ་བའི་རྣམ་དབྱེ་ཤེས་ནས། ཚེ་འདིར་ཡང་མི་དགེ་བ་སྤངས་ནས་དགེ་བ་བསྒྲུབས་ན་གཞན་གྱིས་མཁས་པ་ཟེར་མཆོད་བསྟོད་བཀུར་ནས་སྐྱིད་པོ་འོང་། ཚེ་ཕྱི་མར་སོང་ཡང་ཇེ་བཟང་ཇེ་མཐོར་འགྱུར། དེ་ནས་གཏི་མུག་སེལ་ཕྱིར་མཚན་ལྡན་གྱི་བླ་མ་བསྟེན་ནས་ཆོས་ཉན་དགོས། འདོད་ཆགས་ཅན་གྱི་མི་དེ་ཚེ་འདིར་ཡང་གཞན་གྱིས་མི་འདོད་ཁག་ངན་སྡུག་བསྔལ་མང་པོ་སྟེང་དུ་འོང་། འདོད་ཆགས་ཀྱི་དབང་གིས་བརྣབ་སེམས་རྫུན་མ་བྱིན་ལེན་སོགས་མི་དགེ་བ་བྱེད་ངེས། བྱས་ན་ཕྱི་མར་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། འདོད་ཆུང་ཆོག་ཤེས་ཅན་ལ་ཚེ་འདི་ཕྱི་གཉིས་ཀར་བདེ་སྐྱིད་སྙན་གསུམ་འབྱུང་། དེས་ན་འདོད་པ་གང་སྐྱེས་སྤངས་ནས་འདོད་ཆུང་ཆོག་ཤེས་བྱེད་དགོས། ཞེ་སྡང་ཅན་གྱི་མི་དེ་གཞན་གྱིས་མཐོང་ན་དུག་སྦྲུལ་མཐོང་བ་དང་འདྲ། སྦྲུལ་གྱི་ཁོག་ན་ཞེ་སྡང་ཆེ་བའི་སྟབས་ཀྱིས། མཐོང་ན་དངངས་སྐྲག་སྐྱེ། ཐག་ཉེར་བསྡད་ན་འདིས་ཅི་བྱེད་མི་ཤེས་སྙམ་ལྷག་པར་འཇིགས། རྡོ་དབྱུག་པས་
རྒྱག་ཅི་ཐུབ་བལྟ། བརྒྱབ་ན་འགའ་རེས་དེ་ཚད་ཡིན་ཟེར། སྙིང་རེ་རྗེ། སྦྲུལ་མ་ཀི་ཡར་པང་དུ་ལོངས། ཁོ་བོས་ལན་བཟང་པོ་གྱིས་ཟེར་མཁན་མེད། དེ་བཞིན་དུ་ཞེ་སྡང་ཅན་གྱི་མི་དེ་མཐོང་ན་སྐྲག་པ་སྐྱེ། མཉམ་དུ་བསྡད་ན་རྐྱེན་ཆུང་ཆུང་རེ་ལ་ཁྲོས་ནས་བྱ་བ་ཆེན་པོར་སླད་ཨེ་གཏོང་སྙམ་ན་ལྷག་པར་འཇིགས། དེ་ལ་ཀུན་གྱིས་ཁ་ལག་པ་གཉིས་ཀས་མི་འདོད་པ་སྣ་ཚོགས་བྱེད། བྱས་ན་འགའ་རེས་དེ་ཚད་རེད་ཉོས་པ་ཡིན་ཟེར། ཨ་ཁུ་དྲིན་ཅན་པོ་ཞེ་སྡང་ཆེ་ངོ་ཚོ་དམར་པོར་སོང་ཁ་འུར་ཆ་འདྲ་བ་གཡུག །ཚིག་ངན་རྡོ་ལོག་འདྲ་བ་འཕངས་ནས། གཞན་མཐོང་ཚད་ཐག་རིང་ཐུང་གཉིས་ཀའི་སྙིང་ལ་རྒྱག་པས་ཅིག་བཟང་ཁ་ཡར་ལ་ཞོག །བཟང་བོ་གྱིས་མི་ཟེར། ཁ་ངོ་མི་རིག་གི་ཆུག །དེའི་ཁ་ནང་དུ་ཐལ་ཡང་མ་རྒྱག །དེ་ཡོད་པའི་ཁྱིམ་ཚང་དེའི་སྡུག་ཨང་ཟེར། ཤེས་ཚད་ཀྱིས་དེ་རིག་ན་ཞེ་སྡང་ལངས་ལྐོག་ཏུ་ངན་སྣ་ཚོགས་གཏམ་ནས་དམོད་ཀུན་གྱིས་མིག་ནང་གི་ལིང་ཏོག་བཞིན་སོང་། རིག་ས་མཐོང་ས་མེད། དེ་ལ་བཟང་ཞིག་བཤད་པའི་མི་གཅིག་མེད། ཞེ་སྡང་གི་དབང་གིས་གཞན་
ལ་གནོད་སེམས་ཚིག་རྩུབ་བརྡེག་རྡུང་སོགས་བྱེད་ངེས། བྱས་ན་ཕྱི་མར་ངན་སོང་དུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། ཞེ་སྡང་མེད་པའི་མི་དེ་གཞན་གྱིས་མཐོང་ན་དགའ། ལམ་ཞིག་ནས་ཐུག་ཀྱང་འཚམས་འདྲི་བྱེད། ཁྱིམ་དུ་སོང་ཚེ་གདན་བཏིང་བཟའ་བཏུང་སོགས་ཅི་འདོད་སྟེར། གང་དུ་སོང་ཡང་གནོད་འཚེ་མེད། གལ་ཏེ་གཞན་གྱིས་གནོད་པ་ཞིག་བྱས་ཀྱང་། དེ་ལ་དེ་མི་འབབ་ཟེར་ཀུན་གྱིས་གནོད་སྐྱེལ་མཁན་དེ་ལ་ངན་སྨྲས། ཞེ་སྡང་མེད་པའི་མི་དེ་ལ་མི་བཟང་པོ་ལྷ་རེད་ཟེར་སྙན་པ་བརྗོད། ཕྱི་མར་གང་དུ་སྐྱེས་ཀྱང་ལྷའི་བུ་དང་བུ་མོ་བཞིན་གཟུགས་བྱད་མཛེས། དེས་ན་ཞེ་སྡང་སྤངས་ནས་རྒྱུན་ཏུ་བཟོད་པ་སྒོམ་པ་གལ་ཆེ། ཡང་ཉོན་མོངས་དུག་གསུམ་གྱི་དབང་གིས་སྔར་མི་དགེ་བཅུ་གང་བྱས་དང་། ཕྱིན་ཆད་ཀྱང་ཅུང་ཟད་ཙམ་རེ་བྱས་སོང་ན། དེ་མ་ཐག་དུག་ཆུ་ཁོལ་མ་ཁོག་ཏུ་ཤོར་བ་ལྟ་བུའི་གནོང་འགྱོད་དྲག་པོའི་སྒོས། བླ་མ་དཀོན་མཆོག་ལ་མཉེས་པའི་མཆོད་པ་ཕུལ་ཏེ། ཕྱག་འཚལ་ནས་བཤགས་པ་བྱེད་དགོས། དཔེར་ན་སྔ་དྲོ་དུག་འཐུང་ན་ཕྱི་དྲོ་སྨན་བཟང་པོས་འཚོ་བ་དང་། སྔ་དྲོ་རྐང་བ་རྡོ་
ཡིས་བཅུར་ན་ཕྱི་དྲོ་སྨན་བཏབ་ནས་གཅུད་ན་སོས་པ་དང་། སྔ་དྲོ་བུ་མང་གི་ཕ་བསད་ཀྱང་ཕྱི་དྲོ་ལག་དམར་གྱིས་རྒྱལ་པོ་ཆེན་པོར་སྐྱབས་བཙལ་ན་ཚེ་ཐར་བ་བཞིན་དུ། སྡིག་ཅན་ཡིན་ཡང་དཀོན་མཆོག་གི་དྲུང་ནས་བཤགས་པ་བྱས་ན། སྡིག་པ་འདག་སྟེ། སྔོན་སོར་འཕྲེང་གིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ་དང་། མ་སྐྱེས་དགྲས་ཡབ་གཟུགས་ཅན་སྙིང་པོ་བསད་པ་དང་། བདེ་བྱེད་ཀྱིས་མ་བསད་ཀྱང་འགྱོད་སེམས་ཀྱིས་བཤགས་པ་བྱས་པས། སྡིག་པ་དག་པའི་ལོ་རྒྱུས་རྣམས་བསམས་ནས་བཤགས་པ་བྱེད་པ་གལ་ཆེ། དཔེར་ན་རྨ་ལ་སྨན་བཏབ་ན་སོས་ཡོང་སྙམ་ནས། རྨ་ཁ་རྙིང་པའི་ནང་དུ་གྲི་སོ་མས་ཡང་ཡང་བརྒྱབ་ན་སྨན་ཇི་ལྟར་བཟང་རུང་མི་སོས་པར་འཆི་བ་བཞིན། སྡིག་པ་བཤགས་པ་བྱས་ན་འདག་ཡོང་སྙམ་ནས་ཡང་ཡང་བྱས་ན་བཤགས་པ་ཇི་ལྟར་བྱས་ཀྱང་མི་འདག །ངན་སོང་གསུམ་དུ་ལྷུང་ནས་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་དགོས། དེས་ན་ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས་མི་བྱེད་སྙམ་པའི་དམ་བཅའ་བྱེད་དགོས། འོ་དེ་ལྟར་མི་དགེ་སྤངས་
ནས་དགེ་བ་བསྒྲུབས་ན་བཟང་། དགེ་བ་བསྒྲུབས་ན་ཕན་ཡོན་ཅི་འདྲ་ཡོད་ཟེར་ན། དགེ་བའི་མཐུས་མི་ལུས་ཐོབ་ནས། ཚེ་རིང་ནད་མེད་གཟུགས་བྱད་མཛེས་མཐོན་པོའི་རིགས་སུ་སྐྱེ། སྟོབས་འབྱོར་ཆེ། འགྲོ་རྟ་ཐོག །འདུག་གདན་ཐོག །ལུས་གོས་རྒྱན། ཁ་ཇ་ཆང་ཟས་ཞིམ་མངར་དང་མི་འབྲལ། བློན་འབངས་མང་པོའི་དབུས་ན་རྒྱལ་མཚན་གྱི་ཏོག་ལྟར་མཐོ། ཆོས་དང་འཇིག་རྟེན་གང་བྱེད་ཀྱང་རང་དབང་ཡོད། བླ་མ་དམ་པ་བསྟེན་ནས་ཆོས་བྱས་ན་མྱུར་དུ་འཚང་རྒྱ། ཡང་དགེ་བའི་མཐུས་ཤར་ཕྱོགས་མངོན་དགའ་ནུབ་ཕྱོགས་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེས་ན། སྐྱེ་རྒ་ན་འཆི་འདུ་འབྲལ་བརྡེག་རྡུང་སོགས་སྡུག་བསྔལ་གྱི་མིང་ཙམ་ཡང་མེད། ས་གཞི་རིན་པོ་ཆེ་ལས་གྲུབ་པ་ལག་མཐིལ་ལྟར་མཉམ་པ་རེག་ན་འཇམ་ཞིང་བདེ་བ། དྲི་མ་མེད་ཅིང་འོད་གསལ་བ་ཙན་དན་སྦྲུལ་གྱི་སྙིང་པོའི་དྲི་བསུང་དང་ལྡན་པ། ལྷའི་མེ་ཏོག་སྣ་ཚོགས་གཅལ་དུ་བཀྲམ་པ་མཐའ་རིན་པོ་ཆེའི་ཕ་གུ་དང་བརྩིག་པ་གསེར་དངུལ་མུ་ཏིག་གི་བྱེ་མ་གྲམ་བུར་བརྡལ་བ། ཨུཏྤལ་ཀུ་མུད་ཏ་པདྨ་དཔག་བསམ་ཤིང་
གིས་བརྒྱན་པ། ཡན་ལག་བརྒྱད་ལྡན་གྱི་མཚོ་དང་རྫིང་བུ་འཁྱིལ་བའི་ཁར་ངང་བ་སོགས་བྱ་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་ཅིང་དགའ་ཞིང་འཕྱོ་ལ་ལྡིང་བ། རིན་ཆེན་སྣ་ལྔའི་ཁང་པ། དར་ཟབ་དུ་མའི་སྟན་དང་། མཆོད་པའི་ལྷ་དང་ལྷ་མོ་སོགས་འདོད་ཡོན་ལོངས་སྤྱོད་དཔག་ཏུ་མེད་པ་ཡོད། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མངར་རེག་བྱ་འཇམ་པའི་འདོད་ཡོན་ལ་སྤྱོད་བཞིན་ཞིང་དེའི་རིགས་ཀྱི་བདག་པོ་རྣམས་ཀྱི་གསང་ཆོས་ལ་ཉན་ནས་ཉམས་སུ་བླངས་ན་འཚང་རྒྱ། ཡང་དགེ་བའི་མཐུས་སངས་རྒྱས་ཀྱི་གོ་འཕང་ཐོབ་ན། སྐུ་མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། སྐུ་མཐོང་ན་མི་མཐུན་པ་མེད་ཅིང་མཐོང་བ་ཙམ་གྱིས་དོན་དང་ལྡན་པར་བྱེད་པ། གསུང་དབྱངས་ཡན་ལག་དྲུག་ཅུའི་གདངས་པི་ཝང་གླིང་བུ་ལས་བརྒྱ་སྟོང་ཁྲི་འགྱུར་གྱིས་ཆེས་ཤིན་ཏུ་སྙན་ཅིང་། རིགས་དྲུག་སེམས་ཅན་སོ་སོའི་སྐད་དུ་ཆོས་སྟོན་ནུས་པ། ཐུགས་ཀྱིས་སེམས་ཅན་གྱི་སྐྱིད་སྡུག་ལེགས་ཉེས་ཐམས་ཅད་ལག་པའི་མཐིལ་གྱི་རི་མོ་ལ་བལྟས་པ་ལྟར། སྒྲིབ་མེད་ས་ལེར་མཁྱེན་ཅིང་།
དགྲ་གཉེན་བར་མའི་སེམས་ཅན་རྣམས་ལ་ཕྱོགས་རིས་མེད་པར་མ་བཟང་མོའི་བུ་རྣམས་ལ་བྱམས་པ་ལྟར་བརྩེ་བ། སེམས་ཅན་འདུལ་བའི་དུས་ལ་བབ་པའི་ཚེ། སྐུ་ཡི་སྒོ་ནས་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་། སེམས་ཅན་མང་པོ་སྨིན་གྲོལ་གྱི་ལམ་ལ་འགོད་ཅིང་། སྡུག་བསྔལ་མྱོང་བ་མཐོང་ན་དམྱལ་བའི་མེ་དོང་ཆེན་པོ་ཡིན་ཡང་འདོད་ལྡན་པདྨའི་ཚལ་དུ་འཇུག་པ་ལྟར་ཞུགས་ནས་སྡུག་བསྔལ་སེལ་ཞིང་། བདེ་བ་མེད་པའི་སེམས་ཅན་རྣམས་ལ་ཡིད་བཞིན་གྱི་ནོར་བུ་ལྟར། ཅི་འདོད་ཀྱི་དངོས་པོ་མཐའ་དག་བྱིན་ནས་རེ་བ་སྐོང་ནུས། གང་དུ་གནས་ཀྱང་སངས་རྒྱས་ཀྱི་ཞིང་། གང་དུ་སོང་ཀྱང་བདེ་བའི་ལམ། ཅི་ཞིག་མཛད་ཀྱང་སེམས་ཅན་གྱི་འགྲོ་དོན། ཅི་ཞིག་གསུང་ཀྱང་ཟབ་རྒྱས་ཀྱི་ཆོས། མདོར་ན་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་ཡིན་པས། རང་ཉིད་སྐྱིད་པ་ཕར་ཞོག་སེམས་ཅན་ཐམས་ཅད་བདེ་སྐྱིད་ཀྱི་དཔལ་ལ་འགོད་ནུས། འོ་ན་ད་མི་ལུས་ཐོབ་པ་དང་། དག་པའི་ཞིང་དུ་སྐྱེ་བ་དང་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་གསུམ་གྱི་གང་བསྒྲུབ་དགོས། གཅིག་བསྒྲུབ་བམ། གཉིས་བསྒྲུབ། གསུམ་པོ་བསྒྲུབ་དགོས་
ཟེར་ན། གཅིག་བསྒྲུབ་ན་གཞན་གཉིས་ཤུགས་ཀྱིས་འགྲུབ་པ་ཡིན། གཅིག་པོ་དེ་གང་ཡིན་ཟེར་ན་སངས་རྒྱས་ཀྱི་གོ་འཕང་ཡིན། དཔེར་ན་དེད་དཔོན་ཞིག་གིས་གྲུ་བཏང་སྟེ་རྒྱ་མཚོའི་གླིང་དུ་སོང་ནས་གསེར་དངུལ་མ་བླངས་ཀྱང་། འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་བླངས་ན་གསེར་དངུལ་སོགས་ཅི་འདོད་ཐམས་ཅད་ནོར་བུ་ལ་གསོལ་བ་བཏབ་པ་ཙམ་གྱིས་འབྱུང་བ་བཞིན། ད་རེས་མི་ལུས་རིན་པོ་ཆེ་ཐོབ་དུས་འདིར་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར་དུ་རྣམ་དཀར་དགེ་བ་བསྒྲུབས་ན་མངོན་མཐོ་ངེས་ལེགས་ཀྱི་བདེ་སྐྱིད་ཐམས་ཅད་ཡིད་སྨོན་བྱས་པ་ཙམ་གྱིས་འབྱུང་། དེས་ན་སངས་རྒྱས་ཐུགས་རྗེ་ཅན་གྱིས་དང་པོ་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། མཐར་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན། རང་ཅག་རྣམས་སངས་རྒྱས་ཀྱི་རྗེས་འཇུག་ཡིན་པས་དེ་ལྟར་བསྒྲུབ་དགོས། འོ་ན་སེམས་བསྐྱེད་དེ་ཇི་ལྟར་བྱེད་དགོས་ཟེར་ན། བྱང་ཆུབ་ཀྱི་སེམས་དེ་བསྐྱེད་པའི་
སྔོན་དུ་བྱམས་སྙིང་རྗེ་བསྒོམ་དགོས། བྱམས་སྙིང་རྗེ་མ་བསྒོམས་པར་བྱང་ཆུབ་ཀྱི་སེམས་ལེགས་པོ་མི་འོང་། ཇོ་བོ་ཆེན་པོའི་ཞལ་ནས། བྱམས་པ་དང་སྙིང་རྗེ་སྦྱང་མི་དགོས་པའི་བྱང་ཆུབ་སེམས་དཔའ་བོད་ཀྱིས་ཤེས། ཞེས་སྐྱོན་གཏམ་གསུངས་པ་རེད། འོ་ན་ཅི་ཙུག་བྱེད་ཞུས་པས། དང་པོ་ནས་གོ་རིམ་དུ་བསླབས་ནས་བྱེད་དགོས་གསུངས། དེས་ན་འོ་སྐོལ་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མ་མཆིས་པས་ན། ས་ཕྱོགས་འདིར་མ་སྐྱེས་བྱ་བ་ཁབ་རྩེ་འཛུགས་ས་ཙམ་མེད། ལུས་འདི་མ་བླངས་བྱ་བ་གཅིག་ཀྱང་མེད་དེ། ལུས་དོར་བའི་ཤ་རུས་བསགས་རྒྱུ་ཞིག་ཡིན་ན་རི་རབ་བས་ཀྱང་དཔངས་མཐོ། ཁྲག་དང་ཆུ་སེར་བསགས་ན་རྒྱ་མཚོ་བས་ཀྱང་མང་། སེམས་ཅན་ཐམས་ཅད་ཀྱིས་རང་གི་ཕ་མ་མ་བྱས་པ་གཅིག་ཀྱང་མེད། སེམས་ཅན་རེ་རེས་ཕ་མ་བྱས་པ་གྲངས་ཀྱིས་མི་ཆོད། དེས་ན་ངེད་རང་ཚོས་སྐབས་རེར་ཕ་མ་སེམས་ཅན་ཐམས་ཅད་ཚོ་ཟེར་བའི་རྒྱུ་མཚན་དེ་ཡིན། དུད་འགྲོའི་རྟེན་ལ་ཕ་མ་བྱས་དུས་ཁོ་རང་གིས་ཐུབ་ཚོད་གྱུ་ཚོད་ཀྱིས་ཕན་བཏགས། གནོད་པ་བསལ། ཁྱད་པར་མིའི་རྟེན་ལ་ཕ་མ་བྱས་དུས་ཚེ་
འདིའི་ཕ་མས་ཇི་ལྟར་བསྐྱངས་པ་བཞིན་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན། ཁྱད་པར་མ་བྱས་དུས་ཟླ་བ་བཅུའི་བར་མངལ་དུ་བཟུང་མིག་འབྲས་བཞིན་བསྲུང་། བཙས་པའི་དུས་འཇམ་པོའི་སྟན་ལ་བཞག །བརྩེ་བས་ལག་ཏུ་བླངས། བྱམས་པའི་མིག་གིས་བལྟས། མངར་བའི་ནུ་ཞོ་བླུད། སྙན་པའི་མིང་ནས་བོས། ཤའི་དྲོད་ལ་གླན། ཟས་ལྕེ་ཡིས་སྙོད། སྣབས་ཁ་ཡིས་ཕྱིས། མི་གཙང་བ་ལག་པས་ཕྱིས། ཡར་ཆེར་སོང་ནས། འཇམ་པོའི་གོས་བསྐོན། ཞིམ་པོའི་ཟས་བྱིན། བསགས་པའི་ནོར་སྤྲད། སྡིག་སྡུག་གཏམ་ངན་གང་ལ་མ་འཛེམ་པར་ཕན་ཚད་མེད་བཏགས། གནོད་པ་ཚད་མེད་པ་ལས་བསྐྱབས་པས་ན་དྲིན་ཅན་ཤ་སྟག་ཡིན་ཞེས་སངས་རྒྱས་ཀྱིས་གསུངས། སངས་རྒྱས་ཀྱི་གསུང་ལ་རྫུན་མེད་བདེན། སྔར་ཕ་མ་བྱས་ནས་དྲིན་ཅན་ཡིན་པར་མ་ཟད། ད་དུང་ཡང་མ་འོངས་པ་རང་ཉིད་འཁོར་བར་སྐྱེས་ན་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་བྱས་ནས་དྲིན་གྱིས་སྐྱོང་བས་ན་དྲིན་ཆེ། ད་ལྟ་ཡང་རང་རེ་རྣམས་ཀྱི་ཁར་ཟ་ཚད་རྒྱབ་ཏུ་གོན་ཚད་ཐམས་ཅད་ཕ་མ་སེམས་ཅན་གྱི་དྲིན་ཡིན།
ཆོས་ཤིག་བསྒྲུབས་ན་ཡང་ཕ་མ་སེམས་ཅན་ལ་བརྟེན་ནས་བསྒྲུབ་དགོས། མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་ཙམ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་ཕ་མ་སེམས་ཅན་ལ་བརྟེན་ནས་འཐོབ་དགོས་པས་ན་དྲིན་ཆེ་སྟེ། འདས་མ་འོངས་ད་ལྟ་དུས་གསུམ་དུ་དྲིན་ཆེ་བའི་ཕ་མ་སེམས་ཅན་ཐམས་ཅད་ཡལ་བར་འདོར་ག་ལ་རུང་། དྲིན་གཟོ་བཟང་པོ་ཞིག་ཅི་ནས་ཀྱང་བྱེད་དགོས་ཏེ། དེང་སང་ཚེ་འདིར་ཟས་གོས་ཅུང་ཟད་ཀྱིས་ཕན་བཏགས་པ་དང་། དགྲའི་གནོད་པ་ལས་བསྐྱབས་པའི་མི་ཞིག་ལ་དྲིན་ཅན་ཡིན་ཞེས་སྨྲས་ནས་དྲིན་གཟོ་བྱེད་ན། ཚེ་རབས་མང་པོར་ཕན་པ་ཚད་མེད་བཏགས། གནོད་པ་ཚད་མེད་ལས་བསྐྱབས་པའི་ཕ་མ་སེམས་ཅན་དྲིན་ཅན་རྣམས་ལ་དྲིན་གཟོ་ཞིག་ཅི་ལ་མི་དགོས། ཚེ་འདིའི་ཕ་མ་གཉིས་ལ་བུ་ཡིས་རྒས་དུས་མ་བྱམས་ན་ཀུན་གྱིས་བུ་ངན་ཁྲེལ་མེད་ན་རག་ཟེར་ན། ཕ་མ་སེམས་ཅན་ཡོངས་ལ་དྲིན་གཟོ་ཞིག་མེད་ན། དེ་བས་ཁྲེལ་གཞུང་ཆུང་བ་ཞིག་གཞན་ན་མེད། དྲིན་ཅན་གྱི་ཕ་མ་སེམས་ཅན་ཐམས་ཅད་ཀྱིས་འདོད་པ་བདེ་བ་འདོད་ཀྱང་། སྒྲུབ་པ་སྡུག་བསྔལ་གྱི་རྒྱུ་བསྒྲུབས་པས་ཞེ་འདོད་
དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའི་སྟབས་ཀྱིས། སྤྱིར་འཁོར་བ་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་ཚད་མེད་པ་མྱོང་བའི་ཕ་མ་དྲིན་ཅན་འདི་རྣམས་སྙིང་རེ་རྗེ། ཕ་མ་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པ་བསྒོམ་དགོས། ངེས་པར་རང་ཉིད་བཟང་པོ་ཞིག་ཡིན་ན་ཕ་མ་སེམས་ཅན་ལ་ཕན་ཐོགས་ཤིག་བྱེད་དགོས་པས་མི་ཚད་ཕྱིས་ཕྱིས་འདྲ་ད་ནི་འདུག་པའི་ཚོད་མ་རེད། ཕ་མ་སེམས་ཅན་དམྱལ་བར་སྐྱེས་པ་རྣམས་ཀྱིས་ཉིན་རེར་སྡུག་བསྔལ་མྱོང་བ་བསམས་ན་བཟོད་གླགས་མི་འདུག །སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསལ་ནས་བདེ་བ་དང་ལྡན་པ་ཞིག་ཅི་ནས་ཀྱང་བདག་གིས་བྱ། ད་ལྟ་དེ་ལྟ་བུའི་ནུས་པ་མ་མཆིས་ཀྱང་། ད་ནི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་དུ་འཐོབ་པར་བྱ། སངས་རྒྱས་ཀྱི་གོ་འཕང་དེ་འཐོབ་པའི་ཕྱིར་དུ། རྣམ་དཀར་དགེ་བའི་ལས་རྣམས་བསྒྲུབ་པར་བྱའོ་སྙམ་པས་བྱང་ཆུབ་མཆོག་ཏུ་
སེམས་བསྐྱེད་དགོས། དེ་ལྟར་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་བསྐྱེད་ན་ཕན་ཡོན་ཅི་ཡོད་ཟེར་ན། བྱམས་པ་བསྒོམས་ན། དངོས་པོ་ཤིན་ཏུ་རྒྱ་ཆེ་བས་ཕྱག་དང་མཆོད་པའི་ཞིང་མཆོག་རྒྱལ་བ་རྣམས་ལ་དུས་རྟག་ཏུ་མཆོད་པ་བྱེད་པ་ལས་བསོད་ནམས་ཆེ་སྟེ། ཏིང་ངེ་འཛིན་རྒྱལ་པོ་ལས། བྱེ་བ་ཁྲག་ཁྲིག་དཀྲིགས་པའི་ཞིང་དག་ན། །མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་མཆོད་པས། །བྱམས་པའི་སེམས་ཀྱི་གྲངས་དང་ཆར་མི་ཕོད། །ཅེས་དང་། འཇམ་དཔལ་ཞིང་བཀོད་ལས། བྱང་ཤར་མཚམས་ན་སངས་རྒྱས་དབང་ཕྱུག་ཆེན་པོས་རྒྱལ་པོའི་འཇིག་རྟེན་གྱི་ཁམས་སྟོང་གིས་བརྒྱན་པ་ཞེས་བྱ་བ་དེ་ན། དགེ་སློང་འགོག་པ་ལ་ཞུགས་པའི་བདེ་བ་བཞིན་དུ་སེམས་ཅན་རྣམས་ཀྱང་བདེ་བ་དང་ལྡན་ནོ། །དེར་ལོ་བྱེ་བ་བརྒྱ་སྟོང་དུ་ཚངས་པར་སྤྱོད་པ་སྤྱད་པས་ནི། ཞིང་འདིར་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ། སེམས་ཅན་ཐམས་ཅད་ལ་བྱམས་པའི་སེམས་བསྐྱེད་ན་སྔ་མ་ལས་བསོད་ནམས་ཆེས་མང་དུ་བསྐྱེད་ན། ཉིན་མཚན་དུ་གནས་པ་ལྟ་ཅི་སྨོས་ཞེས་གསུངས། རིན་ཆེན་འཕྲེང་བ་
ལས། རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་དག །།ཉིན་རེ་བཞིན་དུ་སྦྱིན་པས་ཀྱང་། །བྱམས་པ་ཡུད་ཙམ་ཐང་གཅིག་གིས། །བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་མི་བྱམས་པར་འགྱུར་བ་དང་། །དེ་དག་གིས་ནི་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་མང་དང་། །དུག་དང་མཚོན་གྱི་གནོད་མེད་དང་། །འབད་པ་མེད་པར་དོན་འཐོབ་དང་། །ཚངས་པའི་འཇིག་རྟེན་སྐྱེ་འགྱུར་ཏེ། །གལ་ཏེ་གྲོལ་བར་མ་གྱུར་ཀྱང་། །བྱམས་ཆོས་ཡོན་ཏན་བརྒྱད་འཐོབ་བོ། །ཞེས་གསུངས། བྱམས་པ་ཡོད་ན་ལྷ་མིས་བྱམས་ཤིང་ངང་གིས་འདུ་བ་དང་། རྒྱལ་བས་ཀྱང་བདུད་སྡེ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད་པ། བསྲུང་བའི་མཆོག་ཏུ་ཡང་འགྱུར་རོ། །སྙིང་རྗེ་བསྒོམ་ན་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་སེལ་འདོད་བདེ་ལ་འགོད་འདོད་ཀྱི་བློ་ངང་ངམ་ཤུགས་ཀྱིས་སྐྱེ་སྟེ། དེ་སྐྱེས་ན་སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བར་འགོད་པ་ལ་རང་ཉིད་སངས་རྒྱས་ཀྱི་གོ་འཕང་ཐོབ་དགོས་པར་གོ་ནས། དེ་ཐོབ་ཐབས་ཐོས་བསམ་བསྒོམ་གསུམ་སོགས་ལ་འབད་ངེས། འབད་ན་མྱུར་དུ་ཐམས་
ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ། ཐོབ་ནས་ཀྱང་སྙིང་རྗེའི་དབང་གིས་ཞི་བར་སྐད་ཅིག་ཙམ་ཡང་མི་གནས་པར་འཁོར་བ་མ་སྟོངས་བར་དུ་སེམས་ཅན་གྱི་དོན་མཛད་པར་འགྱུར། འདི་ལ་དགོངས་ནས་ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་མཐིལ་ན་མཆིས་པ་ལགས་སོ། །ཆོས་གཅིག་པུ་གང་ཞེ་ན་འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །བཅོམ་ལྡན་འདས་སྙིང་རྗེ་ཆེན་པོས་ནི་སངས་རྒྱས་ཀྱི་ཆོས་ཐམས་ཅད་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལག་མཐིལ་ན་མཆིས་པ་ལགས་སོ། །བཅོམ་ལྡན་འདས་དཔེར་བགྱིས་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོའི་འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེར་དཔུང་གི་ཚོགས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དེ་བཞིན་དུ་བྱང་ཆུབ་སེམས་དཔའི་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར་སངས་རྒྱས་ཀྱི་ཆོས་ཐམས་ཅད་མཆིའོ། །བཅོམ་ལྡན་འདས་དཔེར་
བགྱིས་ན། སྲོག་གི་དབང་པོ་མཆིས་ན་དབང་པོ་གཞན་རྣམས་ཀྱང་མཆིས་པར་འགྱུར་རོ། །བཅོམ་ལྡན་འདས་དེ་བཞིན་དུ་སྙིང་རྗེ་ཆེན་པོ་མཆིས་ན་བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་རོ། །ཞེས་གསུངས། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་བསྐྱེད་ན། སེམས་བསྐྱེད་པ་ཙམ་གྱིས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་གྲལ་དུ་ཆུད་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱི་སྲས་སུ་འགྱུར། རྒྱལ་བའི་སྲས་པོ་ཞེས་བྱ་བའི་མིང་ཐོབ་ཅིང་འགྲོ་བ་ལྷ་དང་མི་ཐམས་ཅད་ཀྱི་ཕྱག་དང་མཆོད་པའི་གནས་སུ་འགྱུར་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་པ་ལས། སེམས་ཅན་གང་ཡང་རུང་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ཆོ་ག་ཡིད་ལ་སེམས་པ་མེད་ཀྱང་། ཚིག་ཏུ་བརྗོད་པ་ཙམ་གྱིས་སྐད་ཅིག་དེ་ཉིད་ལ་ཐེག་པ་ཆེན་པོའི་རིགས་ཀྱི་ས་བོན་རྒྱུད་ལ་ཐེབས་པར་འགྱུར་བས། དེ་མ་ཐག་ཏུ་སེམས་དཔའ་ཞེས་བྱ་བའི་གྲངས་སུ་འགྲོའོ། །གསུངས། སྤྱོད་འཇུག་ལས། དེ་རིང་སངས་རྒྱས་རིགས་སུ་སྐྱེས། །སངས་རྒྱས་སྲས་སུ་ད་གྱུར་ཏོ། །ཞེས་དང་། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་
གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་གསུངས། གཞན་ཡང་བྱང་ཆུབ་ཀྱི་སེམས་བསྐྱེད་ནས། བསོད་ནམས་ཆུང་དུ་བསགས་ཀྱང་འབྲས་བུ་མཐའ་ཡས་པ་འབྱིན་ཏེ། གཞན་ཡང་རིན་པོ་ཆེའི་ཕུང་པོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སོ་སོ་ནས་སངས་རྒྱས་ཀྱི་མཆོད་རྟེན་རི་རབ་ཙམ་བྱེད་ལ་དེ་དག་ལ་ཡང་བསྐལ་པ་བྱེ་བ་སྙེད་དུ་བསྟི་སྟང་དུ་བྱ་བ་ཐམས་ཅད་ཀྱིས་བསྟི་སྟང་བྱེད་པ་ལས། བྱང་སེམས་ཀྱི་ཐམས་ཅད་མཁྱེན་པའི་སེམས་དང་མ་བྲལ་བས་མེ་ཏོག་གཅིག་ཙམ་དོར་བ་བསོད་ནམས་མང་བར་གསུངས། ལྷ་རྣམས་ཀྱིས་དུས་རྟག་ཏུ་བསྲུང་བ་དང་། སྔགས་སོགས་བསྒྲུབ་ན་འགྲུབ་སླ་བ་དང་། དེ་ཡོད་པའི་ས་ཕྱོགས་དེར་ནད་ཡམས་མུ་གེ་འཁྲུག་རྩོད་སོགས་མི་འོང་ཞིང་། བྱུང་བ་རྣམས་ཀྱང་ཞི་བར་འགྱུར། གཞན་གྱིས་གནོད་པ་ཉུང་། གནོད་པ་བྱུང་ན་ཡང་ཡུན་རིང་དྲག་པོས་མི་འདེབས། བརྗེད་པ་དང་གནས་ངན་ལེན་ཆུང་། ཁྲོ་བ་དང་ཕྲག་དོག་ཆུང་། ངན་སོང་
གསུམ་དུ་ནམ་ཡང་མི་སྐྱེ། མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་བྱང་ཆུབ་སེམས་ཀྱི་ཕན་ཡོན་མཐའ་ཡས་ཏེ། དཔལ་གྱིས་ཞུས་པ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས། ཇོ་བོ་ཆེན་པོས་རྡོ་རྗེ་གདན་ལ་བསྐོར་བ་མཛད་ནས། ཇི་ལྟར་བྱས་ན་མྱུར་དུ་རྫོགས་པའི་བྱང་ཆུབ་འཐོབ་སྙམ་དུ་དགོངས་པ་ན། སྐུ་གཟུགས་ཆུང་བ་རྣམས་བཞེངས་ནས་ཆེ་བ་རྣམས་ལ་མྱུར་དུ་འཚང་རྒྱ་བར་འདོད་པས། གང་ལ་བསླབ་པར་བྱ་ཞེས་དྲིས་པ་ན། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །ཞེས་གསུངས། གྷན་དྷོ་ལའི་སྟེང་གི་ནམ་མཁའ་ན་བུད་མེད་རྒན་པ་ཞིག་ལ་གཞོན་པ་ཞིག་གིས་དྲིས་པ་ལའང་ལན་སྔར་ལྟར་མཛད་པ་གསན་པས། བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་ཆེ་བར་སོང་སྐད། རྗེ་བདག་ཉིད་ཆེན་པོའི་ཞལ་གྱི་བུམ་བཟང་ལས། སེམས་བསྐྱེད་ཐེག་མཆོག་ལམ་གྱི་གཞུང་ཤིང་སྟེ། །རླབས་ཆེན་སྤྱོད་པ་རྣམས་ཀྱི་གཞི་དང་རྟེན། །ཚོགས་
གཉིས་ཀུན་ལ་གསེར་འགྱུར་རྩི་ལྟ་བུ། །རབ་འབྱམས་དགེ་ཚོགས་སྡུད་པའི་བསོད་ནམས་གཏེར། །ཞེས་གསུངས། དེས་ན་བླ་མ་རྣམས་ཀྱིས་ཆོས་ཚིག་བཞི་ཞིག་གི་ལུང་བྱེད་ཀྱང་། ཐོག་མར། འོ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་མྱུར་དུ་འཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ཆོས་ཟབ་མོ་གསན་པར་བགྱིའོ་སྙམ་པའི་སྒོ་ནས་ཉོན་གསུངས་པའི་རྒྱུ་མཚན་ཡང་དེ་ཡིན། ཁྱེད་ཚོའི་རྒན་རྒོན་འགའ་རེས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་པའི་ཆེད་དུ། ཨོཾ་མ་ཎི་པདྨེ་ཧཱུྃ་ཚོ་ཟེར་བ་དེ་ཡང་ཕར་དེད་ན་ཚིག་རྩ་བ་ཅན་ཞིག་ཡིན། དེས་ན་ཁྱེད་ཚོས་དགེ་བ་གང་སྒྲུབ་ཀྱང་། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས་བྱེད་པ་འདི་ཤིན་ཏུ་གལ་ཆེ། རྒྱས་པ་མི་ཤེས་པ་རྣམས་ཀྱིས་བསྡུ་ན་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་དགེ་བ་འདི་བསྒྲུབ་པར་བྱའོ་སྙམ་པའི་སྒོ་ནས་སྒྲུབ་དགོས། འོ་དེ་ལྟར་སེམས་བསྐྱེད་བཟང་པོའི་སྒོ་ནས་དགེ་ཚོགས་ཇི་ལྟར་
སྒྲུབ་དགོས་ཟེར་ན། རང་གི་དྲིན་ཅན་རྩ་བའི་བླ་མ་སོགས་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་ཅི་ཡོད་ཀྱི་རྒྱུ་ནོམ་ཕུལ་ལ། ལུས་ངག་གི་ཞབས་ཏོག་གྱིས། ཅི་གསུང་གི་བཀའ་བཞིན་བསྒྲུབས་ལ་ཐུགས་ཅི་མཉེས་གྱིས་དང་། ཕན་ཡོན་ཆེ། ཡོན་ཏན་རིན་པོ་ཆེ་སྡུད་པ་ལས། ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཅིའི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་དང་། ཐལ་འགྱུར་ལས། སྟོན་པ་དེ་ལ་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ཡིན། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་གསུངས། སྔོན་འབྲོམ་རིན་པོ་ཆེས། ཇོ་བོ་རྗེ་ལ། སྔར་ཁོང་གིས་ཆོས་བྱས་ཚད་གང་
ལམ་དུ་སོང་ལགས་ཞེས་ཞུས་པས། ཇོ་བོའི་ཞལ་ནས། བླ་མ་སེ་བཙུན་པའི་སྐུ་གཡོག་ལོ་འགའ་བྱས་པ་དེ་ལམ་དུ་སོང་གསུངས། ཡང་བླ་མ་ལ་དད་ཅིང་གུས་པའི་སྒོ་ནས་ཆོས་ཞུས་ནས་ཉན་ན་ཕན་ཡོན་ཆེ། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཅེས་གསུངས། སྔོན་དགེ་སློང་གཉིས་ཀྱིས་ལམ་ཁ་ཞིག་ནས། ཆོས་བཤད་བྱས་པ་ཁྱི་མོ་ཞིག་གིས་ཐོས་པས། ཁྱི་མོ་ཤི་ནས་ལྷར་སྐྱེས། ཡང་འཕགས་པ་སྡུད་པ་ཞལ་འདོན་མཛད་པའི་དགེ་སློང་ཞིག་གི་གྲྭ་ཤག་ན་བྱ་ཐི་བ་ཞིག་ཡོད་པ་དེས་ཡང་ཡང་ཐོས་པས་སྒྲིབ་པ་དག །ཤི་ནས་མིར་སྐྱེས། ཆོས་སློབ་དུས་འཕགས་པ་སྡུད་པ་བསླབ་མ་དགོས་པར་བལྟས་པ་ཙམ་གྱིས་ཤེས་བློ་ལ་ཟིན་པ་བྱུང་། གསུངས། ཡང་གསེར་དངུལ་སོགས་ཀྱིས་བྲིས་པའི་ཐར་མདོ་རྡོར་གཅོད་སོགས་བླངས་ནས་ཨ་མཆོད་བཟང་པོ་བཞག་ནས་འདོན་དུ་བཅུག་ན་བཟང་། ཆོས་ཤིག་བླངས་ན་དབུ་ཁང་ན་སྐུའི་རྟེན་སངས་རྒྱས་ཀྱི་འདྲ་སྐུ། གསུང་གི་རྟེན་ཆོས་ཁོ་
རང་། ཐུགས་ཀྱི་རྟེན་མཆོད་རྟེན་ཡོད་པས་སྐུ་གསུང་ཐུགས་རྟེན་ཚང་། སངས་རྒྱས་དཀོན་མཆོག་གི་དོད་དུ་སངས་རྒྱས་ཀྱི་འདྲ་སྐུ། ཆོས་དཀོན་མཆོག་གི་དོད་དུ་ཆོས་ཁོ་རང་། དགེ་འདུན་དཀོན་མཆོག་གི་དོད་དུ་ཨ་མཆོད་ཡོད་པས། དེ་རྣམས་ལ་དཀོན་མཆོག་གསུམ་གྱི་འདུ་ཤེས་བཞག་ནས། ནང་བྱི་དོར་བྱས། ཡོན་ཆབ་མར་མེ་བདུག་སྤོས་སྒྲོན། ཨ་མཆོད་ལ་ཟས་བཟང་ཕུལ། ཇ་བཟང་དྲངས། ཕྱག་བསྐོར་བྱས། འགྲོ་ཁར་འབུལ་བ་ལེགས་པོ་ཕུལ་ན། ཨ་མཆོད་ཀྱིས། བདག་སོགས་འཁོར་བཅས་ཚེ་རབས་ཐམས་ཅད་དུ། །དཀོན་མཆོག་གསུམ་དང་ནམ་ཡང་མི་འབྲལ་ཞིང་། །དཀོན་མཆོག་གསུམ་པོ་རྒྱུན་དུ་མཆོད་པ་དང་། །དཀོན་མཆོག་གསུམ་གྱི་འཕྲིན་ལས་འཇུག་པར་ཤོག །ཅེས་ཇ་མཆོད་བཏོན་པ་ལྟར། ཚེ་རབས་ཐམས་ཅད་དུ་དཀོན་མཆོག་གསུམ་དང་མི་འབྲལ་ཞིང་དཀོན་མཆོག་གསུམ་གྱི་འཕྲིན་ལས་འཇུག་པ་ཡིན། སྔོན་སངས་རྒྱས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་དུས་ཚངས་པ་བརྒྱ་བྱིན་སོགས་དཀར་ཕྱོགས་ཀྱི་ལྷ་རྣམས་ཀྱི་གསུང་རབ་འདི་ཕྱིན་ཆད་
སུས་འདོན་ཀྱང་། དེ་དང་དེའི་མི་ཕྱུགས་འཁོར་བཅས་ལ་ཉིན་མཚན་ཀུན་ཏུ་སྲུང་སྐྱོབ་བྱེད་ཅེས་ཁས་བླངས་ཡོད་པས། ཚེ་འདིའི་བར་ཆད་སེལ་བའི་སྐུ་རིམ་ལ་ཡང་དེ་མིན་མི་དགོས། ཆོས་རེ་རེ་བཏོན་པའི་ཕན་ཡོན་བཤད་རྒྱུ་ཡིན་ན་བརྗོད་ཀྱིས་མི་ལངས། ཡང་ཨ་མཆོད་འདུག་དུས་ཞབས་ཏོག་ལེགས། འགྲོ་དུས་འབུལ་བ་ལེགས་ན། ཨ་མཆོད་ཀྱི་བསམ་པ་ལེགས། ལེགས་གསུམ་ཡིན། ཨ་མཆོད་ཡུལ་དུ་སོང་ནས། ཁྱིམ་ཚང་དེ་ལ་ཚེ་རིང་བཀྲ་ཤིས་ཟེར། གཞན་ཤེས་ཚད་ཀྱིས་དེ་ཚང་གིས་ཨ་མཆོད་དེ་ལ་འདི་འདྲ་ཞིག་བྱིན་ཟེར། ཁྱིམ་ཚང་བཟང་པོ་ཟེར་བ་དེ་རེད་ལས་ཅན་ཚང་ཟེར། འགའ་རེས་དེ་ཚང་གིས་ཕྱིན་ཆད་ཨ་མཆོད་ལ་ངེད་ཀྱི་བླ་མ་བན་དེ་འདི་ཚོའི་གཅིག་ཨེ་འཇོག་སྙམ། ཡང་བླ་རྒན་འགའ་རེས་ཁོ་གཅིག་ཨེ་འཇོག་སྙམ་ཧེབ་ལྡང་། ཕྱིན་ཆད་ཨ་མཆོད་ཅིག་དགོས་དུས་ང་འདུག་ཟེར་བ་མང་། མཚན་སྙན་གྲགས་རྒྱས། ཀུན་ལ་འདིངས་བརྩི་སྒོ་ཆེ་བས་བཟང་། ཡང་ཁྱེད་ཚོའི་ཁྱིམ་ཚང་འགའ་རེས་ཆོས་ལེབ་རེ་མི་ལེན། ཨ་མཆོད་རེ་མི་འཇོག །སྔར་ཆོས་དང་ཐང་ཀ་འདྲ་ཡོད་པའི་མདུན་
སྤོས་མར་མེ་རེ་མི་འཇོག །ཐང་ཀ་དུད་པར་བཏང་། ཆོས་ཀྱི་སྟེང་དུ་ས་རྡུལ་ཆགས་སུ་བཅུག །རང་གི་གོས་ངན་ཧྲལ་ཧྲུལ་དང་སྣོད་ཆ་ཡན་ཆད་བཞག །སྐབས་ཤིག་ཆོས་འདི་ཚོ་འོ་བརྒྱལ་ལ་གཏད་ནི་རེད། རུ་བཀལ་འགེལ་དུས་ཐེག་ཀྱང་དཀའ་འི་ཟེར། ས་ཕུག་བྲག་ཕུག་ཚོ་ལ་བསྐྱལ། བྲ་བྱི་སོགས་ཀྱིས་སྟན་བྱས་རླུང་གིས་ཁྱེར་ཆར་གྱིས་བརླན་བཅུག་སྟེ། སྔར་བས་འོ་བརྒྱལ་ཆེན་པོར་གཏད་ནས། ཕྱི་མར་ཆོས་དང་མི་འཕྲད་པའི་ལས་ངན་བསགས་པ་འདི་མི་བཟང་། ཡང་འགའ་རེས་ཨ་མཆོད་ཅིག་བཞག་ཀྱང་། ཡར་གྱི་ཕུའི་སྟན་རྡོལ་རག་གི་བར་དུ་བཞག་ནས་ཆོས་འདོན་དུ་མི་འཇུག །མར་གྱི་འགབ་དུ་བཞག་ནས་རྐང་གི་ལྷམ་རྡོལ་རག་བར་དུ་འཚོ་སྐྱོང་བྱེད་དུ་བཅུག །ཟས་བཟང་པོ་ཞིག་ཟ་ན་ཕུད་བཟའ་མི་གཉིས་ཀྱིས་ཟོས། ཟས་ལྷག་ཇ་འཕྲོ་ཨ་མཆོད་ལ་དྲངས། ཞབས་ཏོག་གཙོག་པས་འདུག་ཚུལ་མེད། ཨ་མཆོད་འགྲོ་དུས། བཟུང་ན་རང་ནོར་མི་ཉན་བཙོང་ན་གཞན་གྱིས་མི་ཉོ་བའི་རྟ་རྒན་འབྲི་རྒན་ལུག་རྒན་རེ་བྱིན་ནས། འབུལ་བ་བཙོག་པས་འགྲོ་ཚུལ་མེད་ཚེ། ཨ་མཆོད་
ཀྱི་བསམ་པ་དེ་ཡང་བཙོག །བཙོག་གསུམ་ཡིན། ཨ་མཆོད་སྔར་སྡོད་དུས་ཁོ་དེ་ཚང་ལ་འཕྲག་ཏུ་ཆུག་འཕྲོད་དུ་ཆུག །དེའི་ཁ་རྗེས་ཡར་ལ་འགྲོ་རུ་ཆུག་ཟེར་བསམ་པ་བཟང་པོ་ཞིག་ཡོད་པ་དེ་གནས་འགྱུར་ནས། ཨ་ཧོ་ཁོས་ཆོས་མང་པོ་བཏོན་དཀའ་ལས་འདི་འདྲ་མྱངས་པ་ལ། ཆོས་བཏོན་པའི་འབུལ་བ་མི་དགོས། བོང་བ་བཏུས་པའི་ཚེགས་རིན་ཙམ་ཡང་མེད་ཁི་ཟེར་བ་དེ་ཁོ་ལ་བྱུང་། བརྒྱ་བསམས་ན་གཅིག་མི་འགྲུབ་རྒྱུ་ཚང་། ངོ་མི་རིག་གི་འཇུག་རྒྱུ་ཚང་། ཁ་ཐུར་དུ་འགྲོ་རྒྱུ་ཚང་། ཕྱིན་ཆད་དེ་ཚང་ལ་མི་འགྲོ་བར་ཤོག །མ་རབས་བསེ་རག་ཟེར་ཞེ་སྡང་ལངས་ནས་ཡུལ་དུ་འགྲོ། འགའ་རེས་དེ་ཚང་གིས་ཨ་མཆོད་དེ་ལ་འབུལ་བ་ཆེར་མ་བྱིན་འདུག །དེ་འདྲ་གཞན་གྱི་གཡོག་པོར་བསྡད་ཀྱང་སྟེར་འོང་། ཁྱིམ་ཚང་དེ་འདྲའི་མ་རབས་ཡི་དྭགས་ཟེར་ངན་སྨྲས་བྱེད་མཁན་མང་། དེས་ཕྱིན་ཆད་ཨ་མཆོད་རེ་འཇོག་འདོད་ཀྱང་སྡོད་མཁན་ཡང་དཀོན་པས་དེ་འདྲ་མ་བྱེད་དང་བཟང་། ཡང་རང་གི་ཡུལ་ཕྱོགས་དང་ཡུལ་གཞན་གྱི་དགེ་འདུན་པ་མཆོག་དམན་གང་ཡིན་ཡང་། མཐོང་ན་སྔོན་ནས་བསུས། ནང་དུ་བོས།
གོང་དུ་བཞག །བཟའ་བཏུང་དྲངས། རང་གིས་གང་འཛོམ་གྱི་རྒྱུ་ནོམ་པ་ཕུལ་ན་བསོད་ནམས་ཆེ། སྔོན་བྲམ་ཟེ་བུ་མོ་ཞེས་བྱ་བས་དགེ་སློང་གཅིག་ལ་ཁབ་ཅིག་ཕུལ་བས་འཕགས་པ་ཤཱ་རིའི་བུར་གྱུར། སྐྱུ་རུ་ར་གཅིག་ཕུལ་བས་སྟོང་འཁོར་ལོས་བསྒྱུར་རྒྱལ་དང་འགྲན་པའི་ལོངས་སྤྱོད་ཅན་དུ་སྐྱེས། བུད་མེད་ཅིག་གིས་དགེ་སྦྱོང་ཞིག་ལ་ཟས་ཕུད་ཞལ་གང་དྲངས་པས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་གསུངས། ཡང་ཁྱེད་སྐྱེ་བོ་ཕོ་མོ་འགའ་རེས། བླ་རྒན་ཚོ་མཉམ་དུ་ཡུན་རིང་བསྡད་ན་སྐྱོན་མཐོང་དད་པ་ཡལ་ཁོང་ཚོ་མཉམ་སྙམ་རོགས་སུ་མཐོང་། ཡར་ལ་རྩི་བཀུར་མི་བྱེད། བླ་རྒན་རྣམས་ལ་ཁ་མིང་སྣ་མིང་བཏགས། ན་ཚ་ཤི་ཆད་རེའི་དུས་ཕན་བཏགས་པའི་དྲིན་མི་ཤེས། བླ་རྒན་གཅིག་དེ་ཧེབ་ཆེ། ཡང་དེ་ལྟོ་ཆེ། གཅིག་པོ་དེ་སེར་སྣ་ཆེ། གཞན་པ་དེའི་སྡོམ་པ་ཁྲིག་ཁྲིག་མེད། གཅིག་ཚིག་རྩུབ་ཆེ། རང་རེ་སྐྱེ་ཕོ་མོ་ཚོའི་ཐུ་རེད་ཟེར་ཁ་བཏང་། འོ་ཚོའི་ཕྱོགས་ཀྱི་སེར་མོ་འདི་ཚོའི་བྱ་བ་འདི་ཟེར་སྤྱི་བསྡུས་བྱས་སྨོད་པ་འདི་མི་རུང་། ཡང་འགའ་རེས་བླ་རྒན་འགབ་ཏུ་བཞག །ཁོ་རང་གོང་དུ་
བསྡད། རྩག་རྒན་ནང་ནས་འགུལ་འཕག་ཞོར་ལ། བླ་རྒན་ཅི་ལ་འོང་། འདི་ལ་ཅིག་བྱིན་ཚོ་ཟེར་ཟས་ལྷག་སྣ་སྣེ་རེ་བྱིན་ནས། བརྙས་སྨོད་བྱེད་པ་འདི་མི་རུང་། ལྷག་བསམ་བསྐུལ་བ་ལས། དགེ་སློང་དམན་ལ་བརྙས་པ་ཡོངས་མི་བྱ། །བསྐལ་པ་གཅིག་གིས་ཐར་པ་འཐོབ་མི་འགྱུར། །ཞེས་གསུངས། ཚེ་འདིར་ཡང་ཁྱིམ་པ་ཕོ་མོ་ལ་བསོད་ནམས་མི་སྐྱེ། བླ་རྒན་རྣམས་ཚོ་བརྒྱ་ངན་རུང་ལྷ་མིའི་རྒྱལ་པོས་ཕྱག་བྱེད་པའི་དགེ་འདུན་དཀོན་མཆོག་གི་གྲལ་ཡིན་པས་ཁྱིམ་པ་ཕོ་མོའི་སྨོད་བྱ་ག་ལ་ཡིན། སྐྱོན་རིག་ཚད་མཁྲིས་ནད་ཅན་གྱིས་དུང་དཀར་པོ་ལ་བལྟས་ན་སེར་པོར་མཐོང་བ་ལྟར་རང་གི་ལས་སྒྲིབ་ཀྱི་སྐྱོན་ཡིན། སྡིག་སྒྲིབ་ཆེ་བས་བླ་རྒན་རྣམས་ཀྱི་ཡོན་ཏན་མ་མཐོང་བ་ཡིན། བླ་རྒན་རྣམས་དང་ཁྱེད་ཚོ་འདྲ་ན། སང་འཆི་གནང་འཆི་ཟེར་བའི་ནད་པ་ཚབས་ཆེན་ཞིག་གི་སྟེང་ནས། བླ་རྒན་རྣམས་ཀྱིས་དབྱངས་བྱས་ཆོས་བཏོན་ན། དེ་མ་ཐག་ནད་སོས་འཁུན་དྭངས་ནས། ད་ནད་པ་ཁ་ཚུར་འཁོར་འདུག་ཨ་ཁུ་དྲིན་ཅན་ཚོས་ཕན་བཏགས་ཟེར་བ་མང་། ཁྱིམ་པ་རྣམས་བརྒྱ་བཟང་རུང་ཆོས་ངོ་མི་ཤེས། ནད་པའི་སྟེང་ནས་
དབུར་ཞིག་བྱས་དེར་ཁག་བཞག་ནས་ནད་པ་ཇེ་ཐུར་སོང་བ་མང་། དཔེར་ན་གསེར་མེད་པའི་མི་ཆེན་དང་། གསེར་ཡོད་པའི་མི་ཆུང་ཆུང་ཞིག་གཉིས་མི་འདྲ་བ་བཞིན། ཆོས་ངོ་མི་ཤེས་པའི་ཁྱིམ་པ་རིགས་མཐོ་བ་དང་། ཆོས་ཤེས་པའི་བླ་རྒན་སྡོམ་ལྡན་ཕར་ཞོག །སྡོམ་ཤོར་ཞིག་དང་དེ་གཉིས་མི་འདྲ་ཁྱད་ཆེ། རིན་པོ་ཆེའི་ཕུང་པོའི་མདོ་ལས། རབ་བྱུང་བབས་ནས་ཁྱིམ་པར་སོང་བ་ལ་དགེ་སློང་གཞན་གྱིས་སྨད་པ་དང་། བཅོམ་ལྡན་འདས་ཀྱིས་དགེ་སློང་དག་དེ་སྐད་མ་ཟེར་ཅིག །དད་པ་དང་མོས་པ་མང་བ་འགྱོད་པ་དང་ལྡན་པས་མི་དགའ་ན་ཁྱིམ་དུ་གནས་པ་ནི་དད་པ་ཅན་གྱི་ཆོས་ཡིན་ཏེ། འདི་དག་ནི་འདི་ནས་ཤི་འཕོས་ནས་དགའ་ལྡན་དུ་སྐྱེ་ཞིང་། ཕྱིས་ཀྱང་བྱམས་པའི་བསྟན་པ་ལ་ཉན་ཐོས་འདུས་པ་དང་པོར་ཚུད་པར་འགྱུར་རོ། །ཞེས་གསུངས། བླ་རྒན་རྣམས་ཀྱིས་གསོན་དུས་ཕན་པ་ལྟར། འཆི་དུས་ཆོས་བཏོན་ན་ཕྱི་མར་ཡང་ཕན་ངེས། འདི་ཕྱི་གཉིས་ཀ་དགོས་པས་རང་གི་ཡུལ་ཕྱོགས་ཀྱི་བླ་རྒན་རྣམས་ཚོ་སོས་དལ་བདེ་དུས་མ་བརྙས་དང་། མཁོ་བའི་དུས་ཚོད་མང་པོ་འབྱུང་།
དེས་ན་མཆོད་བསྟོད་བཀུར་ན་བཟང་། ཡང་སྤྲང་སློང་འོང་བ་ཚེ་རབས་སྔ་མའི་ཕ་མ་ཡིན་སྙིང་རྗེ་སོམས་ལ། ཟས་གོས་བྱིན་དང་ཕན་ཡོན་ཆེ། ཕྱི་མར་གང་བྱིན་དེ་ལས་བརྒྱ་སྟོང་འགྱུར་གྱིས་བསོད་ནམས་འཐོབ། མྱུར་མོ་བྱས་བྱིན་ན་རང་གི་དོན་མྱུར་མོ་བྱས་འགྲུབ། ཁྱི་བཀག་འཇིགས་པ་འོང་དུ་མ་བཅུག་ན་རང་གིས་རྒྱུ་ནོམ་བཙལ་དུས་སུ་འཇིགས་སྐྲག་མི་འོང་། རང་གི་ལག་གིས་བྱིན་ན། རྒྱུ་ནོམ་བཙལ་ཚད་མི་ལག་མང་པོ་རྒྱུད་མི་དགོས་པར་རང་གི་ལག་ཏུ་འོང་སྟེ། སྔོན་བུད་མེད་ཅིག་གིས་ངན་སློང་ཞིག་ལ་ལྟོ་ཞིག་བྱིན་པས། ཕྱི་མར་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་ཁང་པ་ཞིག་ཏུ་རོ་བརྒྱ་ལྡན་པའི་ཟས་ཟ་བ་ཞིག་ཏུ་སྐྱེས་སྐད། ཡང་ཁྱེད་ཚོ་འགའ་རེས་ཁྱི་ཟུག་གི་སུ་རེད་ཅིག་ལྟོས་ཟེར་བལྟས་ནས་སྤྲང་སློང་ཞིག་ཡིན་ཚེ། ཨང་དེ་སུ་མ་རེད་སྤྲང་པོ་ཞིག་རེད་ཟེར། ཟས་སྟེར་བ་ཕར་ཞོག་ཐ་ན་ཁྱིས་འཆའ་ཡང་མི་འགོག །སྤྲང་པོ་ཁ་སྐོམ་ཕོ་བ་ལྟོགས་ལུས་ངལ་ནས་འོང་དུས། ཁྱི་ངན་ཐམས་ཅད་ཕྱོགས་ཕྱོགས་ནས་འོང་སྟེ། གསོན་པོར་ཟ་ལ་ཁད་བྱས་ཚེ། སྐྲག་ཅིང་དངངས་ནས་ཁྱི་དང་འཐབ་བཞིན་བསྡད་ན་
འགའ་རེས། ཟས་ཅུང་ཟད་ཅིག་སྟེར་ཀྱང་སྤྲང་པོའི་སྐྱིད་སྡུག་མི་ཤེས་པར་བྱིས་པ་འགའ་རེ་ལ་སྤྲང་པོ་མ་ཀི་ལ་བྱིན་ཞེས་སྨྲས་ཀྱང་། བྱིས་པ་རྩེ་དགའ་ལ་གཡེངས་ནས་མ་ཁྱེར་བར་ཡུན་རིང་འགོར་ན། རྡོའི་འོག་ཏུ་འཇུག་རྒྱུ་པོ་ཀ་ཁྱེར་ཟེར་བསྡིགས་ན་བྱིས་པས་ཁྱེར་ཚེ། ཁྱི་རྣམས་ངར་ཆེར་སོང་འཛིན་ལ་ཁད་བྱས་ཚེ་སྤྲང་པོ་ཁྱི་ལ་སྐྲག་ནས་སྤྲང་ཁུག་ཁ་ལེགས་པོ་བཟེད་དཀའ། བྱིས་པས་སྣོད་དུ་ལྡུག་མི་ཤེས། རྩམ་པ་ཡིན་ན་ཕྱེད་སྐྱ་ཚུབས་སེ་ས་ལ་འབོ། ཕྱེད་སྣོད་ངོར་ལུས། ཕྱེད་སྤྲང་ཁུག་ངོ་ལ་འགོས་ནས་ཞབས་སུ་སོང་དུས། དུ་བ་འཐེན་རྒྱུ་ཙམ་མིན་མེད། དེ་ཕར་ལྡོག་དུས་ཁྱི་མང་པོས་འགྲོ་རུ་མི་འཇུག །ཁྱི་འགའ་རེས་རྩམ་ཁུག་ཞབས་ནས་བཟུང་སྟེ། ཁུག་མ་བརྟོལ་ནས་རྩམ་པ་སྐྱ་ཚུབས་སེ་བཏང་། ཐམས་ཅད་ས་ལ་བསྲེས། ཁྱི་འགའ་རེས་ཉ་ལ་བཟུང་ནས་ཁྲག་ཙར་རེ་བཏང་བ་མང་། སྤྲང་པོས་དེ་གཅེས་རོ་ཁ་ཞོག་ཟེར་དམོད་མོ་བྱེད། ཕར་སོང་ནས་དེ་ཚང་གི་རོ་འདྲད་ཆ་བོས་དེ་རིང་མ་བཟང་དེར་མ་སོང་ན་ཆེད་ཟེར། འདི་འདྲ་བྱས་ན་མི་བཟང་། ང་སྔོན་མཚོ་སྙིང་དུ་སྡོད་དུས་
སློབ་བུ་ལྷ་ཆེན་ཟེར་བ་ཞིག་ཡོད་པ་ཁྲིད་ནས་ཨ་རིག་ཏུ་སྤྲང་དུ་སོང་ཚེ། ཁྱིམ་ཚང་འགའ་རེའི་ཁྱིས་འཛིན་ལ་ཁད་བྱས་རྡོ་དང་དབྱུག་པས་འཐབ་བཞིན་སྒོ་ནས་བསྡད་ན། ཡུན་རིང་མ་འོང་ཚེ་ད་འགྲོ་ལགས་དེ་ཚང་འོང་རྒྱུ་མ་རེད་ཁྱིས་འཆའ་གི་ཟེར། ངས་སྡོད་༢དང་འོང་འོང་ང་སྔར་སོང་དུས་རྣམས་སུ་འདི་ལས་རིང་བ་འགོར་དུས་ཡོད་མ་སུན་དང་འོང་སྨྲས། ཡུན་རིང་འགོར་ནས་བྱིས་པ་རེས་གཅིག་ཁྱེར་འོང་དུས་ངོ་མ་རིག་གི་འཇུག་རྒྱུ་ཚང་འདི་ཅུང་ཟད་པོ་ལ་མི་ལོན་རྒྱུ་ཅི་ཡོད། མྱུར་མོ་བྱས་བྱིན་བཏང་ན་ཆེད་ཟེར་དམོད་མོ་བྱེད། དེ་འདྲ་མང་པོ་བྱུང་ཚེ་ཨ་ཧོ་ཕྱིན་ཆད་སྤྲང་པོ་རེ་འོང་དུས་འདི་འདྲ་བྱེད་ཉན་རྒྱུ་མ་རེད་ཟེར། དེས་ན་ཁྱེད་ཚོས་སྤྲང་པོ་རེ་འོང་ན་ཁྱི་མི་འགོག །ཟས་སྐོམ་ཅུང་ཟད་སྟེར་ན་ཡང་ཡུན་རིང་བར་དུ་མི་སྟེར་བ་འདི་མི་རུང་། ཡང་འགའ་རེས་སྤྲང་པོ་དེ་རིག་ན་ཡར་མ་འོང་ཟེར་བསྡིགས། འོང་ན་ངོ་ཚོ་བལྟས་ན་ཅིག་འདྲ་འདྲ་པོ་ཟེར་ཁ་མིང་སྣ་མིང་བཏགས་ནས་བགད་བརྙས་སྨོད་བྱས། ཅུང་ཟད་བསྡད་ན་ད་སོང་རྩམ་པ་བྱིན་ཚར་ད་བསྡད་ནས་ཐལ་བ་ཟ་རྒྱུ་ཨེ་ཡིན། ད་སོང་མ་འདུག་ཡ་རྒྱུག་ཟེར་ཚིག་ངན་སྣ་
ཚོགས་སྨྲས་ནས། བྱིན་པའི་ཟས་ཀྱིས་ཁ་མི་འགེངས་ཀྱང་ཚིག་ངན་མང་པོས་བྱང་ཁོག་སྟོད་འགེངས་སུ་འཇུག་པ་འདི་ཡང་མི་བཟང་། ཡང་སྤྲང་པོ་འགའ་རེས་གཞན་གྱི་ཁྱི་ཁ་མ་ཆོད། ས་ཟོས་མིད་པར་མ་སོང་། རྡོ་འཆོས་སོས་མ་ཆོད། སྲོག་མ་ཆོད་འདུག་མ་ཐུབ་པར་ཁྱིམ་ཚང་འགའ་རེའི་སྒོར་ཡང་ཡང་འོང་ན། འོ་ཁྱོད་དེའི་ཉིན་ཞིག་ལ་འོང་། ཡང་ཡང་འོངས་ནས་ཁྱོད་ཀྱིས་གསོག་བཞག་པ་འདི་ན་ཡོད་པ་ཨེ་ཡིན། ད་ཁ་ནང་དུ་ཐལ་བརྒྱག །ངན་པ་རྙོག་གི་མ་འཇུག་ཟེར་བ་དེ་ཁྱོད་འདྲ་ལ་ཟེར། ཡང་འགའ་རེས་བོས་ནས། ངེད་འདི་དེ་ཉིན་འོང་བ་དེ་རེད་ཅི་ཡང་སྟེར་མི་དགོས་ཟེར། ད་མ་འདུག་སོང་ཅི་ལ་བསྡད་ཟེར་ཞེ་སྡང་ལངས་ནས་ཚིག་ངན་མདའ་མདུང་འདྲ་བས་སྤྲང་པོའི་སྙིང་ལ་བརྒྱབས་ན། སྤྲང་པོ་དེ་ཕར་སོང་ནས་ལྐོག་ཏུ་ཨ་ཧོ་ངོ་མི་རིག་གི་འཇུག་རྒྱུ་པོ། ཁོ་བོས་འབྱོར་པ་ཆེ་ས་རྒྱུ་ནོམ་རྙེད་སའི་རིགས་ལས་ངན་ནས་མ་སྙོགས། ཐག་ཉེར་བསྡད་ནས་ཅི་ཡང་མེད་ཚེ་སྡུག་ཐུག་ནས་འོང་བ་མ་གཏོགས། ཕྱུག་ནས་སྐྱིད་མ་ཐེག་པར་ཁྱེད་ཚང་གི་སྒོར་ལྟད་མོ་ཞིག་ཡོད་ནས་ཡང་ཡང་
འོང་བ་ག་ལ་ཡིན། ད་ཕྱིན་ཆད་མུ་གེས་འཆི་རུང་། དེའི་སྒོར་སོང་ནས་ཅི་བྱེད། ཟས་སྟེར་མི་དགོས་ཁྱི་ཡང་མི་འགོག་པར་འཆའ་རུ་འཇུག་དེའི་སྒོ་ལ་མི་འགྲོ་བའི་སྨོན་ལམ་ཐོབ། ཁ་ཐུར་དུ་འགྲོ་རྒྱུ་ཚང་ཟེར་སྨོན་ལམ་ལོག་པ་བཏབ་དམོད་མོ་བྱེད་པ་ཡིན་པས་འདི་མི་བཟང་། སྔོན་བཟའ་མི་གཉིས་མཁོན་ནས་སྐྱེས་པས་བུད་མེད་ལ་གཅིག་བརྡུངས་པས། བུད་མེད་ཀྱི་སྐྱེས་པ་བསྒྱེལ་ནས་འོག་ཏུ་མནན་ཚེ་འོག་ནས་འགའ་འཕག་ནས་ཁྱོད་ཁོའི་ཐད་ཚོའི་ཤེད་ཅན་པོ་རེད་མིན་ཤེད་དེ་འདྲ་ཆེ་རྒྱུ་མི་འདུག་ཟེར་བཞིན། ངེད་རང་ཚོས་སྤྲང་པོ་ལ་སྟེར་བའི་ཟ་མ་དེ་སྤྲང་པོའི་ཐད་ཚོའི་ནོམ་པ་ཡིན་མོད། རྩམ་པ་སྤར་གང་ལ་ཅི་ཡང་མེད་པས། དེའི་སྟེང་ནས་མི་སེམས་ལ་ཚིག་གཡག་སེམས་ལ་གྲི་བཞག་ནས་མི་ངན་གྱི་རྟགས་བསྟན་མིང་ངན་ཞིག་ལེན་པ་འདི་མི་བཟང་། སྤྲང་པོ་མ་གཏོགས་རྩམ་པ་སྤར་གང་གཞན་ཕྱུག་པོ་ཞིག་ལ་སྟེར་རྒྱུ་ཡིན་ན་ཟ་བ་ཕར་ཞོག །ཨ་ཁོ་སྤྲང་པོ་ཞིག་ལ་སྟེར་སྟེར་བྱས་ཁྱོད་ཀྱི་ཐད་ཚོའི་ཁོ་སྤྲང་པོ་རེད་ཨང་ཟེར་ཅིག་རེའི་འགོའི་ལ་འདུག་ལ་བྱེད། དེས་ན་སྤྲང་པོ་ཞིག་སྒོ་ལ་ལན་མང་པོ་འོང་ཀྱང་འདི་སྙིང་རྗེ་ཟས་
མ་རྙེད་པར་འོངས་པ་ལོས་ཡིན། ཕྱུག་པོ་རྣམས་ལན་མང་འོང་བ་ཕར་ཞོག་ལན་ཅིག་ཙམ་ཡང་མི་འོང་བས། འདི་ལ་ཟས་ཤིག་བྱིན་ན་ཚེ་འདིར་ངས་ཁོ་རང་ལ་ཕན་བཏགས་པ་རེད། ཕྱི་མར་ཟས་བྱིན་པ་འདི་བས་བསོད་ནམས་བརྒྱ་འགྱུར་གྱིས་རང་ལ་འོང་བས་ན་སྤྲང་པོ་འདིས་ང་ལ་ཕན་བཏགས་འདུག །དོན་ལ་འདི་ཡང་ཡང་འོང་བ་གནོད་སྐྱེལ་དུ་འོང་བ་མ་རེད་ཕན་ཆེན་པོ་འདོགས་སུ་འོང་བ་རེད་སོམས་ལ་ལན་བརྒྱ་འོང་ཡང་བཞིན་མདངས་འཛུམ་བཞིན་གང་ཡོད་ཅི་མཁོ་བྱིན། སྟེར་རྒྱུ་མེད་དུས་དེ་རིང་ཁྱོད་ལ་སྟེར་རྒྱུ་ཅང་མེད་པས། ཕྱི་ནས་ཡོད་དུས་སུ་ཤོག་དང་ཡང་སྟེར་ཞེས་ཁ་བཟང་ཤོད་དང་། སྤྲང་པོ་དེས་ཀྱང་སེམས་ལ་མི་གནོད་པར་དེ་སྔར་ལན་གྲངས་མང་པོར་འགའ་བྱིན། དེ་བདེན་ང་ལ་ངོ་ཚ་རྒྱུ་མ་འོང་བ་ཡིན། གཞན་ཞིག་ཡིན་ན་ད་ཙམ་ཞེ་སྡང་ལངས་བསྡིགས་ནས་གསོད་ལ་བྱེད་པའི་ཚོད་ཡིན། དྲིན་ཅན་པོ་དེས་དེ་རིང་ཚིག་ངན་ཙམ་ཡང་མི་བཤད་པས་ཚེ་རིང་བཀྲ་ཤིས་ཁ་རྗེ་ཡར་ལ་འགྲོ་རུ་ཆུག་ཟེར་དེ་ལྟར་གྱིས་དང་བཟང་། ཡང་དཀོན་མཆོག་གསུམ་ལ་དམིགས་ནས་མར་མེ་དང་མེ་
ཏོག་བདུག་སྤོས་སོགས་ཕུལ་དང་བཟང་། ཚེ་ཕྱི་མར་གང་དུ་སྐྱེས་ཀྱང་གཟུགས་མཛེས། དྲི་ཞིམ་བྲོ་བའི་ལུས་ལེན། སངས་རྒྱས་ལ་དམིགས་ནས་མེ་ཏོག་ཅིག་ནམ་མཁར་གཏོར་ན་ཡང་། མི་དེ་མཐར་སངས་རྒྱས་འཐོབ་ཅེས་སྙིང་རྗེ་པདྨ་དཀར་པོའི་མདོ་ནས་གསུངས། ཡང་དབྱར་སྟོན་བླ་མ་མར་བསོད་དང་ནས་བསོད་དུ་ཕེབས་དུས། གང་ཡོད་ཀྱིས་འབྲེལ་ཆེ་ཐོགས་ཆུང་ཐོགས་གྱིས་དང་བཟང་། ཉག་ཕྲུག་འདས་ལོག་གིས། བླ་མ་མང་པོས་དམྱལ་བའི་སྒོ་མང་པོ་ཕྱེས་ནས། སེམས་ཅན་མང་པོ་ཡར་ལམ་དཀར་པོ་གྱེན་དུ་འདྲེན་པ་མཐོང་། འགའ་རེ་གཤིན་རྗེ་ཚོས་འགྲོར་མི་འཇུག་པར་ཐུར་དུ་འཁྲིད་པ་མཐོང་ནས། འཕགས་པ་སྤྱན་རས་གཟིགས་ལ་དྲིས་པས། ཡར་དྲངས་བ་དེ་རྣམས་འབྲེལ་ཐོགས་རྣམས་རེད། མར་འཁྲིད་པ་དེ་འབྲེལ་མེད་པ་དང་འབྲེལ་ཡོད་ཀྱང་ཕྱི་ནས་དད་ལོག་བྱས་ཁ་བཏང་བ་རྣམས་རེད་གསུངས། ཡང་དབྱར་སྟོན་བླ་མ་མར་བསོད་དང་ནས་བསོད་པ་མང་པོ་བྱུང་ཚེ། ཁྱེད་ཚོའི་ཁྱིམ་པ་བསོད་ནམས་དང་སྐལ་པ་དམན་པ་འགའ་རེས། ད་ལོ་བླ་མ་རེ་མང་གི་འདི་ཅི་བྱུང་བ་ཡིན་ནམ། བླ་མའི་
ཚང་ཞིག་འཐོར་སོང་བ་ཞིག་དང་རིག་གི །གཅིག་འཕྲོ་ལ་གཉིས་སླེབས་ནས། བྱིན་གི་བྱིན་གི་འཛད་རྒྱུ་མེད། ཨ་ཝ་ཝ་ཟེར་སྣང་བ་སུན་ཞེན་པ་ལོག་ཞེ་སྡང་ལངས། ཡང་འགའ་རེས་ཡུལ་མི་ཚོ་བོས་ནས་འི་ཡ་ཀི་ན་བླ་མ་དཔོན་སློབ་འགའ་མདོང་ངེ་མདོང་ངེ་འོང་གི་དང་བླ་མ་ཅིག་ཚང་ཡིན་པ་འདྲ། ཡིན་ཕྱིན་ཁོ་ཡུལ་ན་མེད་ཅེས་ཤོད་ཟེར་སྦས་ཡིབས་ནས་བསྡད། བླ་མས་ཁ་དར་ཕྱག་མདུད་རེ་བྱིན་ཚེ་སྟོང་འོག་ཅིག་ལ་འགྲོ་བ་ལས་ཐུ། མེད་རབས་མུག་རབས་ཀྱི་བཤད་རྒྱུ་ལུང་པ་གང་ཡོད། བཤད་བཤད་ནས་ཁ་དར་ཕྱག་མདུད་ཕྱིར་སྟེར། ཡང་འགའ་རེས་མི་འཐད་བཞིན་དུ་ཚུར་བླངས་ནས་མ་དད་པའི་རྣམ་འགྱུར་གཙོག་པ་ཁ་གཉེར་མཆུ་གཡོན་མཆིལ་མ་འཕང་། ཨུ་ཧུ་ཟེར་ལུ་བརྙས་སྨོད་མང་པོ་བྱས་ཅིག་བྱིན་པ་མ་བྱིན་པ་དང་ཁྱད་པར་མེད། དེ་ལྟར་བྱས་ཚེ་བླ་མ་གྲྭ་པ་ཐམས་ཅད་ཀྱི་སྣང་བ་སུན། འགའ་རེས་ད་ལོ་འདིར་མ་ཕེབས་ན་ཆེད། ཡུལ་འདིའི་ངོ་མི་རིག་ཏུ་ཆུག །ཁོས་ཁ་དར་ཕྱག་མདུད་ཁྱེར་བ་དེས་འདི་སྐད་ཟེར། ཞེས་དེའི་བཤད་ཚུལ་དང་རྣམ་འགྱུར་གྱི་ལད་མོ་བྱས།
ཡུལ་ངན་མུ་གེའི་གྲོང་ཁྱེར་འདིར་ཕྱིན་ཆད་ཅིག་འོང་ན་ཞེས་མི་འོང་བའི་ཞེ་མནའ་བསྐྱལ། དེ་ཕྱིན་ཆད་སྡེ་བ་དེའི་མི་ངན་དེ་འདྲ་རེ་གཉིས་ཀྱི་གྲིབ་མས། སྦྱིན་བདག་དད་ཅན་འགའ་རེས་སྔར་ཕེབས་པའི་བླ་མ་རྣམས་གདན་འདྲེན་བྱས་ཀྱང་། གྲྭ་པ་རྣམས་ཀྱིས་ཕེབས་སུ་མི་འཇུག་སྔར་ཕེབས་པ་དེ་ཀའི་ཆོག །ད་ཚད་ཡིན་ཟེར་བླ་མ་བཟང་པོའི་རྒྱུ་འགྲུལ་ཆད་ནས། བུ་བཟང་པོ་རེ་ཤི་ཡང་བླ་མ་སྟ་སྟི་རྒར་རྒུར་རེ་མིན་མི་འཕྲད། དེས་ན་འདི་འདྲ་བྱེད་མི་རུང་། བླ་མ་ཐམས་ཅད་ཀྱིས་རྒྱུ་ནོམ་རྐྱང་བ་བསམས་ནས་འོང་བ་མིན། འོ་ན་ཅི་བསམས་ནས་འོང་བ་ཡིན་ཅིག་ཤོད་དང་ཧ་ཧ་ཟེར་ན། ཆོས་སམ་ཡང་ན་ཟང་ཟིང་གི་འབྲེལ་ཐོགས་སུ་བཅུག་ནས་མ་འོངས་པ་ན་ཡར་འདྲེན་སྙམ་པ་དང་། འབྲེལ་པ་བཞག་ཚད་ཀྱི་རྒྱུ་ནོམ་པས་རང་གཞན་གྱི་བསོད་ནམས་རྒྱས་པའི་ཕྱིར་ཚོགས་བསོགས་སྙམ་པ་དང་། དགེ་འདུན་པ་མང་པོའི་ཐུགས་དམ་གྱི་ཆས་ཀ་བྱས་དགེ་སྦྱོར་འཕེལ་དུ་འཇུག་སྙམ་པ་དང་། རང་གཞན་གྱི་ཕྱག་མཆོད་ཀྱི་ཞིང་སྐུ་གསུང་ཐུགས་རྟེན་བཞེངས་སྙམ། བསྟན་འགྲོ་གཉིས་ཀར་ཕན་པའི་དགོངས་གཞི་དུ་མ་ཡོད་ནས་འོང་པ་
ཡིན། བླ་མ་དེ་རྣམས་ཀྱི་ནང་ན་ས་ཐོབ་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་མང་པོ་ཡོད། ཁ་གཏོང་མི་རུང་། བླ་མ་བརྒྱ་སྟོང་བྱོན་ཀྱང་ད་ལོ་སྐལ་བ་བཟང་། འདིའི་ནང་ན་སངས་རྒྱས་བྱང་སེམས་མང་། སངས་རྒྱས་སྒོ་ཁར་ཕེབས་དུས་མཇལ་དགོས་འབྲེལ་བ་འཇོག་དགོས་སོམས་ལ་ཕྱག་མཇལ་ལོངས་ཡོད་ཚོད་ཀྱིས་འབྲེལ་བ་ཞོག །ཁ་དར་ཕྱག་མདུད་འདྲ་གནང་བ་མགོ་ཐོག་ཏུ་ཞོག་ནང་དུ་གདན་དྲོངས་འབུལ་བ་ཁྱོགས། གལ་ཏེ་རང་ལ་བྱ་བ་ལས་དོན་གལ་ཆེན་རེ་ཡོད་དུས་ཡིན་ན་རྒྱུ་མཚན་ཤོད་ཕྱག་མདུད་ལོངས་ཁ་དར་ཕར་ཕྱིན་ལ་དཱ་ཤོག་རས་ཤོག་རེ་ཕུལ་ངོ་ཕྱིར་མ་ལྡོག་དང་བཟང་། ཡང་བླ་མ་འགའ་རེས་ཡོན་བདག་གིས་གང་ཕུལ་ཆུད་ཟོས་བཏང་ནས་ཅི་བྱེད། སྐུ་གསུང་ཐུགས་རྟེན་རེ་བཞེངས་དགེ་འདུན་གྱི་སྡེ་རེ་མཆོད་ནས་སྙིང་པོ་ལེན་སྙམ། ཚགས་བྱས་བསོགས་གཞན་གྱི་དད་པས་དགེ་འདུན་ལ་ཕུལ་བའི་དཀོར་ཁྱིམ་པ་ཕོ་མོ་ལ་སྦྱིན་ན་མེ་དང་ལྕགས་གོང་མེ་འབར་བ་བྱིན་པ་ལས་ཉེས་དམིགས་ཆེ་སྟེར་མི་རུང་། ཞེས་མདོ་ཉི་མའི་སྙིང་པོ་སོགས་ནས་གསུངས་པ་ཤེས་
ནས། མདུན་ཚོ་ན་དཀོར་གྱི་ཟས་འཕྲོ་ཅི་ཡོད་ཀྱང་མ་བྱིན་ཚེ། ཁྱེད་ཚོའི་ཁྱིམ་པ་བླུན་པོ་ཅང་མི་ཤེས་པ་འགའ་རེས་ལྐོག་ན། སྐྱབས་སུ་མཆི་དང་ཁོང་ནོམ་གནག་ཚང་ཞིག་ཡིན། རྒྱུ་ནོམ་པའི་སྟེང་ནས་འཆི་བ་མི་ཤེས་ཅིག་ངན། དེ་ཟེར་མི་ཉན་དང་། ལྐོག་གཏམ་པ་ལ་མཛད་སྤྱོད་ཨ་ཁུ་ཅིག་ཚང་དང་ཁྱད་པར་མེད། རྒྱང་ནས་ཕྱག་འཚལ་རྒྱུ་ཚང་ཞིག་ཁོང་ཡིན། ཐག་ཉེ་བཏུད་ཚུལ་མེད། ཁོ་དེ་ཉིན་ཞིག་ལ་སོང་དུས་ཇ་ཕར་ཞོག །ཁོང་གིས་ཅིག་བཞེས་གི་ཡོད་པས་དེའི་ནང་ནས། སྐལ་ཞིག་ཙམ་ཡང་མ་བྱིན་ཉིན་དེར་ཅིག་ལྟོགས་བཞག་ནས་ཟེར་ངན་སྣ་ཚོགས་པ་གཏམ་པ་འདི་ཕུགས་མ་གོ་བའི་གླེན་གཏམ་ཞིག་ཡིན། དགོན་ན་སྐུ་གསུང་ཐུགས་རྟེན་ཁྲ་ལམ་མེ་ཡོད་པ་དེ་ཚོར་ལྟོས་དང་། བླ་མས་རྒྱུ་ནོམ་བསགས་པའི་དགོས་པ་ཅི་ཡིན་དེ་གཅིག་པུས་ཤེས་གཞན་མི་དགོས། ལོ་རེ་བཞིན་དགོན་པས་ཁོང་རྣམས་ལ་འགྱེད་ཕོགས་མང་ཇ་གཏོང་བ་ལ་ལྟོས། བླ་མ་སེར་སྣ་ཨེ་ཆེ་དེས་ཧ་གོ་ཡོང་། དེས་ན་བླ་མ་རྣམས་ཀྱིས་ཐུགས་ཀྱི་དགོངས་གཞི་མཛད་སྤྱོད་བཟང་ངན་ཅི་སྟོན་ཡང་། དེའི་ཕུགས་སྐྱེ་བོ་མི་ནག་པས་རྟོགས་དཀའ།
སྔོན་སྒྲ་བསྒྱུར་མར་པ་ལོ་ཙཱ་རིན་པོ་ཆེ་ལ། སྦྱིན་བདག་རྣམས་ཀྱིས་གོན་པ་གང་ཕུལ་གསེར་དུ་བརྗེས། རྒྱ་གར་དུ་ཁྱེར་ནས་བླ་མ་ལ་འབུལ་དགོངས་ནས་མ་གྱོན་ངན་ངོན་གྱོན་ཚེ། སློབ་མ་གཅིག་གིས་བླ་མ་འཛིན་པ་ཆེ་གི་སྙམ་ལོག་ལྟ་སྐྱེས། ཉིན་གཅིག་ཁྱེད་ཀྱིས་གོན་པ་འདི་ཚོ་མི་མནབ་པ་ཅི་ཡིན་ལགས་ཞུས་ཚེ། གོན་པ་འདི་བཙོངས་ནས་གསེར་དུ་བརྗེས། རྒྱ་གར་དུ་སོང་ནས་བླ་མ་རྣམས་ལ་ཕུལ་ནས་ཆོས་ཞུས་བོད་དུ་བསྒྱུར་ནས། སངས་རྒྱས་ཀྱི་བསྟན་པ་དར་བར་བྱེད་སྙམ། གྱོན་ནས་རྙིང་ན་མི་ཚོང་གིས་སེར་སྣ་བྱས་པ་མ་ཡིན་གསུངས། སློབ་མ་དེས་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་འདི་ཤེས་པར་དཀའ་སྙམ་དད་པ་ཆེན་པོ་སྐྱེས་གསུངས། དེས་ན་བླ་མ་འགའ་རེས་རྩམ་ཁུག་གི་ཁ་ནས་བཟུང་རུང་དེ་ལ་ཕན་པའི་དགོངས་གཞི་འདྲ་ལོས་ཡོད། ངེད་རང་ཚོ་འདྲ་འདྲ་མིན་སྙམ་ཁ་གཏོང་མི་རུང་། ཡང་དགེ་འདུན་པ་མང་པོ་ལ་འགྱེད་ཕོགས་མང་ཇ་གཏོང་བ་དང་། གཞན་གྱིས་གཏོང་བ་ལ་སྣོན་ཁ་མར་དང་འོ་མ་སོགས་ཀྱི་དཀར་ཐིག་རེ་བརྒྱབས་ན་བཟང་། སྔོན་ཉག་ཕྲུག་འདས་ལོག་
དམྱལ་བར་སོང་དུས། ལམ་སྐབས་ཤིག་ན་མར་དང་འོ་མའི་མཚོ་འཁྱིལ་བ་ལ་ལོངས་སྤྱོད་པའི་མི་མང་པོ་འདུག་པ་མཐོང་བས། སྤྱན་རས་གཟིགས་ལ་དྲིས་ཚེ། དེ་སྐྱེ་བ་སྔོན་མར་གཞན་གྱིས་དགེ་འདུན་པར་མང་ཇ་གཏོང་དུས་ནང་དུ་མར་དང་འོ་མ་ཅུང་ཟད་རེས་དཀར་ཐིག་བརྒྱབ་པའི་བསོད་ནམས་རེད་གསུངས། ཡང་ཕ་མ་རྒན་རྒོན་དྲིན་ཅན་ལ་མགོའི་ཉི་ཟེར་ལན་ཅིག་གི་མགྲོན་པོ་བྱ་རྒྱལ་ཁུ་བྱུག་ལྟར། ད་ཡུན་རིང་མི་འདུག་པར་འཇིག་རྟེན་ཕྱི་མར་སང་འགྲོ་དང་གནང་འགྲོའི་ཚོད་ཡིན་པས། ཟླ་བ་དཀར་བ་ཟླ་སྟོད་ཕ་མ་འཛོམ་པ་ཚེ་སྟོད་ཡིན་སོམས་ལ་ཡོད་དུས་འཇམ་པའི་གོས་བསྐོན། ཞིམ་པོའི་ཟས་བྱིན། མངར་བའི་ཇ་བླུད། སྙན་པའི་ཚིག་ཤོད་ལ་རྩི་བཀུར་གྱིས་དང་བཟང་། ཕ་མར་བྱམས་ན་ཐམས་ཅད་ལ་བཟང་ཞིག་བྱས་པ་ལྟར། ཀུན་གྱིས་བུ་བཟང་པོ་དེས་ཕ་མ་གཉིས་ལ་ཅིག་བྱམས་པས། དེ་ལ་ཚེ་རིང་བཀྲ་ཤིས་ཟེར་ཞིང་། སྙན་གྲགས་རྒྱས། ཀུན་གྱིས་འདིང་བརྩི་སྒོ་ཆེ། རྒྱུ་ནོམ་པ་རྙེད། ཚེ་འདིར་ཡང་བདེ་སྐྱིད་སྙན་གསུམ་འཐོབ། ཚེ་ཕྱི་མར་ཡང་མཐོན་པོའི་རིགས་སུ་སྐྱེ་འཁོར་དང་ལོངས་སྤྱོད་འཛོམ།
སྔོན་ཚོང་དཔོན་ཞིག་གིས་མགྲོན་བུ་མང་པོ་རྙེད་ནས་མ་ལ་བྱིན་པས། ཚེ་དེར་གཞན་གྱིས་བཀུར། ལྷ་མིའི་ལོངས་སྤྱོད་དཔག་མེད་ཐོབ་གསུངས། ཡང་ཁྱེད་ཚོའི་བུ་ངན་འགའ་རེས་ཕ་མ་རྒན་རྒོན་དྲིན་ཆེ་བ་དང་མཆོད་ན་ཕན་ཡོན་ཆེ་བ་མི་ཤེས། ལོ་ལོན་ཚེ་མིག་ནང་ལིང་ཏོག་གི་སོང་རིག་ས་མཐོང་ས་མེད། ཐ་ན་ཁ་ནས་ཚིག་གཅིག་ཙམ་ཡང་བཤད་དབང་མེད་པར་ཁ་ཟ་རྒྱུས་མི་ཆོད་འཐུང་རྒྱུས་མི་ཆོད་ན་ད་ངེད་ཚོའི་རིག་ས་ནས་མ་འདུག་སྒོར་བུད་ལ་ཧས་ཐོབ་བྲང་རྡུངས་ཟེར། མིག་སྡང་གིས་བལྟས། འཆི་མེད་མ་ཕུང་རྒན་འདི་གཉིས་ལ་འཆི་བའི་སྲོག་གཅོད་ཀྱང་མེད་པས། འཆི་བདག་གི་བདུད་དེ་གང་དུ་སོང་བ་ཡིན་ནམ་ད་འོང་ན་ཆོག་གི་ཤི་ན་ཚད་རེད་ཟེར་གྲུ་མོས་ཕུད་རྐང་ཐོས་བརྒྱབ་ནས། ཁ་ལ་ཆུ་མི་སྐྱེལ་རྒྱབ་ཏུ་གོན་པ་ཡང་མི་བསྐོན་པར་སྡུག་བསྔལ་མྱང་དུ་འཇུག་པ་འདི་མི་བཟང་། སྡེ་གཞན་ཐམས་ཅད་ཀྱིས་དེའི་ངོ་མི་རིག་གི་ཆུག །དེས་ཕ་མ་གཉིས་ལ་སྡུག་རེ་འོང་གིས་བྱ་བ་ལམ་དུ་མི་འགྲོ་རྒྱུ་བོ། དེ་དམྱལ་བའི་མི་ནག་ཅིག་རེད་ཟེར་ཀུན་གྱིས་ངན་སྨྲས། དེ་ལ་མིའི་འདིང་མི་
དགོས་ཁྱིའི་འདིང་ཡང་མེད། ཚེ་བསོད་ནམས་མི་རྒྱས། ཤི་ན་ངན་སོང་དུ་འགྲོ་བས་སྤྱོད་ངན་འདི་འདྲ་བྱེད་མི་རུང་། ཡང་ཕ་མ་དྲིན་ཅན་ལ་ཚེ་འདིར་དྲིན་གཟོ་ཆེན་པོ་ཐུབ་ན། ཤི་དུས་དགེ་རྩ་དགུང་ཞག་ཕྱི་ནས་བླ་མ་རེ་ལ་བསྔོ་བ་རེ་ཞུས། ཨ་མཆོད་རེར་ཆོས་རེ་འདོན་དུ་འཇུག་པ་སོགས་དགེ་བ་གྱིས་དང་བཟང་། སྔོན་གླིང་བཟའ་འདས་ལོག་བར་དོར་སོང་དུས། ཆུ་ཆེན་པོ་ཞིག་གི་སྟེང་དུ་ཟམ་ཆེན་པོ་ཞིག་བཙུགས་ནས་འདུག །ཟམ་དེའི་ཕ་རོལ་ན་སྡེ་ཆེན་པོ་ཞིག་འདུག་པའི་ནང་དུ་སོང་དུས་སྔར་ཁོང་ཚང་གི་ལུག་རྫི་ཞིག་རྦབ་ཏུ་འདྲིལ་ནས་ཤི་སོང་བ་དེ་སྡེ་དེའི་ནང་ན་འདུག་པས་ངོ་ཤེས་ནས། ཨ་ལྕེ་ཡང་འདིར་སླེབས་པ་ཡིན་ནམ་ཟེར་ཚེ། ཁྱོད་འདི་ན་ཡོད་དམ། སྡེ་འདིའི་མིང་ལ་ཅི་ཟེར་འདི་ན་ཟས་གོས་མེད་པ་ཚོ་ལ་སྐབས་སྐབས་འོང་བ་འདི་གང་ནས་འོང་བ་ཡིན་སོགས་དྲིས་ཚེ། འདི་ནི་བར་དོའི་སྡེ་ཞིག་ཡིན། ཟས་གོས་མེད་པ་སྐབས་རེར་ཟས་གོས་འོང་བ། ཤུལ་གྱི་བུ་དང་ཚ་བོ་རྣམས་ཀྱིས་དགེ་རྩ་བྱས་བའི་འབྲས་བུ་རེད་ཟེར། ཡང་སྔོན་ཉག་ཕྲུག་དམྱལ་བ་ནས་ཡར་ལྡོག་དུས། དམྱལ་བའི་སེམས་ཅན་མང་པོས་ཁྱོད་ལས་
ཅན་པོ་ཡར་ལྷོ་འཛམ་བུའི་གླིང་དུ་འགྲོ་བ་ཡིན་ན། ཁོང་ཚོའི་ཕ་ཡུལ་ནི་འདི་འདྲ་ཡིན་བུ་དང་ཚ་བོ་འདི་འདྲ་ཡོད་མིང་ལ་འདི་ཟེར། ཁོང་ལས་ངན་ཚོ་དམྱལ་བར་སྐྱེས་ཡོད་པས། ཁོང་ཚོའི་ཆེད་དུ་དམིགས་ལ་མཆོད་སྦྱིན་གྱིས་མ་ཎི་རེ་ཐོན་དང་ཕན་པར་འདུག་ཅེས་ཤོད་ཟེར་སྐད། དེས་ན་རང་ཡང་རྙེད་པའི་ཡུལ་ནས་འདུག་རྒྱུ་རེད་ཕ་མ་མི་རྙེད་པའི་ཡུལ་དུ་སོང་བ་རེད་སྙིང་རྗེ་དྲིན་ཅན་ཡིན་ད་གང་ཞིག་ན་འགྲོའི་གིན་ཡོད་དམ། ཅི་ཞིག་གི་ལུས་བླངས་བཞག་ཨང་སྙམ་དུ་མཆི་མ་ལྟུང་བའི་སྙིང་རྗེ་བསྐྱེད་ལ། དྲིན་གཟོ་དགེ་རྩ་རེ་གྱིས་དང་བཟང་། ཕ་མར་དགེ་བ་བཟང་པོ་བྱས་ན་ཚེ་འདིར་ཡང་བདེ་སྐྱིད་སྙན་གསུམ་འཐོབ། དེའི་ཚེ་འགའ་རེས་དེའི་དགེ་རྩ་ཨེ་བཟང་གི་ཞེས་དྲིས་ན། བླ་མ་བན་དེ་དེར་སོང་བ་རྣམས་ཀྱིས་དགེ་བ་ཅིག་བཟང་གི་མོད་ཟེར་ཁ་ཚོ་ལག་པས་བཀབ་གི་བསྡད། དེ་འདྲའི་དགེ་ཞིག་ད་སྔ་ཡན་སུས་བཅོས་མ་མྱོང་། བུ་རྒོད་པོ་དེ་ཚེ་རིང་བཀྲ་ཤིས་ཟེར། འགའ་རེས་འབུལ་བ་ཞབས་ཏོག་གང་ཐད་ནས་མི་བཟང་བ་ཞིག་མེད་པས། ཤི་པོ་དེ་ཚོ་ལས་ཅན་རེད་ཟེར། ཕྱིས་གཞན་གྱི་
དགེ་རྩ་འདྲ་ངན་ན། བླ་རྒན་ཧེབ་རྒན་ཚོས་སྔོན་དེ་ཚང་གི་དགེ་རྩ་དེ་ཟེར་ཡང་ཡང་གླེང་། དེ་ཚོ་བལྟས་ན་ལྐོག་གཏམ་པ་ལ་འདི་ཚོ་དགེ་འདྲ་མ་རེད་ཟེར། འདི་ཚང་ལ་ཡང་རྒྱུ་ནོམ་པ་དེའི་བཟང་རེད་འདི་ལ་ཅི་བྱུང་། སྔར་དེས་དགེ་རྩ་བཅོས་ནི་འདྲ་བ་ཞིག་དཀའ་འི་ཟེར། འགྲམ་ཆུ་ལངས་མཆིལ་མ་ཡང་མིད་ཡིད་སྨོན་འཆོར། མི་ཚེ་གཅིག་གཉིས་རེར་གཏམ་སྙན་མང་པོའི་ཡོང་སྒོ་ཡོད་པས་བཟང་། ཡང་ཁྱེད་ཚོའི་འགའ་རེས་ཤི་པོ་རེའི་དུས་སུ། ཕན་པའི་ཆོས་དགེ་བ་མི་བཅའ། ལག་པ་ལྷ་ཁང་གི་སྒོ་བས་དམ། མེད་མུག་མ་ཎི་བཞིན་དུ་བཏོན་མི་ཕན་པའི་ངུ་འབོད་བྱེད་པ་འདི་མི་བཟང་། ཤི་བོ་བུ་བཟང་ཚུལ་ཀུན་ལ་དྲིན་ཆེ་ཚུལ། ན་སོ་གཞོན་འཆི་མ་རན་ཚུལ། ད་དུང་བསྡད་ན་ཁོ་རང་ཡང་སྐྱིད་ཚུལ། ཀུན་ལ་ཕན་ཐོགས་འབྱུང་ཚུལ་སོགས་བསམས་ནས་ཁ་སྟོང་བར་སོང་སྙམ། སྔར་ཡོད་དུས་ལུས་ཀྱི་རྣམ་འགྱུར་ངག་གི་བཤད་ཚུལ་འགྲོ་ཚུལ་འདུག་ལུགས་རྣམས་ཡིད་ལ་ཤར་ནས། ད་ཕྱིན་ཆད་གང་ནས་ཐུག་སྙམ་ན་གདོང་གི་མཆི་མ་འཛད་རྒྱུ་མེད་པས། དེ་དུས་དེ་ཚོ་མི་བསམ་པར་སྐྱེ་ཕོ་མོ་བསམ་ཤེས་རྣམས་ཀྱིས་འདི་
ལྟར་སོམས་ལ་མྱ་ངན་སངས་སུ་ཆུག་དང་བཟང་། སྤྱིར་སྐྱེས་པའི་ཐ་མ་འཆི། འདུས་པའི་ཐ་མ་འབྲལ་བ་འཇིག་རྟེན་འཁོར་བའི་ཆོས་ཉིད་རེད། སེམས་སྡུག་བྱས་ངུས་ནས་ཅི་བྱ། སྔོན་བྱུང་རྒྱལ་བ་སྲས་བཅས་རྒྱལ་བློན་འཁོར་འབངས་བཟང་བཟང་ཐམས་ཅད་ཀྱི་གཅིག་ཀྱང་ད་ལྟ་མི་སྣང་། སྐྱེས་ནས་མ་ཤི་བ་སུ་ཡོད། འཆི་བ་གཅིག་ལ་བྱུང་བ་མ་རེད། སྔ་ཕྱི་ཙམ་མ་གཏོགས་ཐམས་ཅད་དེ་ཡི་རང་བཞིན་ཅན་རེད། སྔོན་སྒྲ་བསྒྱུར་མར་པའི་སྲས་དར་མ་མདོ་སྡེ་སོགས་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་དང་། ལྷའི་བུ་དང་བུ་མོ་ལྟ་བུའི་གཅེས་ཕྲུག་མང་པོ་ཡང་སྔོན་ཆད་གློ་བུར་དུ་ཤི་བ་མང་། རྒན་གཞོན་ལ་གོ་རིམ་སྔོན་ནས་མི་སྣང་། རྐྱེན་ངན་པ་ཆེ་བ་རྒྱལ་བློན་ནས། ཆུང་བ་སྤྲང་སློང་ཡན་ཆད་ཀྱི་མགོར་འོང་གི །ཁྱིམ་ཚང་རང་གཅིག་པུ་སྟེང་དུ་ཡོང་བ་མ་རེད། ཚེ་ཡི་ཚད་ལ་བབ་ཚེ་རྒྱལ་བ་ཚེ་དཔག་མེད་དངོས་སུ་བྱོན་ཀྱང་ཕན་མི་ཐོགས། སྐུ་རིམ་བསྲུང་བ་ངན་ནས་ཤི་སོང་བ་ཡང་མ་རེད། ངུས་ནས་ཅི་བྱ། ཤི་པོ་བར་དོའི་སྐབས་ན་གནས་དུས། ཕྱི་ནས་གཉེན་བཤེས་ཀྱི་སེམས་སྡུག་ངོ་གནག་
ཚེ་སྤྲིན་ནག་ནམ་མཁར་འཁྲིགས། ལྕེ་དང་ཁ་འགུལ་དུས་གློག་དམར་འཁྱུག །ངུ་འབོད་བྱས་ཨུ་ཤུ་ཞེས་སྔམ་པ་འཐེན་དུས་འབྲུག་ལྡིར་མིག་ནས་མཆི་མ་བྱུང་དུས་རྣག་ཁྲག་གི་ཆར་པ་བྱ་སྒོང་ཙམ་སྲན་མ་ཙམ་ཡུངས་འབྲུ་ཙམ་ཤི་བོའི་སྟེང་དུ་བབས་ནས། སྡུག་བསྔལ་དཔག་མེད་མྱང་གི་ཞེས་གླིང་བཟའ་དང་ཉག་ཕྲུག་འདས་ལོག་གཉིས་ཀྱིས་གསུངས། བླ་མ་དགེ་འདུན་གྱིས་སྙན་གཙེས་ནས། ཐམས་ཅད་ཀྱིས་ཨུ་ཤུ་ཀ་མ་བྱས་ན་ཆེད་ཟེར། ཁོང་རྣམས་ལ་ཤི་བོར་ཕན་པའི་འདོན་སྒོམ་མི་འོང་། རང་ཡང་མང་པོ་ངུས་ན་ལུས་ཀྱི་མདོག་ཤོར་སྒུར་པོ་སོང་མིག་མི་གསལ་རབ་རིབ་ཏུ་འགྱུར། མྱ་ངན་ཆེ་བའི་རྒན་རྒོན་ཞར་སོང་བ་མང་། རྟ་ཕོ་བྱང་མ་བརྒྱ་ཞོན་ནས་རྒྱུག་ཀྱང་རྗེས་མི་ཟིན་པའི་འཇིག་རྟེན་ཕ་རོལ་དུ་སོང་ཕྱིན་ཆད། ངུས་ནས་སུ་ལ་ཕན་སུས་གོ །ཤི་བོ་དེ་ལ་ཕན་ན་ངུ་མོད་ཀྱང་། མི་ཕན་པ་མི་ཚད་གནོད། ཐོས་ན་ངུ་མོད་ཐོས་པའི་ས་ན་མེད། དེས་ན་རང་གཞན་ཐམས་ཅད་ལ་སྡུག་བཀོལ་བ་མ་གཏོགས་དོན་སྒོ་སྤུ་ཙམ་ཡང་མེད་གི་སོམས་ལ་མྱ་ངན་མ་བྱེད་དང་བཟང་། ཡང་ཆོས་དགེ་བ་མ་བྱས་ན། འགའ་རེས་དེ་
ཅིག་ངུ་གི་ཞེས་སྨྲས་ན། འགའ་རེས་དེའི་མིག་ནས་མིག་ཆུའི་མི་ཚད་ནི་ཞིག་ཡོད་ཀྱང་སྙིང་རྗེ་རྒྱུ་མི་འོང་གི་དེ་རིག་ན་སྤྲོ་ལང་གི་ཤི་བོའི་སྐལ་ཆད་ནི་རེད། དགེ་ཇ་ཚོ་ཆུ་རེད་མར་ཡང་མེད་གི་ཨ་ཝ་དེའི་ཆེད་ཟེར། འགའ་རེས་དེ་འདི་བྱས་ངུ་ཞེས་ལུས་དང་ཁ་ངོའི་རྣམ་འགྱུར་ངག་གི་སྐད་ཀྱི་སྦོམ་ཕྲའི་ལད་མོ་བྱས་ཧ་བགད་བྱེད། འགའ་རེས་མི་དེའི་གསེང་ན་མིག་ཆུ་མིན་གཞན་ཅི་ཡང་མེད་གི་ཟེར། ལྐོག་ན་ངན་སྨྲ་དི་རི་རི་བྱེད་དེ་མི་ཤི་མི་ཁ་གཉིས་ཀ་མཉམ་པོར་འོང་། ངུས་པ་སྡིག་གྱོང་ཡིན། མང་པོ་ངུས་ན་འཕྱ་ནི་ཡང་མང་། རང་ལ་ཁ་མི་ལྟ་ཤག་མི་རེ་བའི་ཐང་གི་མིས་དེ་ཚད་དེ་ཉོས་ཀྱང་ཟེར་བས། དེས་ན་གང་ལ་བསམ་ཀྱང་ངུ་འབོད་བྱས་ན་མི་བཟང་གི་སྙམ་དུ་སོམས་ལ་མ་ངུ་དང་བཟང་། སྐྱིད་མི་ཐེག་ནི་སུ་མེད། སྡུག་བསྔལ་བྱུང་དུས་ཐེག་དགོས། ཐེག་ན་ཕོ་རབ་མོ་རབ་དེ་ལ་ཟེར། མ་རྒན་བཞིན་སྣབས་ལུག །གླང་སྣ་བཞིན་སྡུག་འཁུན་བྱས། བོང་རྒན་བཞིན་ཧོས་འདེབས་པ་སྐྱེ་བོ་བླུན་པོའི་ཆོས་ལུགས་ཡིན། ཕོ་རབ་མོ་རབ་བསམ་ཤེས་ཀྱིས་བླུན་པོའི་ལད་མོ་བྱེད་མི་རུང་། སྐབས་རེར་བྱ་
བ་ལས་དོན་རེའི་དུས་ཤི་བོ་དེ་ཡོད་ན་དེ་བྱེད་སྙམ། དེའི་ལུས་ཀྱི་རྣམ་འགྱུར། ངག་གི་བཤད་ཚུལ་རྣམས་ཡིད་ལ་ཤར་ཚེ་དེས་རྐྱེན་བྱས་ནས་ངུ་རྒྱུ་ཡོང་དུས་སུ་ཡང་། དེ་མ་བསམ་པར་གཞན་ཚོ་ལ་རང་སེམས་ཡེངས་སུ་ཆུག་ལ་ནམ་ཡང་མྱ་ངན་མ་བྱེད་དང་བཟང་། ཡང་རང་གི་སྒོ་ཡི་ཁྱིའི་ནང་ནུབ་ཀྱི་ལྟོ་འཆག་གི་མ་འཇུག་པར་བླུད་དང་བཟང་། གཞན་ཁྱི་ལྡོམ་ལྟོག་པ་ལ་ལྟོ་རེ་སྟེར་ཨེ་ཐུབ་ལྟོས་དང་བསོད་ནམས་ཆེ། སྔོན་བུད་མེད་ཅིག་མི་ལུས་གླང་གི་མགོ་ཅན་ཞིག་གིས་ཁྲིད་ནས་ལམ་ནག་པོ་ཞིག་ལ་ཞུགས་ནས་དམྱལ་བར་འགྲོ་བ་ཞིག་གི་སྔོན་ནས། མི་ལུས་ཁྱིའི་མགོ་ཅན་ཞིག་བྱུང་གླང་མགོ་ཅན་དེ་དང་གཉིས་ཀས་བརྡུང་རེས་བྱས་པའི་བར་དེར། བུད་མེད་དེ་ཤོར་ནས་ལམ་དཀར་པོ་ཞིག་ལ་གྱེན་དུ་བྲོས་སོང་བས། དེ་ཉག་ཕྲུག་འདས་ལོག་གིས་གཟིགས་པས། བུད་མེད་དེས་སྐྱེ་བ་སྔོན་མར་ཁྱི་ལྡོམ་ཞིག་ལ་ལྟོ་ཞིག་བླུད་པའི་ཕན་ཡོན་རེད་ཅེས་གསུངས། ཡང་ཕྱག་འཚལ་ན་ཕན་ཡོན་ཆེ། བླ་མ་དཀོན་མཆོག་སྐུ་གསུང་ཐུགས་རྟེན་སོགས་ལ་ཕྱག་གཅིག་འཚལ་ཀྱང་མ་འོངས་པ་ན་མི་དེའི་ལུས་ཀྱི་ནོན་ཚད་ཀྱིས།
དབང་ཆེན་གསེར་གྱི་ས་གཞི་ལ་ཐུག་གི་བར་གྱི་བྱེ་མ་ཅི་ཡོད་ཀྱི་གྲངས་ལས་སྟོང་འགྱུར་གྱི་སྟོང་འཁོར་ལོས་བསྒྱུར་རྒྱལ་དུ་སྐྱེ་སྟེ། འདུལ་བ་ལུང་ལས། དགེ་སློང་དག་དགེ་སློང་གིས་འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ་ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ་སེམས་དྭངས་པར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །དགེ་སློང་དག་འདིས་ས་ཅི་ཙམ་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན་གསེར་གྱི་འཁོར་ལོ་ལ་ཐུག་གི་བར་ན། བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ་དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ་ཞེས་གསུངས། ཡང་བླ་མ་དང་དགེ་འདུན་འདུས་པ་སྐུ་གསུང་ཐུགས་རྟེན་ཁམས་ཅན་ལ་བསྐོར་བ་བྱས་ན་བཟང་། མ་འོངས་པ་ན་བསྐོར་བ་གང་བྱས་ཀྱི་གྲངས་དང་མཉམ་པའི་ས་བཅུ་ལམ་ལྔ་སོགས་ཐོབ་པའི་ས་བོན་རྒྱུད་ལ་འཇོག་གསུངས། སྔོན་འབུ་ཞིག་ཆུས་ཁྱེར་བ་མཆོད་རྟེན་ཞིག་ཡོད་པ་དེ་ལ་བསྐོར་བ་བྱས་སོང་བས། དེའི་བསོད་ནམས་ཀྱིས་ཕྱིས་སངས་རྒྱས་ཀྱི་དུས་སུ། ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བར་གྱུར་ནས།
དགྲ་བཅོམ་པའི་གོ་འཕང་ཐོབ་གསུངས། ཡང་སྐུ་གསུང་ཐུགས་རྟེན་ཞིག་པ་ལ། ཞིག་གསོ་ཆེ་ཐུབ་ཆུང་ཐུབ་བྱས་ན་ཕན་ཡོན་ཆེ། སྔོན་ཕག་ཅིག་གི་ལུས་ལ་འདམ་འབག་འགོས་པ་འགྲོ་དུས་མཆོད་རྟེན་ཞིག་ཡོད་པ་དེ་ལ་ཐུག་པས། མཆོད་རྟེན་ལ་གས་ཁ་ཞིག་ཡོད་པ་དེ་སྲུབ་པའི་བསོད་ནམས་ཀྱིས་ལྷར་སྐྱེས་གསུངས། ཡང་ཁྱེད་ཕྱུག་པོ་ཚོའི་ནང་ན་ཟླ་བ་བཞི་ལྔ་ཞིག་གི་ཁལ་རྟ་དང་བྲོ་རེ་མི་འཛོམ་པ་དང་། འགྲོ་མི་ཐུབ་ནི་མེད་པས། སྐྱེས་ཕོ་མོ་སྐལ་ལྡན་ལས་ཅན་འདྲ་ཡོད་ན་དབུས་གཙང་དག་པའི་ཞིང་དུ་མཇལ་དུ་སོང་དང་བཟང་། རྒྱལ་བ་པཎ་ཆེན་རྣམ་གཉིས་ཀྱིས་གཙོ་བྱས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་སྐྱེས་ཆེན་དམ་པ་ཐམས་ཅད་དབུས་ན་བཞུགས། འབྲེལ་པ་རེ་བཞག་ན་མ་འོངས་པ་ན་འབྲེལ་ཐོགས་དག་པའི་ཞིང་དུ་འདྲེན་ངེས། སྔོན་རྒྱལ་བའི་སྐུ་ཚེ་ཞིག་ལ་ཨ་རིག་གི་རྒད་པོ་གླེན་པ་དད་ཅན་ཞིག་དབུས་སུ་སོང་དུས་གསེར་ཁུག་མ་གང་དང་སྡེར་མ་གཅིག་དང་གཉིས་ཁྱེར་ནས་སོང་། མདུན་དུ་སོང་ནས་སྡེར་མའི་སྟེང་དུ་གསེར་ཕྱེད་ཙམ་བླུག་ནས་རྒྱལ་བ་རིན་པོ་ཆེས་ད་ཆོག་གི་ཨེ་གསུང་སྙམ་ཡར་ལ་
བལྟས། མ་གསུངས་ཚེ་ཡང་ཅིག་བླུག་ནས་ཡར་ལ་བལྟས། ཡང་ཅིག་བླུག་ནས་རྒྱལ་བའི་ཞལ་ལ་བལྟས་ཚེ། རྒྱལ་བས་འདི་ཅི་ཡིན་ནམ་དགོངས་ཞལ་གཅིག་འཛུམ་ཚེ། ཨང་ད་དགའ་ཡོད་གི་ཆོག་ནི་རེད་ཟེར་ཡར་དྲངས་ས། ང་འཆི་བའི་ཐད་ཚོ་ཁྱེད་མཁྱེན་ཟེར་སྐྱབས་འཇུག་ཞུས་པས། དེའི་ལན་དུ་རྒྱལ་བས་ཡ་ཡ་གསུངས། ཕྱི་ནས་རྒད་པོར་འཆི་ནད་ཀྱིས་ཐེབས་ཚེ། གཉིད་མ་གཉིད་ཀྱི་མཚམས་དང་རྨི་ལམ་དུ་རྒྱལ་བ་རིན་པོ་ཆེ་ཡིན་ཟེར་བའི་སྐུ་མདོག་དུང་ལྟར་དཀར་བ་ཤེལ་ལྟར་དྭངས་པ་དར་དང་རིན་པོ་ཆེའི་རྒྱན་ཅན། སྐུ་ལས་འོད་ར་དཀར་པོ་འདོམ་གང་ཙམ་འཕྲོ་བའི་མཐའ་མ་འཇའ་ཚོན་སྣ་ལྔའི་མུ་ཁྱུད་ཀྱིས་བསྐོར་ནས་འོད་འཁྱིལ་ལེ་བ་ཞིག་དྲུང་དུ་འབྲལ་མེད་དུ་བཞུགས་ནས། ཞལ་གྱི་འཛུམ་མདངས་བཞད་བཞིན་རྒད་པོ་འཆི་བ་ལ་འཇིགས་མི་དགོས། ཁྱོད་རང་ཤི་མ་ཐག་ནས་ངེད་གཉིས་བདེ་བ་ཅན་དུ་འགྲོ་བ་ཡིན་གསུངས་པའི་དག་སྣང་བྱུང་། གནད་གཅོད་ཀྱི་སྡུག་བསྔལ་མེད་པར་རྒད་པོ་ཤི་སོང་སྐད། དེས་ན་རྒྱལ་བ་རིན་པོ་ཆེ་སྤྱན་རས་གཟིགས་དངོས་ཡིན། ངེད་རང་ཚོ་ལ་
ཡང་དད་པ་ཡོད་ན་དེ་འདྲ་འབྱུང་ངེས། འཕགས་པའི་ཐུགས་རྗེ་ཇེ་ཆུང་དུ་འགྲོ་རྒྱུ་མེད། སྙིགས་དུས་སུ་ཇེ་ཆེ་ཡིན། དེ་བཞིན་པཎ་ཆེན་ཐམས་ཅད་མཁྱེན་པ་འོད་དཔག་མེད་དངོས་ཡིན། དེ་བཞིན་དུ་དབུས་ཕྱོགས་ཀྱི་བླ་མ་ཐམས་ཅད་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཤ་སྟག་ཡིན་པས། འབྲེལ་ཐོགས་ན་འཆི་དུས་དེ་ཀུན་གྱིས་ངོ་མཚར་གྱི་རྫུ་འཕྲུལ་སྟོན་བཞིན་བྱོན་ནས་ངས་འདྲེན་དང་ཁྱོད་འདྲེན་གསུང་བ་མང་པོ་འབྱུང་ངོ་། །དབུས་གཙང་དག་པའི་ཞིང་གི་ར་ས་འཕྲུལ་སྣང་གི་ཕྱིའི་གཙུག་ལག་ཁང་དང་། ནང་གི་ཇོ་ཤཱཀ་རྣམ་གཉིས་ཀྱིས་གཙོ་བྱས་རྟེན་ཁམས་ཅན་ཅི་ཡོད་མཐོང་བའི་ཕན་ཡོན་ནི། ཆོས་རྒྱལ་སྲོང་བཙན་སྒམ་པོའི་ཞལ་ནས། གཅིག་མཐོང་ན་ངན་སོང་གི་སྐྱེ་སྒོ་ཆོད། གཉིས་མཐོང་ན་ལྷ་མིའི་ལུས་ཐོབ་ནས་ཐར་པ་ཐོབ། གསུམ་མཐོང་ན་དུག་གསུམ་རང་སར་ཞི་ནས་སྐུ་གསུམ་ལ་སྦྱོར་ནུས། ཞེས་གསུངས། དེས་ན་ལན་མང་པོ་མཐོང་ན་སྨོས་ཅི་དགོས། ཡང་ཐོས་པའི་ཕན་ཡོན་ནི། དུད་འགྲོའི་རྣ་ལམ་དུ་ཐོས་ཀྱང་། དུད་འགྲོའི་ལུས་ལས་གྲོལ་ནས་ཐར་ལམ་གྱི་སྣ་ཟིན་ནོ། །ལྷ་དང་མིས་ཐོས་ན་ཐར་པ་ཐོབ་
གསུངས། ཡང་དྲན་པའི་ཕན་ཡོན་ནི་ཡི་དམ་དེ་རྣམས་ཀྱི་ཡོན་ཏན་རྗེས་སུ་དྲན་ན་བསྐལ་པ་ལྔ་སྟོང་གི་སྒྲིབ་པ་འདག་ཅིང་མི་སྐྱེ་བའི་ཆོས་ལ་བཟོད་པ་འཐོབ་བོ་གསུངས། གཞན་ཡང་བསྐོར་བ་བྱས་པའི་གྲངས་དང་མཉམ་པའི་ས་བཅུ་དང་མཁྱེན་པའི་ཡེ་ཤེས་སོགས་འཐོབ་པའི་ས་བོན་རྒྱུད་ལ་འཇོག་པ་སོགས་ཕན་ཡོན་མཐའ་ཡས་པ་མ་ཎི་བཀའ་འབུམ་ན་ཡོད་པས་དེར་ཞིབ་ཏུ་བལྟས་ན་སྔར་མཇལ་བ་རྣམས་ལ་དགའ་སྤྲོ་དང་། མ་མཇལ་བ་རྣམས་ལ་མཇལ་འདོད་རང་དབང་མེད་པར་སྐྱེ་ངེས། དེ་བཞིན་དུ་དཔལ་གྱི་བསམ་ཡས་རྟེན་བརྟེན་པར་བཅས་པ་མཐོང་ན་སྡིག་ཅན་གྱི་མི་ཡིན་ཡང་ངན་འགྲོ་མེད། ནད་གདོན་བགེགས་དང་བར་ཆད་གང་ཡོད་ཞི། ཅི་འདོད་པའི་དོན་ལ་གསོལ་བ་བཏབ་པ་ཙམ་གྱིས་འགྲུབ། ཕྱག་བསྐོར་མཆོད་འབུལ་བྱས་ན། གནས་སྐབས་སུ་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་སོགས་ཕན་ཡོན་མཐའ་ཡས་པ་པདྨ་བཀའ་ཐང་ན་གསལ། དེ་བཞིན་པོ་ཏ་ལའི་རྟེན་བརྟེན་པར་བཅས་པ་དང་། སེར་འབྲས་དགེ་གསུམ་གཙང་བཀྲ་ཤིས་ལྷུན་པོ། སྨིན་གྲོལ་
གླིང་། རྡོ་རྗེ་བྲག །ས་སྐྱ། ཁྲ་འབྲུག །ཡར་ལུང་རྟེན་གསུམ་གནས་གསུམ་སོགས་ཀྱི་རྟེན་ཁམས་ཅན་ལ་མཇལ་བ་དང་། ཕྱག་བསྐོར་མཆོད་འབུལ་བྱས་པའི་ཕན་ཡོན་ནི་ལྕེ་བརྒྱར་སྤྲུལ་ནས་བསྐལ་བརྒྱར་བརྗོད་ཀྱང་རྫོགས་པའི་ཡུལ་ལས་འདས། སེར་འབྲས་དགེ་གསུམ་སོགས་དབུས་ན་དགོན་པ་ཆེ་ཆུང་ཅི་ཡོད་ལ་རབ་མང་ཇ་འགྱེད་ཕོགས་ཐ་ན་གཞན་གྱིས་མང་ཇ་བསྐོལ་བའི་ནང་དུ་ཇ་མར་གྱིས་ཁ་འདེབས་ཞལ་འདེབས་སོགས་བྱས་ན་བསོད་ནམས་ནམ་མཁར་མི་ཤོང་། རྒྱ་མཚོའི་ནང་དུ་འོ་མའི་ཐིགས་པ་ཞིག་བརྒྱབས་ན་རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད་པ་བཞིན་དུ། བསོད་ནམས་ལ་ནམ་ཡང་འཛད་རྒྱུ་མེད་དེ། སྔོན་མདོ་སྨད་ཀྱི་བླ་མ་ཞིག་གིས་རང་གི་ཕ་ཡུལ་ནས་དགེ་སློང་བརྒྱ་ཕྲག་ཙམ་ལ་ཇི་སྲིད་འཚོའི་བར་དུ་འཚོ་བའི་ཡོ་བྱད་ཀྱིས་ཚོགས་བསགས་པ་བས། དབུས་སུ་སོང་ནས་ལྷ་སའི་སྨོན་ལམ་དུས་སེར་འབྲས་དགེ་གསུམ་ལ་འདྲེན་པའི་མང་ཇའི་ནང་དུ་ཇ་མར་ཞིག་གིས་ཁ་འདེབས་བྱས་པ་བསོད་ནམས་ཆེ་ཨང་སྙམ་པ་བྱུང་གསུངས། དེ་ཐུགས་ཤིན་ཏུ་མད་དེ་ཁོང་རྣམ་པ་ཁྲི་ཕྲག་མང་པོ་ཚོགས་པའི་ནང་ན་ས་ཐོབ་ཀྱི་
སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོ་ཡོད་ངེས། དཔེར་ན་ཞིང་ས་བཟང་པོ་ཞིག་དང་། ངན་པ་གཉིས་ས་བོན་འདེབས་དུས་འདྲ་ཡང་། སྟོན་ཐོག་ལེན་དུས་འཕེལ་ཆེ་ཆུང་གི་ཁྱད་པར་ཤིན་ཏུ་ཆེ་བ་ལྟར། སྐྱེ་བོ་ཐ་མལ་པ་ཞིག་དང་བྱང་ཆུབ་སེམས་དཔའ་གཉིས་མཆོད་དུས་ཁྱད་མེད་རུང་། ཕྱིས་བསོད་ནམས་ཐོབ་དུས་རྒྱ་ཆེ་ཆུང་གི་ཁྱད་ཤིན་ཏུ་ཆེ། དེས་ན་བོད་གངས་ཅན་གྱི་ཁྲོད་དུ་སྐྱེས་ནས་ཐག་ཉེའི་བླ་མ་དམ་པ་རྟེན་ཁམས་ཆེན་རྣམས་ལ་ལན་ཅིག་ཙམ་ཡང་མི་མཇལ་བར་ཚེ་གང་བོར་ཡུལ་དུ་ཉལ་བསྡད་པ་དང་། འགའ་རེས་ལྷམ་ངོ་མང་པོ་བརྡོལ་རག་གི་བར་དུ་འཚོ་སྐྱོང་དང་ཞིང་ལས་སོགས་བྱས་པ་ལ་དོན་སྒོ་སྤུ་ཙམ་ཡང་མེད། དབུས་སུ་མཇལ་དུ་འགྲོ་བ་གལ་ཆེ། མཇལ་དུ་འགྲོ་ན་ཚེ་འདིར་དབུས་ལས་ས་ཕྱོགས་ཐག་རིང་དང་དབུས་ཀྱི་བླ་མ་དམ་པ་དང་རྟེན་ཁམས་ཅན་རྣམས་ལས་ལྷག་པའི་ཕྱག་མཆོད་ཀྱི་ཞིང་ཞིག་དང་ནམ་ཡང་མཇལ་དཀའ་བས། རྒྱུ་ནོམ་ཡོད་དུས་དེར་མི་ཁྱེར་བའི་ཁ་ནང་དུ་ཐལ་བརྒྱོབ། དེ་དུས་མི་ཁྱེར་བར་ནམ་ཚོད་འཁྱེར། ཚེ་ཕྱི་མར་ཁྱེར་ནས་འགྲོ་ས་མེད་
པས། ཕྱུག་པོ་རྣམས་ཀྱིས་རྒྱུ་ནོམ་ཁྱེར་ལ་སོང་དང་བཟང་། འབྲེལ་འཇོག་དགོས། རྒྱུ་ནོམ་མེད་པ་རྣམས་ཀྱིས་ཀྱང་ལྷོ་ཁ་བརྒྱུད་ལ་དབུས་གཙང་དག་པའི་ཞིང་ཁམས་སུ་མཇལ་དུ་སོང་ལ་ཕྱག་བསྐོར་ཁབ་སྐུད་ཁ་དར་ཙམ་གྱིས་འབྲེལ་རེ་ཞོག་དང་། མི་ཚེ་གང་བོར་མིའི་གཡོག་བྱས་མི་ཚེ་སྡུག་ཟད་ལ་མ་གཏོང་། ལམ་ནས་ལྟོགས་གྲང་ན་ནས་སྡུག་དཀའ་ལས་མྱོང་ཡང་སྡིག་སྒྲིབ་འདག་པས་ཤིན་ཏུ་བཟང་། གལ་ཏེ་ཤི་སོང་ཡང་སྤྱིར་སྐྱེས་པའི་ཐ་མ་འཆི་བ་ཡིན་པས་དོན་མེད་དུ་ཤི་བ་ལས། ཆོས་ཕྱིར་ཤི་ན་ཕྱི་མར་རྙེད་པ་ཆེན་པོ་རྙེད། སྔོན་སངས་རྒྱས་ཀྱིས་ཆོས་ཕྱིར་དཀའ་བ་སྤྱད་དུས་དབུ་ཡན་ཆད་བཅད་ནས་གཞན་ལ་སྦྱིན་པར་བཏང་ནས་སངས་རྒྱས་པ་ཡིན་པས། ལྟས་ངན་མི་སྲིད་པ་ཞིག་སྟེང་དུ་བྱུང་བ་མིན། ཤི་བ་མ་བཟང་ཞེས་འགྱོད་པ་སྤུ་ཙམ་བྱེད་མི་དགོས། ད་རེས་སྐལ་བ་བཟང་སངས་རྒྱས་ཀྱི་རྣམ་ཐར་ཟིན་པ་ཡིན། མ་འོངས་པ་ན་བསོད་ནམས་ཆེན་པོ་ཐོབ་སྙམ་དགའ་བ་བསྒོམ་དགོས། ཡང་འགའ་རེས་དབུས་སུ་འགྲོ་དུས་འགྲོ་ཚུལ་མི་ཤེས་པར་སངས་རྒྱས་ཀྱི་གོ་འཕང་ཨེ་ཐོབ་ཀྱི་ཕྱིར་ཆོས་བྱེད་དུ་འགྲོ་བ་ཞིག་དང་
མི་འདྲ་བར། དམྱལ་བར་ཨེ་ལྟུང་གི་ཕྱིར་སྡིག་པ་བཅའ་རུ་འགྲོ་བ་ཞིག་དང་འདྲ་སྟེ། ཡུལ་ནས་ལམ་ལ་གྲོ་ཤ་དགོས་ཟེར་ལུག་བཤས། བླ་མའི་འཚོ་བ་དཔོན་པོའི་ཤུལ་བསུ། མགྲོན་པོ་གྲོ་ལུག་ཟེར་མང་པོ་དེད་འོང་ནས། དགུང་མའི་གྲངས་ཀྱི་བསད། རི་ཀླུང་ན་རི་དྭགས་ཡོད་ཚད་ལ་མེ་མདའ་འཕངས། རྐུ་འཕྲོག་བྱས་མ་བྱིན་པ་བླངས། གྲོགས་ལ་ན་ཟུག་ཅིག་བྱུང་ན་བདག་མི་བྱེད་སྐྱུར་ཨེ་ཐུབ་བལྟ་བ་འདི་འགྲོ་ལུགས་བཙོག་པས། མཇལ་ཚད་ཆུད་ཟོས་སུ་བཏང་བ་ཡིན། དབུས་སུ་མཇལ་བ་དོན་མེད་རང་སྡུག་ཡིན། ཆོས་རྣམ་དག་བྱེད་པའི་བློ་ལྡན་སྐྱ་སེར་ཕོ་མོ་རྣམས་ཀྱིས་དབུས་སུ་འགྲོ་དུས་བྱ་སྤྱོད་ངན་པ་འདི་འདྲ་རྒྱང་རིང་དུ་དོར་དང་བཟང་། ཡང་སྡིག་སྒྲིབ་སྦྱོང་བའི་གཉེན་པོའི་མཆོག་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ཡིན་པས། ཁྱེད་རང་རྣམས་ཀྱིས་རང་གི་སྤྱི་བོར་པད་ཟླའི་གདན་དཀར་པོ་ལ་རྡོ་རྗེ་སེམས་དཔའ་སྐུ་མདོག་གངས་རི་ལྟར་དཀར་བ། ཞལ་གཅིག་ཕྱག་གཉིས་ཀྱིས་རྡོ་རྗེ་དང་དྲིལ་བུ་བསྣམས་པ་དར་དང་རིན་པོ་ཆེའི་རྒྱན་ཅན་མཚན་དང་དཔེ་བྱད་ཀྱིས་མཛེས་པ། སྐུ་
ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དབུས་ན་ཞབས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པའི་ཐུགས་ཀར་ཟླ་དཀྱིལ་ལ་ཤེལ་གྱི་རྡོ་རྗེ་རྩེ་ལྔ་པ་གྱེན་དུ་ལངས་པའི་ལྟེ་བར་ཟླ་གདན་ལ། ཧཱུྃ་ཡིག་དཀར་པོའི་མཐར་ཡི་གེ་བརྒྱ་པ་ཁ་དོག་དཀར་པོ་གཡོན་བསྐོར་དུ་བཀོད་པ། གཡས་སུ་འཁོར་བ་ལས་འོད་ཟེར་འཕྲོས་བདུད་རྩིའི་རྒྱུན་བབས་ནས། རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་བཀྲུས་པས། ཚེ་འཁོར་བ་ཐོག་མེད་ནས་ད་བར་བསགས་པའི་སྡིག་སྒྲིབ་ཐམས་ཅད་དུད་ཁུ་དང་སོལ་ཁུ། ནད་ཐམས་ཅད་རྣག་ཁྲག །།གདོན་ཐམས་ཅད་སྡོམ་སྡིག་སྦལ་ལྕོང་སྲིན་འབུ་སོགས་ཀྱི་རྣམ་པར་དབང་པོའི་སྒོ་དང་བ་སྤུའི་བུ་ག་སོགས་དང་། ཁྱད་པར་ཆུ་ལམ་དང་བཤང་ལམ་གཉིས་ནས་ནག་ཉིལ་ཉིལ་ཕྱིར་ཐོན་ནས་ས་རིམ་པ་བདུན་གྱི་འོག་ཏུ་སོང་། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་སོང་སྙམ་དུ་ཡི་གེ་བརྒྱ་པ་ཐོན་དང་བཟང་། དེ་ལྟར་རྡོར་སེམས་བསྒོམ་བཟླས་མང་པོ་བྱས་ན་སྔར་མཚམས་མེད་པའི་ལས་བྱས་པ་དག་ན་གཞན་སྨོས་ཅི་དགོས། ཡིག་བརྒྱ་ཉིན་རེ་ཉེར་གཅིག་ཙམ་རེ་བཏོན་ན་སྔར་ཉེས་
ལྟུང་གང་བྱས་མི་འཕེལ་བྱིན་གྱིས་བརླབ་པར་འགྱུར། བརྒྱ་རེ་བཏོན་ན་དམ་ཚིག་ཉམས་ཆགས་ཐམས་ཅད་སོར་ཆུད། དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི་སྲས་སུ་འགྱུར་ཞིང་། དུས་རྟག་ཏུ་སྲུང་སྐྱོབ་མཛད། འབུམ་ཕྲག་ཅིག་བཏོན་ན་མ་འོངས་པ་ན་ཉེས་སྐྱོན་རྣམ་པར་དག་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་ཅེས་རྒྱུད་སྡེ་ཆེན་པོ་རྣམས་དང་བླ་མ་དམ་པའི་ཞལ་ནས་གསུངས་ཏེ། སྙིང་པོ་རྒྱན་ལས། ཡི་གེ་བརྒྱ་པ་ཆོ་ག་བཞིན། །ཉི་ཤུ་རྩ་ནི་རེ་རེ་བཟླས། །ལྟུང་སོགས་བྱིན་གྱིས་རླབས་འགྱུར་བས། །འཕེལ་བ་རུ་ནི་མི་འགྱུར་ཞེས། །གྲུབ་པ་མཆོག་རྣམས་ཀྱིས་བཤད་པས། །ཐུན་མཚམས་སུ་ནི་སྤྱད་པར་བྱ། །འབུམ་ཕྲག་དུ་ནི་བཟླས་གྱུར་ན། །རྣམ་པར་དག་པའི་བདག་ཉིད་འགྱུར། །ཞེས་དང་། དཔལ་རྡོ་རྗེ་སེམས་དཔའི་སྙིང་པོ་འདི་དག་དུས་གཅིག་ལ་བརྒྱ་རྩ་བརྒྱད་བརྗོད་ན་ཉམས་ཆགས་ཐམས་ཅད་བསྐངས་ཏེ། ངན་སོང་གསུམ་ལས་ཐར་བར་འགྱུར་རོ། །རྣལ་འབྱོར་པ་གང་ཞིག་གིས་ཡི་དམ་དུ་བཅངས་ནས། འདོན་ན་མི་ཚེ་འདི་ཉིད་ལ་ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱིས་སྲས་
དམ་པར་དགོངས་ནས། བསྲུང་བ་དང་སྐྱོབ་པ་མཛད་ལ་ཚེ་འཕོས་ནས་བདེ་བར་གཤེགས་པ་རྣམས་ཀྱི་སྲས་སུ་གདོན་མི་ཟ་བར་འགྱུར་རོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས་རྡོར་སེམས་བསྒོམ་བཟླས་གསུངས་ནས། འདི་ནི་བླ་མེད་ནང་གི་ཉམས་ཆགས་སྐོང་བའི་སྒྲིབ་སྦྱོང་ཁྱད་པར་ཅན་ཏེ། བསྐལ་པ་སྟོང་གི་ལས་སྒྲིབ་འདག་ཅིང་དམ་ཚིག་ཉམས་ཆགས་མཚམས་མེད་ལྔའི་ལས་ཀྱང་འདག་པར་འགྱུར་བའི་ཕྱིར་ན། རྣལ་འབྱོར་པས་བརྩོན་པར་བྱས་ན་འདི་ཉིད་རང་གིས་སངས་རྒྱས་འཐོབ་པར་འགྱུར་རོ་གསུངས། དེས་ན་སྡིག་ཅན་དང་དམ་ཉམས་རྣམས་ཀྱིས་འདི་ལ་འབད་པ་གལ་ཆེ། ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་སྐྱིད་ཐམས་ཅད་ཚོགས་བསགས་པ་ལས་བྱུང་བ་ཡིན་ཞེས་རྒྱལ་བ་སྲས་བཅས་ཀྱིས་གསུངས། ཚོགས་བསགས་ཐམས་ཅད་ཀྱི་ནང་ནས་ཚེགས་ཆུང་དོན་ཆེ་བ་ལག་པའི་བརྐྱང་བསྐུམ་བྱས་པ་ཙམ་གྱིས་ཚོགས་གཉིས་བདེ་ལེགས་སུ་རྫོགས་ནས་སངས་རྒྱས་པ་མཎྜལ་ཡིན་པས། རབ་རིན་པོ་ཆེའི་མཎྜལ། འབྲིང་གསེར་ཟངས། ཐ་མ་ཤིང་དང་རྡོ་བ་སོགས་ཅི་འབྱོར་བྱ། མཎྜལ་གྱི་སྟེང་དུ་ཚོམ་
བུ་རབ་རིན་པོ་ཆེ། འབྲིང་འབྲུ་སྨན། ཐ་མ་རྡོ་དཀར་སོགས་བཀོད་ནས། རབ་བཛྲ་བྷུ་མི་ཞེས་མཎྜལ་སོ་བདུན་མ་ཐོན། འབྲིང་ས་གཞི་སྤོས་བྱུགས་མ། ཐ་མས་ཨེ་དཾ་གུ་རུ་རཏྣའི་སྔགས་ཐོན་ལ་ཕུལ་དང་བཟང་། ཡང་རང་ལུས་ཤིན་ཏུ་མཛེས་པ་གོས་རྒྱན་སྣ་ཚོགས་པས་མཛེས་པར་སྤྲུལ། མཎྜལ་རིན་པོ་ཆེ་དུ་མ་ལས་གྲུབ་པའི་ཞོང་པ་ཆེན་པོར་སྤྲུལ། སྟེང་གི་ཚོམ་བུ་རྣམས་ནོར་བུ་གཡུ་བྱུར་མུ་མེན་མུ་ཏིག་གསེར་དངུལ་སོགས་མང་པོར་སྤྲུལ་ནས། བླ་མ་ལྷ་དང་དཀོན་མཆོག་གསུམ་མདུན་དུ་ཁྲ་ལམ་མེར་བཞུགས་པར་མོས་ནས་དེ་ལ་ཕུལ་ན་ཕྱི་མར་རང་གིས་དེ་བས་བརྒྱ་འགྱུར་སྟོང་འགྱུར་གྱི་བསོད་ནམས་འཐོབ་པ་ཡིན་ཏེ། དགེ་སློང་ལྷའི་རིན་པོ་ཆེ། སྔོན་སངས་རྒྱས་གསེར་ཐུབ་ཀྱི་དུས་མི་དབུལ་པོ་ཞིག་ཏུ་གྱུར་ནས་དགེ་འདུན་པ་རྣམས་མཆོད་ན་འདོད་ཀྱང་ཡོ་བྱད་ཅི་ཡང་མེད་ཚེ། རྡོ་རིགས་སྤར་གང་རིན་པོ་ཆེ་སྣ་ཚོགས་སུ་མོས་ནས། དགེ་འདུན་པ་འདུས་པའི་ཚོགས་གྲལ་དུ་གཏོར་བས། དེའི་བསོད་ནམས་ཀྱིས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་རིན་པོ་ཆེ་དང་ཟས་གོས་ལོངས་སྤྱོད་དཔག་
མེད་དང་ལྡན། ཕྱིས་སངས་རྒྱས་བཅོམ་ལྡན་འདས་ཀྱི་དུས་སུ་ཁྱིམ་བདག་འབྱོར་ལྡན་ཞིག་གི་བུར་སྐྱེས། དེ་སྐྱེས་མ་ཐག་ཏུ་ནམ་མཁའ་ནས་རིན་པོ་ཆེ་སྣ་བདུན་གྱི་ཆར་བབས་ཏེ། ཁྱིམ་ཐམས་ཅད་གང་གསུངས། ཡང་རང་རྣམ་སྲས་ལྟ་བུར་སྤྲུལ་མཎྜལ་རྣམ་སྲས་ཀྱི་མཛོད་ཁང་ལྟ་བུར་སྤྲུལ་མཎྜལ་གྱི་སྟེང་གི་ཚོམ་བུ་རྣམས་རྣམ་སྲས་ཀྱི་མཛོད་ལྟ་བུར་སྤྲུལ་ནས་བླ་མ་དཀོན་མཆོག་ལ་ཕུལ་ན། ཕྱི་མར་དེ་ལྟ་བུའི་བརྒྱ་སྟོང་འགྱུར་གྱི་བསོད་ནམས་འཐོབ། ཡང་རང་ལྷའི་དབང་པོ་བརྒྱ་བྱིན་དུ་སྤྲུལ། མཎྜལ་དབང་ཆེན་གསེར་གྱི་ས་གཞི། སྟེང་གི་ཚོམ་བུ་རྣམས་ལྷ་དང་མིའི་ཡོ་བྱད་ལྟ་བུར་སྤྲུལ་ནས་ཕུལ་ན། ཕྱི་མར་དེ་ལྟ་བུའི་བརྒྱ་སྟོང་འགྱུར་གྱི་བསོད་ནམས་འཐོབ། ཡང་རང་ལྷའི་དབང་པོ་ཚངས་པ། མཎྜལ་སྟོང་གསུམ་འཇིག་རྟེན་གྱི་ཁམས། སྟེང་གི་ཚོམ་བུ་རྣམས་སྟོང་གསུམ་གྱི་ལྷ་མིའི་ཡོ་བྱད་ལྟ་བུར་རྒྱ་ཆེན་པོར་མོས་ནས་ཕུལ་ན། ཕྱི་མར་དེ་ལྟ་བུ་བརྒྱ་སྟོང་འགྱུར་གྱི་བསོད་ནམས་འཐོབ། ཡང་རང་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་ལྟ་བུར་སྤྲུལ། མཎྜལ་འཁོར་འདས་ཀྱི་ཞིང་ཁམས་ལྟ་བུར་མོས། སྟེང་གི་
ཚོམ་བུ་རྣམས་འཁོར་འདས་ཀྱི་ཞིང་གི་འདོད་ཡོན་ལོངས་སྤྱོད་ཅི་ཡོད་ལྟ་བུར་དཔག་ཏུ་མེད་པར་སྤྲུལ་ནས་ཕུལ་ན། མྱུར་དུ་ཚོགས་གཉིས་རྫོགས་ནས། མ་འོངས་པ་ན་སངས་རྒྱས་འཐོབ་པར་འགྱུར་ཞེས་བླ་མ་དམ་པ་འགའ་རེས་གསུངས། དེས་ན་ཁྱེད་ཤེས་པ་རྣམས་ཀྱིས་མཎྜལ་འབུལ་བ་ལ་བརྩོན་པ་གལ་ཆེ། དེ་བཞིན་བརྒྱ་རྩ་ཚ་གསུར། ལུས་སྦྱིན་སོགས་ཚེགས་ཆུང་དོན་ཆེ་བའི་ཚོགས་བསགས་གྱིས་དང་བཟང་། དེ་རྣམས་ཀྱི་ཕན་ཡོན་བཤད་རྒྱུ་ཡིན་ན་བརྗོད་པའི་ཡུལ་ལས་འདས། མདོར་ན་ཚེ་འདིའི་བར་ཆད་ཞི་ཞིང་ཚེ་བསོད་རྒྱས། ཕྱི་མར་ངན་སོང་དུ་མི་སྐྱེ། མཐོ་རིས་ལྷ་མིའི་གོ་འཕང་ཐོབ། སྐྱེ་བ་བཟང་པོ་བརྒྱུད་ནས་མཐར་སངས་རྒྱས་ཀྱི་གོ་འཕང་ཀྱང་འཐོབ་པར་འགྱུར་བས། དེས་ན་དེ་དག་རྣམས་ལ་བརྩོན་དང་དལ་འབྱོར་ཐོབ་པ་དོན་ལྡན་དུ་འགྱུར་རོ། །ཡང་སྨྱུང་གནས་བསྲུངས་ན་ཕན་ཡོན་ཆེ་སྟེ། སྨྱུང་གནས་གཅིག་བསྲུང་ཡང་བསྐལ་པ་བཞི་ཁྲིའི་འཁོར་བ་ཕྱིར་བསྙིལ་བར་འགྱུར། བརྒྱ་རྩ་བརྒྱད་བསྲུངས་ན་མི་དེ་རི་མགོར་སོང་ན་དེ་ཕྱོགས་ཀྱི་རླུང་ཕོག་ཚད་ཀྱི་སེམས་ཅན་ལ་
ངན་འགྲོ་མེད་གསུངས། ཆུ་ལ་བརྒལ་ན་ཆུ་དེ་འཐུང་ཚད་ཀྱི་སེམས་ཅན་ལ་ངན་འགྲོ་མེད། མཐོང་ཐོས་དྲན་རེག་ལུས་ཀྱི་གྲིབ་མ་ཕོག་པ་ཡན་ཆད་ལ་ངན་འགྲོ་མེད་ཅེས་རྒྱུད་དང་། འཕགས་པ་སྤྱན་རས་གཟིགས་བླ་མ་དམ་པ་མང་པོས་གསུངས། དེས་ན་ཁོ་རང་སྨོས་ཅི་དགོས། སྔོན་བུད་མེད་ཅིག་གིས་རང་གི་བུ་རྐང་ཐོས་བརྒྱབ་ནས་བསད། སྐྱེས་པའི་གཙོ་བྱས་མི་བཅུ་སྟོད་ཙམ་ལ་དུག་བླུད་ནས་བསད་པས། ཕྱིས་རྒས་དུས་འགྱོད་པ་སྐྱེས་ཚེ། བླ་མ་ཞིག་གིས་རྒན་མོ་དེ་ལ་ཁྱོད་ཀྱིས་སྨྱུང་གནས་སྲུངས་ཞེས་གསུངས་པས། ལན་གསུམ་བསྲུངས་པས་མོ་རང་ཤི་ནས་དམྱལ་བར་མ་སོང་། རྒྱ་གར་ལྷོ་ཕྱོགས་ཀྱི་བྲམ་ཟེ་ཞིག་གི་སྲས་སུ་སྐྱེས་སྐད། ཡང་སྡོམ་པ་བསྲུང་ན་ཕན་ཡོན་ཆེ་སྟེ། ཟླ་བ་སྒྲོན་མེའི་མདོ་ལས། དེ་བཞིན་གཤེགས་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་ལ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་སྙེད་དུ་ལྷ་དང་མི་ཡི་མཆོད་པ་ཀུན་གྱིས་བསྙེན་བཀུར་བྱས་པ་བས། དམ་པའི་ཆོས་འཇིག་པའི་དུས་ཀྱི་ཉིན་ཞག་ཕྲུག་གཅིག་ཙམ་སྡོམ་པ་ཐུབ་པ་བསོད་ནམས་ཆེ་གསུངས། སྡོམ་པ་ལན་ཅིག་བསྲུངས་ན་མ་འོངས་པ་ན་ལྷའི་དབང་
པོ་བརྒྱ་བྱིན་གྱིས་ཁོང་ལྟ་བུར་འགྱུར་གསུངས། སངས་རྒྱས་ཀྱིས་དེའི་མི་ཚད་མ་འོངས་པ་ན་ཁོང་ལྟ་བུར་འགྱུར་གསུངས། སྔོན་གྲོང་དཔོན་ཞིག་གིས་སྲོག་གཅོད་ཀྱི་སྡོམ་པ་ཉིན་གཅིག་བསྲུང་བའི་མཐུས། མཐར་སངས་རྒྱས་ཕན་བཞེད་ཅེས་བྱ་བར་སངས་རྒྱས་གསུངས། ཡང་གྲུ་ཟམ་དང་ལམ་ངན་བཅོས་ན་ཕན་ཡོན་ཆེ། སྔོན་མི་གཅིག་གིས་བསམ་པ་བཟང་པོས་ལམ་འགྲོ་ཡོངས་ལ་གནོད་པའི་རྡོ་གཅིག་ཡོད་པ་ཕུད་ནས་མར་འཕངས་པས། ཤི་ནས་གཤིན་རྗེས་ཡར་བཏང་ཚེ། ཡིག་དྲུག་བཏོན་ནས་སངས་རྒྱས་ཀྱི་ཞིང་ཞིག་ཏུ་སྐྱེས་སྐད། ཡང་རི་ཁྲོད་དབེན་པའི་དགའ་ཚལ་ན་གྲོགས་མེད་གཅིག་པུར་འདུག་པའི་བྱ་བཏང་སྒོམ་ཆེན་པ་བཟང་པོ་ལ་འཚོ་བ་ཕུལ་ན། བསོད་ནམས་རྒྱ་ཆེན་པོ་འབྱུང་སྟེ། རྗེ་མི་ལའི་ཞལ་ནས། གྲོང་ཡུལ་དུ་ལོངས་སྤྱོད་ལ་བྱུང་རྒྱལ་དུ་སྤྱོད་ཚེ་བརྒྱ་འབུལ་བ་བས། རི་ཁྲོད་དུ་དཀའ་བ་སྤྱོད་ཚེ་ཟན་ཆང་རེ་བསོད་ནམས་ཆེ་བར་འདུག་སྙམ་པ་བྱུང་གསུངས། ཡང་བྲག་ལ་སྒོམ་པའི་སྒོམ་ཆེན་དང་། །འཚོ་བ་སྦྱོར་བའི་ཡོན་བདག་གཉིས། །འཚང་མཉམ་པོར་རྒྱ་བའི་རྟེན་
འབྲེལ་ཡོད། །གསུངས། སྤྱིར་ཚེ་འདི་བློས་བཏང་ནས་དབེན་པའི་རི་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས། དགེ་སྦྱོར་བྱེད་པའི་རྣལ་འབྱོར་པ་གང་དུ་གནས་པའི་ཡུལ་ཕྱོགས་ཀྱི་ནད་རིམས་མུ་གེ་འཁྲུག་རྩོད་སོགས་བཀྲ་མི་ཤིས་པ་ཀུན་ཉེ་བར་ཞི་ནས། ཆར་ཆུ་དུས་སུ་འབབ་ཅིང་ལོ་ཕྱུགས་རྟག་ཏུ་ལེགས་པ་སོགས། བཀྲ་ཤིས་དང་དགེ་ལེགས་བདེ་སྐྱིད་ཀྱིས་ཕྱོགས་དེ་ཁྱབ་པ་ཆོས་ཉིད་ཡིན་ལ། ཁྱད་པར་དགེ་སྦྱོར་བྱེད་མཁན་དེའི་ཆོས་ཀྱི་མཐུན་རྐྱེན་ཡུལ་ཕྱོགས་དེ་ལ་རག་ལས། དེ་ཡང་སྦྱིན་བདག་རྣམས་བདེ་ན་འོང་བར་གོ་ནས། དེའི་སླད་དུ་བླ་མ་ལྷ་ལ་གསོལ་བ་འདེབས། མཁའ་འགྲོ་ཆོས་སྐྱོང་ལ་འཕྲིན་བཅོལ་བྱེད། ཐ་ན་ཇ་མཆོད་ཅིག་འདོན་ཀྱང་མཇུག་ཏུ་འདོད་གསོལ་ལ། ཁྱེད་རྣམས་མཆོད་ཅིང་གསོལ་བ་བཏབ་པའི་མཐུས། །བདག་སོགས་གང་དུ་གནས་པའི་ས་ཕྱོགས་སུ། །ནད་དང་དབུལ་འཕོངས་འཐབ་རྩོད་ཞི་བ་དང་། །ཆོས་དང་བཀྲ་ཤིས་འཕེལ་བར་མཛད་དུ་གསོལ། །ཞེས་གསུངས་ངེས། དེ་ལྟར་མཛད་ན་ཡུལ་ཕྱོགས་དེའི་ཚེ་འདིའི་སྐུ་རིམ་བསྲུང་བ་ལ་ཡང་དེ་བས་ལྷག་ཅིག་གཞན་ན་མེད།
དེས་ན་ཁྱེད་ཁྱིམ་ཚང་ཕྱུག་པོ་སྡེ་པ་ཚོ་བ་སུ་ཡིན་ཡང་། བྱ་བཏང་རི་ལ་སྡོད་པའི་སྒོམ་ཆེན་པར་ལོ་ཟླ་བ་བྱས་མཆོད་བསྟོད་བཀུར་ཨེ་ཐུབ་ལྟོས་དང་བཟང་། ཡང་མི་དང་ར་ལུག་རི་དྭགས་ཉ་སོགས་གཞན་གྱིས་གསོད་པ་ཐབས་དུ་མས་ཚེ་ཐར་བར་བྱས་པ་དང་། ནད་པ་ཚབས་ཅན་ལ་སྨན་དང་ཁམས་དང་འཕྲོད་པའི་ཟས་བྱིན་ནད་གཡོག་བྱས། གཞན་རྡུང་རེས་བྱེད་པའི་བར་བཤོལ་བརྡུང་གི་མ་བཅུག་ན། ཚེ་རིང་ནད་མེད་པར་སྐྱེ། མཚན་ལྡན་གྱི་བླ་མ་དང་། རྒས་པའི་ཕ་མ། ཁྲིམས་གཙང་དགེ་འདུན། ཡུལ་མི་རྒན་པ་སོགས་ལ་རྩི་བཀུར་བྱས། ཁྲི་སྟན་མཐོན་པོར་བཞག །བཟའ་བཏུང་དྲངས། རང་གིས་དམན་ས་བཟུང་ན། གོང་མ་རྒྱལ་པོ་ལྟ་བུའི་མཐོན་པོའི་རིགས་སུ་སྐྱེ། རྟེན་གྱི་དྲུང་དུ་མར་མེ་དང་མེ་ཏོག་བླ་མ་དམ་པ་ལ་ན་བཟའ་གཙང་མ་ཕུལ། བཟོད་པ་བསྒོམས་ན་ལྷའི་བུ་དང་བུ་མོ་བཞིན་གཟུགས་བྱད་མཛེས། བླ་མ་དཀོན་མཆོག་ལ་མཉེས་པའི་མཆོད་པ་རྒྱ་ཆེན་པོ་དང་། དབུལ་པོ་ཉམ་ཐག་ལ་སྦྱིན་གཏོང་ལེགས་པོ། གཡས་གཡོན་ཁྱིམ་མཚེས་ལ་ཕན་ཐོགས་དང་གཡར་སྐྱི་བྱས་ན་
རྣམ་ཐོས་སྲས་དང་། སྟོང་འཁོར་ལོས་སྒྱུར་རྒྱལ་ལ་འགྲན་པའི་ལོངས་སྤྱོད་ཅན་དུ་སྐྱེ། གཞན་གྱིས་སྐུ་གསུང་ཐུགས་རྟེན་དགེ་འདུན་པའི་འདུ་ཁང་སོགས་ལས་དུས་གྲོགས་བྱས་ཟས་བྱིན་ན་གླང་པོ་ཆེ་བས་སྟོབས་ཆེ་བར་སྐྱེ། བླ་མ་དགེ་འདུན་ལ་དྲིལ་བུ་ཏིང་ཤག་དུང་དཀར་སོགས་སྒྲ་སྙན་ཕུལ་ན། སྐད་སྙན་མོ་དང་ཆེན་པོ་འོང་། དེས་ན་ཚེ་རིང་ནད་མེད་མཐོན་པོའི་རིགས་སུ་སྐྱེ་བ་དང་། གཟུགས་མཛེས་འབྱོར་པ་ཆེ་སྟོབས་ཆེ་སྐད་སྙན་པར་འདོད་ན་དེ་ལྟར་བྱེད་དགོས། ཡང་རང་གི་དྲིན་ཅན་རྩ་བའི་བླ་མ་སྤྱི་བོ་དང་སྙིང་དབུས་སོགས་སུ་བསྒོམས་ནས་གསོལ་བ་བཏབ་ན་བཟང་། ཨ་ཏི་བཀོད་པ་ཆེན་པོ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་སྒོམ་པ། །སངས་རྒྱས་སྟོང་གི་ཡོན་ཏན་དེ། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། དམ་ཚིག་བཀོད་པ་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་བ་འབུམ་དུ་བསྒོམ་པ་ལས། །བླ་མ་དྲན་པ་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་ཅིག་དགའ། །ཞེས་
དང་། ཨོ་རྒྱན་རིན་པོ་ཆེས། ཉམས་སུ་བླངས་ན་བླ་མའི་བྱིན་རླབས་བུམ་པ་གང་བྱོའི་ཚུལ་དུ་ཐོབ་ནས། ཚེ་གཅིག་གིས་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་འཐོབ་པར་བྱེད་པ་ལ། ཟབ་མོ་བླ་མའི་རྣལ་འབྱོར་རོ། །ཞེས་གསུངས། བླ་མ་ལ་གསོལ་བ་བཏབ་པ་ཙམ་གྱིས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་བྱིན་རླབས་ཀྱང་གང་ཟག་དེའི་རྒྱུད་ལ་འཇུག་གསུངས་ན། བླ་མའི་བྱིན་རླབས་སྨོས་ཅི་དགོས། ཡང་ཚེ་འདིའི་བར་ཆད་སེལ་བ། ཕྱི་མའི་ལམ་སྣ་འདྲེན་པ་ལ་ལྷ་གཞན་ལས་ལྷག་པ་བོད་ཀྱི་ལྷ་སྐལ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་ན་བཟང་། སྔོན་ཉག་ཕྲུག་འདས་ལོག་བར་དོར་འཁྱམས་དུས་འཇིགས་སྐྲག་སྣ་ཚོགས་བྱུང་ནས་བྲོས་ཚེ། མདུན་དུ་འོད་དཀར་པོ་ཞིག་བྱུང་བའི་སྣེ་མོ་ན། འཕགས་པ་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞི་ཞིང་འཛུམ་པའི་ཉམས་ཅན། ཕྱག་གཡས་མཆོག་སྦྱིན་དང་གཡོན་པདྨ་དཀར་པོའི་སྡོང་བུ་འཛིན་པ་དར་དང་རིན་པོ་ཆེའི་རྒྱན་ཅན། མཚན་དཔེ་གཟི་བྱིན་མཆོག་ཏུ་འབར་བ་ཞིག་མངོན་སུམ་དུ་བྱོན་ནས། བུ་མ་འཇིགས་པར་ཤོག་དང་།
འདི་ན་ང་ཡོད་དོ། །ང་ནི་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་གོ །ཁྱོད་ཀྱི་ལམ་སྣ་འདྲེན་དུ་འོང་བ་ཡིན་ཞེས་ཞལ་གསུང་དྲོན་མོ་གནང་ཚེ། ཉག་ཕྲུག་ལུས་ཀྱི་བ་སྤུ་གཡོ་ཞིང་། མིག་ནས་མཆི་མ་འཁྲུག་པའི་དད་པ་སྐྱེས། ཞབས་ལ་མགོ་བོས་ཕྱག་བྱས། ང་འདི་ལྟར་ཉམ་ཐག་ཚེ་རྗེས་སུ་འཛིན་པའི་རྒྱུ་གང་ཡིན་ཞུས་ཚེ། ཐུགས་རྗེ་ཆེན་པོའི་ཞལ་ནས། ཁྱོད་ཀྱི་སྐྱེ་བ་སྔོན་མ་ཞིག་ཏུ་རྒྱལ་པོ་གཅིག་གི་གླང་རྫི་བྱས། དེ་དུས་གླང་ཆེན་གྱི་ཕྲུ་གུ་ཞིག་མཐའ་ལ་འཕངས་པའི་རྣམ་སྨིན་གྱིས། སྐྱེ་བ་ཕྱི་མ་དེ་ལ་ཁྱོད་མཐའ་ཞིག་ཏུ་ལྷུང་། དེའི་དུས་ཁྱོད་ཀྱིས་འཕགས་པ་ཐུགས་རྗེ་ཆེན་པོ་མཁྱེན་ཞེས་གསོལ་བ་བཏབ་པས། ངས་ཁྱོད་མཐའ་དེ་ལས་བསྐྱབས། དེ་ནས་བཟུང་ཚེ་རབས་ཐམས་ཅད་དུ་ངས་ཁྱོད་རྗེས་སུ་བཟུང་བ་ཡིན། ང་ལ་སུས་གསོལ་བ་ལན་ཅིག་ཙམ་བཏབ་ཀྱང་། འདི་ལྟར་རྗེས་སུ་འཛིན་པ་ཡིན་ཞེས་གསུངས། དེས་ན་བླ་མ་དང་ཐུགས་རྗེ་ཆེན་པོ་དབྱེར་མེད་དུ་བྱས་མདུན་གྱི་ནམ་མཁའ་འམ་རང་གི་སྤྱི་བོར་བསྒོམས་ནས། ཚེ་འདིའི་བར་ཆད་སོལ་ཕྱི་མའི་ལམ་སྣ་དྲོངས་སྙམ་དུ། མ་བཟང་མོ་བུ་མོ་བུ་ཆུང་གིས་
འབོད་པ་ལྟར་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་མ་གསོལ་འདེབས་ཀྱི་ཚུལ་དུ་ལྷང་ལྷང་བཏོན་ནས་གསོལ་བ་འདེབས་པ་གལ་ཆེ། ཉིན་རེར་མ་ཎི་རེ་རེ་ཙམ་བཏོན་ན་དུད་འགྲོར་མི་སྐྱེ། བརྒྱ་རེ་བཏོན་ན་སྔར་བྱས་ཀྱི་སྡིག་སྒྲིབ་དག་ནས་ངན་སོང་དུ་མི་སྐྱེ། སྟོང་ཚོ་རེ་བཏོན་ན་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེ། ཁྲི་ཚོ་རེ་བཏོན་ན་འཕགས་པ་སྤྱན་རས་གཟིགས་ལྟ་བུར་གྱུར་ནས་འགྲོ་དོན་བྱེད་ནུས་ཞེས་གཤིན་རྗེ་ཆོས་ཀྱི་རྒྱལ་པོའི་ཞལ་ནས་གསུངས། སྔོན་ཅི་ཡང་མི་ཤེས་པའི་ར་རྫི་བླུན་པོ་ཞིག་གིས་མི་ཚེ་གང་བོར་མ་ཎི་རྒྱུན་ཆད་མེད་པར་བཏོན་པས། ཕྱིས་ཤི་ཚེ་རོ་ལས་འཇའ་ཚོན་བྱུང་སྟེང་ཕྱོགས་སུ་སོང་མཁའ་སྤྱོད་དུ་ཐིམ་པ་གཞན་གྱིས་མཐོང་། ཐོད་པའི་མཐའ་ལ་ཡི་གེ་དྲུག་མ་རང་བྱུང་དུ་འཁོར་བ་བྱུང་། ཐོད་པ་དེ་བཤེས་གཉེན་དམ་པས་མཆོད་གནས་བྱས་སྐད། ཡང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ། སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་བཏབ་ན་བཟང་། སྔོན་ཨོ་རྒྱན་རིན་པོ་ཆེ་ལ་དད་པ་ཆེ་བའི་ཨ་རིག་གི་རྒད་པོ་ཞིག་ལ་ཚ་བའི་ནད་
བྱུང་སྡོད་མ་ཐུབ་ཚེ་དགུང་མོ་ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས་བཞིན་གཉིད་སོང་བས་རྨི་ལམ་ལ། ཞྭ་དམར་པོ་གྱོན་པའི་བླ་མ་ཞིག་འོངས་ནས། རྒད་པོ་ཕྱག་ཏུ་བླངས་ཤིན་ཏུ་གྲང་བའི་མཚོ་ཞིག་གི་དཀྱིལ་དུ་རྒྱངས་ནས་འཕངས་པས། རྒད་པོས་འཕག་འཕག་ནས་མཚོ་འགྲམ་དུ་ཐོན་དུས་གཉིད་ལས་སད་ཚེ། ལུས་ཀྱི་ན་ཚ་ཀུན་ཞི་ནས་བསིལ་སིང་ངེ་བ་བྱུང་སྐད། ཡང་སྔོན་ལྷོ་ཁའི་ཕྱོགས་ཀྱི་རྒད་པོ་ཞིག་གིས་བཛྲ་གུ་རུ་ཁ་བཏོན་བྱས་དུང་ཕྱུར་གཅིག་ལྷག་ཙམ་སོང་བ་དེ་ཕྱིས་འཆི་ནད་ཀྱིས་ཐེབས་པས་མཚན་མོ་རྨི་ལམ་དུ། མདུན་གྱི་ནམ་མཁའི་ཐད་ནས་སྤྲིན་དཀར་པོ་འོ་མ་འཕྱུར་བ་བཞིན་ལངས་པའི་སྣེ་ལ་ཨོ་རྒྱན་རིན་པོ་ཆེ་བྱོན་ཏེ་ཁོང་གི་ཞལ་ནས། རྒད་པོ་ནངས་པར་ཉི་མ་ཤར་ཙམ་ལ་ཟངས་མདོག་དཔལ་རིའི་རྩེ་མོ་ནས་ངས་འདིར་དར་ཡུག་ཅིག་འཐེན། དར་དེའི་སྣེ་མོ་ལ་འཇུས་ལ་ཡར་ཤོག་ཅིག་གསུངས་པ་ཞིག་རྨིས་པ་ནང་དུས་གཟའ་མི་འགའ་རེར་བཤད། ཉི་ཤར་ལ་རྒད་པོ་ཤི་སོང་། དེ་དུས་ལྷོ་ཕྱོགས་ནས་འཇའ་ཚོན་ཁ་དོག་ལྔ་ལྡན་སྣམ་བུ་བརྐྱང་པ་ལྟ་བུ་ཞིག་རྒད་པོ་གནས་པའི་ཁང་སྟེང་དུ་འཐེན་པ་ཀུན་
གྱིས་མཐོང་། མཐར་ཇེ་ཐུང་ཇེ་ཆུང་དུ་གྱུར་ནས་ལྷོ་ནུབ་ཀྱི་ཕྱོགས་སུ་ཡལ་སོང་། ཡང་རྗེ་རྒྱལ་བའི་བསྟན་པ་ལ་རྒྱལ་བ་བཞིན་བཀའ་དྲིན་ལྷག་པར་ཆེ་བའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་རིན་པོ་ཆེ་ལ་གསོལ་བ་བཏབ་ན་བཟང་། སྔོན་དབུས་ཕྱོགས་ཀྱི་བླ་མ་ཞིག་རྒྱལ་གདོན་གྱིས་ན་བའི་རྐྱེན་བྱས། ཐུགས་དམ་གྱི་གཙོ་བོ་དམིགས་བརྩེ་མ་ལ་བྱས་པས་རྒྱལ་ནད་ཀྱང་དྲག །མཚན་མོ་རྨི་ལམ་ཞིག་ཏུ་རྗེ་རིན་པོ་ཆེ་མཇལ་ཁྱོད་ལོ་འདི་ལྟ་བུ་ཞིག་ལ་དགའ་ལྡན་དུ་འོང་དགོས་གསུངས་པ་རྨིས་པ་སློབ་མ་འགའ་རེར་བཤད། ཕྱིས་ལོ་དེའི་ནང་ལ་སྐུ་གཤེགས་གདུང་བཞུ་བའི་དུས་སྟེང་ཕྱོགས་ནས་སྤྲིན་དཀར་པོ་ཞིག་གདུང་སྟེང་དུ་འཐེན། གདུང་བཞུས་པས་རྒལ་ཚིགས་ཀྱི་རུས་པ་སོགས་ཀྱི་སྟེང་དུ། དམིགས་བརྩེ་མའི་ཡི་གེ་རང་བྱོན་དུ་བྱུང་སྐད། ཡང་ཁྱེད་ཚོས་རང་གི་མདུན་གྱི་ནམ་མཁར་སངས་རྒྱས་ཀྱི་གཙོ་བྱས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་གཅིག་ཀྱང་མ་ལུས་པར་བྱོན་ནས་མངོན་སུམ་ཁྲ་ལམ་མེར་བཞུགས་པ། ཆོས་རྣམས་ཀྱང་པུ་ཏིའི་རྣམ་པར་གདོང་དར་ཚོ་ཁྲ་ཆེམ་མེར་ཡོད་པར་མོས། རང་གི་
མཐའ་བསྐོར་དུ་སེམས་ཅན་ཐམས་ཅད་ཀྱང་ཡོད་པར་མོས་ལ། སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་མནར་ནས། མངོན་མཐོ་དང་ངེས་ལེགས་ཀྱི་བདེ་བ་གང་ཡང་མེད་པའི་བདག་གཞན་སེམས་ཅན་ཐམས་ཅད་ཀྱིས་ཁྱོད་རྣམས་ལ་སྐྱབས་བཙལ་བ་ཡིན་པས་ཐུགས་དམ་སྐྱབས་འོག་ནས་མ་འདོར། ཁྱེད་རྣམས་མ་གཏོགས་རེ་ས་མེད། ཚེ་འདིའི་བར་ཆད་སོལ། ཕྱི་མའི་ལམ་སྣ་དྲོངས་ལ་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པ་ཞིག་ཁྱེད་རྣམས་མཁྱེན་སྙམ་པའི་སྒོ་ནས། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སོགས་སྐྱབས་འགྲོ་གང་ཤེས་ཐོན་ལ་སྐྱབས་འགྲོ་གྱིས་དང་བཟང་། དཔེར་ན་བུ་ཉམ་ཆུང་གིས་ཨ་མ་བཟང་མོ་ལ་རེ་ལྟོས་བཅོལ། ང་ལྟོག་གི་སྐོམ་གི་གྲང་གི་འདི་འདྲ་དགོས་ཞེས་ངུས་ནས་ལན་མང་པོ་བཤད་ཚེ། མ་དེས་སེམས་ཀྱིས་མི་ནུས་པར་འཛུམ་བཞིན་བུ་དེ་ལ་ཅི་འདོད་ཀྱི་བཟའ་བཏུང་བྱིན་གོན་པ་བསྐོན་པ་ལྟར། སྐྱབས་འགྲོ་ལན་མང་བྱས་ཚེ་མདུན་གྱི་ཚོགས་ཞིང་ཐམས་ཅད་ཀྱིས་ཐུགས་བརྩེ་བའི་རྣམ་འགྱུར་ཞལ་འཛུམ་ཞིང་བཞད་བཞིན་སྐུ་ལས་བདུད་རྩི་
འོད་ཟེར་དཔག་མེད་འཕྲོས། རང་གཞན་སེམས་ཅན་ཐམས་ཅད་ཀྱི་ལུས་སེམས་ལ་ཞུགས། ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་དག །ཚེ་དཔལ་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱས། རང་གཞན་སེམས་ཅན་ཐམས་ཅད་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་པའི་སྐལ་བ་དང་ལྡན་པར་བྱས་སོང་སྙམ་པ་གྱིས། དེ་ལྟར་སྐྱབས་འགྲོ་ལན་ཅིག་བྱས་པས་ཀྱང་། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་ཞིང་། སྔར་བསགས་ཀྱི་ལས་སྒྲིབ་རྣམས་སྲབ་ཅིང་ཟད་པར་འགྱུར་ཏེ། བསོད་ནམས་རྒྱ་ཆེན་པོ་གསོག་ཅིང་ངན་སོང་གསུམ་དུ་མི་ལྟུང་། མི་དང་མི་མིན་གྱི་གནོད་པས་མི་ཚུགས། ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ་ཅིང་མྱུར་དུ་སངས་རྒྱས་པ་སོགས་སྐྱབས་འགྲོའི་ཕན་ཡོན་མཐའ་ཡས་ཏེ། གང་ཞིག་སྐྱབས་སོང་འདི་ལ་གཟུགས་ཡོད་ན། །འཇིག་རྟེན་སྟོང་ཁམས་འདི་ཡང་སྣོད་དུ་ཆུང་། །གསུངས། སྔོན་མི་རྐང་ཞ་ཞིག་ཡོད་པ་རྐུན་མ་འགས་ཁྱེར་ནས། ཁོ་རང་ཚོ་ལ་གནོད་སྦྱིན་ཞིག་ཡོད་
པ་ཤ་ཁྲག་གིས་མཆོད་སྙམ་ནས་གསོད་གྲབས་བྱས་ཚེ། མི་རྐང་ཞ་དེ་སྐྲག་ནས་སངས་རྒྱས་ལ་སྐྱབས་འགྲོ་བྱས་པས། སངས་རྒྱས་ཀྱིས་མཁྱེན་ནས་གནོད་སྦྱིན་དེ་འདྲ་ཞིག་ཏུ་སྤྲུལ་ནས་འོང་། འདི་མ་གསོད་པར་བདག་ལ་གསོན་པོར་ཕུལ་སྨྲས་པས། རྐུན་མ་རྣམས་ཀྱིས་གནོད་སྦྱིན་ཡིན་སྙམ་ནས་མ་བསད་པར་ཕུལ་བས་ཚེ་ཐར་གསུངས། ཡང་སྦྲུལ་གཉིས་ལ་མཁའ་ལྡིང་གིས་གཙེས་དུས། སྐྱབས་འགྲོ་བྱས་པས་མཁའ་ལྡིང་གིས་གནོད་མ་ནུས་པས། ཁྱེད་གཉིས་ལ་གནོད་སྐྱེལ་མི་ཐུབ་པ་ཅི་ཡིན་དྲིས་པས། སྦྲུལ་གཉིས་ཀྱིས་སྐྱབས་འགྲོ་བྱས་པ་ཡིན་སྨྲས་པས། མཁའ་ལྡིང་གཉིས་ཀྱང་ངོ་མཚར་སྐྱེས། བཞི་པོས་སྐྱབས་འགྲོ་བྱས་པས། ཕྱིས་ཕྱོགས་བཞིའི་རྒྱལ་ཆེན་སྡེ་བཞིར་གྱུར། ཡང་སྔོན་རྒྱ་མཚོའི་གླིང་དུ་ཚོང་པ་མང་པོ་སོང་བ། ཆུ་སྲིན་གྱི་ཁར་ཆུད་པས་སྐྱབས་འགྲོ་བྱས་པས་ཆུ་སྲིན་གདུག་པ་ཅན་གྱི་ཁ་ནས་ཐར་རོ། །ཡང་སྔོན་རྐུན་མ་ཞིག་གིས་བླ་མ་སྐྱབས་འགྲོ་བྱེད་མཁན་ཞིག་ལ་རྐུ་བྱེད་དུ་སོང་བས། བླ་མས་སྐྱབས་འགྲོ་བྱས་པའི་མཐུས་ནང་དུ་འཛུལ་མ་ནུས་པར་སྒོ་བརྡུང་བོས་ནས་ཁྱོད་ལ་ཡོན་བདག་འདི་འདྲ་
ཞིག་གིས་བྱིན་པའི་ནོམ་པ་འདི་འདྲ་ཞིག་ཡོད་པ་དེ་ང་ལ་མར་བྱིན། མི་སྟེར་ན་ནང་དུ་འོངས་ནས་ངན་གསོད་བྱས་ཁྱེར་བ་ཡིན་ཞེས་བསྡིགས་ནས་སྐྲག་བསླང་ཚེ། བླ་མ་སྐྱབས་འགྲོ་བས་སྐྲག་པ་ལྟར་མཛད་དེ། ཡ་ཡ་ནང་དུ་འོངས་ནས་མ་གསོད་དང་མར་ཁྱེར་འོངས་ནས་སྟེར་ཞེས་ཐག་པ་ཞིག་ཁྱེར། སྒོ་མ་ཕྱེས་པར་སྒོ་ཁུང་ཞིག་ཡོད་པ་དེ་ནས་རྐུན་མ་ལ་ཁྱོད་གྱི་ལག་པ་ཚུར་ཐོངས་དང་ངས་སྟེར་སྨྲས་པས། རྐུན་མས་ལག་པ་བཏང་ཚེ་ལག་མགོ་ནས་བཟུང་ཐག་པས་བསྡམས་ནས་ཀ་བ་ཞིག་ཡོད་པ་དེ་ལ་བཏགས། བོ་ཅོ་སྦོམ་པོ་ཞིག་བཟུང་ནས་སྒོ་ཕྱེས་ཏེ་སོང་རྐུན་མའི་སྟེང་དུ། སངས་རྒྱས་ལ་སྐྱབས་སུ་མཆིའོ་ཞེས་ཤེད་ཀྱིས་གཅིག་བརྒྱབ། ཆོས་ལ་སྐྱབས་སུ་མཆིའོ་ཞེས་ཡང་གཅིག་བརྒྱབ། དགེ་འདུན་ལ་སྐྱབས་སུ་མཆིའོ་ཞེས་ཡང་གཅིག་བརྒྱབ། གསུམ་པོ་དེ་བརྒྱབ་ནས་སླར་ནང་དུ་སོང་སྒོ་བརྒྱབ་ཐག་པ་བཀྲོལ་ནས་བཏང་ཚེ། རྐུན་མ་འཁྱོག་གི་འཁྱོག་གི་ཕར་སོང་། འགྲོ་མ་ཐུབ་པར་ཟམ་པ་ཞིག་གི་འོག་ནས་བསྡད་དེ་འདིང་བརྒྱབ་ནས། དཀོན་མཆོག་གསུམ་ཡིན་ནེ་བཟང་། བཞི་ལྔ་
ཙམ་ཞིག་ཡོད་ཀྱི་ཡིན་ན་དེ་རིང་གསོད་གི་དཀོན་མཆོག་གསུམ་པོ་ཐུགས་རྗེ་ཆེ་སྙམ་དད་པ་ཞིག་སྐྱེ། སྐྱབས་འགྲོ་བྱེད་ཀྱིན་བསྡད་པས། ཟམ་པ་དེའི་སྟེང་དུ་ལྷ་འདྲེ་མང་པོ་འགྲོ་མ་ནུས་པར་ཟམ་པའི་སྣེ་ལ་འཚོགས་ནས་སྡོད་པ་ལ། གཞན་ལྷ་འདྲེ་མཐོང་མཁན་ཞིག་གིས་ཁྱེད་ཚོ་མི་འགྲོ་བར་འདིར་ཅི་ལ་འཚོགས་བསྡད་ཅེས་དྲིས་པས། ལྷ་འདྲེ་རྣམས་ཀྱིས་ཟམ་འོག་འདི་ན་མི་ཞིག་གིས་སྐྱབས་འགྲོ་བྱས་པའི་སྟབས་ཀྱིས་འགྲོ་མ་ནུས་ཟེར། ཡང་སུམ་ཅུ་རྩ་གསུམ་གྱི་ལྷའི་བུ་གཅིག་གིས་མེ་ཏོག་གི་རྒྱན་རྙིང་བ་སོགས་འཆི་ལྟས་བྱུང་ཞིང་། ཤི་ནས་རྒྱལ་པོའི་ཁབ་ཏུ་ཤ་ཟ་མོ་ཕག་མགོ་ཅན་གྱི་མངལ་དུ་སྐྱེ་བ་ཤེས་ནས། ཀྱི་ཧུད་སུམ་ཅུ་རྩ་གསུམ་ཞེས་སྨྲེ་སྔགས་འདོན་ཞིང་སྡུག་བསྔལ་བསྲན་མི་བཟོད་པ་ལྷའི་དབང་པོ་བརྒྱ་བྱིན་གྱིས་མཐོང་ནས་དྲིས་པས་སྔར་གྱི་འཆི་ལྟས་དེ་དག་བཤད་ཚེ། དེ་ནས་བརྒྱ་བྱིན་སྙིང་རྗེ་ཆེན་པོ་སྐྱེས་ནས། ཐབས་གཞན་མེད་ཀྱི་སྐྱབས་འགྲོ་གྱིས་ཤིག་ཅེས་གསུངས། ལྷ་དེས་སྐྱབས་འགྲོ་བྱས་པས་ཤི་ནས་དགའ་ལྡན་དུ་སྐྱེས་གསུངས། དེས་ན་དུས་རྒྱུན་དུ་བློ་རྩེ་དཀོན་མཆོག་གསུམ་ལ་གཏད་ནས་ནང་ནུབ་
ཀུན་ཏུ་སྐྱབས་འགྲོ་བྱེད་པ་གལ་ཆེ། ཡང་ལྷ་ལ་ཡོན་ཆབ་མར་མེ་བདུག་སྤོས་མཎྜལ་ཞིག་འབུལ་ཡང་། དགེ་བ་འདིའི་མཐུས་བདག་མྱུར་དུ་སངས་རྒྱས་ནས་སེམས་ཅན་ཐམས་ཅད་ལ་ཕན་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག་ཅེས་སྨོན་སེམས་བསྐྱེད་དང་བཟང་། རི་མགོ་ཚོ་ལ་སོང་དུས། མེ་ཏོག་མཛེས་པ་ཆུ་མཚོ་ཡིད་འོང་ལོ་ཏོག་བཟང་བོ་ནགས་ཚལ་མེ་ཏོག་འབྲས་བུས་བརྒྱན་པ་སོགས། དངོས་པོ་ཡིད་དུ་འོང་བ་ཅི་མཐོང་ཡང་ཡིད་ཀྱིས་མདུན་གྱི་ནམ་མཁར་བླ་མ་ཡི་དམ་རྒྱལ་བ་སྲས་བཅས་ཐམས་ཅད་ཁྲ་ལམ་མེ་བཞུགས་པར་མོས་ལ་དྲུང་དུ་ཕུལ་བར་དམིགས་ལ། བདག་གིས་དགེ་བ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བའི་མཐུས། བདག་མ་འོངས་པ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་གྱུར་ཅིག་ཅེས་སྨོན་སེམས་བསྐྱེད་དང་བཟང་། གྲུབ་པའི་དབང་ཕྱུག་ཆེན་པོ་རྗེ་དགེ་ལེགས་རྒྱ་མཚོས། ནེའུ་གསིང་མེ་ཏོག་གིས་བརྒྱན་པ་གཟིགས་ན་ཡང་། ས་གཞི་སྤོས་བྱུགས་མ་གསུངས་ནས་མཎྜལ་ཕུལ། སངས་རྒྱས་ཆོས་ཚོགས་མ་གསུངས་ནས་སེམས་བསྐྱེད་རེ་གནང་སྐད།
དེ་ནི་གནད་ཤིན་ཏུ་ཆེ་སྟེ། སྔོན་བསྐལ་བཟང་གི་སངས་རྒྱས་སྟོང་གི་ནང་ནས་འགའ་རེས། ཤིང་བུ་རྡེའུ་རྩྭ་སྒྲོན་མེ་སྐུད་པའི་ཆུན་པོ་རས་ཀྱི་ཁ་ཚར་སོགས་ཕུལ་ནས། དགེ་བ་འདིའི་མཐུས་བདག་གིས་མ་འོངས་པ་ན་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་ཤོག་ཅེས་སེམས་བསྐྱེད་མཛད་ནས་སངས་རྒྱས་པ་ཡིན་པས། འོ་སྐོལ་རྣམས་ཀྱིས་ཀྱང་དེ་ལྟར་དེང་སང་བྱས་ན་མ་འོངས་པ་ན་སངས་རྒྱས་པའི་སྐལ་པ་ཡོད་ངེས། དེ་ལྟར་དངོས་པོ་ཡིད་དུ་འོང་བ་ཞིག་མཐོང་ཡང་སངས་རྒྱས་བྱང་སེམས་རྣམས་ལ་མཆོད་པ་ཕུལ་ནས་སེམས་བསྐྱེད་སྦྱོང་བའི་ཚུལ་མདོ་སྡེ་དཀོན་མཆོག་སྤྲིན་ལས་གསལ་བར་གསུངས་སོ། །ཡང་ཁྱེད་བློ་མཐོ་བ་རྣམས་ཀྱིས་བདག་འཛིན་འཇོམས་པའི་ཐོ་བ། དགེ་ཚོགས་སྡུད་པའི་རྒྱ་མཚོ། རང་གཞན་འཚེང་བའི་ནོར་བུ་ལྟ་བུའི་ཐེག་ཆེན་བློ་སྦྱོང་ལྟར། བདག་གཞན་བདེ་སྡུག་བརྗེ་བའི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་སྒོམས་དང་བཟང་། དེ་ཇི་ལྟར་སྒོམ་ཟེར་ན། ཚེ་སྔོན་དྲིན་གྱིས་ཡང་ཡང་བསྐྱངས་པའི་ཕ་མ་སེམས་ཅན་ཐམས་ཅད་སྤྱིར་འཁོར་བ་ཁྱད་པར་ངན་སོང་གསུམ་གྱི་སྡུག་བསྔལ་གྱིས་མནར་བ་འདི་ཀུན་
སྙིང་རེ་རྗེ། སྡུག་བསྔལ་དང་བྲལ་ནས་བདེ་བ་དང་ལྡན་ན་ཅི་མ་རུང་། ད་ནི་བདག་གིས་ཕ་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་ཚུར་བླངས་ནས་སྡུག་བསྔལ་དང་བྲལ་བར་བྱ། བདག་གི་བདེ་དགེ་ཕར་བྱིན་ནས་བདེ་བ་དང་ལྡན་པ་ཞིག་བྱ་སྙམ་དུ། ཐོག་མར་རང་གི་ཚེ་འདིའི་མའི་སྡུག་བསྔལ་སྒྲིབ་གཉིས་བག་ཆགས་དང་བཅས་པ་འོད་ཟེར་ནག་པོའི་རྣམ་པར་ཚུར་བྱུང་། རང་གི་སྙིང་དཀྱིལ་ན་རྒྱུན་དུ་ང་ང་ཟེར་བའི་མི་དགོས་དགུ་དགོས་མི་འཁྱིག་པའི་བདག་འཛིན་ཕུང་རྒན་གྱི་སྟེང་དུ་བབས་ནས་ནག་ཐུལ་ལེ་བཏང་། མ་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་ཐམས་ཅད་དང་བྲལ་སོང་སྙམ་དུ་བསྒོམ། ཡང་རང་གི་བདེ་དགེ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སོང་ནས་རང་གི་མའི་ལུས་ལ་སིབ་སིབ་ཐིམ་པས། མ་གནས་སྐབས་སུ་བདེ་ཞིང་མཐར་ཐུག་འཚང་རྒྱ་ནུས་པའི་སྐལ་པ་རྒྱུད་ལ་བཞག་སོང་སྙམ་དུ་བསྒོམ། དེ་བཞིན་ཕ་ལ་བསྒོམ། དེ་ནས་མ་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་ལས་ཉོན་གྱི་སྒྲིབ་པ་ཐམས་ཅད་ཚུར་བླངས་ནས་སེམས་ཅན་ཐམས་ཅད་སྡུག་
བསྔལ་དང་བྲལ་སོང་སྙམ་དུ་བསྒོམ། ཡང་རང་གི་བ་དེ་ཕ་དང་དགེ་ཚོགས་ཐམས་ཅད་ཕར་བཏང་བའི་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པར་བསྒོམ། དེ་ལྟར་བསྒོམས་ན་དངོས་སུ་བདེ་སྡུག་བརྗེ་མ་ཐུབ་ཀྱང་། བསམ་པ་བཟང་པོ་དེ་འདྲ་བ་ལན་ཅིག་ཡིད་ལ་དྲན་ཀྱང་བསོད་ནམས་དཔག་མེད་ཐོབ་སྟེ། སྔོན་རྒན་མོ་མ་བུ་གཉིས་ཆུས་ཁྱེར་བས་མ་ཡིས་བུ་མོ་གཅེས་ཕྲུག་མ་འདི་ཆུ་འདིའི་ཕ་ཁར་ཉེས་སྐྱོན་མེད་པར་བུད་ན་ཅི་མ་རུང་མོ་ཤི་ཡང་ཆེད་སྙམ། བུ་མོས་ཨ་མ་དྲིན་ཅན་མ་འདི་ཆུ་ཡི་ཕ་ཁར་ཉེས་སྐྱོན་མེད་པར་བདེ་མོ་བྱས་ཅིག་བུད་ན་ཅི་མ་རུང་སྙམ་པའི་ངང་ནས་ཤི་སོང་བས་མ་བུ་གཉིས་ཀ་ལྷ་ཡུལ་ཞིག་ཏུ་སྐྱེས་སོང་། ཡང་སྔོན་བྱ་སའི་ཀོ་ཁར་མི་མང་པོ་ཀོ་བ་ལ་ཞུགས་ནས་སོང་། ཆུ་དཀྱིལ་དུ་ཐོན་དུས་གྲུ་ཆུ་ནང་དུ་བྱིང་སྙམ་བྱས་ཚེ་གྲུ་པས། ཆུ་ལ་རྐྱལ་ཤེས་པ་ཞིག་ཡོད་ན་གྲུ་ནང་ནས་ཕྱིར་བུད་དང་ཅུང་ལྕི་སོང་ཟེར། ཆུ་ལ་རྐྱལ་ཤེས་པ་མེད་པས་མ་བུད་ཚེ། ནང་ནས་བང་ཆེན་པ་གཅིག་གིས་མི་འདི་ཀུན་ཆུ་ནང་དུ་མ་སོང་བ་བྱས། བདག་གཅིག་པུ་ཤི་ན་དྲག་སྙམ་ཆུ་ལ་རྐྱལ་མི་ཤེས་རུང་མིག་བཙུམ་ནས་ཆུ་ནང་
དུ་ལྡང་བས། དེ་མ་ཐག་ནམ་མཁའ་ནས་གྲུ་ཁར་འཇའ་ཚོན་འཐེན། ཁོ་རང་ཡང་མ་ཤི་བར་ཆུའི་ཕ་ཁར་ཐོན་སྐད། ཡང་སྔོན་མཛའ་བོའི་བུ་མོ་རྒྱ་མཚོར་འགྲོ་དུས། མས་བུ་ཡི་རྐང་པ་ནས་བཟུང་སྟེ། ཁོ་མོ་བོར་ནས་མ་འགྲོ་ཞེས་ངུས་ནས་བཤད་ཀྱང་མ་ཉན་ཁྲོས་ནས་མའི་མགོ་རྐང་པས་ཕུལ་ཏེ་སོང་། གྲུ་བཏང་ནས་རྒྱ་མཚོར་ཞུགས་ནས་སོང་ཚེ་ཆུ་སྲིན་དང་ཉའི་རིགས་ཀྱིས་གྲུ་བཤིག་པས་ཚོང་པ་ལྔ་བརྒྱ་ཙམ་ཞིག་ཆུ་ནང་དུ་ཤོར་ཚེ། མཛའ་བོའི་བུ་མོ་གྲུ་ཚལ་ཞིག་ལ་འཇུས་ནས་སྐམ་ས་ཕྱིན། གྲོང་ཁྱེར་བཞི་མཐོང་ནས་རིམ་བཞིན་སོང་བདེ་བ་མྱངས། དེ་ནས་ལྕགས་ཁང་ཞིག་མཐོང་ནང་དུ་ཞུགས་པ་དང་སྒོ་བཅད། དེ་བཞིན་སྒོ་གསུམ་གྱི་ནང་དུ་རིམ་གྱིས་ཞུགས་པ་དང་རིམ་པ་བཞིན་སྒོ་བཅད་དོ། །དེ་ན་སྐྱེས་བུ་ལུས་རབ་ཏུ་ཆེ་བ་ཞིག་གི་མགོ་ལ་ལྕགས་ཀྱི་འཁོར་ལོ་མེ་འབར་བ་མེ་ལྕེ་གཅིག་ཏུ་གྱུར་པ་ཞིག་འཁོར་བས་མགོ་ལས་རྣག་ཁྲག་བྱུང་བ་ཟ་བ་མཐོང་ནས། ཁྱོད་ཅིའི་ཕྱིར་འདི་ལྟར་གྱུར་ཅེས་དྲིས་པས། ངས་མ་ལ་གནོད་པ་བྱས་པའི་ཕྱིར་རོ་སྨྲས། མཛའ་པོའི་བུ་མོས་ངས་ཀྱང་མ་ལ་གནོད་པ་
བྱས་པའི་ལས་ཀྱིས་འདིར་ཁྲིད་ནས་འོང་སྙམ་པ་དང་། དེ་མ་ཐག་ནམ་མཁའ་ནས་བཅིངས་པ་ཐར། མ་བཅིངས་པ་བཅིངས་ཞེས་པའི་སྒྲ་བྱུང་མ་ཐག་ཏུ་མཛའ་བོའི་བུ་མོའི་མགོ་ཐོག་ཏུ་འཁོར་ལོ་མེ་འབར་བ་དེ་བྱུང་ནས་དྲག་ཏུ་འཁོར་བས་སྡུག་བསྔལ་གྱིས་གཟིར་ཚེ། སེམས་ཅན་རྣམས་ལ་སྙིང་རྗེ་སྐྱེས། ངས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་ལོ་འདི་བཟོད་པར་བྱ་ཡི། གཞན་གང་གིས་ཀྱང་འདི་འདྲའི་ལས་བྱས་པ་དེ་དག་འདིར་མ་འོང་ཅིག་ཅེས་སྨྲས་མ་ཐག་ཏུ། མགོ་ཡི་འཁོར་ལོ་དེ་ནམ་མཁའ་ལ་འཕགས་ནས་འདུག་པ་དང་། དེའང་ཤི་འཕོས་ནས་དགའ་ལྡན་དུ་སྐྱེས་གསུངས། ཡང་དེ་བཞིན་གཤེགས་པ་དམྱལ་བའི་ཤིང་རྟ་འདྲེན་པའི་གྱད་དུ་སྐྱེས་བའི་ཚེ། ཁོང་དང་དམྱལ་བ་པ་གཞན་ཞིག་གིས་ཨ་བ་གླང་གི་ཤིང་རྟ་ལྕགས་ཀྱི་ས་གཞི་མེ་འབར་བའི་ཐང་ལ་དྲངས་བ་དང་། ཁོང་གཉིས་སྟོབས་ཆུང་བས་མ་འདྲོངས་པས། དམྱལ་སྲུང་རྣམས་ཀྱིས་མཚོན་ཆ་རབ་ཏུ་འབར་བས་བསྣུན་ཅིང་འཚོགས་པའི་ཚེ་ཤིན་ཏུ་སྡུག་བསྔལ་བ་ལ། ཁོང་གི་བསམ་པ་ལ་གཉིས་ཀས་ཀྱང་མི་འདྲོངས་པས་ནམ་ཡང་སྡུག་བསྔལ་མཚུངས་
པར་འདུག །བདག་གཅིག་པུས་དྲངས་ཏེ་སྡུག་བསྔལ་བར་བྱས་ལ། འདི་བདེ་བར་བཞུགས་དགོས་དགོངས་ཏེ། དམྱལ་སྲུང་རྣམས་ལ་འདིའི་ཐག་པ་ཡང་ངའི་གཉའ་བར་ཐོགས་ཤིག །བདག་གཅིག་པུས་དྲངས་བར་བྱའོ། ཞེས་པས་དམྱལ་སྲུང་ན་རེ། ཁྱོད་སྙིང་རྗེ་ཆེ་བ་ཞིག་ཡོད་ཟེར་ནས་ལྕགས་ཀྱི་ཐོ་བ་མགོ་ལ་བརྒྱབ་པས། ཁོང་ཚེ་འཕོས་ཏེ་ལྷར་སྐྱེས་གསུངས། དེས་ན་ཕན་ཡོན་ཤིན་ཏུ་ཆེ། དེ་ལྟར་འདུན་པ་དྲག་པོས་གཏོང་ལེན་ཡང་ཡང་བྱས་ན་དངོས་སུ་གཏོང་ལེན་ཐུབ་པའི་དུས་ཀྱང་ཡོད་སྲིད་དེ། སྔོན་བླ་མ་ཞིག་གིས་མཐོང་ཡུལ་གྱི་ཁྱི་རྐུན་གཅིག་ལ་གཞན་མི་ཞིག་གིས་རྡོ་ཡིས་བརྒྱབ་པ་བླ་མས་ཚུར་ཁོང་གི་སྟེང་དུ་བླངས་པས། ན་ཟུག་བྱུང་ནས་ཨ་ཡོ་གསུངས་པ། གྲྭ་པ་རྣམས་ཀྱིས་ཨེ་བདེན་སྙམ་ཐེ་ཚོམ་སྐྱེས་ཚེ། བླ་མ་དེས་རྒྱབ་བསྟན་པས་སྐུ་ཤ་སྐྲངས་ཡོད་པ་མཐོང་ནས་ཀུན་ཡིད་ཆེས་དད་པ་སྐྱེས་སྐད། དེ་ལྟར་ལེན་ནུས་ན་རང་གིས་མི་དགེ་བ་བྱས་པའི་རྣམ་སྨིན་མིན། བསམ་བཞིན་མ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བླངས་ནས་བདེ་དགེ་བཏང་བ་ལས་བྱུང་བ་ཡིན་པས་
མྱུར་དུ་ཚོགས་རྫོགས་སྒྲིབ་པ་དག་ནས་འཚང་རྒྱ་བ་ཡིན། གལ་ཏེ་ཚེ་འདིར་འཚང་མི་རྒྱ་ཡང་། ཤི་མ་ཐག་ནས་བདེ་བ་ཅན་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེ་སྟེ། སྔོན་བཀའ་གདམས་བླ་མ་ཞིག་གིས་སྐུ་གཤེགས་ཁར་གྲྭ་བ་རྣམས་ལ། མ་བཟང་ངས་བསམ་པ་ལྟར་མི་འགྲུབ་ཀྱི་གསུངས། ཁོང་གི་ཐུགས་དགོངས་གང་ལགས་ཞུས་ཚེ། སྡུག་བསྔལ་ཚད་མེད་མྱོང་བའི་དྲིན་ཅན་ཕ་མ་སེམས་ཅན་ཐམས་ཅད་དམྱལ་བར་འགྲོ་བའི་ཚབ་ཏུ་བདག་གཅིག་པུ་སོང་ནས་དམྱལ་བའི་མེ་ནང་ནས་བསྡད་ན་སྙམ་པ་ཡིན་ཏེ། འདོད་ཐོག་ཏུ་མི་འགྲོ་བར་གདའ། ད་དག་བའི་སྣང་བ་འབའ་ཞིག་འཆར་བའི་སངས་རྒྱས་ཀྱི་ཞིང་ཁམས་ཤིག་ཏུ་འགྲོ་ངེས་གསུངས། འོ་ན་རང་ཉིད་འཚང་རྒྱ་པའི་ཆེད་དུ་དམིགས་ནས་དགེ་བ་གང་བྱས་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བཏང་ན། རང་ཉིད་སངས་ཨེ་རྒྱས་སྙམ་ན། དཔེར་ན་ཁྱིམ་ཚང་ཞིག་གིས་གྲོ་ནས་སྲན་མ་སོགས་ཁྱིམ་ན་གང་ཡོད་ཞིང་ས་བཟང་པོར་ཕར་བཏབ་ན། སྟོན་བརྒྱ་སྟོང་འགྱུར་གྱིས་འཕེལ་ཚེ་དེ་ཀུན་ཚུར་བླངས་ན། མྱུར་དུ་ཕྱུག་པོར་འགྱུར་བ་བཞིན་འདི་ལྟར་
དགེ་བ་གང་བྱས་མཁའ་མཉམ་སེམས་ཅན་ཐམས་ཅད་ལ་ཕན་ཕྱིར་བཏང་ན། སེམས་ཅན་ལ་གྲངས་མེད་པ་བཞིན་བསོད་ནམས་དཔག་ཏུ་མེད་པ་འབྱུང་། དེ་ཀུན་རང་སངས་རྒྱས་ཕྱིར་བསྔོས་ན་མྱུར་དུ་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་གསུངས། ཡང་རྒྱལ་བ་སྲས་བཅས་རྣམས་ཀྱིས་སྣང་བ་འདི་ཐམས་ཅད་སྒྱུ་མ་རྨི་ལམ་ཆུ་ཟླ་ལྟར་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པས་དེ་བཞིན་བསྒོམ་གསུངས་པ་ལྟར། རང་གི་ལུས་སེམས་ཡུལ་མཁར་ཁང་ཁྱིམ་ས་ཆུ་མེ་རླུང་། སེམས་ཅན་ཐམས་ཅད་སྣང་ཡང་འཛིན་རྒྱུ་བཅིང་རྒྱུ་གང་ཡང་མེད། དཔེར་ན་རྒྱ་སྒྱུ་མ་མཁན་གྱིས་སྐྱེས་པ་བུད་མེད་རྟ་དང་གླང་པོ་སྤྲུལ་པ་སྣང་ཡང་རང་བཞིན་གྱིས་གྲུབ་པ་མེད་པ་དང་། མཚན་མོ་གཉིད་དུས་སུ་རྨི་ལམ་བཟང་ངན་གང་རྨིས་ཀྱང་རང་བཞིན་གྱིས་གྲུབ་པ་མེད་པ་དང་། ཆུ་ནང་དུ་ཟླ་གཟུགས་ཤར་བ་ས་ལེར་སྣང་ཡང་འཛིན་རྒྱུ་རེག་རྒྱུ་གང་ཡང་མེད་པ་དང་འདྲ་སྙམ་དུ་སྒོམས་དང་བཟང་། དེ་ལྟར་སྒྱུ་མ་ལྟ་བུའི་སྟོང་ཉིད་བསྒོམ་ནུས་ན། སྐབས་ཤིག་ལུས་བལ་ལྟར་བརྒྱངས་འདམ་ལྟར་བརྫི་ཡང་སྡུག་
བསྔལ་མི་འབྱུང་། གཞན་ཕ་རོལ་གྱི་མི་དང་དུད་འགྲོ་སོགས་ཀྱི་སེམས་ལ་གང་དྲན་ཤེས་པ་སོགས་མངོན་ཤེས་འཆར། ནམ་མཁའ་ལ་འཕུར་རི་བྲག་ལ་འཛུལ་ནུས་པ་སོགས་རྫུ་འཕྲུལ་ཀྱང་འཐོབ་པར་འགྱུར་གསུངས། ཡང་སྔོན་གྱི་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱི་རྣམ་ཐར་ལྟར་སྡུག་བསྔལ་མི་དགེ་ཉོན་མོངས་ཐམས་ཅད་སྐྱེ་བའི་གཞི་ཁྱིམ་ནས་རབ་ཏུ་བྱུང་ན་བཟང་། ཁྱིམ་ནི་སྡུག་བསྔལ་གྱི་འབྱུང་ཁུངས་ཡིན་ཏེ་འབྱོར་ན་ཉིན་བར་གྱི་ལྟོ་བཅག་མཚན་མོའི་གཉིད་བཅག་ནས་བསྲུང་དགོས་པའི་སྡུག་བསྔལ། དབུལ་ན་ཤ་ཐང་ཐང་དུ་བཙལ་ཀྱང་མི་རྙེད་པའི་སྡུག་བསྔལ་སོགས་ཤིན་ཏུ་ཆེ་སྟེ། སྐྱེས་རབས་ལས། བཙོན་ར་འདྲ་བའི་ཁྱིམ་ལ་ནི། །ནམ་ཡང་བདེ་བར་མ་སེམས་ཤིག །ཕྱུག་གམ་ཡང་ན་དབུལ་ཡང་རུང་། །ཁྱིམ་ན་གནས་པ་ནད་དུ་ཆེ། །གཅིག་ནི་བསྲུང་བའི་ཉོན་མོངས་ལ། །གཉིས་པ་ཚོལ་བའི་ཤ་ཐང་ངོ་། །ཞེས་གསུངས། ཁྱིམ་བཟུང་ན། ཞིང་ལས་འཚོ་སྐྱོང་ཐབས་མེད་དུ་བྱེད་དགོས། མ་བྱས་ན་ཁ་མི་སོས། བྱས་ཕྱིན་ཆད་མི་དགེ་སྡིག་པ་མི་བྱེད་པའི་རང་དབང་མེད། དགེ་བ་ཞིག་ཡོང་
དཀའ། རོང་གི་ཞིང་པ་རྣམས་ཀྱིས་མཛོ་གླང་ལ་སྡུག་བསྔལ་བཀོལ་ལྕག་དང་དབྱུག་པས་བརྡུངས་ཅུང་ཟད་མ་སོང་བར་བསྡད་ན་ཤུགས་དྲག་བརྡུངས། དེད་ནས་ཞིང་རྨོས་དུས་ཞིང་གི་སྟེང་ན་འབུ་ཅི་ཡོད་ཐམས་ཅད་ས་འོག་ཏུ་འགྲོ། ས་འོག་ན་འབུ་ཅི་ཡོད་ས་སྟེང་དུ་ཕུད། བྱ་བྱེའུས་འཐུ། ཉི་མས་བསྲེག །ཞིང་ལ་ཆུ་གཏོང་དུས་ཉ་ཆེ་ཆུང་མང་པོ་ཞིང་གི་སྟེང་དུ་བཀྲམ། ཞིང་སྟེང་ན་གྲོག་མ་སོགས་འབའ་འབུ་ཡོད་ཚད་ཆུའི་ནང་དུ་འགྲོ། ཞིང་རེ་རེའི་སྟེང་ནས་འབུ་ཁྲི་ཕྲག་མང་པོ་གསོད། གྲོ་དང་། ནས་དང་། ལྷག་པར་སྲན་མ་འབྲེག་དུས་སྟེང་ན་འབུ་སྔོ་ལྗང་ཆུང་ཆུང་བྱེ་བ་དུང་ཕྱུར་ཡོད་པ། རྐང་ལག་གཉིས་ཀས་གཅུར། དེ་བཞིན་དུ་ལོག་རྒྱག་དུས། པོ་ཐོ་བརྡུང་དུས་ལྡུམ་བུ་བསལ་དུས་རྣམས་སུ་སེམས་ཅན་ཕྲ་མོ་བགྲང་གིས་མི་ལངས་པ་གསོད། འབྲོག་གི་ཕྱུག་པོ་རྣམས་ཀྱིས། ཉིན་རེ་བཞིན་རྟ་ནོར་རྔ་མོང་ལྷག་པར་ར་ལུག་བརྒྱ་སྟོང་མང་པོ་དུས་གཅིག་ཏུ་རི་ལ་འདེད་དུས། ལམ་དང་རི་མགོ་དེ་ན་འབུ་ཡོད་ཚད་རྨུག་བསྡུས་བྱས་གཅུར། རྩི་ཤིང་མེ་ཏོག་བཅོམ། ལུག་རྫི་ཡར་ལངས་
དུས་ཕར་འགྲོ་དུས་སར་བསྡད་དུས་རྣམས་སུ་འབུ་མང་པོ་གཅུར། མ་མོ་ལུག་གི་རྒྱབ་ཀྱི་བལ་ལེན་དུས་དང་། ར་ལུག་ལ་ཤིག་རྩི་བྱེད་དུས་གཏེ་ལེ་དང་ཤིག་ཁྲི་ཕྲག་འབུམ་ཕྲག་འཆི། ནོར་གྱི་ལྕིའི་བརླན་པ་སྤང་སྟེང་དུ་བསྐྱར་དུས་འབུ་མང་པོ་གསོད། ཁང་པའི་ས་རྡོ་རེ་ལེན་དུས་ཀྱང་འབུ་མང་པོ་གསོད། དབྱར་གྱི་ལྕི་སྐམ་དང་ཤིང་སྐམ་རུལ་བའི་མེ་འབུད་དུས་འབུ་མང་པོ་མེས་འཚིག །ལོ་རེ་བཞིན་ར་ལུག་འབྲི་གཡག་རྟོལ་ལེ་ལུག་གུ་རྣམས་རང་གིས་བསད་པ་དང་། གཞན་རྒྱ་སོགས་ལ་བཙོངས་ནས་བསད་པ་དང་། རྟ་བོང་མཛོ་གཡག་རེའུ་ལུག་གུ་བརྒྱ་སྟོང་མང་པོའི་འོག་གི་འབྲས་བུ་དབྱུང་བ་སོགས་ཞིབ་ཏུ་སོམས་དང་ཤིན་ཏུ་ངན། ཁྱིམ་པ་འགའ་རེས་ཁོ་བོས་སྡིག་པ་མ་བྱས། གཞན་ཅིག་ལ་ཡང་སྡིག་པ་མེད་ཟེར་བ་དེ་གླེན་གཏམ་རྫུན་བཤད་ནི་ཡིན་ག་ལ་མེད། གཞན་ཡང་མ་བྱིན་ལེན་མི་ཚངས་སྤྱོད་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། བརྣབ་སེམས་གནོད་སེམས་ལོག་ལྟ། འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་སོགས་མི་བྱེད་པའི་དབང་མེད་དེ། སྐྱེས་རབས་ལས། ཁྱིམ་གྱི་སོ་ནམ་བྱས་ན་ནི། །
རྫུན་དུ་མི་སྨྲ་མི་རུང་ཞིང་། །ཕ་རོལ་ཉེས་པ་བྱེད་པ་ལ། །ནན་དུར་མི་བྱ་མི་རུང་ངོ་། །ཞེས་གསུངས། ཁྱིམ་ཐབ་བཟུང་ཕྱིན་སྟེང་དུ་ཉི་མ་རེ་རེ་བཞིན་སྡིག་པ་ཁལ་དང་ཁུར་པོ་བྱས་འོང་ཚུལ་བསམ་ན་ཕྱི་མར་གང་དུ་འགྲོ་སྙམ་འཇིགས་སྐྲག་སྐྱེ། ཁྱིམ་པར་མི་སྐྱེ་བའི་སྨོན་ལམ་ཐོབ། རབ་བྱུང་ལས་ཅན་ཚོ་དེའི་སྐྱིད་ལ། མར་ལོག་འཇོག་པ་རྣམས་ཀྱི་སྙིང་ལ་གདོན་ཅི་ཞིག་ཞུགས་པ་ཡིན་ནམ་ཟེར་དགོས་པའི་ཚོད་ཡིན། དེས་ན་ཁྱོད་ཚོའི་བུ་ཚ་རེ་ཡོད་པ་རྣམས་ཀྱིས་ཐམས་ཅད་ཁྱིམ་གྱི་མེ་དོང་དུ་མ་འཕེན་དང་བཟང་། ཡང་བུ་འགའ་རེས་ཕ་མ་ལ་ང་རབ་ཏུ་བྱུང་བྱས་ཆོས་ཤིག་བྱེད་ཅེས་གནང་བ་ཞུས་ན་གནང་བ་མི་སྟེར་བ་འདི་སྡིག་པ་ཤིན་ཏུ་ལྕི་སྟེ། འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་ཞིག་རབ་ཏུ་བྱུང་བར་འདོད་པ་དེའི་གེགས་བྱས་ཤིང་། བཤོལ་བཏབ་པར་གྱུར་ན་ནི། ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བའི་སྡིག་པ་དང་མཉམ་གསུངས། གྲོགས་བྱས་ན་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་མིག་ཕྱུང་བ་སླར་མིག་བཅུག་པ་བས་བསོད་ནམས་ཆེ་གསུངས།
བུ་རབ་ཏུ་བྱུང་ཆོས་བསྒྲུབས་ན་ཆ་བཞི་བྱས་པའི་ཆ་གཉིས་མའི་ཐོབ་ཆ་གཉིས་ཕ་དང་བུ་ཡི་ཐོབ་པས་ཕ་མ་བུ་གསུམ་ལ་བཟང་། བུ་ཁྱིམ་དུ་བསྡད་དེ་སྡིག་པ་བྱས་ན་ཆ་བཞི་བྱས་པས་ཆ་གཉིས་མས་ཐོབ། ཆ་གཉིས་ཕ་དང་བུ་གཉིས་ཀྱིས་ཐོབ་པས་ལྷག་པར་མ་ལ་ངན། དེས་ན་ཕ་མ་བུ་གསུམ་འཚེངས་པར་འདོད་པས་གནང་བ་བྱིན་ནས་རབ་ཏུ་བྱུང་ཆོས་བྱེད་དུ་བཅུག་ན་བཟང་། རབ་ཏུ་བྱུང་བ་དང་ཆོས་བྱེད་འདོད་པ་ལ་བར་ཆད་བྱས་ན་ཕ་མ་ཡིན་ཡང་བདུད་ཡིན་ཏེ། ཡུམ་ལས། བདུད་སློབ་དཔོན་གྱི་ཆ་བྱད་ཅན། ཕ་དང་མའི་ཆ་བྱད་ཅན། བུ་དང་བུ་མོ་སྲིང་མོ་ལ་སོགས་པའི་ཆ་བྱད་ཅན་ནོ་ཞེས་གསུངས། བཀའ་གདམས་བླ་མ་འགའ་རེས། སྡིག་པའི་གྲོགས་པོ་ཡིན་ཟེར་ནས། ལུས་ལ་རས་གོས་གྱོན་གདོང་ལ་ཐལ་བ་བྱུགས་ལག་ཏུ་དབྱུག་པ་བཟུང་། ཁ་གདངས་སོ་གཙིགས་མིག་གཅེར་ནས་ནུབ་ནམ་གུང་བརྒྱུད་ནས་མངོན་སུམ་དུ་འོངས་ནས་བར་ཆད་བྱེད་མཁན་ཞིག་མེད་དེ། ཤ་ཚ་ཚ་སྙིང་ཉེ་ཉེ་བྱས་རྒྱུ་ནོམ་བཟའ་བཏུང་ཅུང་ཟད་རེ་བྱིན་ཐབས་ཀྱིས་ཚེ་འདིར་ཁྲིད་ནས། ཆོས་བྱེད་དུ་མ་བཅུག་ན་ཕ་མ་ཡིན་ཡང་བདུད་ཡིན་
པས། དེ་དང་རྒྱབ་སྤྲོད་བྱེད་དགོས་གསུངས། སྔོན་སངས་རྒྱས་བཅོམ་ལྡན་འདས་ལ་ཡང་ཡབ་དང་བློན་འབངས་སོགས་ཀྱིས་གནང་བ་མ་བྱིན་ཚེ། མཚན་མོ་ཞིག་ལ་བྲོས་ནས་སོང་། མཆོད་རྟེན་ཆེན་པོ་རྣམ་དག་དྲུང་ནས་དབུ་སྐྲ་བསིལ་རབ་ཏུ་བྱུང་བ་ཡིན། ཕ་མས་གནང་བ་གཏན་ནས་མི་སྟེར་ན། བུ་རྒོད་རྣམས་ཀྱིས་སངས་རྒྱས་ཀྱི་རྣམ་ཐར་ལྟར་ལ་ཡོག་ནས་བྲོས། དགེ་བའི་བཤེས་གཉེན་གྱི་དྲུང་དུ་སོང་ལ་རབ་བྱུང་གྱིས། ཁྱིམ་པ་དང་རབ་བྱུང་གཉིས་ཀ་ཁྱད་པར་གནམ་ས་བས་ཀྱང་ཆེ་སྟེ། ཁྱིམ་ན་གནས་པ་རྣམས་མེ་འོབས་སུ་གནས་པ་དང་འདྲ། རབ་ཏུ་བྱུང་བ་རྣམས་བསིལ་སར་ཐོན་པ་དང་འདྲ། ཞེས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཁྱིམ་པ་དང་རབ་བྱུང་གཉིས་ལ་ཁྱད་པར་ཆེ་ཚུལ་བརྒྱ་ཕྲག་མང་པོ་གསུངས། རབ་ཏུ་བྱུང་ན་ཁྱིམ་པ་ལྟར་མི་དགེ་སྡིག་པ་བྱེད་མི་དགོས་པས་དགེ་བ་ཤུགས་ཀྱིས་ཡོང་། རབ་ཏུ་བྱུང་བའི་ཕན་ཡོན་བཤད་རྒྱུ་ཡིན་ན་རི་རབ་ལྷུན་པོ་བས་ཀྱང་དཔངས་མཐོ། རྒྱ་མཚོ་བས་ཀྱང་གཏིང་ཟབ། ནམ་མཁའ་བས་ཀྱང་རྒྱ་ཆེ་གསུངས།
དེས་ན་སྔོན་ཡུལ་ཀོ་ས་ལི་ཞེས་བྱ་བའི་ཁྱིམ་བདག་ཏན་བྱི་ལིས་ཟེར་བ་ཞིག་ལ། རིན་ཆེན་སྣ་ལྔའི་ཁང་བཟང་ལྷ་ཡི་བུ་མོ་ལས་མཛེས་པའི་ཆུང་མ། རོ་བརྒྱ་ལྡན་པའི་ཞལ་ཟས། འཇམ་མཛེས་ཡང་པའི་གོས་ཆེན། ནོར་བུ་འོད་འབར་སོགས་འདོད་ཡོན་ལོངས་སྤྱོད་དཔག་མེད་ཡོད་ཀྱང་བསྐྱུར་ནས། སངས་རྒྱས་ཀྱི་དྲུང་དུ་སོང་ནས་རབ་ཏུ་བྱུང་གསུངས། དེ་ལ་བལྟས་ན་རང་རེས་ཚོ་ཁང་རྙིང་དུད་དྲག་མ་དང་། ཆུང་མ་སྔོ་མཆུ་རེ་ནོར་རྫས་ངན་ངོན་རེ་ལ་ཆགས་ནས་རབ་ཏུ་མི་འབྱུང་བ་དེ་དཔེར་ན་ཁྱི་རྒན་རུས་ཐོ་དང་། ཕག་པ་མི་གཙང་བ་ལ་ཆགས་པ་དང་འདྲ་བས། ཁྱིམ་གྱི་ཉེས་དམིགས་དང་རབ་ཏུ་བྱུང་བའི་ཕན་ཡོན་བསམས་ནས་རབ་ཏུ་བྱུང་བ་ཤིན་ཏུ་གལ་ཆེ། རབ་ཏུ་བྱུང་མ་ཐག་ནས་ཚེ་འདིའི་བྱ་བ་སྤངས་ནས་ཆོས་ལྡན་གྱི་བྱ་བ་བྱེད་དགོས་པས། བླ་མ་བསྟེན་ལ་བཀའ་ཆོས་ཉོན་རབ་ཀྱིས་རི་ཁྲོད་དབེན་པ། འབྲིང་གིས་དགོན་པ་གང་བཟང་། ཐ་མས་ཡུལ་དུ་འདུག་ཀྱང་རང་ཤོང་ཁང་པ་བཟོས་ནས། སྐུ་གསུང་ཐུགས་རྟེན་བཀྲམ། མཆོད་བཤམས་ལེགས་པོ་བྱས་དགེ་སྦྱོར་རྣམ་དག་གྱིས། རབ་ཏུ་བྱུང་ནས་དགེ་བ་བསྒྲུབས་ན་
བསོད་ནམས་ཆེན་པོ་ཐོབ། ཁྱིམ་པས་མར་ཁུ་རྒྱ་མཚོ་ཙམ་ལ་སྡོང་བུ་རི་རབ་ཙམ་ཞིག་བཙུགས་ནས་ལྷ་ལ་མར་མེ་ཕུལ་བ་བས། རབ་ཏུ་བྱུང་བས་མར་ཁུ་ཐིགས་པ་ཙམ་ལ་སྡོང་བུ་ཁབ་རྩེ་ཙམ་ཞིག་བཙུགས་ནས་མར་མེ་ཕུལ་བ་བསོད་ནམས་ཆེ་སྟེ། རིན་པོ་ཆེའི་ཕུང་པོ་ལས། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་ཐེག་ཆེན་ལ་ཞུགས་ཏེ་འཁོར་བསྒྱུར་གྱི་རྒྱལ་སྲིད་དང་ལྡན་པ་རེ་རེས་ཀྱང་། མར་མེའི་སྣོད་རྒྱ་མཚོ་ཙམ་ལ་སྙིང་པོ་རི་རབ་ཙམ་གྱི་མར་མེས་སངས་རྒྱས་ཀྱི་མཆོད་རྟེན་ལ་མཆོད་པ་ལས། བྱང་སེམས་ཁྱིམ་ནས་བྱུང་བས་མར་མེ་སྙིང་པོ་འབྲུ་མར་གྱིས་བསྐུས་པ་མཆོད་རྟེན་གྱི་དྲུང་དུ་འཛིན་པའི་བསོད་ནམས་ཀྱི་བརྒྱའི་ཆར་ཡང་མི་ཕོད་པར་གསུངས། དེ་བཞིན་དུ་ཁྱིམ་པས་ནས་ཁལ་བརྒྱ་སྟོང་སྤྲང་སློང་ལ་སྦྱིན་པ་བཏང་བ་བས། རབ་བྱུང་གིས་ཟན་ཆང་ཞིག་བྱིན་པ་བསོད་ནམས་ཆེ། དེ་བཞིན་ཁ་བཏོན་བཟླས་བརྗོད་ཐོས་བསམ་བསྒོམ་གསུམ་གང་བྱས་ཀྱང་བསོད་ནམས་ཆེ། དེས་ན་རབ་ཏུ་བྱུང་ནས་དགེ་བ་བསྒྲུབས་ན་ཁེ་ཆེ་སྟེ། ཡང་དེང་སང་རབ་བྱུང་བྱས་པ་ཕལ་ཆེར་དེ་ཕར་
ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བ་ཞིག་དང་མི་འདྲ། ཚུར་ཁྱིམ་བདག་གི་ཆུང་མའམ་མནའ་མའི་ཐོག་ཏུ་བྱུང་བ་ཞིག་དང་འདྲ་སྟེ། རབ་ཏུ་བྱུང་མ་ཐག་ཏུ་ཁྱིམ་ཚང་ནང་ནས་བློ་རྒོད་ཡར་འཇོག་ཅན་ཞིག་གིས་སོང་། དེའི་སྟེང་དུ་རྒྱུ་ནོམ་པ་རྩད་ནས་འཐེན་སྤྲུག་རྒྱོངས་གསུམ་བྱེད་དུས་ཤེད་ཅན་ཞིག་ཏུ་སོང་། སྐབས་ཤིག་རྩག་རྒན་སྐྱ་ལྡང་ང་ཆེ་ཞིག་ལུས་ལ་གོན་གཟན་ཆུང་ཆུང་ཞིག་རྐེད་དུ་བཅིངས། དགུང་མོ་ལོན་ན་མི་སྐྱའི་ཆུང་མའམ་ཡང་ན་མནའ་མའམ། ཡང་ན་ཁྱིམ་ཚང་འགའ་རེས་ཅན་དུ་ལྷབ་ལྷབ་ལྷབ་རྒྱུག །ཉིན་པར་ལོན་ན་ན་ཚ་ཡོད་པའམ་ཡང་ན་ཤི་ཆད་དང་ཚོང་ཞིག་གར་ཡོད་སར་རྒྱུག །མི་སླེབ་ས་མེད། གྲོང་ཆོག་རྐྱང་བྱས། རྒྱུ་ནོམ་རྐྱང་བཙལ་ཚར་དོམ་རྐྱང་བཏང་། ཁེ་ཚོང་རྐྱང་བྱས། ཁབ་བསགས་ནས་འབུག །འབུག་བསགས་ནས་གྲི་བྱེད་ཨེ་ཐུབ། ཁ་དར་རས་ཁ་ཙམ་རེའི་སྟེང་ནས་ཀྱང་འཆི་བ་མི་ཤེས། གཞན་ལ་ན་ཚ་ཤི་ཆད་ཅིག་བྱུང་བ་གོ་ན་ཁོ་བོ་ཨེ་འབོད་སྙམ། གྲོང་ཆོག་བྱེད་བསམ་མཚན་མོ་གཉིད་མི་འོང་། སོང་ན་ཇ་མར་བཟང་ངན་གོ་རེའི་ཆེ་ཆུང་སྟན་གྱི་སྲབ་མཐུག་བུད་མེད་ཀྱི་ཡག་
བཙོག་སོགས་བཤད་ནས་ཆོ་ག་སྨོན་ལམ་གཙང་མ་ཞིག་མི་འདོན། དེ་རིང་འབུལ་བ་ཅི་འདྲ་ཞིག་ཡོད་སྙམ་འབུལ་བ་ངན་ནམ་ཆུང་ན་སེམས་མི་དགའ། ཁོས་ཤ་རིན་མ་ལོང་ནི་འདྲ་བ་ལྟར་བྱས། དེ་ཚང་ལ་ངན་གཏམ། ཚུར་འོང་ཁྱིམ་ཚང་གཟའ་བ་ཁ་ཚག་བྱས་བསྡིགས་བརྡུངས། ལུག་གཅིག་གསོད་ཀྱང་ཀ་ཟེར་ཁ་སླེབས། ལག་ཀྱང་སླེབས་ལ་བྱེད། སྐབས་ཤིག་ནས་ཚ་བོ་དང་མནའ་མའི་ལག་ཏུ་དབང་ཤོར། རྒས་པས་གྲོང་ཆོག་ཏུ་འགྲོ་མི་ཐུབ། བསྡད་ན་ཁྱིམ་ཚང་གིས་མི་འདོད། ཤི་ཚེ་ཁྱི་ཤི་བ་བཞིན་བླ་རྒན་གར་ཤི་མི་ཤེས། འགའ་རེས་བླ་རྒན་དེ་ཞེས་སྨྲས་ན་དེ་གནའ་ཞིག་ནས་ཤི་ཚར་ཟེར། ཨ་མ་ཁོས་ད་མིན་མ་གོ་ཡོད་འདིང་བྱས། དེ་ཚང་ཕྱུག་པོ་ཡིན་བླ་རྒན་ལ་དགེ་ཅི་འདྲ་ཞིག་བཅས་ཞེས་དྲིས་ན། ཁ་རྒོད་འགའ་རེས་བཅས་བཅས་སྡེ་པའི་མི་ཐམས་ཅད་ཁ་ལ་འབབ་ནི་ཞིག་བཅས། ཕྱིན་ཆད་དཔེ་འཐེན་ཚད་གི་འཇོག་ནི་ཞིག་བཅས་ཟེར་ཧ་བགད་བྱེད། ཡང་འགའ་རེས་དགོན་དུ་བསྡད་ཀྱང་རྒྱབ་འགྲེས་རྒྱབ། རྒྱུ་ནོམ་པའི་སྟེང་ནས་མགོ་བརྡུང་། རྫུན་གཡོ་སྒྱུ་བྱས། ཁེ་ཚོང་
ཞིང་ལས་ལ་འབད། ལྐོག་ནས་ནག་མོ་དང་དུད་ཆང་བསྟེན། འགྲིག་ལམ་ཀུན་སྤྱོད་མི་བརྩི། བཤིག་ཨེ་ཐུབ་བལྟ། བླ་མ་ལ་ངན་སྣ་ཚོགས་གཏམ། དགེ་སྐོས་དབུ་མཛད་ལ་ལན་བྱས། དགེ་འདུན་པའི་ཐུགས་དཀྲུག་པ་སོགས་བྱས་ན། རབ་ཏུ་མ་བྱུང་བའི་ཁྱིམ་པ་རྣམས་ལས་ཐུ། ཁྱིམ་པས་དེའི་ལྷག་མི་བྱེད། འདི་མི་བྱེད་པའི་ཕྱིར་རབ་ཏུ་བྱུང་བ་ཡིན་མོད། བྱེད་ན་རབ་ཏུ་བྱུང་ནས་ཅི་བྱེད། འདི་ལ་དགོངས་ནས་རྗེ་མི་ལས་ཀྱང་། གྲོང་ལྟག་གི་དགོན་ཆུང་ཁྲ་བོ་དེ། །མིང་དགོན་པར་བཏགས་ཀྱང་གྲོང་པ་ཡིན། །བཀའ་གདམས་ཀྱི་བཙུན་ཆུང་སྲང་རྡོ་མགོ །མིང་བཙུན་པར་བཏགས་ཀྱང་ལུས་བསྒྱུར་ཡིན། །ཞེས་གསུངས་པ་རེད། རབ་ཏུ་བྱུང་ནས་སྡིག་པ་བྱས་ན་ཉེས་པ་ཤིན་ཏུ་ཆེ། ཁྱིམ་པས་གཞན་གྱི་མི་ཞིག་བསད་པ་བས། རབ་ཏུ་བྱུང་བས་རང་གི་ཤིག་གཅིག་བསད་པ་ཉེས་པ་ཆེ། ཁྱིམ་པས་རྟ་ཞིག་བརྐུས་པ་བས། རབ་ཏུ་བྱུང་བས་ཁབ་གཅིག་བརྐུས་པ་ཉེས་པ་ཆེ། དེ་བཞིན་དུ་ཆོས་མིན་གྱི་བྱ་བ་ཆེན་པོ་བྱས་ན་ཉེས་པ་ཤིན་ཏུ་ཆེ་བ་སྨོས་ཅི་དགོས། གོང་གི་ཚིག་དེའི་ནང་དུ་འདུས་ཡོད་སོམས་དང་ཧ་གོ་
ཡོང་། དེས་ན་རབ་ཏུ་བྱུང་བ་རྣམས་ཀྱིས་ཆོས་མིན་གྱི་བྱ་བ་འདི་འདྲ་གཏན་ནས་བྱེད་མི་རུང་། ཡང་གང་དུ་འགྲོའམ་འདུག་ཀྱང་དུས་རྒྱུན་དུ་བསམ་པ་དཀར་པོ་གྱིས་དང་བཟང་། བསམ་པ་དཀར་པོ་ཅི་ལྟར་བྱེད་དགོས་ཟེར་ན། ནད་ཀྱིས་ཐེབས་པའི་སྐྱེ་བོ། ཤན་པས་གསོད་པའི་ར་ལུག །རྔོན་པ་ཁྱི་ཡིས་འདེད་པའི་རི་དྭགས། ཁྲ་ཡིས་འཛིན་པའི་བྱ་བྱིའུ། རྐང་པས་གཅུར་བའི་འབུ་རོ་སྨད་ས་ལ་འབྱར་ནས་རོ་སྟོད་འགུལ་བ། ཁྱི་ལ་རྡོ་དང་དབྱུག་པས་བརྒྱབས་ནས་སྐད་ངན་རིང་ངེ་བ་སོགས། སྡུག་བསྔལ་གྱིས་མནར་བའི་སེམས་ཅན་མཐོང་ན། རང་གི་སྐྱེ་བ་སྔོན་མར་ཕ་མར་གྱུར་པའི་སེམས་ཅན་འདི་རྣམས་ཀྱིས་ད་ལྟ་སྡུག་བསྔལ་མྱོང་བ་སྙིང་རྗེ། ད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་ན་ཅི་མ་རུང་། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཅེས་སྙིང་རྗེ་ཚད་མེད་བསྒོམ། ཡང་ཟས་གོས་མེད་པའི་སྤྲང་སློང་། རྩྭ་ཆུ་མ་རྙེད་པའི་དུད་འགྲོ། རྒྱུ་ནོམ་མ་རྙེད་པའི་དབུལ་པོ། བུ་དང་ཚ་བོ་མེད་པའི་རབས་ཆད། ལྷ་ཆོས་མེད་པའི་སྐྱེ་བོ་ཕོ་མོ་སོགས། བདེ་བ་མེད་པའི་
སེམས་ཅན་མཐོང་ན། སྐྱེ་བ་སྔོན་མ་རྣམས་སུ་རང་གི་ཕ་དང་མ་བྱས་པའི་དྲིན་ཅན་འདི་རྣམས་ལ་ད་ལྟ་བདེ་བ་གང་ཡང་མེད་པ་སྙིང་རེ་རྗེ། ད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་། བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་བྱམས་པ་ཚད་མེད་བསྒོམ། ཡང་ལུས་ལ་ན་ཟུག་སེམས་ལ་སྡུག་བསྔལ་མེད་པར་འཁོར་ནོར་ལོངས་སྤྱོད་འཛོམ་དམ་པའི་ལྷ་ཆོས་བྱས། ཤིན་ཏུ་བདེ་ཞིང་སྐྱིད་པའི་སེམས་ཅན་མཐོང་ན། རང་གི་སྐྱེ་བ་སྔོན་མ་རྣམས་སུ་ཕ་མ་བྱས་ནས་དྲིན་གྱིས་བསྐྱངས་པའི་སེམས་ཅན་འདི་རྣམས་ལ་འདི་འདྲའི་ཁ་སྐྱིད་པོ་ལུས་བདེ་མོ་བྱུང་བདེ་བའི་རྒྱུ་ཆོས་ཀྱང་བྱེད་པ་འདི་ཨ་རེ་དགའ་དྭངས་རེ་སྤྲོ། ད་འདི་སྡུག་བསྔལ་མེད་པའི་བདེ་བ་འདི་དང་ནམ་ཡང་མ་བྲལ་ན་ཅི་མ་རུང་། སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག་ཅེས་དགའ་བ་ཚད་མེད་བསྒོམ། ཡང་རང་གཞན་ལ་ཉེ་རིང་གཉིས་ཕྱེས། རང་ཕྱོགས་ཀྱི་སེམས་ཅན་གང་ལ་ཞེན་ཅིང་ཆགས་ནས་ཕན་གང་ཐོགས་བྱས། གཞན་ཕྱོགས་ཀྱི་སེམས་ཅན་གང་མཐོང་ཡང་ཞེ་སྡང་ལངས་ནས་ངོ་ཚོ་གནས་འགྱུར་ནས་དམར་པོའམ་ནག་པོར་སོང་།
ཚིག་ངན་སྨྲས་བརྡེག་རྡུང་བྱེད་པའི་སེམས་ཅན་མཐོང་ན། རང་གི་སྐྱེ་བ་སྔོན་མའི་ཕ་མ་འདི་རྣམས་ཀྱིས་ཉེ་རིང་ཆགས་སྡང་བྱས། འཁོར་བ་དང་ངན་སོང་གི་སྡུག་བསྔལ་གྱི་རྒྱུ་རྣམས་སྒྲུབ་པ་སྙིང་རེ་རྗེ། ད་འདི་རྣམས་ཉེ་རིང་ཆགས་སྡང་གཉིས་དང་བྲལ་ནས་ཕ་མ་སྤུན་ཟླ་ལྟར་འགྲོགས། གཅིག་གིས་གཅིག་ལ་གང་མཁོ་སྦྱིན་པར་བཏང་། སྐྱིད་ན་མཉམ་སྐྱིད་བྱས། སྐྱིད་སྡུག་མགོ་སྙོམ་པོ་ཞིག་བྱུང་ན་ཅི་མ་རུང་། ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་བཏང་སྙོམས་ཚད་མེད་བསྒོམ། དེ་བཞིན་དུ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་ཚད་མེད་བཞི་བསྒོམ་དགོས། དེ་ཇི་ལྟར་བསྒོམ་ན། རང་གི་ཚེ་འདིའི་དྲིན་ཅན་ཕ་མ་རྒན་རྒོན་གཉིས་ཀྱིས་གཙོ་བྱས་པའི་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མ་ཐོབ་བར་དུ་བདེ་བ་དང་བདེ་བའི་རྒྱུ་དགེ་བ་དང་ལྡན། སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་མི་དགེ་བ་དང་བྲལ། སྡུག་བསྔལ་མེད་པའི་བདེ་བ་
དང་སྐད་ཅིག་ཙམ་ཡང་མ་བྲལ། ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་ན་ཅི་མ་རུང་སྙམ་དུ། ངག་འདོན་དུ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག །སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག་ཅེས་བརྗོད། ཚད་མེད་བཞི་བསྒོམ་པ་འདི་ལ་བསམ་པ་དཀར་པོ་ཟེར། བསམ་པ་དཀར་པོ་ཟེར་བ་དེ་དུང་དང་ཞོ་འདྲ་བས། དཀར་པོ་གཅིག་ལ་མི་ཟེར། འདི་ལྟར་བསམ་པ་དཀར་པོ་བྱས་ན་ཕན་ཡོན་ཤིན་ཏུ་ཆེ། དཔེར་ན་གཞི་དཀར་པོའི་ངོས་ལ་ལྷ་སྐུ་ཅི་བྲིས་ཀྱང་ལེགས་པ་བཞིན་མི་དེས་ཅི་བྱས་ཐམས་ཅད་ལེགས། རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་ཐམས་ཅད་སྨན་དུ་འགྱུར་བ་ལྟར། བསམ་པ་དཀར་པའི་མི་དེས་ལུས་ངག་གིས་ཅི་བྱས་ཐམས་ཅད་དགེ་བར་འགྱུར་ཅི་བསམ་ཐམས་ཅད་ཡིད་བཞིན་འགྲུབ། བསམ་པ་དཀར་པོ་ཞིག་ཁོག་ན་གནས་ཕྱིན་མི་དེ་ལ་
དེ་ཕན་གྱི་དགེ་བ་མི་དགོས། ཡིད་བཞིན་གྱི་ནོར་བུ་ཡོད་པའི་མི་ལ་ཀུན་རྩི་ཆེ་ཞིང་མཆོད་བསྟོད་བཀུར་བ་ལྟར། བསམ་པ་དཀར་བའི་མི་དེ་ལ་ཐམས་ཅད་ཀྱིས་འདིང་ཆེ། ལྷ་འདྲེ་མི་གསུམ་གྱིས་བྱམས། ཡིད་བཞིན་གྱི་ནོར་བུ་ལས་ཅི་འདོད་ཟས་ནོར་ལོངས་སྤྱོད་ཐམས་ཅད་འབྱུང་བ་ལྟར། བསམ་པ་དཀར་པོ་ལས་ཅི་འདོད་བདེ་སྐྱིད་ཐམས་ཅད་འབྱུང་། བོད་གངས་ཅན་ཁྲོད་ཀྱི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་མེད་པར་བདེ་ན་སྙམ་ན། ཚེ་ཕྱི་མར་དེ་ལ་དབང་བའི་རྒྱལ་པོར་སྐྱེ། ལྷོ་འཛམ་བུ་གླིང་ལྟ་བུའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་མེད་པར་བདེ་ན་སྙམ་ན། དེ་ལ་དབང་བའི་རྒྱལ་པོ་ཆེན་པོར་སྐྱེ། གླིང་བཞིའི་སེམས་ཅན་ཐམས་ཅད་ལ་སྡུག་བསྔལ་མེད་བདེ་བ་དང་ལྡན་ན་སྙམ་ན། དེ་ལ་དབང་བསྒྱུར་བའི་སྟོང་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ། སྟོང་གསུམ་གྱི་སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བདེ་བ་དང་ལྡན་ན་སྙམ་ན། དེ་ལ་དབང་བའི་ལྷ་ཆེན་ཚངས་པ་ལྟ་བུར་སྐྱེ། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཅི་ཡོད་ཡོངས་སུ་རྫོགས་པ་སྡུག་བསྔལ་མེད་པའི་
བདེ་བ་དང་ལྡན་ན་ཅི་མ་རུང་བསམ་ན། མ་འོངས་པ་ན་འགྲོ་བ་ཡོངས་ཀྱི་མགོན་སྐྱབས་བྱེད་པའི་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་འཐོབ་གསུངས། དེས་ན་ཕྱི་ལུས་ངག་གིས་ཆོས་ཆེན་པོ་བྱེད་མ་ཐུབ་ཀྱང་། ནང་སེམས་ཀྱི་བསམ་པ་དཀར་པོ་གྱིས་དང་། འདི་བས་ལྷག་པའི་ཆོས་ཤིག་གཞན་ན་མེད། བསམ་པ་དཀར་པོ་བྱེད་པ་འདི་ལ་རྒྱུ་ནོམ་པ་ཕར་འཆོར་མི་དགོས། ཚེགས་ཆུང་དོན་ཆེ། དེས་ན་མ་བཟང་མོའི་བུ་ཆུང་དེ་མི་བརྗེད་པར་དུས་རྟག་ཏུ་སེམས་ཀྱིས་བྱམས་པ་ལྟར། མ་སེམས་ཅན་ཐམས་ཅད་སེམས་ཀྱིས་མི་བརྗེད་པར་དུས་རྟག་ཏུ་བསམ་པ་དཀར་པོ་བྱེད་པ་འདི་ཤིན་ཏུ་གལ་ཆེ། ཡང་རྒྱུ་ནོམ་པ་ཡོད་པའི་ཕྱུག་པོ་ཕལ་ཆེར་གྱིས་རྒྱུ་ནོམ་གྱི་མཆོད་སྦྱིན་བྱས་ན་ཟད་འགྲོ་བས། ཟད་ན་ཁྱིམ་ཚང་གཟའ་མིའི་ཁ་སྐྱིད་པོ་ལུས་བདེ་མོ་མི་འོང་གི་གཞན་གྱིས་འདིང་རྩི་སྒོ་མེད་སྙམ་ནས། རྒྱུ་ནོམ་ཡོད་ཀྱིན་ཡོད་ཀྱིན་ཇེ་བསེར་དུ་སོང་། བརྒྱ་ཐོག་ཏུ་སྟོང་མཁོ། ཁྱིམ་ཕྱགས་ནང་གི་ནས་འབྲས་བལ་རྡུལ་ཡན་ཆད་བླངས་ནས་ཉར་ཚག་བྱས། བླ་མ་བསོད་སྙོམས་པ་བྱུང་ན་སྒོར་མི་འབུད། སྤྲང་སློང་ཉམ་ཐག་བྱུང་ན་ཁྱི་མི་
འགོག །རྒྱུ་ནོམ་ཅུང་ཟད་ཙམ་ཡང་གཞན་ལ་སྟེར་བ་ཕར་ཞོག །ཁྱིམ་ཚང་བཟའ་བའི་ཁར་ཟ་རུ་མི་འཇུག་རྒྱབ་ཏུ་གོན་དུ་མི་འཇུག །རང་གིས་ཁར་ཟ་མི་ཕོད་རྒྱབ་ཏུ་གོན་མི་ཐུབ། ངན་ངོན་རེ་ཟོས་རྩག་ཆད་རེ་གོན་པས་མིང་ཕྱུག་པོ་ཟེར་ཡང་། དོན་གྱིས་དབུལ་པོའི་ལུས་བླངས་པའི་སེར་སྣ་ཅན་གྱི་རྒད་པོ་ཁ་སེར་ར་མགོ་ཆེ། རྒན་མོ་སྐེ་ཕྲ་མགོ་ཟིང་ང་ཚོས་ཅུང་ཟད་ཁོམ་དུས་དང་མཚན་མོ་ཉལ་བའི་དུས་འདི་ལྟར་འདིང་རེ་རྒྱོབ་དང་། མཆོད་སྦྱིན་རེ་བྱེད་ནུས། འགའ་རེས་རྒྱུ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ་ཞེས་སངས་རྒྱས་ཀྱི་གསུང་། རྩྭ་ཁའི་ཟིལ་པ་དེ་སྐམ་ན་མི་འདོད་ཀྱང་། ཉི་མ་ཕོག་ན་རྩྭ་རྩེ་ན་ཡོད་པ་རྣམས་དཀར་ཁྲོམ་མེར་རྩ་བར་ལྷུང་ནས་ས་ལ་ཐིམ་པ་དང་ཉི་མས་སྐམ་པ་གཉིས་ཀ་བྱས་ཡུན་རིང་མི་འགོར་བར། དང་པོ་བྱུང་བའི་ཤུལ་ཙམ་ཡང་མི་ཤེས་པར་སྐམ་ཐག་གེ་འགྲོ་བ་ལྟར། རྒྱུ་ནོམ་གཅིག་ཙམ་ཡང་རང་གིས་ཟད་ན་མི་འདོད་ཀྱང་། དབང་ཆེན་གྱིས་འཕྲོག །དབང་ཆུང་གིས་བརྐུས། ནད་དང་མུ་གེ་གཉིས་ཀྱིས་ཤི་ནས་ཡུན་རིང་མི་འགོར་བར་རྒྱུ་ནོར་བྱུང་བའི་ཤུལ་ཙམ་ཡང་མི་ཤེས་
པར་སྟོང་ཧང་ངེ་འགྲོ་བའི་དུས་ཚོད་ཅིག་ཡོང་ངེས། མི་ན་ནིང་ཡོད་པ་ད་ལོ་མེད། ཟས་ཁ་སང་ཡོད་པ་དེ་རིང་ཚར་ཟེར་བ་ལྟར། ན་ནིང་རྟ་བརྒྱ་ཡོད་པ། རྐུན་མས་ཁྱེར་ཇག་པས་དེད། ནད་དང་མུ་གེ་བྱུང་ནས་ཤི། ད་ལོ་རྟ་རྒན་རྒོད་མ་བཅུ་སྟོད་རེའམ། རེ་གཉིས་རེ་མ་གཏོགས་མེད་པ་མང་། དེ་བཞིན་སྔར་ལོ་ར་ལུག་སྟོང་ཕྲག་ཅན་ཚོ་ནད་དང་མུ་གེས་ཤི་ཁ་བས་མནན་ནས། ཕྱིར་ལོ་ལྔ་བརྒྱའམ་བརྒྱ་རེ་ལྔ་བཅུ་རེ་མིན་མེད་པ་མང་། ནོར་བརྒྱ་ཕྲག་ཡོད་པ་རྣམས་ཀྱང་ནོར་ནད་གོར་དང་ས་སྐྱོན་མུ་གེ་སོགས་བྱུང་ནས་ཤི་བས་ནོར་གཅིག་གཉིས་མིན་མེད་པ་ཡང་མང་། དེས་ན་སངས་རྒྱས་ཀྱིས། རྒྱུ་མི་རྟག་རྩྭ་ཁའི་ཟིལ་པ་འདྲ། གསུངས་པ་དེ་བདེན་མི་བདེན་བསམ་ཤེས་ཚོས་སོམས་དང་ཧ་གོ་ཡོང་། རྒྱུ་མེད་ཚེ་གཞན་འགའ་རེས་ན་ནིང་དེ་ལ་ནོར་ལུག་ཅིག་མང་། ད་ཅི་ཡང་མེད་པར་ལྟས་ཚེ་སྟོང་པ་རེད་ཟེར། ཁྱིམ་ཚང་གཟའ་བ་འགའ་རེས། ཨ་ཧོ་ན་ནིང་ནོར་ལུག་དེ་འདྲ་ཞིག་ཡོད་དུས་ཆོས་ཤིག་བཅས་ན་ཆེད་དེ་དུས་ཅི་བྱུང་། ད་མ་བཟང་ཟེར་འགྱོད་པ་སྐྱེས། ཡང་རྒྱུ་ནོམ་པ་ཅི་ཙམ་ཡོད་ཀྱང་འཆི་བའི་ནངས་པར་འཇོག །
ལོ་བརྒྱ་འདང་པའི་ཟས་ཡོད་ཀྱང་། །འཆི་བའི་ནངས་པར་ཁོག་སྟོང་འགྲོ། །ལོ་བརྒྱ་ཐུབ་པའི་གོས་ཡོད་ཀྱང་། །འཆི་བའི་ནངས་པར་གཅེར་བུར་འགྲོ། །གསེར་དངུལ་གཡུ་བྱུར་བརྒྱ་ཡོད་ཀྱང་། །འཆི་བའི་ནངས་པར་ལག་སྟོང་འགྲོ། །རྟ་མཛོ་གླང་ཆེན་བརྒྱ་ཡོད་ཀྱང་། །འཆི་བའི་ནངས་པར་རྐང་ཐང་འགྲོ། །གཉེན་བཤེས་མཛའ་གྲོགས་བརྒྱ་ཡོད་ཀྱང་། །འཆི་བའི་ནངས་པར་གཅིག་པུར་འགྲོ། །གསུངས། དེས་ན་སྔོན་ཆད་ཕྱུག་པོ་སེར་སྣ་ཅན་འགའ་རེས་རྒྱུ་ནོམ་པ་བསགས་བསགས་ནས། བསགས་ཚད་འཆི་བའི་ནངས་པར་བཀལ་ཁུར་ནས་སོང་ཟེར་བ་ཨེ་ཡོད་ཅིག་ལྟོས་སོམས་དང་། ནམ་ཡང་གཞན་གྱིས་ཁྱེར་རྒྱུ་ཡིན་ན་ད་ལྟ་རང་གི་མིག་གིས་བལྟས་ལག་གིས་ཡར་དཀོན་མཆོག་ལ་མཆོད་པ། མར་དབུལ་པོ་ལ་སྦྱིན་པ་བྱས་ན་བཟང་མོད། མ་འོངས་པ་ན་བརྒྱ་སྟོང་འགྱུར་གྱིས་བསོད་ནམས་ཐོབ་པས་དོན་ལ་ཕྱི་མར་ཁྱེར་བ་དང་ཁྱད་མེད། ལྷག་པར་ཁྱེར་ཚུལ་དེ་ལེགས་དཀའ་ལས་མང་མི་དགོས་གཅིག་ཙམ་ཆུད་ཟོས་སུ་འགྲོ་བ་ཕར་ཞོག །བརྒྱ་སྟོང་འགྱུར་གྱིས་ཇེ་མང་ཇེ་ཆེར་
སོང་། ཕྱི་མར་སོང་ན་བཅོལ་བའི་ནོར་དང་འཕྲད་པ་ལྟར་འཕྲད་ནས་བླངས་ཆོག །དེས་ན་མི་ཡི་སྐྱེ་འཆི་ལ་ཁྲིག་ཁྲིག་མེད་སང་གནང་ལྟ་བུ་ལ་ཡང་རང་མི་འཆི་བའི་ངེས་པ་མེད་ཕྱུག་པོའི་གཅེས་ཕྲུག་ཚོ་གློ་བུར་དུ་ཤི་བར་སོམས་དང་། ཐམས་ཅད་དེའི་རང་བཞིན་ཡིན། ནམ་འཆི་ཆ་མེད་ཤི་དུས་རྒྱུ་ནོམ་པ་ཤུལ་དུ་བསྡུས། ལུས་ན་སྔར་བྱིན་ན་མི་འདོད་པའི་དོན་མེད་རྐྱང་པའི་ལག་ཏུ་སོང་། རང་ཕྱི་མར་ལག་སྟོང་དུ་འགྲོ། ཡང་རྒྱུ་ནོམ་པ་འདི་བསམ་པ་ནག །ཐོག་མར་ཅུང་ཟད་ཕན། ཕྱི་ནས་ཕམ་ཆེན་པོ་གླན། ཕྱུག་པོ་རྟ་ནོར་འཛོམ་དུས་ཅུང་ཟད་སྐྱིད་ཀྱང་། ཕྱིས་ནད་དང་མུ་གེས་ཤི་ན་སེམས་སྡུག །ཇག་པ་རྐུན་མས་དེད་ན་དངངས་ཤིང་སྐྲག །ཕྱི་ལ་ར་མདའ་བརྒྱུགས་ན་ཕ་གསོད་པའི་སྟེང་དུ་བུ་གསོད། བུའི་སྟེང་དུ་ཚ་བོ་ཡང་རྨས་ནས་ཉིན་རེ་ལ་མི་ཟད་རྒྱུ་ཟད་གཉིས་ཀ་དུས་གཅིག་འབྱུང་། བླ་རྒན་འགའ་རེས་གྲོང་ཆོག་རྐྱང་བདས། ཁེ་ཚོང་རྐྱང་བྱས། རྒྱུ་ནོམ་མང་པོ་འཛོམ་ཚེ་རྐུན་མ་ཧེབ་རྒན་ཚོས་གོ་ནས་འོང་། ནུབ་ནམ་གུང་ལ་གཏད་དེ་ཉལ་ས་ནས་མནན། བླ་རྒན་གྱིས་འདི་ཅི་ཡིན་སྙམ་མགོ་ཡར་བཏེགས་ཚེ་རྡོ་
ཡིས་བརྒྱབ་ནས་ཧོ་རིང་ངེ་གཏོང་། ཧས་བཏབ་ན་གོན་པ་ཁ་ནང་དུ་བརྫངས་ནས་ཁ་སྣ་བཙུམ། འཕག་ན་རྡོ་དང་དབྱུག་པས་བརྡུང་། རྐང་ལག་བཀྱིགས་ནས་གསོད་ལ་བྱས། སྔར་སྡུག་དཀའ་ལས་མྱངས་ནས་བསགས་ཚད་ཐམས་ཅད་དགུང་མ་གཅིག་ལ་ཁྱེར་ནས་སྟོང་ཧང་ངེ་གཏོང་། ངས་དེ་འདྲ་མང་པོ་གོ་ཁྱེད་ཚོས་ཀྱང་ལོས་གོ་མཐོང་ནི་ཡང་ལོས་ཡོད། རྒྱུ་ནོམ་བསགས་ན་ཨེ་བཟང་གི་ཞིབ་ཏུ་སོམས་དང་། རྒྱུ་ནོམ་མཆོད་སྦྱིན་བྱས་ན་སྡུག་བསྔལ་དེ་འདྲ་འབྱུང་དོགས་མེད། སྔོན་ང་སོག་ཕྱོགས་ན་ཡོད་དུས་ངའི་བླ་མ་ཆོས་རྒྱལ་ངག་དབང་ཝང་བདེ་གཤེགས་རིན་པོ་ཆེས། རྒན་རྒོན་ཕྱུག་པོ་གཉིས་ལ་རྟ་ཕོ་དང་རྒོད་མ་སུམ་ཅུ་ཙམ་ཡོད་པ། རྒད་པོ་ནམ་མདུན་དུ་འོངས་ཀྱང་། རྟ་ཆ་བོ་མ་འཛིན། བླ་མ་རེ་ལ་ཕུལ་ནོམ་པ་རེ་བརྗེས་མིན། ཇག་པ་ཆ་རེས་ཁྱོད་ཀྱི་ལག་ནས་འཕྲོག་ཉེན་ཡོད། དགྲ་ཕྱོགས་སུ་འཆོར་གི་མ་འཇུག །ཅེས་ཡང་ཡང་གསུངས་ཀྱང་ཁ་ནས་ལེགས་སོ་ཡ་ཡ་ཟེར། ཕྱིས་ཇག་པ་འགའ་འོངས་ནས་དགུང་མོ་མི་ཉལ་རྒྱབ་ལ་རྟ་རྡ་གྲི་ཡིས་བྲེགས་ནས་རྟ་རྣམས་དེད་ཚེ།
རྒད་པོ་ལངས་ནས་མདུང་བཟུང་རྒྱུག་པས། ཇག་པ་གཅིག་གིས་ལག་གི་མདུང་འཕྲོག །གཅིག་གིས་ཕྱི་ནས་རྡོ་མི་མགོ་ཙམ་ཞིག་གིས་རྒད་པོའི་རྒྱབ་ཏུ་གཅིག་བརྒྱབ་ནས་ཁ་སྦུབ་ཏུ་བསྒྱེལ། རྒད་པོ་དབང་པོ་ཤོར། རྒན་མོས་རྒད་པོ་བསད་བཏང་ཞེས་ཧས་བཏབ་ཚེ། ཇག་པ་གཅིག་འོངས་ནས་ཁ་ནང་དུ་ལྕི་བ་བཞག་ད་ཧས་ཐོབ་ཟེར་རྒན་མོའི་གཡག་ཚོ་འཆོར་རག་གི་བར་དུ་ཁ་སྣ་བཙུམ། དེ་ནས་ལ་ལོ་རྣམས་ཀྱི་ནང་ནས་རྒོད་མ་རྟ་ཕྱིར་འགྲོ་མི་ནུས་པ་གཅིག་ལུས་པ་མ་གཏོགས་གཞན་ཐམས་ཅད་དགོང་མ་གཅིག་པོ་ལ་དེད་སོང་བ་ཝང་རིན་པོ་ཆེས་གསན་ཚེ། ཨང་དེ་དེ་ཟེར། རྒད་པོ་ལངས་འདུག་མ་ཐུབ་པར་ཉི་མ་མང་པོའི་བར་དུ་ཉལ་ས་ལྷུང་ཁ་ནང་དུ་ཆུ་ཡང་མ་སོང་བར་སྡུག་བསྔལ་མྱངས། ཕྱིས་དྲག་ནས་ཝང་རིན་པོ་ཆེའི་གསུང་དེ་ཤིན་ཏུ་བདེན་གི་ལུང་བསྟན་རེད་སྙམ་པ་སྐྱེས། དེ་ནས་བཟུང་མཆོད་སྦྱིན་བྱས་རྐྱེན་ངན་དགེ་བའི་བསྐུལ་མར་སོང་། ཡང་རྒྱུ་ནོམ་པ་ཁ་མི་ལྟོག་རྒྱབ་མི་གྲང་བའི་ཚོད་ཡོད་ན་ཚད་ཡིན། མང་པོ་ཡོད་ནས་ཆོས་མ་བྱས་ན་ཡོད་ཀྱིན་སྐྱིད་ཇེ་ཆེར་སོང་བ་མིན། སྡུག་བསྔལ་ཇེ་ཆེར་སོང་བ་ཡིན།
ཡོད་པས་འཚོ་སྐྱོང་མི་ཐུབ་པའི་སྡུག་བསྔལ། མེད་པས་བཙལ་ན་མི་རྙེད་པའི་སྡུག་བསྔལ་གཉིས་ཀ་ཁྱད་པར་སྤུ་ཙམ་མེད། ལྷག་པར་ཕྱུག་པོ་སེར་སྣ་ཅན་འགའ་རེས་གཡོག་པོ་གཡོག་མོ་འཇོག་མི་ཐུབ། ཁོ་རང་ཉི་མའི་གྲངས་ཀྱི་གཡག་རྒན་རེ་ཞོན་པའམ། ཡང་ན་རྐང་ཐང་དུ་བུད་ནས། སྔ་དྲོ་ལུག །ཕྱི་དྲོ་རྟ། ཉིན་གུང་ནོར་གྱི་ཕྱིར་སོང་། ཡུད་ཙམ་པ་ལ་འདུག་དུས་མེད། སྤྱང་ཀི་ཇག་རྐུན་བྱུང་གི་དོགས་སེམས་ཁུར་ཆེ། ཡར་རྒྱུག་མར་ལོག་ཕར་སོང་ཚུར་འོང་། སྡུག་བསྔལ་ཁོལ་འཐག་འཐག་ཡོས་བརྔོ་བརྔོ་བྱས། ཉིན་རེར་ཇ་ཡང་རེ་གཉིས་ཙམ་མིན་འཐུང་མི་ཐུབ། ཆར་ཆུ་མུན་ནག་གི་ནང་དུ་དབྱར་ཞྭ་ལྡིབ་ལྡིབ་ཅིག་གོན། རྟ་རྒན་གཡག་རྒན་རེར་ཞོན། ལག་ཏུ་བོ་ཅོ་རེ་བཟུང་ནས། ཆུ་ཙ་ར་ར་འགྲོ་དུས། མེད་པོ་ཕལ་ཆེར་སྦྲ་ཆུང་རེ་ནང་ན་མེ་ལ་བསྲོས། སྐམ་ཙེ་རེ་བསྡད་ཡོད་པས་དེ་སྐྱིད། བུད་མེད་ཀྱིས་ཉི་མ་གནམ་ལ་དུ་ཤར་པོ། ནང་གི་ལངས་སྔ་དགུང་གི་ཉལ་ཕྱི་བྱས། མཛོ་འབྲི་བཞོས། འོ་མ་བསྐོལ། ཞོ་བསྙལ། འོ་མ་སྐྲོག །མར་བླངས། ད་ར་བསྐོལ། ཆུ་ར་
བསྐམ། ལྕི་བ་ཕུད། འབུད་རྒྱུ་བཏུས། མེ་བུས། ཇ་སྐོལ། ཐལ་ཕོད། ཕྱུགས་བཏང་། ཚུར་བཏགས། ཅུང་ཟད་ཙམ་ཡང་འདུག་དུས་མེད། སྦྲ་གུར་ཁང་པ་གང་ཡིན་ཡང་སྒོ་ཕྱི་ནང་གཉིས་ཀར་བུད་ནས། ཕུག་རོན་ཁ་ལོ་འཁོར་འཁོར་བྱས་ནས་སྡུག་བསྔལ་མྱོང་། དེ་ལ་བལྟས་ན་མེད་པོ་འགའ་རེའི་བུད་མེད་སོས་དལ་བདེ་བར་བསྡད་པས་སྐྱིད། ཕོ་སྐྱེས་རི་ན་སྡུག་བུད་མེད་ཡུལ་ནས་སྡུག་གཉིས་ཀ་མཉམ་སྡུག་བྱས། ཕོ་སྐྱེས་འགའ་རེས་མི་གཞན་གྱི་སྐྱིད་སྡུག་མི་ཤེས་པ་ཕར་ཞོག །ཐ་ན་རང་གི་བུད་མེད་ཀྱི་སྐྱིད་སྡུག་མི་ཤེས་པར་ངའི་སྡུག་འདི་ངན། ཁྱོད་ཡུལ་ནས་ཉལ་བསྡད་ནས་ཁྱོད་ངའི་དཔོན་མོ་རེད་ལ། ང་ཁྱོད་ཀྱི་གཡོག་པོ་རེད་ཨང་ཟེར་བཟའ་སྡིག་གིས་ཐུག་པ་བསྐོལ། བུད་མེད་ཀྱིས་སྟོན་རྒྱུ་མེད་པའི་ཡུལ་སྡུག་དེ་བསམས་ན་ཞེ་སྡང་ལངས། ལན་བྱས་ན་ཨ་ཟེར་རྡོ་དང་དབྱུག་པས་བརྡུངས། ཉིན་རེ་བཞིན་ཁ་མཁོན་ལག་འཛིང་བྱས། ཟ་མ་བཟང་པོ་ཞིག་ཟ་དུས་མེད། གོས་ཡག་པོ་ཞིག་གོན་དུས་མེད། གཏམ་སྙན་མོ་རེ་ཉན་དུས་མེད། མི་ཚེ་སྡིག་སྡུག་གཏམ་ངན་གྱི་ངང་ལ་ཟད་ནས། ཐ་ན་ཨོཾ་མ་ཎི་ཞིག་
ཀྱང་འདོན་མི་ཐུབ། དེས་ན་རྒྱུ་ནོམ་པ་ཡོད་ཀྱིན་སྐྱིད་ཇེ་ཆེ་མ་རེད། སྡུག་ཇེ་ཆེ་རེད་སོམས་ལ་མཆོད་སྦྱིན་རེ་གཏོང་ཨེ་ཐུབ་ལྟོས། ཡང་ཚེ་འདིར་ཆོས་མ་བྱས་རྒྱུན་ཏུ་སེར་སྣ་རྐྱང་བྱས་ན་སེར་སྣ་ཅན་གྱི་མི་དེ་གཞན་གྱིས་མཐོང་ན་ཡིད་དུ་མི་འོང་། ཐག་ཉེའི་བསྡད་ན་མི་འདོད། འགའ་རེས་ཀ་ངོ་མི་རིག་གི་ཆུག །རྒྱུ་ནོམ་ཡོད་ནས་ཅི་བྱ། གཡོག་པོ་གཡོག་མོ་ཚོ་ལ་ལྟོགས་སྐོམ་རེ་འོང་གི་མོད་ཟེར། འགའ་རེས་དེའི་ལུས་ཀྱི་རྣམ་འགྱུར། ངག་གིས་ཅི་བཤད་ཀྱི་ལད་མོ་བྱས་ཧ་བགད་བྱེད། འགའ་རེས་དེའི་ཐང་ན་ཟེར། དཔེར་འཐེན་ཚད་དུ་འཇོག །རྒྱུ་ནོམ་དགྲ་ཕྱོགས་སུ་ཤོར་ཚེ། དེ་ཚད་དེས་ཉོས་ཟེར། སྟེར་མཁན་ཕར་ཞོག་གཡར་སྐྱི་བྱེད་མཁན་ཡང་མེད། ཁྱོད་ཀྱིས་དང་པོ་ཚོ་ཁེ་ཕན་བཏགས་མོད་དྲིན་ཅན་པོ་ཟེར་ངོ་མཚང་འབྲུ། ཕྱི་ནང་བར་གསུམ་གྱི་མིས་ལ་འོག་ན་ངན་སྨྲས་མང་། ཡང་སེར་སྣ་ཆེ་ན་ཚེ་ཕྱི་མར་ཡི་དྭགས་སུ་སྐྱེས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་མྱོང་། སྔོན་འཕགས་པ་མཽངྒལ་གྱི་བུ་ལྗོངས་རྒྱུ་ཞིང་སོང་བ་ལ། ཡི་དྭགས་མོ་ཞིག་ལ་ཕྲུག་གུ་མང་པོ་སྐྱེས་བཀྲེས་
སྐོམ་གྱིས་ཉེན་པ་གཅིག་དང་འཕྲད་ཚེ་ཡི་དྭགས་དེས་ཁྱེད་བྱོན་པའི་ལམ་ནས། ཡི་དྭགས་ཆུ་འཚོལ་དུ་སོང་བ་འཕྲད་ན། ཆུ་མྱུར་དུ་ཁྱེར་ཤོག་དང་། མོ་འཆི་ལ་ཁད་ཡོད་ཅེས་ཤོད་སྨྲས་པས། ཡི་དྭགས་ཕོ་ཅི་འདྲ་ཞིག་ཡིན་དྲིས་ཚེ། ཤ་རྩ་སེར་ལ་རིད་པ་ལག་ན་ཤུ་གུ་ཐོགས་པ་ཞིག་ཡིན་ཟེར། ལམ་ནས་ཡི་དྭགས་དེ་ལ་འཕྲད་ནས་གོང་ལྟར་སྨྲས་པས། མོ་མི་དགོས་ཁོས་ཀྱང་ལོ་བཅུ་གཉིས་ཀྱི་བར་དུ་ཆུའི་མིང་ཙམ་ཡང་མ་ཐོས། དགེ་ཚུལ་ཞིག་གིས་ལུད་པ་དོར་བ་དེ་ཡི་དྭགས་མང་པོས་སུ་ཐོབ་བྱས་པས་བདག་ལ་ཐོབ་ཚེ་ཡི་དྭགས་ཤེད་ཅན་མང་པོས་རུབ་ནས་ཁོ་ལ་མང་པོ་བརྡུངས་པས་འགྲོ་མ་ཐུབ་ཟེར། ལུད་པ་ལག་མཐིལ་དུ་བཟུང་ཁུ་ཚུར་རྟག་ཏུ་བཅིངས་བསྡད་པས་སེན་མོ་སྐྱེས་པ་ལག་པའི་རྒྱབ་ཏུ་སྔོ་སིང་ངེ་བུད་སྣང་། དེར་འཕགས་པས་ཁོ་བོ་ངོམ་པའི་ཆུ་སྦྱིན་བཏང་། ཤུ་གུ་ཆུ་ཡིས་བཀང་ནས་ཡི་དྭགས་མོ་མ་བུ་ཡོངས་ལ་བསྐུར་རོ། །དེ་ནི་སྔོན་མཆོད་སྦྱིན་མ་བྱས་སེར་སྣས་ལག་པ་བཅིངས་ནས་བསྡད་པའི་རྣམ་སྨིན་རེད་གསུངས། ཡང་མཽངྒལ་གྱི་བུ་རི་བོ་བྱ་རྐང་དུ་ཡང་དག་འཇོག་ལ་གནས་པའི་སྐབས་ཤིག །དེར་
ཡི་དྭགས་མོ་ཤིན་ཏུ་འཇིགས་སུ་རུང་བ། མིག་གཡས་དང་མཆུ་གཡོན་དུ་ཡོ་བ། སྐྲ་གཟེང་བ་མགྲིན་པ་ཕྲ་བ། གསུས་པ་ཆེ་བ་རྐང་ལག་ཕྲ་བས་མི་ཐེག །ཁ་དང་རྐང་ལག་ནས་མེ་འབར་བ། ཚིགས་རྣམས་ནས་མེ་སྟག་འཕྲོ་བ། ཁ་ནས་མི་སྦྱིན་མ་ཆེ། མེད་སོགས་སྒྲ་རྣམ་པ་ལྔ་བརྗོད་ཅིང་ཕྱོགས་ཀུན་ཏུ་རྒྱུག་པ་ཞིག་མཐོང་ནས། བཅོམ་ལྡན་འདས་ལ་ཞུས་པས། དེ་སྔོན་བུད་མེད་སེར་སྣ་ཤིན་ཏུ་ཆེ་བ་ཞིག་ཆུ་ལེན་དུ་སོང་བ་ལ། རང་སངས་རྒྱས་ཤིག་གིས་ཆུ་བསླང་བ་སེར་སྣ་བྱས་མ་སྦྱིན་པའི་རྣམ་སྨིན་ཡིན་གསུངས། ཡང་ལུག་རྒྱ་ལ་བཙོངས། ཚར་བུ་བླངས། རྟོལ་བུ་བསད། གཞན་གྱི་ནོར་འཕྲོག །སྤྲང་བོར་བསྡིགས། གཡོག་པོར་བརྡུངས། ཁྱིམ་མཚེས་འཁོན། མི་དགེ་བ་སྟབས་དང་ཤུགས་ཀྱིས་བྱེད་ངེས། བྱས་ན་ཚེ་ཕྱི་མར་དམྱལ་བར་སྐྱེས་ནས་ཚ་གྲང་གི་སྡུག་བསྔལ་མྱོང་། སྔོན་མཽངྒལ་གྱི་མ་སེར་སྣས་བཅིངས། མཆོད་སྦྱིན་མ་བཏང་། དགེ་འདུན་པར་མི་དད་ཅིང་སྐུར་བ་བཏབ། དབུལ་པོ་རྣམས་ལ་མི་བྱམས་བསྡིགས་ཤིང་ནོར་རྫས་ཕྲོགས། ཁྱིམ་མཚེས་དང་ཉེ་འཁོར་
རྣམས་ལ་ཚིག་ངན་སྨྲས་ནས་བརྡུངས། སྲོག་གཅོད་ཀྱི་ལས་རང་གིས་བྱས་གཞན་ལ་བྱེད་དུ་བཅུག་པ་སོགས་མི་དགེ་བ་སྣ་ཚོགས་བྱས་པས། ཤི་མ་ཐག་ཏུ་དམྱལ་བར་ལྷུངས་ནས། བཙོ་སྲེག་ཚ་བའི་སྡུག་བསྔལ་དཔག་མེད་མྱངས་གསུངས། ཡང་རྒྱུ་ནོམ་པ་ཡོད་ན་དེ་ལ་ཞེན་ཆགས་མི་སྐྱེ་བ་མེད། ཞེན་ཆགས་སྐྱེས་ཕྱིན་ཆད་ཕྱི་མར་ལུས་ངན་པ་ལེན། སྔོན་སངས་རྒྱས་ཀྱི་དུས་སུ་དགེ་སློང་ཞིག་ཆོས་གོས་ལ་ཆགས་ནས་ཤི་ཚེ། སྦྲུལ་ཞིག་ཏུ་སྐྱེས་ནས་ཆོས་གོས་སྟེང་དུ་འཁྱིལ་ནས་བསྲུངས། ཡང་དགེ་སློང་ཞིག་ལྷུང་བཟེད་ལ་ཆགས་བཞིན་ཤི་ནས་སྦྲུལ་ཞིག་ཏུ་སྐྱེས་ལྷུང་བཟེད་ནང་དུ་འཁྱིལ་ནས་བསྡད། ཡང་དགེ་སློང་ཞིག་གཡུ་རྡོག་ཅིག་ཡོད་པ་ལ་ཆགས་ཏེ། ཤི་ནས་སྦལ་པ་ཞིག་ཏུ་སྐྱེས་པས། གཡུ་འོག་ཏུ་བཟུང་ནས་བསྡད་གསུངས། སྔོན་རྒྱལ་པོའི་ཁབ་ཀྱི་སར་ཕག་ཅེས་བྱ་བའི་ཆུང་མས་མེ་ལོང་ལ་བལྟས་པས། རང་གི་བྱད་བཞིན་བཟང་བར་མཐོང་ནས་ཆགས་པས་ཤི་ནས་སྦྲུལ་ཞིག་ཏུ་སྐྱེས། རོ་ཡི་ཁ་ནང་དུ་ཞུགས་ནས་སྣ་ནང་ནས་བུད། མིག་ནང་དུ་ཞུགས་ནས་རྣ་བའི་ནང་ནས་ཚུར་བྱུང་། སྦྲུལ་དེ་ཤི་ནས་
དམྱལ་བར་སྐྱེས་སྡུག་བསྔལ་དཔག་མེད་མྱངས། དཔེར་ན་རང་དགྲ་ལ་སྤྲོད་པའི་ནང་མ་དེ་ཐག་ཉེ་ནས་བཞག་ན། ཐོག་མར་ཕན་འདོགས་པ་ལྟར་བྱས། དེ་ནས་ཉིན་གཅིག་རང་དགྲ་དེ་ལ་སྤྲད་ནས་སྡུག་བསྔལ་ཚད་མེད་མྱོང་དུ་འཇུག་པ་ལྟར། རྒྱུ་ནོམ་པ་བཞག་ན་ཐོག་མར་ཕན་པ་འདྲ་བ་ཞིག་ཡིན། སྐབས་ཤིག་ནས་ཚེ་འདི་ཕྱི་གཉིས་ཀར་སྡུག་བསྔལ་ཁལ་དང་ཁུར་པོ་བྱས་འོང་དུ་འཇུག །དཔེར་ན་དབྱར་ཤ་བཞག་ན་ཐོག་མར་རང་གིས་ཟོས་ཆོག་ཀྱང་སྐབས་ཤིག་འབུ་བཏབ་གཡེང་འཁྱེར་བ་ལྟར། རྒྱུ་ནོམ་བསགས་ན་ཐོག་མར་རང་གིས་ཅུང་ཟད་ལོངས་སྤྱད་ཆོག་ཀྱང་། སྐབས་ཤིག་དགྲ་འདྲེ་གཉིས་ཀ་འོང་སྟེ་ཕྱོགས་ཕྱོགས་སུ་གཡེང་ནས་འཁྱེར། དེས་ན་ཕྱུག་པོས་ཆོས་རེ་མ་བྱས་ན་ཚེ་འདི་སྡུག་ཕྱི་སྡུག་འདི་མེད་ཕྱི་མེད་གཉིས་ཀ་ཡིན་པས། ཕྱུག་པོ་སེར་སྣ་ཅན་དུ་མི་སྐྱེ་བའི་སྨོན་ལམ་ཐོབ་ཟེར་དགོས། རྒྱུ་ནོམ་མཆོད་སྦྱིན་བྱས་ན་ཕན་ཡོན་ཆེ་བ་ཡིན། དཔེར་ན་ནས་སྲན་མ་འབྲས་ཅི་ཡོད་ཁྱིམ་ནས་ཆེན་པོ་མ་བཟུང་བར་ལོ་རེ་བཞིན་དུ། ཞིང་ས་བཟང་པོ་ལ་དཔྱིད་དུས་བཏབ་ན། སྟོན་ཚུར་
ལེན་དུས་བརྒྱ་སྟོང་འགྱུར་གྱི་འཕེལ་ཆེ་བ་ལྟར། ཕྱུག་པོས་ཆོས་བྱས་ན་ཚེ་འདིར་ཡང་རྒྱུ་ནོམ་ཕར་བཏང་བ་དེ་བས་ཚུར་ལ་འོང་། ས་སྐྱ་པཎ་ཆེན་གྱིས། ཕོངས་པ་སློང་བ་འདུ་བ་བཞིན། །དབུལ་བར་འདོད་པ་དེ་བས་མང་། །གསུངས། རྒྱུ་ནོམ་ཞིག་མཁོ་དུས་གཞན་སུ་ལ་བཤད་ཀྱང་མི་སྟེར་ནི་མེད། སྙན་གྲགས་ཆེ་མི་དེ་ལ་ཀུན་གྱིས་རྩི་བཀུར་ཆེ་ཚིག་ལ་ཉན། ཀུན་གྱིས་ཨ་ཁུ་དྲིན་ཅན་པོས་བཤད་པ་ཀ་ཡིན་ཀ་ལྟར་གྱིས། དེ་ལྟར་བྱེད་དགོས་ཟེར། ཚེ་ཕྱི་མར་སངས་རྒྱས། ཡང་ན་བདེ་བ་ཅན་དུ་སྐྱེ། ཡང་ན་མི་ཡུལ་དུ་སྐྱེས་ཀྱང་གོང་མ་རྒྱལ་པོ་ལས་ལྷག་པའི་སྟོབས་འབྱོར་ཅན་དུ་སྐྱེ། ཆོས་བྱས་ཕྱིན་ཚེ་འདི་ཡོད་ཕྱི་ཡོད་འདིར་སྐྱིད་ཕྱིར་སྐྱིད་གཉིས་ཀ་ཡིན་པས། ཕྱུག་པོ་སྦྱིན་གཏོང་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས་དགོས། དེས་ན་རྒྱུ་ནོམ་བཞག་པའི་ཉེས་དམིགས་དང་། ཆོས་ཕྱོགས་སུ་བཏང་བའི་ཕན་ཡོན་རྣམས་སོམས་ལ། ཁྱེད་ཕྱུག་པོ་རྣམས་ཀྱིས་ད་མཆོད་སྦྱིན་མི་བྱེད་ན་ནམ་བྱེད། བྱེད་དགོས་པའི་མི་ཚད་ཕྱིས་ཕྱིས་འདྲ། ད་བྱེད་སྙམ་དུ་ལོ་རེ་རེ་བཞིན་དུ་ཡར་བླ་མ་དཀོན་མཆོག་ལ་མཆོད་པ། མར་དབུལ་
པོ་ཉམ་ཐག་ལ་སྦྱིན་པ། བར་ཁྱིམ་མཚེས་གཡས་གཡོན་གཉེན་གཞི་རྩ་ལག་ལ་ཕན་ཐོགས་དང་གཡར་སྐྱི་བྱེད་པ་འདི་ཤིན་ཏུ་གལ་ཆེ། ཡང་ཟང་ཟིང་གི་སྒོ་ནས་ཆོས་བྱེད་འདོད་པའི་མེད་པོ་རྣམས་ཀྱིས་འདི་ལྟར་གྱིས་དང་ཕྱུག་པོར་འགྱུར། རང་ལ་རྒྱུ་ནོམ་ཡོད་པ་ཆུད་ཟོས་སུ་མ་གཏོང་བར་དོ་དམ་གང་དྲག་གྱིས། ཤ་མ་ཉོ། ཆང་ནག་མ་འཐུང་། དུ་བ་མ་འཐེན། ཤྭོ་རྒྱན་མ་བཅའ། ཆེན་པོ་མ་ཟ། མཐུན་པར་འགྲོགས། ཞིང་པ་ཡིན་ན་ཞིང་ལས་ལེགས་པོ་གྱིས། འབྲོག་པ་ཡིན་ན་འཚོ་སྐྱོང་ལེགས་པོ་གྱིས། ཤེས་ན་ཁེ་ཚོང་གྱིས། བླ་དཔོན་གྱི་ཞབས་ཕྱིར་སོང་། ཕྱུག་པོའི་སྔ་ཕྱིར་རྒྱུག །སྔོ་ཚོད་ལོངས། གྲོ་མ་བརྐོས། གཞོན་པས་རི་ལས་དང་། རྒན་པས་ཡུལ་ལས་ལ་འབོད། བླ་མ་དང་བན་དེ་ཡོད་ན་རྒྱུ་ནོམ་རྙེད་སར་སོང་ལ་རྒྱུ་ནོམ་ཚོལ། མགྲོན་པོ་ལྷ་བཞིན་བཀུར་དང་དགའ། ཕྱི་ནས་ཟས་ནོར་སྟེར། བླ་མ་དཀོན་མཆོག་ལ་གསོལ་བ་ཐོབ། ཡུལ་ལྷ་གཞི་བདག་ལ་བསང་མཆོད་གྱིས་དང་བསོད་ནམས་སྐྱེ། གཞན་གྱིས་ལས་ཀ་མ་ཐུབ་དུས་མ་བོས་ཀྱང་སོང་ལ་ལས་གྲོགས་གྱིས་
དང་དགའ་ནས། ཁྱེད་ཀྱིས་དེ་རིང་བཟང་དྲིན་ཅན་པོ་ཟེར་ཇ་མར་སོགས་སྟེར། ཕྱི་ནས་གཡར་སྐྱི་ཞིག་བྱེད་དགོས་པ་མི་ཚད་སྟེར་དགོས་ཟེར། རྒྱུ་ནོམ་ཞིག་རྙེད་ཀྱང་ཡུལ་དུ་ཁྱེར་ཤོག །ཁབ་བསགས་ནས་འབུག །འབུག་བསགས་ནས་གྲི་བྱེད་ཐུབ་བལྟ་དགོས། ཀློང་རྡོལ་དྲུང་ཡིག་རིན་པོ་ཆེས། ལག་ཏུ་བྱུང་ཚད་ཁ་ལ་ཟ་བ་འདི། །སྙིགས་དུས་སྐྱ་སེར་རྣམས་ཀྱི་ཆོས་ལུགས་ཡིན། །གསུངས་པ་ལྟར། ཅིག་རྙེད་ན་རེམ་ནས་ཁ་ནང་དུ་བྲུབ་མ་གཏོང་། མི་འགའ་རེས། ཇ་འཐུང་མ་དང་ཆུ་འཐུང་མ། །ནམ་མཁའ་ལངས་ན་འདྲ་འདྲ་ཡིན། །ཟེར་བ་ལྟར། རྒྱུ་ནོམ་པས་ཆོས་རེ་བཅའ་མ་ཐུབ་ན། ཇ་དང་ཟ་མ་བཟང་ངན་གང་ཟོས་གང་འཐུངས་ཀྱང་། མི་དེ་གཉིས་ལ་ཁྱད་མེད་འདྲ་འདྲ་ཡིན། ལྷག་པར་ཟས་སྣུམ་ཅན་མང་པོ་ཟོས་ན་སྐབས་ཤིག་ཚོ་བསོགས་ནས། འགྲོ་དུས་ཚོ་རང་ཐང་དུ་འགྲོ་བ་ཞིག་དང་མི་འདྲ་བར། རོ་ཞིག་རྒྱབ་ཏུ་ཁུར་ནས་མ་ཐེག་པར་འགྲོ་བ་ཞིག་དང་འདྲ་སྟེ། དབུགས་འཚེང་ཨུ་ཤུ་ཟེར་ཡར་གྱི་ལ་མི་ཆོད་འཆི་ལ་ཁད་བྱེད། རྟ་ལ་ཞོན་དུས་སྒ་ཚོ་ཙག་ཙག་བྱེད་ཅིང་། ཞོན་ནས་སོང་ན་རྟ་ཚོ་ཉོ་རོ་རོ་བྱེད།
རྟ་གང་ཡིན་གྱིས་མི་འདྲོང་། ཟས་ཀྱི་ཚོད་མ་ཟིན་ན་ནད་མང་པོ་འོང་། སྨན་པས་སྨན་སྟེར་དགོས། ཤི་ན་རོ་ཁུར་ན་མི་ཐེག །བྱ་རྒོད་དང་ཁྱི་ཡིས་འཆོས་ན་མི་ཚར་འགའ་རེས་ད་དུང་མ་ཚར་འདུག་ཟེར། ཟས་བཟང་པོ་ཟོས་ནས་སངས་རྒྱས་པ་མེད། ཟ་མ་ཆེན་པོ་མ་ཟོས་ན་ཡོན་ཏན་ཡོད། དཀོར་སྒྲིབ་ཆེན་པོ་མི་འོང་། རྒྱུག་དགོས་དུས་ཤིག་ལ་རྟ་བས་མགྱོགས། འབྲོས་དགོས་དུས་ཤིག་ལ་དགྲ་ཁའི་ཐར། ལུས་ཤིང་བལ་བྱ་སྒྲོ་བཞིན་དུ་ཡང་། ནད་དང་ངལ་དུབ་ཀྱི་སྡུག་བསྔལ་མེད། ཡང་སྡུག་བསྔལ་ཅུང་ཟད་མྱོང་ཡང་སྣང་བ་མ་སུན། སྐྱིད་པའི་དུས་ཡོད། སྤྱན་སྔ་བས། ངུ་རེ་བྲོ་བ་མ་བྱས་པར། །རྒོད་རེ་བྲོ་བའི་ཟས་མི་མྱོང་། །ཁ་ཡིས་ཞིམ་པོ་ཟ་འདོད་ན། །ལག་པ་ལྕགས་འདྲའི་སྲན་ཐུབ་དགོས། །གསུངས། སྔོན་དབུས་ཕྱོགས་ཀྱི་བཟའ་མི་གཉིས་ཀྱི་ཕོ་སྐྱེས་ཀྱིས་བུད་མེད་ལ་ཁྱོད་ཀྱིས་ཚེ་གང་བོ་ཟས་ཟའམ། ལོ་གཅིག་ལ་ཟས་ཟ་འདོད་དྲིས་པས། བུད་མེད་ན་རེ་ཚེ་གང་པོ་ཟས་ཟ་འདོད་སྨྲས་པས། དེ་ཡིན་ན་ལོ་གཅིག་པོ་འདི་ལ་ཟས་ཆེན་པོ་མ་ཟ་བར་མ་ཤི་བ་ཙམ་བྱེད་དགོས་ཞེས།
ཁྱིམ་ན་གང་ཡོད་ཀྱིས་ཁེ་ཚོང་བྱས། བུད་མེད་ཀྱིས་སོ་ནམ་ལ་རེམ་པས། དེའི་ཕྱིར་ལོ་ནས་ནོར་རྫས་ཀྱི་གཞི་ཆགས། ལོ་འགའི་འཕྲོ་ནས་ཕྱུག་པོ་ཞིག་ཏུ་སོང་སྐད། ཕྱུག་པོར་གྱུར་ནས་སེར་སྣ་བྱས་ན། དབུལ་དུས་དང་ཁྱད་པར་མེད་པས། མཆོད་སྦྱིན་བྱེད་པ་གལ་ཆེ། ཡང་ཁྱེད་ཚོའི་མེད་པོ་འགའ་རེས། རང་གི་ཁྱིམ་ན་ཡོད་ཚད་གྱིས་ཤ་ཉོས་ནས་ཟོས། ཆང་ཉོས་ནས་འཐུང་། ཇ་ཉོས་ནས་བསྐོལ། དུ་བ་ཉོས་ནས་འཐེན། གོས་རྒྱན་ཉོས་ཏེ་བཏགས་ནས། རང་ཚོད་ལ་མི་དཔེ་ནི་བཟོ་བ་འདི་མི་བཟང་། ཤ་ཆང་གི་དོན་དུ་ཕྱུག་པོ་ཚོ་ཡང་ཡལ་བ་མང་། ཁྱིམ་ཚང་ལ་དུད་འཐེན་མང་ན་ཡར་འོང་མེད། ཟ་འདྲེ་འགོང་བོ་ཐེའུ་རང་ཁ་ཞུགས་པ་ལས་ཐུ། ཡང་འགའ་རེས། ཞིང་ལས་མི་བྱེད། སྒོ་ཕྱུགས་མི་འཚོ། ལ་ལ་ཉལ། ལ་ལ་འཁྱམས། ལ་ལ་གོ་ཁར་འཚོགས་ནས་བསྡད་ན། ཞིང་ལ་སྟོན་ཐོག་མི་འོང་། སྒོ་ཕྱུགས་ལྟོགས་འཁྱགས་ནས་འཆི། རྐུན་མ་སྤྱང་ཀིས་གསོད། ཁྱིམ་མཚེས་གཡས་གཡོན་ལ་མི་འཆམ། ཁ་མཁོན་ལག་འཛིང་བྱེད་པ་འདི་མི་བཟང་། ཡང་འགའ་རེས། སྒོ་ཕྱི་ནང་གཉིས་ཁྱིམ་
ཕྱགས་ཐལ་བས་བཀང་སྦྲའམ་ཁང་བའི་གྲུ་ན་ཁྱིམ་ཕྱགས་རྙིང་བ་ཟ་རྒྱུ་ཡིན་པ་ལྟར་བྱས་ཕུང་ལོག་གེ་བཞག །ཐ་ན་ཆུ་ཆད་ཤིང་ཡང་མེད། མགྲོན་པོ་ཞིག་སླེབས་ན་མི་བསུ། ཁྱིམ་ན་ཆ་བོས་གོང་འགབ་བྱས། བསྡིགས་རེ་བརྡུང་རེའི་སྣ་ནས་བསྡད། རྒད་པོས་རྒན་མོར་སྡང་མིག་བལྟས། རྒན་མོས་རྒན་པོ་ཁོག་ནས་སྙིང་ཁྱིས་བཏང་། མཆུ་གཅུ་སྣ་གཉེར་ལྐོག་ཤུབ་མང་། བུ་ཡིས་ཆུང་མ་བརྡུང་། ཆུང་མས་ཟངས་རྒྱག་ཐོམ་རྒྱག་བྱས། མགྲོན་པོས་ཨེ་ཚང་ཅི་ཡིན་དེ་མ་བྱེད་ཟེར། འགའ་རེས་བཟའ་བ་འདིའི་ནང་གི་མི་སྐྱེ་བའི་སྨོན་ལམ་ཐོབ། མགྲོན་པོ་ཁྱེད་ཀྱིས་སོས་དལ་གྱིས། ཁོང་གི་བྱ་བ་འདི་ཡིན་ཟེར། མགྲོན་པོའི་སྣང་བ་སུན། ཁོ་ལ་ལས་དོན་གལ་ཆེན་ཡོད་ཟེར། རྫུན་སྨྲས་ལངས་ནས་འགྲོ། ཡུལ་དུ་སོང་ནས། ལས་ངན་དེ་ཚང་གི་ངོ་མི་རིག་ཏུ་ཆུག །ཁོ་ད་ནངས་སོང་ཚེ་ཆ་བོས་བཟའ་སྡིག་གི་ཐུག་པ་བསྐོལ། སྐྱུག་རེ་རྫོགས་ཡོད་མོད་ཟེར། ཕྱིན་ཆད་ཁྱིམ་དེར་བོས་ཀྱང་མི་འགྲོ། ཡང་འགའ་རེས་འགྲུལ་བར་ཁྱི་ཡང་མི་འགོག །འགྲུལ་པ་དེས་ཁོ་དེ་ཚང་ལ་ཁ་སང་ཅིག་སོང་བར་ཇ་
ཕར་ཞོག །ཁྱི་ཡང་མི་འགོག་པར་བཏང་བཞག །ཁ་ཐུར་དུ་འགྲོ་རྒྱུ་ཚང་། ཕྱིན་ཆད་ཚོ་འདིར་འོང་ན་ཁ་ནང་དུ་ཐལ་ཡང་མ་རྒྱག་ཟེར། ཡང་འགའ་རེས་གཅིག་རྙེད་ན་དེ་མ་ཐག་ཁ་ཞིམ་བྱས་གོན་པ་ཞིག་བཟོས་ནས་གོན་གཏོང་བ་འདི་མེད་པོ་ཞིག་གི་བྱ་བ་ཡིན། ཕྱུག་པོ་ཞིག་གི་བཅའ་ཚུལ་མིན། མེད་པོ་ཟ་དགའ་ན་ཟ་ཡུན་ཐུང་། ཕྱུག་པོ་སེར་སྣ་ཆེ་ན་རང་མཆུ་བཅིངས། ཟེར་བས་དེ་བྱས་ན་ཁྱི་རྐུན་རྔ་བཅད་ལ་ནམ་ལངས་པ་བཞིན། འགྲོ་ས་འདུག་ས་མི་རྙེད། སྔར་ཅི་ཡོད་ཟ་ཉེས་གོན་གཙོག་བྱས་གཟེད་ཕྱི་ནས་སོ་ནམ་མ་བྱས་ཡོ་བྱད་མ་བསགས་ན། སྒོ་ཡི་རྒྱུ་ཁྱིམ་གྱི་ཟས་ཟད་ཚེ་འདུག་མི་ཐུབ་པར་གཞན་གྱི་སྒོ་རུ་འགྲོ་དགོས། སོང་ནས་ལོག་དོམ་བླངས་ན། ཕྱི་ནས་ཁེར་ཟོག་ཁང་ཞིང་ཡན་ཆད་འཆོར། ལྟོགས་འཁྱག་ཚེ་རྐུ་འཕྲོག་བྱས། རྐུས་བུད་ཚེ་གང་ཡོད་འཇལ་དུ་འཆོར། ཤོར་ན་བཟའ་ཚང་འཐོར། གཞན་གྱི་གཡོག་བྱས་སྤྲང་ནས་སྡུག་བསྔལ་མྱོང་། ཆོས་བཅའ་མི་དགོས་ཁ་ཡང་མི་སོས། ཁྱེད་ཚོས་ལྟོས་དང་། ཕྱུག་པོའི་ཤུལ་གྱི་བུ་ངན་ཁྲེལ་མེད་འགའ་རེས་གང་ཡོད་གཟད། སོ་ནམས་མ་བྱས་ན་ན་ཚ་ཤི་ཆད་
མ་བྱུང་ཡང་སྟོང་ཧང་ངེ་སོང་ལོག་དོམ་ལེན་པ་མང་། འགའ་རེས་དེའི་ཚོད་མིན་དེ་ལ་ཅི་བྱུང་ཟེར། དེས་ན་ཆོས་སྒྲུབ་ཤེས་དགོས་པ་ཕར་ཞོག །འཇིག་རྟེན་འདིའི་ཁ་གསོ་ཚུལ་ཡང་ཤེས་དགོས། ཁྱིམ་ཚང་ཡ་རབས་ཚང་ལ་ལྟོས། རྒན་པ་བློ་ལྡན་བསམ་དཀར་ལ་དྲི་བ་གྱིས་དང་ལོ་རེ་བཞིན་ཇེ་བཟང་ཇེ་བཟང་དུ་སོང་། ལོ་འགའི་འཕྲོ་ནས་ཕྱུག་པོར་བྱུང་ནས། ཆོས་བཅའ་ཞོར་ལ་སྐྱིད་ཀྱང་བརྒྱབ་ཆོག་པས། མེད་པོ་ཆོས་བྱེད་འདོད་པ་རྣམས་ཀྱིས་དེ་ལྟར་བྱེད་པ་གལ་ཆེ། ད་དགེ་བ་ཆུང་ངུ་བྱས་ཀྱང་ཕན་ཡོན་ཆེན་པོ་འབྱུང་བ་ལ་ངེས་ཤེས་ལྷག་པར་སྐྱེ་བའི་ཕྱིར། སྔོན་བྱུང་གཏམ་རྒྱུད་འགའ་བཤད། སྔོན་བྲམ་ཟེ་བཟའ་མི་གཉིས་ཀྱིས། རང་སངས་རྒྱས་ཤིག་ལ་ཆོས་སྟོན་དྲངས་པས། ཚེ་དེ་ཉིད་དུ་ཞིང་ལ་གསེར་གྱི་ལོ་ཏོག་སྐྱེས། སྔོན་པདྨའི་མིག་གིས་སངས་རྒྱས་ཀྱི་མཆོད་རྟེན་ལ། རིན་པོ་ཆེ་མཐོན་ཀ་ཞིག་ཕུལ་བས་བསྐལ་པ་དགུ་བཅུ་རྩ་གཉིས་ཀྱི་བར་དུ་སྟོབས་འབྱོར་ཆེ་བར་གྱུར། སྲིད་པ་ཐ་མའི་ཚེ་ཡང་སྐྱེས་མ་ཐག་ཏུ་མགོ་ལ་ནོར་བུ་མཐོན་ཀ་བྱུང་སྟེ། འོད་ཀྱིས་སེར་སྐྱའི་གནས་
ཐམས་ཅད་གསལ་བར་བྱུང་། འབྲས་བུ་ཐོབ་པའི་སྨོན་ལམ་བཏབ་པས་དགྲ་བཅོམ་པར་གྱུར། སྔོན་རྒྱན་པ་རྒྱལ་བ་ཞེས་བྱ་བ་ཤིན་ཏུ་དབུལ་ཞིང་ཕོངས་པ་ཞིག་གིས་ཆོས་སྨྲ་བ་ཞིག་ལ། རང་གི་སྟོད་གཡོགས་སྨད་གཡོགས་གཉིས། གདུགས་གཅིག་ལྷམ་གཅིག་མགྲོན་བུ་སྤར་གང་ཕུལ་བས། ཁྱིམ་དུ་སླེབ་པ་ན་ཁྲོན་པའི་ནང་ནས་གསེར་བུམ་པ་བདུན་བྱུང་། ཡུལ་དེའི་རྒྱལ་པོ་ཐོབ། ཚེ་འཕོས་ནས་ལྷ་དང་མིའི་རྒྱལ་པོ་བརྒྱ་ཕྲག་དུ་མ་བྱས་པར་གསུངས། སྔོན་མི་ཞིག་རྒྱལ་པོའི་ཁྲིམས་ཀྱིས་གསོད་པ་ལ་བློན་པོ་ཞིག་གིས་ཐུགས་བརྩེ་བས་བབས་ནས། དབེན་པར་ལམ་བསྒོམ་དུ་བཅུག་པ་དང་། རང་སངས་རྒྱས་ལ་མཆོད་དེ་འབྲས་བུ་ཐོབ་པའི་སྨོན་ལམ་བཏབ་པའི་མཐུས། ཚེ་རབས་ཐམས་ཅད་དུ་སྲོག་གི་བར་ཆད་དང་བྲལ་ཞིང་། ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། མཐར་བཅོམ་ལྡན་འདས་དང་མཇལ་ནས་ཆོས་བསྟན་པ་ཙམ་གྱིས་དགྲ་བཅོམ་ཐོབ། དགེ་སློང་གསེར་དབྱིག་ཅེས་བྱ་བ་སྔོན་སངས་རྒྱས་འོད་སྲུང་འཇིག་རྟེན་དུ་བྱོན་དུས་སུ་མི་དབུལ་པོ་ཞིག་ཏུ་གྱུར་ཚེ། དོང་ཙེ་གཉིས་རྙེད་པ་སངས་རྒྱས་གསེར་ཐུབ་ལ་ཕུལ་ཏེ་
སྨོན་ལམ་བཏབ་པས་བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ། ལོངས་སྤྱོད་ཟད་མི་ཤེས་པར་གྱུར་ཅིང་། སྟོན་པ་ཤཱཀྱ་ཐུབ་པ་འཇིག་རྟེན་དུ་བྱོན་དུས་སུ་ལག་ན་གསེར་གྱི་དོང་ཙེ་དང་བཅས་པ་ཞིག་སྐྱེས་ནས། མཐར་བསྙེན་པར་རྫོགས་ནས་དགྲ་བཅོམ་པ་ཐོབ། དགེ་སློང་ལྷའི་མེ་ཏོག་སྔོན་སངས་རྒྱས་གསེར་ཐུབ་ཀྱི་དུས་མི་དབུལ་པོ་ཞིག་ཏུ་གྱུར་ནས། ནོར་གཞན་མེད་པ་ལ། དད་པས་སྤང་དང་ནེའུ་གསིང་ལས་མེ་ཏོག་བཏུས་ནས། སངས་རྒྱས་དགེ་འདུན་དང་བཅས་པ་ལ་གཏོར་ནས་སྨོན་ལམ་བཏབ་པས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་གཟུགས་བྱད་མཛེས་ཤིང་གང་བསམ་ཐམས་ཅད་འགྲུབ་པ་དང་། མཐར་ཐུབ་པ་དང་མཇལ་ནས་དགྲ་བཅོམ་ཐོབ། དགེ་སློང་ལྷའི་རིན་ཆེན་གྱིས། སྔོན་སངས་རྒྱས་གསེར་ཐུབ་ལ་རྡེའུ་དཀར་པོ་སྤར་གང་གཏོར་ནས་སྨོན་ལམ་བཏབ་པས། ཚེ་རབས་ཐམས་ཅད་དུ་ནོར་དང་རིན་པོ་ཆེས་མ་ཕོངས་ཤིང་། སངས་རྒྱས་ལ་དད་པའི་མཐུས་ཕྱིས་བཅོམ་ལྡན་འདས་དང་མཇལ་ནས་དགྲ་བཅོམ་ཐོབ། དགེ་སློང་མ་དཀར་མོ་སྔོན་དབུལ་མོར་གྱུར་ཚེ། སངས་
རྒྱས་བསོད་ནམས་སྐྱབས་ལ། ལུས་ལ་རས་གོས་དྲི་མ་ཅན་ཞིག་ཡོད་པ་དེ་ཕུད་ནས་ཕུལ་བས་ཚེ་རབས་ཐམས་ཅད་དུ་རས་གོས་དང་བཅས་ཏེ་སྐྱེས་ཤིང་། གང་གིས་ཀྱང་མ་ཕོངས་པ་དང་། དམ་པའི་ཆོས་ཉན་པའི་མཐུས། བཅོམ་ལྡན་འདས་དང་མཇལ་ནས་དགྲ་བཅོམ་པ་ཐོབ། བྲན་མོ་ཀ་ཙང་ཀས། འཕགས་པ་ཀ་ཏྱ་ཡ་ན་ལ་ཆུ་ལྷུང་བཟེད་གང་ཕུལ་ཞིང་ཆོས་ཞུས་ནས་སངས་རྒྱས་ཡིད་ལ་བྱེད་ཅིང་ཤི་ནས་སུམ་ཅུ་རྩ་གསུམ་པའི་ལྷར་སྐྱེས་བདེན་པ་མཐོང་གསུངས། དགེ་སློང་གསེར་ལྷ་སྔོན་སངས་རྒྱས་རྣམ་གཟིགས་ཀྱི་དུས་སུ་མི་དབུལ་པོར་གྱུར་པ་ན། རྫ་བུམ་གསར་བ་ཆུ་གཙང་མས་བཀང་སྟེ། གསེར་གྱི་དོང་ཙེ་གཅིག་ནང་དུ་བཅུག །མེ་ལོང་གཅིག་གིས་ཁ་བཅད་དེ་དགེ་འདུན་ལ་ཕུལ་བས། སྐྱེ་བ་ཐམས་ཅད་དུ་གཟུགས་བཟང་གསེར་གྱི་ཁ་དོག་ལྟ་བུ་དང་། དད་པའི་མཐུས་བཅོམ་ལྡན་འདས་དང་མཇལ་ནས་དགྲ་བཅོམ་ཐོབ། རྒྱལ་པོ་ཀ་བི་ནས། སྔོན་སངས་རྒྱས་འོད་སྲུང་གི་མཆོད་རྟེན་ལ་ཞིག་གསོས་བྱས་པས་ཚེ་རབས་ཐམས་ཅད་དུ་ཕུན་སུམ་ཚོགས་པ་ཐོབ་ཅིང་སྟོབས་དང་མངའ་ཐང་གཞན་ལས་འཕགས་པ་
བྱུང་། དད་པ་དང་སྨོན་ལམ་གྱི་མཐུས་དགྲ་བཅོམ་ཐོབ། སྔོན་སངས་རྒྱས་ཞལ་བཞུགས་དུས་བྱིས་པ་ཆུང་ངུ་ཞིག་གིས། སངས་རྒྱས་ལ་དད་པའི་སེམས་ཀྱིས་ས་སྙིམ་པ་གང་ཕུལ་བས། དེའི་འབྲས་བུ་འཛམ་གླིང་ལ་སྟོབས་ཀྱི་འཁོར་ལོས་བསྒྱུར་བ་ཆོས་རྒྱལ་མྱ་ངན་མེད་དུ་གྱུར། བྲམ་ཟེ་མོ་བདེ་བྱེད་མས་ཅི་ཡང་མེད་དེ་དབུལ་ཕོངས་པའི་ནོར་ཐོབ་པར་འདོད་ནས། བཅོམ་ལྡན་འདས་མཆོད་པས། ཚེ་དེ་ཉིད་ལ་རྣམ་ཐོས་སྲས་ཀྱི་འབྱོར་བ་ལྟ་བུ་བྱུང་། བསྙེན་གནས་བསྲུང་བས་སྲིན་པོའི་གནོད་པས་མ་ཚུགས་པར་སྲིན་པོས་གསེར་བུམ་པ་གསུམ་བྱིན་བདེན་པ་མཐོང་། བུད་མེད་དབུལ་མོ་གཉེན་དགའ་མོ་ཞེས་བྱ་བས། སངས་རྒྱས་ལ་མར་མེ་ཆུང་ངུ་ཞིག་ཕུལ་བས། བསོད་ནམས་འདིས་མ་འོངས་པའི་དུས་སུ་བདག་ཤེས་རབ་ཀྱི་མར་མེ་དང་ལྡན་ཏེ། སེམས་ཅན་ཐམས་ཅད་ཀྱི་མུན་པའི་དྲི་མ་བསལ་བར་ཤོག་ཅིག་ཅེས་སྨོན་ལམ་བཏབ། དེའི་ཚེ་བཅོམ་ལྡན་འདས་ཀྱིས་ཁྱོད་མ་འོངས་པ་ན་སངས་རྒྱས་ཏེ་མཚན་ཡང་མར་མེ་འོད་ཅེས་བྱ་ཞེས་ལུང་བསྟན། སྔོན་སྤྲེའུ་ཞིག་གིས་བཅོམ་ལྡན་འདས་ལ་
སེམས་དང་བས་སྦྲང་རྩི་ཕུལ་བས། ཤི་ནས་རིགས་མཐོན་པོར་སྐྱེས་ཏེ། སྣོད་ཐམས་ཅད་སྦྲང་རྩིས་གང་བ་དང་། རབ་ཏུ་བྱུང་ནས་དགེ་འདུན་དང་ལྷན་ཅིག་ཏུ་རྒྱུ་བའི་ཚེ་ནམ་མཁའ་ལ་ལྷུང་བཟེད་བོར་ན་དེ་མ་ཐག་སྦྲང་རྩིས་ཁེངས་ཏེ་དགེ་འདུན་དང་ལྷན་ཅིག་ལོངས་སྤྱོད་ཆོག་པ་བྱུང་། སྔོན་དད་པའི་མཐུས་དགྲ་བཅོམ་ཐོབ། ཁྱིམ་བདག་ཏན་བྱི་ལིས། སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ་གྲོགས་དགེ་སློང་བཞིའི་འཚོ་བ་སྦྱར་བས། ཚེ་རབས་ཐམས་ཅད་དུ་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཁང་བཟང་། མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས་པའི་བཙུན་མོ། རོ་བརྒྱ་ལྡན་པའི་ཁ་ཟས། འདོད་འབྱུང་ནོར་བུ་འོད་འབར་སོགས་ལྷ་མིའི་ལོངས་སྤྱོད་ཟད་མི་ཤེས་པ་ཐོབ་ཅིང་། ཆོས་ལ་དད་ཅིང་སྨོན་ལམ་བཏབ་པའི་མཐུས་དགྲ་བཅོམ་ཐོབ། སྔོན་མི་ཞིག་གིས་སངས་རྒྱས་འོད་སྲུང་གི་མཆོད་རྟེན་གྱི་གླང་པོའི་གཟུགས་ཞིག་པ་བཅོས་ཤིང་ལྡོང་རོས་ཀྱི་བསྐུས་ཏེ། སྨོན་ལམ་བཏབ་པས་ཚེ་རབས་ཐམས་ཅད་དུ་གཟུགས་བཟང་ཞིང་ལོངས་སྤྱོད་ཆེ་བ། གསེར་གྱི་གླང་པོ་རྟག་ཏུ་ཡོད་པར་གྱུར། སྔོན་སངས་རྒྱས་ལ་དད་ཅིང་
སྨོན་ལམ་བཏབ་པས་དགྲ་བཅོམ་ཐོབ། སྔོན་སངས་རྒྱས་བུར་ཤི་འཇིག་རྟེན་དུ་བྱོན་པའི་ཚེ། བྲམ་ཟེའི་ཁྱེའུ་ཞིག་གིས་སངས་རྒྱས་ལ་དང་པའི་སེམས་ཀྱིས་སྲན་མ་སྤར་གང་གཏོར་པས། འབྲུ་བཞི་ལྷུང་བཟེད་དུ་ལྷུང་། གཅིག་དབུའི་གཙུག་ཏུ་ཆགས་པས། དེའི་རྣམ་སྨིན་གྱིས་གླིང་བཞི་དང་འདོད་ལྷ་རིགས་གཉིས་ལ་དབང་བསྒྱུར་བའི་འཁོར་ལོས་བསྒྱུར་རྒྱལ་ང་ལས་ནུ་ཞེས་བྱ་བར་གྱུར་ཏེ། བདེ་བ་ཚད་མེད་པ་མྱངས། དགེ་སློང་རིས་གཉིས་པས། སྔོན་སངས་རྒྱས་རྣམ་གཟིགས་ལ་དོང་ཙེ་གཅིག་ཕུལ་ཏེ་སྲོག་གཅོད་སྤོང་བའི་བསླབ་པ་ནོད་པས། ཚེ་རབས་ཐམས་ཅད་དུ་སྲོག་གི་བར་ཆད་དང་བྲལ་ཞིང་ཚེ་རིང་བ་དང་ནད་མེད་པ་ལོངས་སྤྱོད་ཆེ་བ་བྱུང་། སྔོན་དད་པ་དང་ཆོས་ཐོས་པའི་རྐྱེན་གྱིས་དགྲ་བཅོམ་ཐོབ། བུ་མོ་ཞིག་གིས་བདག་ཅག་གི་སྟོན་པ་ལ་གོས་ཕུལ་ཞིང་། དབུ་སྐྲ་དང་སེན་མོའི་མཆོད་རྟེན་ལ་དྲི་བཟང་དང་ཏིལ་མར་གྱིས་བྱུགས་པ་ཕུལ་བས། ཤི་འཕོས་ནས་མཉན་ཡོད་དུ་ཚོང་དཔོན་ཆེན་པོའི་བུ་མོ་གསེར་མདོག་ཏུ་གྱུར་ནས། ལོངས་སྤྱོད་དང་དབང་ཕྱུག་ཕུན་སུམ་ཚོགས་པར་གྱུར་
ཅིང་། བསྟན་པ་ལ་ཞུགས་ནས་དགྲ་བཅོམ་ཐོབ། སྔོན་བ་གླང་རྫི་མོ་ཞིག་གིས། བཅོམ་ལྡན་འདས་ལ་དད་པའི་སེམས་ཀྱིས་ཀོ་ཤ་ཏ་གའི་མེ་ཏོག་གཏོར་ཏེ་ཆོས་ཞུས་པས། ཤི་འཕོས་ནས་ལྷར་སྐྱེས། བཅོམ་ལྡན་འདས་ལས་ཆོས་ཐོས་ནས་བདེན་པ་མཐོང་། སྔོན་སངས་རྒྱས་བཅོམ་ལྡན་འདས་ཆུ་བོ་གང་གཱར་ཕེབས་ཚེ། ངང་པ་དང་ཉ་དང་རུས་སྦལ་ལྔ་བརྒྱས་བསྐོར་ཏེ་བསྐོར་བ་བྱས་པ་ལ་ཆོས་གསུངས། དེ་རྣམས་ཀྱིས་ཆོས་ཡིད་ལ་བྱེད་ཅིང་ཟས་བཅད་པས། ཤི་འཕོས་ནས་རྒྱལ་ཆེན་བཞིའི་ལྷའི་རིགས་སུ་སྐྱེས། བཅོམ་ལྡན་འདས་ཀྱི་ཞབས་དྲུང་དུ་འོངས་ནས་མེ་ཏོག་གཏོར་ནས་ཆོས་ཉན་ཏེ་བདེན་པ་མཐོང་། ཡི་དྭགས་ལྔ་བརྒྱས་སངས་རྒྱས་ལ་ཆུ་བསླངས་པས་རྫུ་འཕྲུལ་གྱིས་ཡི་དྭགས་རྣམས་ཆུས་ཚིམ་པར་མཛད་པས། ཡི་དྭགས་རྣམས་སངས་རྒྱས་ལ་དད་བཞིན་དུ་ཚེའི་དུས་བྱས་ནས་ལྷར་སྐྱེས། སངས་རྒྱས་དང་མཇལ་ནས་བདེན་པ་མཐོང་། ཡང་སངས་རྒྱས་བཅོམ་ལྡན་འདས་པོ་ཏ་ལར་ཕེབས་དུས། ཞིང་པ་ལྔ་བརྒྱས་ཞིང་རྨོ་བའི་དུད་འགྲོ་སྟོང་གིས་སངས་རྒྱས་ཀྱི་སྐུ་མཐོང་ཚེ་དད་པ་སྐྱེས་པ་ན། སངས་རྒྱས་ཀྱིས་
ཆོས་གསུངས་པས། དེ་དག་སངས་རྒྱས་ལ་དད་བཞིན་ཏུ་ཚེ་འཕོས་ནས་ལྷར་སྐྱེས། བཅོམ་ལྡན་འདས་དང་མཇལ་ནས་བདེན་པ་མཐོང་། མཛའ་བོའི་བུ་མོ་ཞེས་བྱ་བ་བུ་ཡིན་ཀྱང་སྔར་བུ་གང་སྐྱེས་ཤི་བས། བུ་མོའི་མིང་བཏགས་པ་དེས། ཚོང་བྱས་ཉིན་གཅིག་ཀརྴ་པ་ནི་བཞི་རྙེད་པ་མ་ལ་བྱིན། ཉིན་གཅིག་བརྒྱད། ཉིན་གཅིག་བཅུ་དྲུག །ཡང་ཉིན་གཅིག་སུམ་ཅུ་རྩ་གཉིས་རྙེད་པ་མ་ལ་བྱིན་པས་ཚེ་དེར་ཕྱིའི་རྒྱ་མཚོའི་གླིང་དུ་སོང་དུས། དགའ་བ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེར་སོང་ལྷའི་བུ་མོ་གཟུགས་མཛེས་ཤིང་ལྟ་ན་སྡུག་པ་བཞི་བྱུང་སྟེ། བདེ་བར་འོངས་སམ། ཚུར་བྱོན་ལ་བདག་ཅག་གི་བཟའ་བཏུང་དང་གོས་དང་། རིན་པོ་ཆེའི་ཁང་པ་འདི་དག་བཞེས་ལ་བདག་ཅག་དང་ལྷན་ཅིག་ཏུ་བཞུགས་ཤིག་ཅེས་པས། དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བསྡད་ནས་བདེ་བ་མྱངས། དེ་ནས་རྟག་ཏུ་ར་རོ་ཞེས་བྱ་བའི་གྲོང་ཁྱེར་མཐོང་ནས་དེར་སོང་བ་ན། སྔར་གྱི་ལྷ་མོ་བཞི་བོ་དེ་བས་གཟུགས་མཛེས་ཡིད་འོང་ལྟ་བས་ཆོག་མི་ཤེས་པ་ལྷའི་བུ་མོ་བརྒྱད་བྱུང་སྟེ། བདེ་བར་ཡོང་ངམ་
སོགས་སྔར་ལྟར་སྨྲས་པས། དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བདེ་བ་མྱངས། དེ་ནས་ཡང་དགའ་བ་ཅན་ཞེས་བྱ་བའི་གྲོང་ཁྱེར་ཞིག་མཐོང་ནས་དེར་སོང་བ་ན། སྔར་གྱི་ལྷ་མོ་བརྒྱད་པོ་དེ་བས་གཟུགས་མཛེས་པ་ཕར་བལྟས་ན་གདོང་ནས་མིག་ཚུར་མི་ལོན་པ་བཅུ་དྲུག་བྱུང་སྟེ་སྔར་ལྟར་སྨྲས། དེ་དག་དང་ལྷན་ཅིག་ལོ་བརྒྱ་སྟོང་མང་པོར་བསྡད་ནས་བདེ་བ་མྱངས། དེ་ནས་ཚངས་པའི་བླ་མ་ཞེས་བྱ་བའི་ཁང་པ་ཞིག་མཐོང་ནས་སྒོར་ཕྱིན་པ་དང་། སྔར་གྱི་ལྷ་མོ་བཅུ་དྲུག་པོ་དེ་བས་ཀྱང་བརྒྱ་འགྱུར་གྱིས་གཟུགས་མཛེས་ཤིང་སྐད་སྙན་སེམས་བཟང་བ་འཇིག་རྟེན་ན་འགྲན་ཟླ་མཚུངས་པ་མེད་པའི་ལྷ་མོ་སུམ་ཅུ་རྩ་གཉིས་བྱུང་སྟེ་བདེ་བར་ཡོང་ངམ། ཚུར་བྱོན་སོགས་སྔར་ལྟར་སྨྲས་པས་དེ་དག་དང་ལྷན་ཅིག་བསྡད་ནས་ལོ་བརྒྱ་སྟོང་མང་པོར་བདེ་བ་ཚད་མེད་པ་མྱངས་གསུངས། སྔོན་འདས་པའི་དུས་ན་ཡུལ་པན་རྩ་ལི་ཞེས་བྱ་བ་ན། རྒྱལ་པོ་དགྲ་ལས་རྒྱལ་བ་ཞེས་བྱ་བ་ཡོད་དེ། དེ་ན་དུར་ས་ཆེན་པོ་ཁ་ལམ་པ་ཞེས་བྱ་བ་ཤིན་ཏུ་འཇིགས་པའི་གནས་ཤིག་ཡོད། གནོད་སྦྱིན་དང་སྲིན་པོ་ཡང་མང་དུ་གནས་སོ། །ཡུལ་དེར་ཉེས་པ་བྱས་
པ་གསད་རྒྱུ་ཞིག་བཅིང་པ་ལྔས་བཅིངས་ནས་དུར་ས་དེར་བསྐྱལ། སྲིན་པོ་དང་འབྱུང་པོ་རྣམས་ལ་ཟར་བཅུག་པས། དེ་འཆི་བས་འཇིགས་ནས། སྐྲ་དང་ཁ་སྤུ་བྲེགས། ཆོས་གོས་ཀྱི་ཚལ་བུ་ཞིག་མགུལ་དུ་བཏགས་པ་དང་། དེའི་ནུབ་མོ་སྲིན་མོ་ཆེན་མོ་མཚོན་ཆས་ལག་གི་ཞེས་བྱ་བ་འཁོར་ལྔ་སྟོང་དང་བཅས་པ་དེར་ལྷགས་སོ། །དེ་དག་མི་དེས་མཐོང་ནས་སྐྲག་གོ །སྲིན་མོ་གཡོག་ལྔ་སྟོང་དང་བཅས་པས། མི་དེ་མཐོང་ནས་ཟ་བར་བསམ་པས། ཆོས་གོས་ཀྱི་ཚལ་བུ་མཐོང་ནས། གཡས་ནས་བསྐོར་ཏེ་ཕྱག་བྱས་ཐལ་མོ་སྦྱར་ནས། མི་དེ་ལ་སྐྱེས་བུ་ཁྱོད་ནི་མ་དངངས་པར་བདེ་བར་བཞུགས། ཁྱོད་ལ་བདག་ཅག་གིས་གནོད་པ་མི་བགྱིད་དོ། །སྐྲ་བྲེགས་ཆོས་གོས་གྱོན་པ་ཁྱོད་མཐོང་ནས། བདག་ཀྱང་སངས་རྒྱས་རྗེས་སུ་དྲན་པར་གྱུར། ཁྱོད་ལ་ནམ་ཡང་གནོད་པ་མི་བགྱིད་དོ། །ཞེས་པ་ལ་སོགས་པ་ཚིགས་བཅད་མང་དུ་ཟེར་སྐད། སྔོན་སྤྲང་པོ་ཞིག་གིས་དགེ་འདུན་པ་ལ་སེམས་དད་པས། འདི་རྣམས་ལྷའི་བདུད་རྩིས་མཆོད་དུ་ཡོད་ན་ཨང་བྱས་པས་བསོད་ནམས་ཆེན་པོ་སྐྱེས་ཚོང་དཔོན་ཆེན་
པོའི་རྒྱལ་ཚབ་ཏུ་དབང་བསྐུར་གསུངས། ཐ་ག་པ་ཟླ་བ་ཞེས་བྱ་བ་དབུལ་པོ་ཞིག་གིས་སངས་རྒྱས་ལ་རས་ཀྱི་ཁ་ཚར་ཕུལ་ཏེ། བདག་འགྲོ་བ་ཐམས་ཅད་ཀྱི་འདྲེན་པ་སངས་རྒྱས་སུ་འགྱུར་བར་ཤོག་ཅིག་ཅེས་སྨྲས་པས། བཅོམ་ལྡན་འདས་ཀྱིས་ཁྱོད་སངས་རྒྱས་ཚར་ཚར་བླ་མ་ཞེས་བྱ་བར་འགྱུར་རོ་ཞེས་ལུང་བསྟན། དགེ་སློང་མ་ཟླ་བས་སྔོན་སངས་རྒྱས་འོད་སྲུང་གི་དུས་སུ་ཐོས་པ་མང་དུ་བྱས་ཤིང་བཟུང་བས། སངས་རྒྱས་ཤཱཀྱ་ཐུབ་པས་ཅི་གསུངས་བསྐྱར་མི་དགོས་པར་ལན་ཅིག་ལ་ཟིན་ཅིང་དགྲ་བཅོམ་ཐོབ། སངས་རྒྱས་འོད་སྲུང་གི་དུས་སུ་གཅིག་གིས་དགེ་བསྙེན་གྱི་སྡོམ་པ་བླངས་པ་ཤོར། འོན་ཀྱང་ལྷག་མ་བསྲུང་བས་ཕྱིས་ནེ་ཙོར་སྐྱེས། སངས་རྒྱས་མཐོང་བས་དད་པ་སྐྱེས། ཆོས་ཉན་ཆོས་དེའི་རྐྱེན་གྱིས་ལྷར་སྐྱེས། ལྷའི་རྟེན་ལ་བདེན་པ་མཐོང་། སྔོན་བུ་མོ་བདེ་མཆོག་སྐྱེས་ཀྱིས་མཆོད་རྟེན་བྱ་རུང་ཁ་ཤོར་བཞེངས་ནས་བུམ་པ་མ་འགྲུབ་པའི་བར་དེར་ཚེའི་དུས་བྱས་པས། དམ་ཚིག་ལྷ་མོ་པྲ་མོ་ཧར་སངས་རྒྱས། དེའི་བུ་བཞིས་མཆོད་རྟེན་ལ་བུམ་པ་བཏགས་ནས་སྨོན་ལམ་བཏབ་པས། ཕྱིས་རྒྱལ་པོ་ཁྲི་སྲོང་ལྡེའུ་
བཙན་དང་། ཨོ་རྒྱན་རིན་པོ་ཆེ། མཁན་པོ་བོ་དྷི་སཏྭ། སྦ་མི་ཁྲི་བཞིར་དང་བཞིར་གྱུར་ནས། བོད་དུ་སངས་རྒྱས་ཀྱི་བསྟན་པའི་ཉི་མ་འཆར་དུ་བཅུག །ཙུ་ལི་ཕར་ཏས་ཚིགས་སུ་བཅད་པ་གཅིག་ལས་མི་ཤེས་ཀྱང་། ཚུལ་ཁྲིམས་བསྲུང་བས་དགྲ་བཅོམ་པར་གྱུར། སྔོན་མི་ཞིག་གིས་ཟས་སྣུམ་ཅན་ཞིག་མེ་ཡིས་དྲོས་སུ་བཅུག་ནས་ཟོས་པས། སྣུམ་ཅུང་ཟད་མེ་ནང་དུ་སོང་ཚེ་བཅོམ་ལྡན་མེ་ལྷ་མཆོད་སྨྲས་པས། མེ་ལྷས་དངོས་གྲུབ་བྱིན་ཏེ་ལོངས་སྤྱོད་དཔག་ཏུ་མེད་པ་བྱུང་། ཡང་སྔོན་རྫི་བོ་ཞིག་གིས་རི་ནས་ཉིན་གུང་བྲོ་ཟོས་ནས་བྲོ་རྡུལ་ཡོད་པ་གྲོག་ཚང་ཞིག་ལ་བཏབ་པས་ཡུལ་གྲུ་ཆེན་པོ་ཞིག་གི་རྒྱལ་པོར་སྐྱེས། ཡང་སྔོན་གནས་བརྟན་ཚུལ་ཁྲིམས་སྐྱབས་ཞེས་བྱ་བའི་བཙུན་པ་ཞིག་མཛེ་ནད་ཀྱིས་ཐེབས་བས། འཇམ་དཔལ་མཚན་བརྗོད་ཉིན་མཚན་མེད་པར་བཏོན་པས་མཛེ་ནད་དྲག །ཕྱིས་མཛེ་ནད་སོགས་ནད་པ་གཞན་གྱི་སྔས་མགོར་མཚན་བརྗོད་བཏོན་པས་ནད་པ་མང་པོ་སོས་པ་བྱུང་། སྔོན་སངས་རྒྱས་འོད་སྲུང་གི་དུས། རྒན་མོ་དཀོན་མཆོག་ལ་དད་པ་ཞིག་ཡོད་པ་དེས། སྤོས་མང་པོ་ཉོས་ཏེ་
མར་དང་སྦྱར་ནས་མཆོད་རྟེན་ཞིག་གི་སྟེང་དུ་བསྐུས་པས། མི་སུམ་ཅུ་རྩ་གཉིས་འོངས་ནས་སྐུད་གྲོགས་བྱས། རྒན་མོས་དེ་རྣམས་ལ་སྐུད་གྲོགས་བྱས་པ་བཟང་། འདིའི་བསོད་ནམས་ཀྱིས་མ་འོངས་པ་ན་ཁྱེད་ཐམས་ཅད་གང་དུ་སྐྱེས་ཀྱང་གཟུགས་བྱད་ལེགས་པ་དང་མཐུ་རྩལ་དང་ལྡན་པར་གྱུར་ཅིག་ཅེས་སྨྲས། མི་དེ་དག་རྣམས་ཀྱང་དགའ་བཞིན་བསོད་ནམས་འདིས་བདག་ཅག་རྣམས་གང་དུ་སྐྱེས་ཀྱང་རིགས་མཐོ་ཞིང་བཙན་ཕྱུག་དང་ལྡན་པ་དང་། རྒན་མོ་འདི་ཡང་རྟག་ཏུ་བདག་ཅག་གི་མར་གྱུར་ཏེ། བདག་ཅག་ཀྱང་འདིའི་བུར་གྱུར་ནས། རྟག་ཏུ་སངས་རྒྱས་ཆོས་དང་མི་འབྲལ་ཞིང་། འབྲས་བུ་ཡང་མྱུར་དུ་ཐོབ་པར་ཤོག་ཅེས་སྨོན་ལམ་བཏབ་ཚེ། རྒན་མོས་ཀྱང་དེ་བཞིན་དུ་གྱུར་ཅིག་སྨྲས་པས། དེ་དག་རྣམས་ཚེ་རབས་ལྔ་བརྒྱའི་བར་དུ་རིགས་མཐོ་ཞིང་གཟུགས་མཛེས་སྟོབས་འབྱོར་ཆེ་བར་གྱུར། རྒན་མོས་ཀྱང་ཚེ་རབས་ལྔ་བརྒྱའི་བར་དུ་དེ་དག་གི་མ་བྱས། ཕྱིས་སངས་རྒྱས་བཅོམ་ལྡན་འདས་དང་མཇལ་ནས་ཐམས་ཅད་ཀྱིས་རྒྱུན་ཏུ་ཞུགས་པའི་འབྲས་བུ་ཐོབ་པར་གྱུར། སྔོན་རྒྱལ་པོ་པ་སི་ལ་ཞེས་བྱ་བའི་བུ་མོས།
མར་མེའི་ཡོ་བྱད་ཐམས་ཅད་དགེ་སློང་འཕགས་པའི་གཉེན་ཞེས་བྱ་བ་ལ་བྱིན་ནས། སངས་རྒྱས་རིན་ཆེན་གཙུག་ཕུད་ཅན་འཁོར་དགེ་སློང་གི་དགེ་འདུན་དང་བཅས་པ་ལ་མར་མེ་འབུལ་དུ་བཅུག་པས། དགེ་སློང་དེ་དང་རྒྱལ་པོའི་བུ་མོ་གཉིས་ཀྱིས་ཀུན་ལ་ཕན་པའི་དོན་རྒྱ་ཆེན་པོའི་སེམས་བསྐྱེད་ནས། ཟླ་བ་གསུམ་གྱི་བར་དུ་མར་མེ་ཕུལ་བ། མ་འོངས་པ་ན་དགེ་སློང་འཕགས་པའི་གཉེན་སངས་རྒྱས་མར་མེ་མཛད་དུ་འགྱུར། བུ་མོ་དེ་སངས་རྒྱས་ཤཱཀྱ་ཐུབ་པར་འགྱུར། ཞེས་སངས་རྒྱས་དེས་ལུང་བསྟན། དགེ་སློང་དང་བུ་མོ་དེ་གཉིས་བསྐལ་པ་གྲངས་མེད་པར་གཟུགས་བྱད་མཛེས་ཤིང་ལྷ་དང་མིའི་བདེ་བ་ཚད་མེད་པ་མྱངས་པས། མཐར་སངས་རྒྱས་མར་མེ་མཛད་དང་ཤཱཀྱ་ཐུབ་པར་གྱུར། སྔོན་འབངས་ཀྱི་བུ་མོ་ཕྲེང་ལྡན་མ་སྐྱེད་མོས་ཚལ་དུ་མེ་ཏོག་འཐུ་བ་ལ་སོང་ནས། དེར་བཅོམ་ལྡན་འདས་གཤེགས་པ་མཐོང་ནས་ཡིད་དད་པས་བསོད་སྙོམས་ཕུལ་ནས་ཕྱག་འཚལ་ཏེ། དགེ་བ་འདིའི་མཐུས་བདག་གཞན་གྱི་བྲན་མོར་མི་འགྱུར་བར་རྗེ་མོར་གྱུར་ཅིག་སྨྲས་པས། ཚེ་དེར་རྒྱལ་པོ་གསལ་རྒྱལ་གྱི་
བཙུན་མོར་གྱུར། སྔོན་མིའི་རྒྱལ་པོ་ཞིག་དང་ཀླུ་གཉིས་ཀྱིས་བསྙེན་གནས་ཀྱི་སྡོམ་པ་ལན་ཅིག་བསྲུངས་བའི་མཐུས། ཤི་ནས་གཉིས་ཀ་ལྷ་གནས་གཅིག་ཏུ་སྐྱེས་ནས་དེ་གཉིས་ནམ་གྱི་ཆ་སྟོད་ལ་རྒྱལ་བུ་རྒྱལ་བྱེད་ཀྱི་ཚལ་འོད་ཀྱིས་འགེང་བཞིན་སངས་རྒྱས་ཀྱི་སྤྱན་སྔར་འོངས་ནས། ཆོས་བསྟན་པའི་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ་ནས་ངན་སོང་གསུམ་ཡོངས་སུ་བྲལ་ཏེ་ལྷ་དང་མིའི་ནང་དུ་སྐྱེས་ནས། མཐར་མྱ་ངན་ལས་འདས་རག་བར་དུ་ལྷ་མིའི་བདེ་སྐྱིད་ཚད་མེད་པ་མྱངས་གསུངས། སྔོན་བྲམ་ཟེའི་ཁྱེའུ་ཞིག་གིས་སྟོན་པ་ཤཱཀྱ་ཐུབ་པ་ལ་ཤེལ་དཀར་འཕྲེང་བ་བརྒྱ་རྩ་ཕུལ་ནས་སེམས་བསྐྱེད་པས། པཎྚིཏ་མང་པོར་སྐྱེ་བ་བླངས། སྙིགས་དུས་འདིར་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་རྗེ་ཙོང་ཁ་པ་ཆེན་པོར་གྱུར་ནས་འགྲོ་དོན་རྒྱ་ཆེན་པོ་མཛད་དེ། དགའ་ལྡན་དུ་གཤེགས་ནས་རྒྱལ་བ་བྱམས་པའི་དྲུང་དུ་བྱང་ཆུབ་སེམས་དཔའ་མཚན་འཇམ་དཔལ་སྙིང་པོ་ཞེས་བྱ་བར་གྱུར། སྔོན་རྒྱ་གར་གྱི་རྒྱལ་པོ་གཉིས་ཀྱིས་གཅིག་གིས་གཅིག་ལ་ངོ་མཚར་བའི་འཁོར་དང་ལོངས་སྤྱོད་ཅི་འདྲ་ཡོད་དྲིས་པས། རྒྱལ་པོ་གཅིག་གིས་ཁོ་ལ་འཁོར་གྱི་ནང་ན་ངོ་
མཚར་བའི་རྟ་རྫི་ཚེ་གཅིག་པོར་རྫུན་སྤུ་ཙམ་མི་སྨྲ་བ་གཅིག་ཡོད་སྨྲས་པས། རྒྱལ་པོ་གཅིག་པོས་དེ་འདྲ་ཡོད་མི་སྲིད། རྟ་རྫི་དེ་ལ་ཁོ་བོས་རྫུན་སྨྲ་རུ་འཇུག་ཐུབ་སྨྲས་པས། རྒྱལ་པོ་དེས་དེ་མི་ཐུབ་སྨྲས་ཚེ། རྒྱལ་པོ་གཅིག་པོས་དེ་ཡིན་ན་རྒྱ་འཇོག་ལ་རྫུན་སྨྲ་རུ་འཇུག་ཐུབ་མི་ཐུབ་བལྟ་སྨྲས་པས། རྒྱལ་པོས་དེ་ཆོག་སྨྲས་གཉིས་ཀས་རྒྱལ་སའི་ཕྱེད་རྒྱ་དུ་བཞག་ནས། རྒྱལ་པོ་གཞན་པ་དེས་བུ་མོ་མཛེས་མ་ཞིག་རྟ་རྫི་ཡོད་སར་བཏང་ནས་ཟླ་བ་གཅིག་ཙམ་ལྷན་ཅིག་ཏུ་བསྡད། རྫུན་སྨྲ་བའི་ཐབས་བྱས། དེ་ནས་ཉིན་གཅིག་རྟ་རྫི་དེ་རྒྱལ་པོ་གཉིས་ཡོད་སར་བོས་ནས། རྫུན་ཨེ་སྨྲས་ཕྱིར་ཁྱོད་ཀྱིས་ཅི་བྱས་དྲིས་པས། རྟ་རྫིས་རང་གིས་གང་བྱས་ཐམས་ཅད་དྲང་པོར་སྨྲས་པས། རྒྱལ་པོས་རྒྱ་ལོན་ནས་ཤིན་ཏུ་དགའ་བས་རྟ་རྫི་དེ་བློན་པོ་བྱས་ནས་བདེ་སྐྱིད་མྱངས། སྔོན་རྒྱལ་པོ་འཇིག་རྟེན་དབང་ཕྱུག་གིས། རང་གི་ནོར་རྫས་ཡིད་བཞིན་གྱི་ནོར་བུ་སྲས་དང་སྲས་མོ་བཙུན་མོ་ཡན་ཆད་སྦྱིན་པ་བཏང་བས། དེ་རྣམས་ལ་བདེ་སྐྱིད་ཆེན་པོ་བྱུང་། སྐུ་ཚེ་མཇུག་ཏུ་སྔར་སྦྱིན་པ་བཏང་བའི་ནོར་བུ་ཡུམ་སྲས་སྲས་མོ་རྣམས།
དེ་རྣམས་ཀྱིས་ཕྱིར་ཕུལ་ལོངས་སྤྱོད་དཔག་མེད་བྱུང་། མཐོང་ཐོས་དྲན་རེག་ཐམས་ཅད་མངའ་འོག་ཏུ་འདུས། རྒྱལ་བློན་འཁོར་འབངས་ཐམས་ཅད་ཀྱིས་རྫོགས་ལྡན་གྱི་དུས་བཞིན་བདེ་སྐྱིད་ཚད་མེད་པ་མྱངས། ཐམས་ཅད་ལ་ཆོས་གསུངས་པ་ཀུན་གྱིས་ཉམས་སུ་བླངས་པས། འཇིག་རྟེན་གྱི་ཁམས་དེ་ན་གནས་པའི་སེམས་ཅན་ཐམས་ཅད་ཀྱིས་དགྲ་བཅོམ་པའི་གོ་འཕང་ཐོབ། རྒྱལ་པོ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས། མཚན་སངས་རྒྱས་ཀུན་ནས་འོད་ཟེར་དཔལ་བརྩེགས་ཀྱི་རྒྱལ་པོ་ཞེས་བྱ་བར་གྱུར། སྔོན་རྒྱལ་བུ་དྲི་མེད་ཀུན་ལྡན་གྱིས་རང་གི་ནོར་རྫས་ནོར་བུ་སྲས་དང་སྲས་མོ་སྤྱན་ཡན་ཆད་སྦྱིན་པ་བཏང་ནས། ཉམ་ཐག་འགྲོ་ལ་ཟང་ཟིང་གི་སྦྱིན་པའི་ཆར་ཆེན་པོ་ཕབ་ནས་ཀུན་ཚིམ་པར་བྱས། འཆི་བ་མི་རྟག་འཁོར་བའི་ཉེས་དམིགས་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་ལ་སོགས་པའི་ཆོས་ཀྱི་སྦྱིན་པ་བཏང་བས། དེ་རྣམས་ཀྱིས་བཀའ་བཞིན་བསྒྲུབས་པས་མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ། རྒྱལ་བུའི་སྙན་གྲགས་ནམ་མཁའི་
མཐའ་རུ་ཁྱབ་ཅིང་སྤྱན་ཡང་ཕྱིར་འོང་། ནོར་བུ་སྲས་སོགས་ཕྱིར་ཕུལ། ཟས་ནོར་ལོངས་སྤྱོད་ཐམས་ཅད་ཆར་བཞིན་བབས། རྒྱལ་པོ་ཁྲི་ཕྲག་མང་པོ་མངའ་འོག་ཏུ་འདུས། འཛམ་བུའི་གླིང་གི་མི་ཐམས་ཅད་བདེ་ལ་བཀོད་རྒྱལ་བུ་མཐར་སངས་རྒྱས་སོ། །དེས་ན་ཆོས་ཐམས་ཅད་ལོ་ཡག་དུས་ཀྱི་སྙེ་མ་འདྲ་བས་མི་བཟང་བ་གཅིག་ཀྱང་མེད་པས། གཅིག་ལ་བལྟས་པས་གཅིག་བཟང་། གང་གིས་གང་བཟང་ཡིན་ཏེ། དཔེར་ན་རིན་ཆེན་གསེར་གྱི་གླིང་ནས་གསེར་ཆེ་བ་ལོན་ནམ་ཆུང་བ་ལོན་ནམ་འཚེངས་བ་བཞིན། ཆོས་ཆེ་ཆུང་གང་བྱས་ཀྱང་དེའི་ཚོད་ཀྱི་ཕན་ཡོན་འབྱུང་། ཁྱེད་ཕྱུག་པོ་རྣམས་ཀྱིས་དེའི་ཚོད་ཀྱི་ཆོས་གྱིས། མེད་པོ་རྣམས་ཀྱིས་དེའི་ཚོད་ཀྱི་ཆོས་གྱིས། ཆོས་ངོ་ཤེས་པ་རྣམས་ཀྱིས་དེའི་ཚོད་ཀྱི་ཆོས་གྱིས། མི་ཤེས་པ་རྣམས་ཀྱིས་དེའི་ཚོད་ཀྱི་ཆོས་གྱིས། ཆོས་གང་བྱེད་ཀྱང་ངས་འདི་མི་ནུས་སྙམ་ནས་དཔའ་མི་ཞུམ་པར། སྙིང་སྟོབས་ཆེར་བསྐྱེད་ནས་བྱེད་པ་དཔའ་བོ་གཡུལ་དུ་འཇུག་པ་ལྟ་བུ། རྒྱུན་ཆད་མེད་པར་དགེ་ལ་འབད་པ་ཆུ་བོ་ཆེན་པོའི་རྒྱུན་ལྟ་བུ། སྐྱོ་ངལ་མེད་པར་ལྷ་
ཆོས་བྱེད་པ་ཞིང་པས་སོ་ནམ་བྱེད་པ་ལྟ་བུར་གྱིས་ཤིག །དེ་ལྟར་དགེ་བ་གང་བྱས་ཀྱི་མཇུག་ཏུ་བསྔོ་སྨོན་བྱེད་པ་གལ་ཆེ། བསྔོ་སྨོན་བྱེད་ཚུལ་མི་འདྲ་བ་མཐའ་ཡས་ཀྱང་འདིར་དགེ་བ་གང་དུ་བསྔོ་ན། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། བསྔོ་ན་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བར་བྱ་སྟེ། དེར་བསྔོས་ན་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ཕུན་སུམ་ཚོགས་པ་ཐམས་ཅད་མི་འདོད་ཀྱང་ཞོར་ལ་འབྱུང་བར་འགྱུར་ཏེ། འབྲས་དཀར་པོའི་ལོ་ལེགས་ན་ཕུང་སོགས་ཞོར་ལ་འབྱུང་བ་བཞིན་ནོ། །ཞེས་གསུངས་པ་ལྟར། དགེ་བ་རྫོགས་པའི་སངས་རྒྱས་འཐོབ་པའི་རྒྱུ་རུ་བསྔོ་དགོས། དེ་ཇི་ལྟར་བསྔོ་ན། བདག་གིས་དགེ་བ་འདིས་མཚོན་པའི་སྔོན་ཆད་དུས་ད་ལྟ་བསགས་ཚད། མ་འོངས་པ་ན་གསོག་པར་འགྱུར་བའི་དགེ་བ་ཐམས་ཅད་མ་སེམས་ཅན་ཐམས་ཅད་བདེ་ལ་འགོད་པའི་དོན་དུ། རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་འཐོབ་བྱ་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་དུ་འཐོབ་པའི་རྒྱུ་རུ་བསྔོའོ་སྙམ་པའི་འདུན་པ་དྲག་པོས་ངག་འདོན་དུ། ཕྱག་
འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་ཡིས། །དགེ་བ་ཅུང་ཟད་བདག་གིས་ཅི་བསགས་པ། །ཐམས་ཅད་རྫོགས་པའི་བྱང་ཆུབ་ཆེན་པོར་བསྔོ། །འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་། །ཀུན་ཏུ་བཟང་པོ་དེ་ཡང་དེ་བཞིན་དུ། །དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཅིང་། །དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ། །དུས་གསུམ་གཤེགས་པའི་རྒྱལ་བ་ཐམས་ཅད་ཀྱིས། །བསྔོ་བ་གང་ལ་མཆོག་ཏུ་བསྔགས་པ་དེར། །བདག་གིས་དགེ་བའི་རྩ་བ་འདི་ཀུན་ཀྱང་། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་པ་ལ་སོགས་བསྔོ་བའི་ཚིག་བཞི་གང་ཤེས་བཏོན་ནས་བསྔོ་དགོས། དཔེར་ན་མགར་བ་བཟང་པོས་གསེར་བཟང་པོ་ལ་གསེར་སྐུ་ལེགས་པོ་བརྡུངས་ན་ཀུན་གྱིས་སྤྱི་བོར་བཞག །ཕྱག་དང་མཆོད་པ་འབུལ་བ་ལྟར་རང་གི་བསམ་པ་རྣམ་དག་གི་སྒོ་ནས་དགེ་བ་རྣམ་དག་སྒྲུབ་བསྔོ་བ་རྣམ་དག་བྱས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། འགྲོ་བ་རྣམས་ཀྱིས་ཞབས་རྡུལ་སྤྱི་བོར་ལེན་ཅིང་ཕྱག་དང་མཆོད་པ་བྱེད་པར་འགྱུར་རོ། །སངས་
རྒྱས་ཀྱི་གོ་འཕང་མ་ཐོབ་པའི་གནས་སྐབས་ཐམས་ཅད་དུ་ངན་སོང་གསུམ་དང་ངན་འགྲོ་རིགས་སུ་ནམ་ཡང་མི་སྐྱེ། ལྷ་དང་མིའི་གོ་འཕང་འཐོབ་ལྷ་མིའི་རྟེན་ལ་སྔར་གྱི་དགེ་བའི་འབྲས་བུ་ལ་ཅི་ཙམ་ལོངས་སྤྱད་ཀྱང་ནམ་ཡང་ཟད་པར་མི་འགྱུར་ཏེ། ཇི་སྐད་དུ། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུང་། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་གསུངས། འོ་ན་སྨོན་ལམ་ཇི་ལྟར་འདེབས་དགོས་ཟེར་ན། བདག་གི་དགེ་བ་འདིས་མཚོན་པའི་དུས་གསུམ་བསགས་པའི་དགེ་བ་རྣམས་ཀྱི་མཐུས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་རང་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་དུ་ཐོབ་པར་གྱུར་ཅིག །ཐོབ་ནས་ཞི་བར་སྐད་ཅིག་ཙམ་ཡང་མི་གནས་པར་གང་ལ་གང་འདུལ་གྱི་སྤྲུལ་པ་བྱེ་བ་ཕྲག་བརྒྱ་དཔག་ཏུ་མེད་པ་འགྱེད་ནས། ཚེ་འདིའི་ཕ་མས་ཐོག་དྲངས་ཏེ་མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་
མཐའ་དག་བསལ། ཟས་ནོར་ལོངས་སྤྱོད་གང་ལ་གང་འདོད་སྤྲུལ་ནས་བྱིན་ཏེ་གནས་སྐབས་ཀྱི་བདེ་བ་ལ་བཀོད། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱུན་ཆད་མེད་པར་བསྐོར་བས་གཏན་བདེ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ལ་བཀོད་ནས། འཁོར་བའི་གནས་ཐམས་ཅད་དུ་བཙལ་ཀྱང་སེམས་ཅན་གཅིག་ཀྱང་མི་རྙེད་བར་དུ། འགྲོ་བའི་དོན་ལ་ཉིན་མཚན་གཡེལ་བ་མེད་པར་བརྩོན་པར་གྱུར་ཅིག །དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་པའི་གནས་སྐབས་ཐམས་ཅད་དུ་ངན་སོང་གསུམ་དང་། ངན་འགྲོའི་རིགས་སུ་ནམ་ཡང་མི་སྐྱེ་བར། སངས་རྒྱས་ཀྱི་གོ་འཕང་སྒྲུབ་པའི་རྟེན་དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པར་གྱུར་ཅིག །ཡང་ན་ཤར་ཕྱོགས་མངོན་དགའ། ནུབ་ཕྱོགས་བདེ་བ་ཅན་ལ་སོགས་པའི་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་སྐྱེ་བར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས། སྨོན་ལམ་ཚིགས་བཅད་འདོན་ན། བསོད་ནམས་འདི་ཡིས་ཐམས་ཅད་གཟིགས་པ་ཉིད། །ཐོབ་ནས་ཉེས་པའི་དགྲ་རྣམས་ཕམ་བྱས་ཏེ། །སྐྱེ་རྒ་ན་འཆིའི་རྦ་ཀློང་འཁྲུགས་པ་
ཡི། །སྲིད་པའི་མཚོ་ལས་འགྲོ་བ་སྒྲོལ་བར་ཤོག །བདག་གིས་དུས་གསུམ་བསགས་པའི་དགེ་བའི་མཐུས། །འགྲོ་བའི་ནང་ནས་རང་ཉིད་སངས་རྒྱས་ནས། །སྔོན་གྱི་རྒྱལ་བ་རྣམས་ཀྱིས་མ་བསྒྲལ་བའི། །སྐྱེ་བོའི་ཚོགས་རྣམས་བདག་གིས་སྒྲོལ་བར་ཤོག །ཀུན་མཁྱེན་སངས་རྒྱས་གོ་འཕང་མ་ཐོབ་བར། །ངན་སོང་ངན་འགྲོའི་རིགས་སུ་མི་སྐྱེ་ཞིང་། །མཐོ་རིས་ཡོན་ཏན་བདུན་གྱིས་མཛེས་བརྒྱན་པའི། །དལ་འབྱོར་ཚང་བའི་མི་ལུས་ཐོབ་པར་ཤོག །ཡང་ན་འོག་མིན་སྟུག་པོ་བཀོད་པའི་ཞིང་། །མངོན་དགའ་དཔལ་ལྡན་ཞིང་དང་བདེ་བ་ཅན། །ལས་རབ་རྫོགས་དང་མཁའ་སྤྱོད་དགའ་ལྡན་སོགས། །ངོ་མཚར་དག་པའི་ཞིང་དུ་སྐྱེ་བར་ཤོག །ཅེས་པ་སོགས་སྨོན་ལམ་གང་ཤེས་ཐོན་དང་བཟང་། དེ་ལྟར་སྨོན་ལམ་བཏབ་པའི་མཇུག་ཏུ་སྨོན་ལམ་འགྲུབ་པའི་བདེན་ཚིག་དང་གཟུངས་འདི་རྣམས་ཀྱང་བརྗོད་ན་ལེགས། རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་མྱུར་འགྲུབ་ཤོག །ཤཱཀྱའི་
དབང་པོ་འདྲེན་པ་འོད་དཔག་མེད། །མ་ཕམ་འཇམ་དབྱངས་གསང་བདག་སྤྱན་རས་གཟིགས། །བདེར་གཤེགས་འཁོར་བཅས་རྟེན་འབྲེལ་མི་བསླུ་བའི། །བདེན་པས་སྨོན་ལམ་ཅི་བཏབ་མྱུར་འགྲུབ་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུས་པའི་བྱིན་རླབས་ཀྱིས། །ཇི་ལྟར་སྨོན་ལམ་བཏབ་བཞིན་མྱུར་འགྲུབ་ཤོག །དཀོན་མཆོག་གསུམ་གྱི་བདེན་པ་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་བྱིན་རླབས་དང་། ཚོགས་གཉིས་ཡོངས་སུ་རྫོགས་པའི་མངའ་ཐང་ན་ཆེན་པོ་དང་། ཆོས་ཀྱི་དབྱིངས་རྣམ་པར་དག་ཅིང་བསམ་གྱིས་མི་ཁྱབ་པའི་བདེན་པའི་སྟོབས་ཀྱིས་ཇི་ལྟར་སྨོན་པའི་གནས་རྣམས་དེ་དེ་བཞིན་དུ་འགྲུབ་པར་གྱུར་ཅིག །ཏདྱ་ཐཱ། ཨོཾ་པཉྩི་གྲི་ཡ་ཨ་བ་བོ་དྷ་ན་ཡེ་སྭཱཧཱ། དེ་ལྟར་སྨོན་ལམ་བཏབ་ན་དཔེར་ན་བུ་བཟང་པོས་རྟ་བཟང་པོའི་ཁ་སྲབ་བཟང་པོས་བསྒྱུར་ན་གང་འདོད་ཀྱི་གནས་སུ་ཕྱིན་པ་ལྟར། བསམ་པ་རྣམ་དག་གིས། དགེ་བ་རྣམ་དག་བྱས་པའི་མཇུག་ཏུ་སྨོན་
ལམ་རྣམ་དག་བཏབ་ན་སྨོན་ལམ་ཅི་བཏབ་མྱུར་དུ་འགྲུབ་པར་འགྱུར་ཏེ། དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་སྨིན་པར་འགྱུར། །ཞེས་གསུངས་སོ། །ད་མདོར་བསྡུས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཀྱི་སྒོ་ནས། མཆོད་སྦྱིན་ཕྱག་བསྐོར། ཁ་བཏོན་བཟླས་བརྗོད། ཐོས་བསམ་སྒོམ་གསུམ་སོགས་བྱས་ནས། མཇུག་ཏུ་བསྔོ་བ་དང་སྨོན་ལམ་བཏབ་ན་སྐྱེ་བ་འདིའམ་མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་འགྱུར་རོ། །སྨྲས་པ། མཉམ་མེད་ཟས་གཙང་སྲས་པོ་དེ་ཉིད་ཀྱི། །མཛེས་སྐུའི་འོད་ཀྱིས་ཕྱོགས་ཀུན་འགེངས་བཞིན་དུ། །ལྷ་མི་ཡོངས་ལ་ཆོས་འཁོར་བསྐོར་བ་ཀུན། །བསྡུ་ན་སྡིག་སྤོང་དགེ་སྒྲུབ་གཉིས་སུ་འདུས། །བླ་མའི་དྲིན་གྱིས་ཚོགས་དྲུག་རང་གྲོལ་ངས། །ནག་པོ་མི་དགེ་རྣམ་དཀར་དགེ་བ་ཡི། །རྣམ་དབྱེ་ཅུང་ཟད་ཤེས་པ་བློ་དམན་ལ། །གོ་སླ་སྐད་ཆ་བྱས་ནས་བཤད་ཚར་སོང་། །མ་རྒན་འགྲོ་བའི་བདེ་སྐྱིད་སྲོག་འཕྲོག་
པའི། །མི་དགེ་བཅུ་ཡི་རེག་ཕུང་དུག་གི་ཆུ། །དུག་གསུམ་སྣོད་བཅས་གསལ་བར་བསྟན་པ་འདི། །ཀུན་གྱིས་ཤེས་བཞིན་བདུད་རྩི་བཞིན་མ་འཐུང་། །འགྲོ་ཀུན་འཆི་མེད་རྡོ་རྗེ་སྐུ་བརྙེས་ཕྱིར། །བྱམས་དང་སྙིང་རྗེ་བྱང་སེམས་གསེར་སྣོད་དུ། །རྣམ་དཀར་དགེ་བའི་བདུད་རྩི་བླུགས་པ་འདི། །ཀུན་གྱིས་དུག་བཞིན་མ་འདོར་ངོམས་མེད་འཐུང་། །ཆོས་བཤད་ནང་གི་ལུང་འདྲེན་གཏམ་རྒྱུད་ལ། །ལྷག་ཆད་འགལ་འཁྲུལ་ནོངས་པ་གང་བྱུང་བ། །གངས་ཅན་མཁས་པ་རྣམས་ཀྱི་སྤྱན་སྔར་བཤགས། །སླར་ཡང་ཆོས་བཞིན་བཅོས་ན་ཐལ་མོ་སྦྱོར། །སྔོན་མེད་ཆོས་བཤད་གཞན་ཕན་ཉི་མ་འདིས། །འགྲོ་ཀུན་མི་ཤེས་མུན་པ་ཀུན་བསལ་ནས། །དགེ་སྡིག་ལེགས་ཉེས་བླངས་དོར་གནས་རྣམས་ཀུན། །མཐོང་ནས་སྡིག་སྤང་དགེ་བ་སྒྲུབ་པར་ཤོག །ཅེས་ཆོས་བཤད་གཞན་ཕན་ཉི་མ་ཞེས་བྱ་བ་འདི་ནི། དད་གཏོང་བློ་གྲོས་ཆེ་བའི་སློབ་བུ་ཀུན་བཟང་རང་གྲོལ། ལྷུན་གྲུབ་རིག་འཛིན། བསྟན་འཛིན་ཉི་མ། བརྩོན་འགྲུས་རྒྱ་མཚོ་སོགས་ཀྱིས། ཁྱེད་ཀྱིས་སྔར་གཞན་སྐྱ་སེར་ཕོ་མོ་མཆོག་དམན་འབྲིང་གསུམ་ལ་
ཆོས་བཤད་གནང་བ་གཞན་ཀུན་ལ་ཕན་ཐོགས་ཆེན་པོ་བྱུང་། ད་དེ་ཀུན་ཕྱོགས་གཅིག་ཏུ་ཡི་གེར་བཀོད་ན་ཕྱི་རབས་རྗེས་འཇུག་གདུལ་བྱ་རྣམས་ལ་བཀའ་དྲིན་ལྷག་པར་ཆེ། ཞེས་ལྷ་རྫས་དྲི་མེད་བཅས་ཡང་ཡང་བསྐུལ་ངོར། གཏམ་རྒྱུད་དང་ལུང་འདྲེན་ཕལ་ཆེར་གྱི་དཔེ་མ་འཛོམ་ཀྱང་། དཔེར་ན། སྦྱིན་གཏོང་མཁན་གྱིས་སྣོད་ནང་ན་ཅི་ཡོད་ཐམས་ཅད་ཁ་མར་གཡོན་ནས། སྣོད་ངོ་ཡན་ཆད་སྤྲུགས་ནས་རས་གོས་ས་ལ་བརྡལ་བའི་སྟེང་དུ་བླུགས་པ་ལྟར་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་གཞན་ཕན་གྱི་བསམ་པ་བཟང་པོའི་སྒོ་ནས། བློ་ན་ཅི་ཡོད་ཡོངས་སུ་རྫོགས་པར་ཤོག་གུའི་སྟེང་ཏུ་ཡི་གེར་ཕབ་པའོ། །འདིས་ཀྱང་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། འགྲོ་བ་ཡོངས་ལ་འཁོར་བ་མ་སྟོངས་ཀྱི་བར་དུ་ཕན་རྒྱ་ཆེན་པོ་ཐོགས་པར་གྱུར་ཅིག །སརྦ་མངྒལཾ། ཤུ་བྷཾ་ཛ་ཡནྟུ།། །། ཕུན་ཚོགས་ལེགས་མཛད་བྱེ་བས་བསྐྲུན་པའི་སྐུ། །དྲུག་ཅུའི་དབྱངས་ཀྱི་ཆོས་སྒྲ་སྒྲོག་པའི་གསུང་། །སྒྲིབ་གཉིས་རང་གྲོལ་དུས་གསུམ་གཟིགས་པའི་ཐུགས། །མངའ་བའི་མགོན་དེས་སྤངས་པས་དྲན་པ་འཁྲུལ། །
བྱང་ཆུབ་སེམས་ཀྱི་རྩ་བ་རབ་བརྟན་ཅིང་། །མཁས་བཙུན་བཟང་པོའི་ཁོ་ལག་ཡོངས་སུ་རྫོགས། །བསླབ་གསུམ་རིམ་གཉིས་ལོ་འབྲས་ཀྱིས་དུད་པའི། །འགྲོ་མགོན་དཔག་བསམ་བྲལ་བའི་གདུངས་པས་མྱོས། །ཚོགས་གཉིས་ཟླ་བའི་མ་མ་ལས་འཁྲུངས་ཤིང་། །ཕྱིན་དྲུག་རྒྱལ་སྲས་སྤྱོད་པའི་འོད་སྣང་འབུམ། །རབ་སྤྲོས་རང་གཞན་སྐྱེ་རྒུའི་རྣམ་དཀར་གྱི། །པད་དཀར་འདབ་བརྒྱ་འགྲོལ་མཛད་སྲིད་པའི་མིག །ལེགས་སྨོན་ཤར་རིའི་ཕྲག་ལས་ཤར་བའི་ཚེ། །ཐུབ་བསྟན་ཀུན་གསལ་བཞིན་རས་མཛེས་གྱུར་ཅིང་། །སྐྱེ་རྒུའི་ཕན་བདེ་པད་ཚལ་བཞད་པའི་ཚུལ། །བསམ་ཞིང་བསམ་ཞིང་བརྣག་དཀའི་དུཿཁས་མནར། མྱ་ངན་སྤྲིན་ནག་བཞིན་གྱི་མཁའ་ལ་འཁྲིགས། །མཆི་མའི་ཆར་རྒྱུན་རྟག་པར་འབབ་པ་ཡི། །ངང་ཚུལ་གཟིགས་སམ་རྗེ་བཙུན་བརྩེ་བའི་གཏེར། །གཟིགས་ན་མི་མངོན་དབྱིངས་ནས་བུ་ལ་དགོངས། །སླར་ཡང་བསྟན་དང་འགྲོ་བའི་དཔལ་མགོན་དུ། །ཡང་སྤྲུལ་ཉི་མ་གཞོན་ནུ་མྱུར་ཤར་ནས། །ཕན་དང་བདེ་བའི་དྲོད་ཀྱིས་བསྐྱང་དུ་གསོལ། །དེ་ལྟ་མོད་ཀྱང་
གང་ཐུགས་པད་མཚོ་ལས། །ཐོན་པའི་ལྷ་མིའི་ཆོས་ལ་བསླབ་ཚུལ་གྱི། །རྣམ་བཤད་གཞན་ཕན་འོད་སྣང་འབུམ་འཕྲོ་བའི། །ཉི་མ་ལ་སོགས་གསུང་གིས་དབུགས་འབྱིན་ཐོབ། །དེ་ཕྱིར་རེ་ཞིང་ལྟོས་པའི་སློབ་མ་དང་། །ཡོན་བདག་ཡོངས་དང་ཕྱི་རབས་དད་ལྡན་ལ། །ཕན་བདེ་དཔལ་སྟེར་ཡིད་བཞིན་དབང་གི་རྒྱལ། །འདོད་དགུ་འཇོ་བའི་ཆོས་ཆར་འདི་ཕབ་བོ། །མི་དགེའི་ཉེས་ཚོགས་མཐའ་དག་རྒྱངས་བསྲིངས་ཏེ། །རྣམ་དཀར་དགེ་བཅུའི་ལམ་སྟེགས་ལ་བརྟེན་ནས། །མཐོ་རིས་ཐར་པའི་ཁང་བཟང་བསྙེགས་འདོད་པའི། །སྐལ་བཟང་ཕོ་མོ་རྣམས་ཀྱི་སྙིང་ནོར་མཛོད། །འོན་ཏང་གཟུ་བོར་མི་གནས་ཁུང་དུ་ཉལ། །མཁས་རློམ་ཕུད་ཀྱི་སྒྲ་སྒྲོག་ལྕེ་གཉིས་པ། །རྟོན་པ་བཞི་ལ་རྒྱབ་ཀྱིས་ཕྱོགས་པ་དག །རྒྱལ་བས་ཕལ་ཆེན་མདོར་གསུང་དྲན་མཛོད་ལ། །ཐམས་ཅད་མཁྱེན་པའི་གོ་འཕང་མ་ཐོབ་པར། །ཆོས་ཚུལ་རྒྱ་མཚོའི་གཏིང་དཔག་ག་ལ་ཞིག །དམ་པའི་གསུང་གི་རྗེས་ཀྱང་མི་དཔོག་པས། །རང་ཉིད་ལེགས་པར་འདོད་རྣམས་བག་ཡོད་མཛོད། །འདིར་འབད་ལས་བྱུང་དགེ་ཚོགས་ལམ་གསུམ་འགྲོ། །
མཐའ་ཡས་སྐྱེ་དགུའི་རྒྱ་མཚོར་ཞུགས་གྱུར་ཏེ། །དགེ་བཅུའི་ཆུ་གཏེར་གྱེན་དུ་ཕྱུར་བ་ལས། །ཚོགས་གཉིས་རླབས་ཕྲེང་ཕྱོགས་བརྒྱར་གཡོ་བར་ཤོག །བདག་ཀྱང་དེང་ནས་ཚེ་རབས་ཐམས་ཅད་དུ། །དལ་འབྱོར་ཚང་བའི་པད་ཚལ་བརྟས་གྱུར་ཅིང་། །སྐྱབས་གཅིག་ཉིན་མོའི་མགོན་དེས་རྟག་བསྐྱངས་མཐུས། །ས་ལམ་འདབ་སྟོང་ཟེའུ་འབྲུས་སྤུད་པར་ཤོག །ཚུལ་འདི་དང་ལེན་འབྲེལ་ཐོགས་ཇི་སྙེད་པ། །གནས་སྐབས་ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །མཐར་ཐུག་བླ་མེད་བྱང་ཆུབ་མྱུར་ཐོབ་ནས། །མཁའ་མཉམ་འགྲོ་བའི་ཉེར་འཚོར་འགྱུར་བར་ཤོག །ཆོས་ཀྱི་རྗེ་དེས་དགེ་བཅུའི་ཁྲིམས་བསྒྲགས་པས། །ཆོས་བཞིན་སྤྱོད་རྣམས་མངའ་ཐང་དགུང་ལ་རེག །ཆོས་མཛད་སྐྱེས་བུའི་སྐུ་ཆེ་མཛད་ཕྲིན་རྒྱས། །ཆོས་ཀྱི་ཆབ་སྲིད་མི་ནུབ་མཐའ་རྒྱས་ཤོག །ཆོས་འདི་དོན་གཉེར་ཆོས་མཛད་ཇི་སྙེད་དང་། །ཆོས་བཞིན་སྤྱོད་ལ་ཆོས་ཀྱི་མཐུན་རྐྱེན་སྦྱོར། །ཆོས་མཐུན་གྲོགས་བྱེད་ཆོས་ཀྱི་སྦྱིན་བདག་རྣམས། །ཆོས་སྦྱོར་ཕུན་ཚོགས་ཆོས་ལ་སྤྱོད་གྱུར་ཅིག །ཆོས་འདི་ཐོས་ཚད་ཆོས་མིན་
བསམ་སྦྱོར་སྤང་། །ཆོས་ཀྱི་དོན་བསམ་ཆོས་སྤྱོད་ཉིན་མཚན་འདའ། །ཆོས་ཉིད་དོན་བསྒོམ་ཆོས་སྐུ་མངོན་གྱུར་ནས། །ཆོས་ཀྱི་དབྱིངས་སུ་ཆོས་ཀུན་རོ་མཉམ་ཤོག །ཆོས་ལ་བརྟེན་ནས་ཆོས་བཞིན་སྒྲུབ་པའི་མཐུས། །ཆོས་སྤྲིན་རྒྱ་མཚོས་ཆོས་ཆར་རྟག་འབེབས་ཤིང་། །ཆོས་ཀྱི་རྒྱལ་པོ་ཆོས་རྗེ་ཞབས་དཀར་བའི། །ཆོས་ཚུལ་རྒྱ་མཚོས་ཆོས་དབྱིངས་མཛེས་གྱུར་ཅིག །ཆོས་ཀྱི་དབྱིངས་བཞུགས་རྒྱལ་སྲས་དཔང་གསོལ་ནས། །ཆོས་དང་མཐུན་པའི་སྨོན་ལམ་གང་བཏབ་པ། །ཆོས་དབྱིངས་མཐའ་དབུས་བྲལ་བའི་བདེན་པ་དང་། །ཆོས་ཅན་མི་བསླུའི་བདེན་མཐུས་མྱུར་འགྲུབ་ཤོག །ཅེས་པ་འདི་ནི་པར་བརྐོས་རྣམས་ཀྱི་ཕུལ་དུ་གྱུར་པ་སྐྱི་བླ་སྨྱོན་ཉི་ཟླའི་སྙིང་པོས་ལྷ་རྫས་བཅས་བསྐུལ་བའི་ངོ་མ་ལྡོག་པར་སེར་གཟུགས་གྱི་ན་བ་བུདྡྷ་རཏྣས་གཡར་ཁྲལ་ཙམ་དུ་སུག་བྲིས་སུ་བགྱིས་པ་ཤུ་བྷཾ་མསྟུ་སརྦ་ཛ་གསྟཾ།། །།
ཆོས་བཤད་གཞན་ཕན་ཟླ་བ། །མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
ཆོས་བཤད་གཞན་ཕན་ཟླ་བ་ཞེས་བྱ་བ་བཞུགས་སོ། །
ཕུན་ཚོགས་རྒྱལ་སྲིད་མཆིལ་སྣབས་བཞིན་དུ་དོར། །དབེན་པའི་ནགས་ཁྲོད་རྒྱལ་ས་བཞིན་དུ་བཟུང་། །དཀའ་སྤྱད་མཛད་ནས་བསྒོམས་པས་རྫོགས་སངས་རྒྱས། །ཐུབ་དབང་སྲས་དང་བཅས་ལ་གུས་པས་འདུད། །ཆོས་བརྒྱད་བློས་བཏང་དུར་ཁྲོད་བརྒྱད་སོགས་སུ། །རིག་འཛིན་བརྒྱད་བསྟེན་བཀའ་བརྒྱད་སྒྲུབ་པ་མཛད། །དངོས་གྲུབ་བརྒྱད་ཐོབ་གུ་རུ་མཚན་བརྒྱད་གྲགས། །པད་འབྱུང་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། །རྒྱལ་སྲིད་སྤངས་ནས་བླ་མ་མང་པོ་བསྟེན། །ཟབ་
དང་རྒྱ་ཆེའི་གདམས་པ་མང་པོ་གསན། །བསྒོམས་པས་མཆོག་ཐུན་དངོས་གྲུབ་མང་པོ་བརྙེས། །ཇོ་བོ་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། ཚེ་འདིའི་བྱ་བ་ཐམས་ཅད་རྩ་ལྟར་དོར། །དཀའ་སྤྱད་དྲག་པོས་བྲག་ཕུག་ཞྭ་ལྟར་བརྟེན། །རྩེ་གཅིག་བསྒོམས་པས་ཚེ་གཅིག་སངས་རྒྱས་པའི། །མི་ལ་ཡབ་སྲས་བརྒྱུད་པར་བཅས་ལ་འདུད། །བླ་མ་བསྟེན་ནས་ཐོས་བསམ་རྒྱ་ཆེན་མཛད། །དབེན་པ་བརྟེན་ནས་ཡུན་རིང་ཉམས་སུ་བཞེས། །ལུང་དང་རྟོགས་པའི་ཡོན་ཏན་ཀུན་མངའ་བའི། །རྩ་
བའི་བླ་མ་ཡོངས་ལ་གུས་པས་འདུད། །ཡུན་རིང་འཁོར་བར་འཁྱམས་པའི་འགྲོ་ཀུན་གྱིས། །དོན་མེད་ཚེ་འདིའི་བྱ་བ་བློ་ཡི་བཏང་། །བླ་མའི་བཀའ་བཞིན་དབེན་པར་སྒྲུབ་པ་བྱེད། །ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །དང་པོར་འཁོར་བའི་བྱ་བ་ཐམས་ཅད་དོར། །བར་དུ་བླ་མ་བསྟེན་ནས་ཐོས་བསམ་བྱས། །ཐ་མ་རི་ཁྲོད་དབེན་པར་བསྒོམ་དགོས་ཚུལ། །བླ་མ་དམ་པའི་གསུང་བཞིན་བཤད་པར་བྱ། ༈ འོ་དེ་ཡང་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་
ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ། ཅི་ནས་ཀྱང་མྱུར་བ་ཉིད་དུ་ཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ལྷ་ཆོས་གསན་ནས། ཕྱིན་ཆད་ཉམས་སུ་ལེན་པར་བྱའོ་སྙམ་པའི་སེམས་ཀྱི་ཀུན་སློང་ལེགས་པོ་དང་། ལུས་ཀྱི་ཀུན་སྤྱོད་ནི། སྐྱེས་རབས་ལས། རབ་ཏུ་དམའ་བའི་སྟན་ལ་འདུག །དུལ་བའི་དཔལ་ནི་རྣམ་པར་བསྐྱེད། །དགའ་དང་ལྡན་པའི་མིག་གིས་བལྟ། །ཚིག་གི་བདུད་རྩི་འཐུང་བ་བཞིན། །གུས་པ་བསྐྱེད་ཅིང་རྩེ་གཅིག་བཏུང་། རབ་
ཏུ་དྭངས་ལ་དྲི་མེད་ཡིད། །ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་གྲོ་བསྐྱེད་ལ་ཆོས་ཉོན་ཅིག །གསུངས་པ་ལྟར་གསན་པར་འཚལ། །འོ་སྐོལ་རྣམས་ཀྱིས་ད་རེས་དལ་འབྱོར་གྱི་གྲུ་ཆེན་རྙེད་པའི་དུས་འདིར་འཇིགས་རུང་འཁོར་བའི་རྒྱ་མཚོ་ལས་ཐར་བ་ཞིག་བྱ་དགོས་ཏེ། དེའི་རྒྱུ་མཚན་རང་རེ་རྣམས་སྔོན་གྱི་དགེ་བའི་མཐུ་གཅིག་ལ་བརྟེན་ནས་སྟབས་ཀ་ཡག་པོ་ཙམ་འཕྲོད་དེ། ད་རེས་མི་ལུས་རིན་པོ་ཆེ་ཐོབ། དབང་པོ་སྒོ་ལྔ་ཚང་། དགེ་བའི་བཤེས་གཉེན་གྱིས་ཟིན། རྒྱལ་བའི་བསྟན་པ་དང་མཇལ། ཆོས་བྱེད་དབང་ཡོད་བྱེད་ཐབས་ཤེས་པའི་དུས་འདིར་འཁོར་བ་ལས་ཐར་ངེས་པའི་ཆོས་རྣལ་མ་ཞིག་མ་བྱས་ན། ཕྱིས་འདི་ལྟ་བུའི་རྟེན་ཤིན་ཏུ་རྙེད་པར་དཀའ་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། དལ་འབྱོར་འདི་ནི་ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུའི་དོན་སྒྲུབ་ཐོབ་པར་འགྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་བསྒྲུབས་ན། །ཕྱི་ནས་ཡང་དག་འབྱོར་བར་ག་ལ་འགྱུར། །ཞེས་གསུངས། འོ་ན་དལ་འབྱོར་ཞེས་བྱ་དེ་གང་ཡིན་ཞེ་ན། དལ་བ་བརྒྱད་དང་འབྱོར་པ་བཅུ་སྟེ། དལ་བ་བརྒྱད་ནི། མི་ཁོམ་པ་བརྒྱད་དུ་མ་
སྐྱེས་པར། ད་རེས་འོ་སྐོལ་རྣམས་ཀྱིས་ཆོས་བསྒྲུབ་རྒྱུ་ཡིན་ན་ཁོམ་པའི་སྐལ་བ་བྱུང་ནས་ག་ལེ་སོས་དལ་དུ་བསྡད་ཡོད་པས་ན་དལ་བརྒྱད་ཟེར། མི་ཁོམ་བརྒྱད་ནི། ལས་འབྲས་དང་དཀོན་མཆོག་གསུམ་མེད་པར་འཛིན་པའི་ཕྱི་རོལ་པ་སོགས་ལོག་ལྟ་ཅན་དང་། རྒྱ་མཚོ་ཆེན་པོ་དང་། མིའི་ཡུལ་ན་གནས་པའི་དུད་འགྲོ་དང་། ཕྱི་སྒྲིབ་ཅན་དང་། ནང་སྒྲིབ་ཅན་དང་ཟས་སྐོམ་གཉིས་ཀྱི་སྒྲིབ་པ་སོགས་ཀྱི་ཡི་དྭགས་དང་། ཚ་དམྱལ་གྲང་དམྱལ་ཉི་ཚེ་ཉེ་འཁོར་བའི་དམྱལ་བ་དང་། སངས་རྒྱས་འབྱུང་བ་མེད་པའི་གནས་སུ་སྐྱེས་པའི་ཆོས་ཀྱི་སྒྲ་ཡང་མི་གྲགས་པའི་རྒྱལ་བའི་བཀའ་མེད་པ་དང་། དགེ་སློང་ཕ་སོགས་འཁོར་རྣམ་བཞི་གཅིག་ཙམ་ཡང་མི་རྒྱུ་བའི་ཡུལ་མཐའ་འཁོབ་དང་། ལྐུག་པ་ཡན་ལག་མིག་རྣ་བ་སོགས་མ་ཚང་བའི་དབང་པོ་མ་ཚང་བ་དང་། འདུ་ཤེས་མེད་པའི་ལྷ་ཚེ་རིང་པོ་དང་། འདོད་པས་རྟག་ཏུ་གཡེང་བའི་འདོད་ལྷ། གཟུགས་མེད་ཁམས་ཀྱི་ལྷ་དང་བརྒྱད་པོ་འདི་ཡིན་ཏེ། བཤེས་སྤྲིངས་ལས། ལོག་པར་ལྟ་བ་འཛིན་དང་དུད་འགྲོ་ཉིད། ཡི་དྭགས་ཉིད་དང་དམྱལ་བར་སྐྱེས་པ་
དང་། །རྒྱལ་བའི་བཀའ་མེད་པ་དང་མཐའ་འཁོབ་ཏུ། །ཀླ་ཀློར་སྐྱེས་པ་གླེན་ཅིང་ལྐུག་པ་ཉིད། །ཚེ་རིང་ལྷ་ཉིད་གང་ཡང་རུང་བར་ནི། །སྐྱེས་པ་ཞེས་བྱ་མི་ཁོམ་སྐྱོན་བརྒྱད་དོ། །དེ་དག་དང་བྲལ་ཁོམ་པ་བརྙེས་ནས་ནི། །སྐྱེ་བ་ཟློག་པའི་སླད་དུ་འབད་པར་མཛོད། ཅེས་གསུངས་པ་ལྟར་རོ། །འབྱོར་པ་བཅུ་གང་ཡིན་ཞེ་ན། རང་འབྱོར་ལྔ་ནི་དམ་པའི་ལྷ་ཆོས་སྒྲུབ་པའི་རྟེན་མི་ལུས་རིན་པོ་ཆེ་ཐོབ་པ་དང་། ཟབ་རྒྱས་ཀྱི་ཆོས་དར་བའི་ཡུལ་དབུས་སུ་སྐྱེས་པ་དང་། ཐོས་བསམ་བྱེད་པའི་རྟེན་དབང་པོ་སྒོ་ལྔ་ཚང་བ་དང་། ཕྱི་རོལ་མུ་སྟེགས་པའི་རྗེས་སུ་མ་ཞུགས། མཚམས་མེད་ལྔའི་ལས་བྱས་སམ་བྱེད་དུ་མ་བཅུག་པས་ལས་མཐའ་མ་ལོག་པ་དང་། དད་པའི་གནས་མ་ནོར་བ་བླ་མ་དཀོན་མཆོག་གསུམ་གྱི་གནས་ལ་དད་པ་དང་ལྔ་ཡིན་ཏེ། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །ཅེས་དང་། མདོ་ལས། མི་ཉིད་ཐོབ་པ་དང་། འཕགས་པའི་ཡུལ་དུ་སྐྱེས་པ་དང་། དབང་པོ་ཚང་བ་དང་། ལས་ཀྱི་མཐའ་མ་ལོག་པ་དང་། གནས་ལ་དད་པ་སྟེ། ལྔ་ནི་བདག་ཕུན་སུམ་ཚོགས་པ་ཡིན་ནོ། །
ཞེས་གསུངས་སོ། །གཞན་འབྱོར་ལྔ་ནི། སངས་རྒྱས་འཇིག་རྟེན་དུ་བྱོན་པ་ཨུ་དུམ་ཝ་རའི་མེ་ཏོག་ལས་དཀོན་ན་ཡང་། ད་རེས་སངས་རྒྱས་འཇིག་རྟེན་དུ་བྱོན་པ་དང་། ཚིག་རེ་ཙམ་ཡང་བསྐལ་བརྒྱར་ཐོས་དཀའ་བའི་ཟབ་པ་དང་རྒྱ་ཆེ་བའི་དམ་པའི་ཆོས་གསུངས་པ་དང་། སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ཡང་མ་ནུབ་པར་གནས་པ་དང་། དེའི་རྗེས་འཇུག་བླ་མ་དགེ་བའི་བཤེས་གཉེན་མང་པོ་ཡོད་པ་དང་། དགེ་བའི་བཤེས་གཉེན་དེ་རྣམས་ཀྱིས། གདུལ་བྱ་གཞན་ལ་ཐུགས་བརྩེ་བས་གང་འདོད་ཀྱི་ཆོས་གསུང་ཞིང་། དད་ཅན་སྦྱིན་བདག་རྣམས་ཀྱིས་སྙིང་བརྩེ་བས་ཆོས་ཀྱི་མཐུན་རྐྱེན་ཟས་གོས་སོགས་སྟེར་བ་དང་ལྔ་སྟེ། སངས་རྒྱས་བྱོན་དང་དེས་ཆོས་གསུངས། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བ་འོ། །ཞེས་དང་། མདོ་ལས། སངས་རྒྱས་བྱོན་པ་དང་། ཆོས་གསུངས་པ་དང་། དམ་པའི་ཆོས་གནས་པ་དང་། གཞན་དག་ཀྱང་དེ་ལ་སྤྱོད་པ་དང་། ཆོས་བྱས་པ་ལ་གཞན་བརྩེ་བ་སྟེ། །ལྔ་ནི་གཞན་ཕུན་སུམ་ཚོགས་པ་ཡིན་ནོ། །ཞེས་གསུངས་སོ། །དེ་
ལྟ་བུའི་དལ་འབྱོར་གྱི་ཆོས་བཅོ་བརྒྱད་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ་པའི་དུས་འདིར་ཆོས་བསྒྲུབས་ན་མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཡང་སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཐོབ་པས་དོན་ཆེ། དེས་ན་ལྷ་རྣམས་ཀྱིས་ཀྱང་། དལ་འབྱོར་གྱི་རྟེན་བཟང་ཞིག་ཐོབ་ན་ཅི་མ་རུང་སྙམ་པའི་ཡིད་སྨོན་བྱེད་པ་ཡིན་ཞེས་མངལ་འཇུག་གི་མདོ་ལས་གསུངས། འགྲོ་བ་ཀུན་གྱིས་སྨོན་པའི་གནས་ལྷ་བས་ལྷག་པའི་ལུས་དལ་འབྱོར་གྱི་རྟེན་བཟང་འདི་ལྟ་བུ་ནམ་ཡང་རྙེད་དཀའ་སྟེ། རྒྱུ་ཡི་སྒོ་ནས་རྙེད་དཀའ་ཚུལ་ནི། སྤྱིར་བདེ་འགྲོ་ཙམ་ཞིག་ཐོབ་པ་ལའང་། ཚུལ་ཁྲིམས་ལ་སོགས་པའི་དགེ་བ་རྣམ་དག་སྣ་གཅིག་བྱེད་དགོས། ཁྱད་པར་དལ་འབྱོར་ཚང་བ་ཞིག་ཐོབ་པ་ལ། ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་། སྦྱིན་སོགས་དགེ་བ་རྣམ་པར་དག་པས་གྲོགས་བྱས། སྨོན་ལམ་དྲི་མ་མེད་པས་མཚམས་སྦྱོར་བ་སོགས་དགེ་རྩ་མང་པོ་གཅིག་སྒྲུབ་དགོས་ན། ད་ལྟ་སྐྱེ་བོ་ཁྲི་ཕྲག་མང་པོ་ཚོགས་པའི་ཁྲོད་ན་ཡང་རྒྱུ་དེ་ལྟ་བུ་སྒྲུབ་པ་ཤིན་ཏུ་དཀོན། བློ་ཁ་ཚུར་ལོག་ནས་རང་ལ་
བལྟས་ན་ཡང་རྒྱུ་དེ་རྣམས་ཕར་ཞོག །ཉིན་གཅིག་གི་མཆོད་སྦྱིན་སོགས་དགེ་བ་གཙང་སང་ངེ་བ་འདི་བྱས་ཞེས་དྲན་རྒྱུ་ཞིག་མི་འདུག་ན། ཕྱིན་ཆད་མི་ལུས་མི་ཐོབ། ཐོབ་དུ་རེ་བའི་བློ་དེ་དཔེར་ན། དཔྱིད་ས་བོན་མ་བཏབ་པ་སྟོན་ལོ་ཏོག་འོང་བར་རེ་བ་དང་འདྲ་དོན་དག་སྤུ་ཙམ་མེད། དཔེ་ཡི་སྒོ་ནས་རྙེད་དཀའ་ཚུལ་ནི། སངས་རྒྱས་ཀྱིས། དཔེར་ན་སྟོང་གསུམ་གྱི་སྟོང་ཆེན་པོ་ཆུས་གང་བ་ལྟ་བུའི་རྒྱ་མཚོ་ཆེན་པོའི་ཁ་ན་གསེར་གྱི་གཉའ་ཤིང་བུ་ག་གཅིག་པུ་ཞིག་ཤར་གྱི་རླུང་གིས་དེད་ནས་ནུབ་ཏུ་འཕྱོ། དེ་བཞིན་དུ་ཕྱོགས་མཚམས་ཀུན་ཏུ་རླུང་གིས་དེད་ནས་ངེས་མེད་དུ་འཁྱེར་བ་དང་། རྒྱ་མཚོ་དེའི་ཞབས་ན་རུས་སྦལ་མིག་ལོང་བ་ལོ་བརྒྱ་བརྒྱ་ན་མགོ་མཚོ་སྟེང་དུ་ཐོན་པ་རེ་རེ་བྱེད་པ་དེའི་མགྲིན་པ་གསེར་གྱི་གཉའ་ཤིང་གི་བུ་གར་ཨེ་ཆུད་ཅེས་འཁོར་རྣམས་ལ་དྲིས་པས། འཁོར་རྣམས་ཀྱིས་རྒྱ་མཚོ་ཁ་ཆུང་ཞིང་གསེར་གྱི་གཉའ་ཤིང་བུ་ག་མང་ཕྱོགས་གཅིག་ཏུ་བསྡད། རུས་སྦལ་ལ་མིག་ཡོད་རྒྱུན་དུ་མཚོ་ཁར་འོང་ན་ཆུད་སྲིད་ཀྱི། རྒྱ་མཚོ་ཁ་ཆེ་གསེར་གྱི་གཉའ་ཤིང་ལ་བུ་ག་གཅིག་མིན་མེད་ཕྱོགས་
ཀུན་ཏུ་འཕྱོ། རུས་སྦལ་ལ་མིག་མེད་ཅིང་ལོ་བརྒྱའི་འཕྲོར་ལན་རེ་མ་གཏོགས་མཚོ་ཁར་མི་འོང་བས་ན། ཡེ་མི་ཆུད་ཅེས་ཞུས་པས། སངས་རྒྱས་ཀྱིས་མི་ཁོམ་པའི་གནས་བརྒྱད་ནས་དལ་འབྱོར་ཐོབ་པའང་དེ་དང་མཚུངས་སོ་ཞེས་གསུངས། དེ་བཞིན་དུ་བཤེས་སྤྲིངས་ལས། རྒྱ་མཚོ་ཆེར་གནས་གཉའ་ཤིང་བུ་ག་དང་། །རུས་སྦལ་འཕྲད་པ་བས་ཀྱང་དུད་འགྲོ་ལས། །མི་ཉིད་ཆེས་ཐོབ་དཀའ་བས་མི་དབང་གིས། །དམ་ཆོས་སྤྱད་པས་དེ་འབྲས་མཆིས་པར་མཛོད། །ཅེས་དང་། སྤྱོད་འཇུག་ལས། དེ་ཉིད་ཕྱིར་ན་བཅོམ་ལྡན་གྱིས། །རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། མི་ཉིད་ཤིན་ཏུ་ཐོབ་དཀའ་གསུངས། །ཞེས་གསུངས། གཞན་ཡང་དཔེ་གསལ་བ། གྱང་ལོག་གི་ངོས་ལ་སྲན་མ་གཏོར་བ་དང་། རྔའི་སྟེང་དུ་ནམ་མཁའ་ནས་མར་སྲན་མ་ཕངས་པ་རེ་རེ་ཙམ་ཆགས་པ་དལ་འབྱོར་གྱི་མི་ལུས་ཐོབ་པའི་ཚོད་དང་། ས་ལ་ལྷུང་བ་རྣམས་མི་ཁོམ་པའི་གནས་བརྒྱད་དུ་སྐྱེས་པའི་ཚོད་ཙམ་ཡིན་ཞེས་བླ་མ་དམ་པ་འགའ་རེས་གསུངས། གྲངས་སམ་ངོ་བོའམ་འབྲས་བུའི་སྒོ་ནས་རྙེད་དཀའ་ཚུལ་
ནི། སངས་རྒྱས་ཀྱི་ཞལ་ནས། དམྱལ་བ་ནི་ས་ཆེན་པོའི་རྡུལ་ཙམ་མོ། །ཡི་དྭགས་ནི་བྱེ་མའི་གྲངས་ཙམ་མོ། །དུད་འགྲོ་ནི་ཆང་གི་སྦང་མ་ཙམ་མོ། །ལྷ་དང་ལྷ་མིན་ནི་ཁ་བ་བུ་ཡུག་ཙམ་མོ། །མི་ནི་སེན་མོའི་སྟེང་གི་རྡུལ་ཙམ་མོ། །ཞེས་གསུངས། ལུང་གཞི་ལས། ངན་འགྲོ་ནས་ཤི་འཕོས་ཏེ་དེར་སྐྱེས་པ་ནི་ས་ཆེན་པོའི་རྡུལ་དང་། དེ་ནས་བདེ་འགྲོར་སྐྱེས་པ་ནི། སེན་མོའི་རྩེ་མོས་བླངས་པའི་རྡུལ་དང་འདྲ་ཞིང་། བདེ་འགྲོ་གཉིས་ནས་ཤི་འཕོས་ཏེ་ངན་འགྲོར་འགྲོ་བ་ནི་ས་ཆེན་པོའི་རྡུལ་དང་། དེ་ནས་བདེ་འགྲོར་སྐྱེ་བ་ནི་ཕྱག་སེན་གྱི་རྩེ་མོས་བཞེས་པའི་རྡུལ་དང་འདྲ་བར་གསུངས་པས། བདེ་འགྲོ་དང་ངན་འགྲོ་གཉིས་ཀ་ནས་རྙེད་པར་དཀ་འོ། །དེས་ན་ད་རེས་སྐྱེ་དཀའ་བ་ལྷོ་རྒྱལ་འཛམ་གླིང་དུ་སྐྱེས། ཐོབ་པར་དཀའ་བའི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བའི་ཐེག་པ་ཆེན་པོའི་ཆོས་དང་མཇལ་བ་འདི་ནི། སྔོན་ཚུལ་ཁྲིམས་བསྲུངས་ཤིང་། བསོད་ནམས་ཀྱིས་ཚོགས་བསགས་སྨོན་ལམ་རྣམ་པར་དག་པ་བཏབ་པ་ལས་བྱུང་བ་ཡིན་པས། ད་ལན་ཙམ་མ་གཏོགས་ཤིན་ཏུ་རྙེད་དཀའ་
ཞེས་རྒྱལ་བ་སྲས་བཅས་ཀྱིས་མགྲིན་གཅིག་ཏུ་ཡང་ཡང་གསུངས་ཏེ། སངས་རྒྱས་ཀྱིས། འཇིག་རྟེན་ཁམས་ནི་གྲངས་མང་ཡང་། །འཛམ་གླིང་སོག་ཁར་སྐྱེ་བ་དཀོན། །གཙང་མའི་མི་ལུས་ཤིན་དུ་དཀའ། །ཞེས་དང་། རྣམ་སྣང་མངོན་བྱང་ལས། འཇིག་རྟེན་དག་ན་ཀུན་མཁྱེན་དག །ཨུ་དུམ་ཝ་རའི་མེ་ཏོག་བཞིན། །བརྒྱ་ལམ་ནང་ན་རེ་འགའ་ཙམ། །འབྱུང་འགྱུར་ཡང་ནི་མི་འབྱུང་སྟེ། །གསང་སྔགས་སྤྱོད་པའི་ཚུལ་འདི་ནི། །དེ་བས་ཀྱང་ནི་དཀོན་པ་སྟེ། །གང་གིས་སེམས་ཅན་མཉམ་མེད་དོན། །བླ་མེད་བྱེད་པར་ནུས་པ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། །ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་བུ་འདྲ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུན། །རབ་ཏུ་སྒྲིམ་སྟེ་བཅད་པར་བྱ། །ཞེས་དང་། རྗེ་རིན་པོ་ཆེའི་ཞལ་ནས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། ཞེས་དང་། ཀློང་ཆེན་རབ་འབྱམས་པས། དལ་འབྱོར་
འདི་ནི་ཐོབ་པ་བརྒྱ་ལམ་ཙམ། །དེ་བས་ཆོས་དང་འཕྲད་པ་ཉིན་སྐར་ཙམ། །ཐེག་མཆོག་ཆོས་དང་མཇལ་བ་སྲིད་མཐའ་ཙམ། །སྙིང་ནས་དམ་པའི་ཆོས་ཤིག་མཛད་རེ་རན། །ཞེས་དང་། ཕ་དམ་པའི་ཞལ་ནས། སྤྱིར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །སྒོས་ཁ་འཐོར་བ་ཡི་ལུས་མཐོང་ན། །མི་ལུས་ཐོབ་པ་སྲིད་པ་ཙམ། །ཞེས་དང་། རྗེ་མི་ལས། །མི་ཁོམ་བརྒྱད་པོ་སྤངས་པ་ཡི། །དལ་འབྱོར་ཚང་བའི་མི་ལུས་དཀའ། །ཚེ་འདིའི་བདེ་སྐྱིད་བློས་བཏང་ནས། །དལ་འབྱོར་སྙིང་པོ་ལེན་པ་དཀའ། །འཁོར་བའི་ཆོས་ཀྱི་སྐྱོན་མཐོང་ནས། །མྱ་ངན་འདས་པ་སྒྲུབ་པ་དཀའ། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། །སྔོན་ལེགས་བྱས་བརྒྱ་ཡིས་འཕངས་པའི་ལུས། །རྟེན་ཆོས་དང་མཇལ་བའི་དལ་འབྱོར་འདི། །ལྷ་ཚངས་དབང་གཙུག་གི་ནོར་བུ་བཞིན། །གསུངས། ཆོས་རྗེ་བུའི་ཞལ་ནས། སྔོན་བསགས་བསོད་ནམས་བརྒྱ་ལས་གྲུབ་པའི་ལུས། །དལ་འབྱོར་རྟེན་འདི་ཕྱི་ནས་རྙེད་དཀའ་བས། །སྡུག་བསྔལ་རྒྱ་མཚོ་ཆེ་ལས་སྒྲོལ་བའི་གྲུ། །དོན་
མེད་ཆུད་ཟོས་མ་བྱེད་རིན་ཆེན་གྲུབ། ཅེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། དལ་འབྱོར་ཚང་བའི་མི་ལུས་ལན་གཅིག་འདི། །དབུལ་པོས་ཡིད་བཞིན་ནོར་བུ་རྙེད་པ་ལྟར། །ཡང་ཡང་རྙེད་པར་དཀའ་བ་ཐོབ་དུས་འདིར། །འབད་པས་དམ་ཆོས་ཀྱིས་ཤིག་མཆེད་གྲོགས་ལགས། །ཞེས་དང་། དལ་འབྱོར་རྙེད་དཀའ་ཐོབ་པ་ད་རེས་ཙམ། །མྱུར་དུ་ངན་འགྲོའི་གནས་སུ་ལྷུང་ལ་ཁད། །ད་རེས་འདི་ལ་དོན་ཆེན་མ་བསྒྲུབས་ན། །ཕྱི་ནས་མི་ལུས་ཤིན་ཏུ་རྙེད་པར་དཀའ། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོའི་མགུར་ལས། འོ་འོ་དལ་འབྱོར་ཚངས་པའི་མི་ལུས། །ཨ་འུ་ཤིན་ཏུ་རྙེད་པར་དཀའ་ཡ། །ཁོ་རེ་ཆོས་ཀྱི་སྙིང་པོ་ལོངས་དང་། །ཧེ་ཧེ་བློ་བདེའི་དཔལ་ཡིན་ཨེ་གོ །ཡ་ཡི་ཡ་ཡི། ཞེས་གསུངས་པ་ལྟར། མི་ལུས་རིན་པོ་ཆེ་འདི་ནི་ཡང་ཡང་རྙེད་པར་དཀའ་བ་ཉིན་གྱི་སྐར་མ་དང་འདྲ་འོ། །འདིའི་སྟེང་ནས་ཡར་འགྲོ་མར་འགྲོའི་ས་མཚམས་འབྱེད་པས་ལམ་ཁ་དབྲག་དང་འདྲ་འོ། །དགེ་བའི་རྩ་བ་མཐའ་དག་གི་རྟེན་བྱེད་པས་ས་གཞི་དང་འདྲ་འོ། །མཐོ་རིས་ཐར་པར་བགྲོད་པས་ཐེམ་སྐས་དང་འདྲ་འོ། །
དེ་བས་ན་དབུལ་པོས་ཡིད་བཞིན་གྱི་ནོར་བུ་ལམ་ནང་ནས་རྙེད་པ་ལྟར་ད་རེས་མི་ལུས་རིན་པོ་ཆེ་ཐོབ་ཅིང་། བླ་མ་དམ་པ་ལ་བསྟེན་ནས་ཟབ་མོའི་གདམས་པ་ཉམས་སུ་བླང་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པ་འདི་ཨ་རེ་དགའ་སྙམ་དུ་ཤིན་ཏུ་དགའ་ཞིང་སྤྲོ་བཞིན། ཚེ་འདིའི་གཉེན་བཤེས་ལོངས་སྤྱོད་གང་ལའང་མ་ཆགས་པར་ད་རེས་ཐར་པའི་ལམ་སྣ་ཟིན་ཐབས་དམ་ཆོས་ཁོ་ན་ལ་འབད་དགོས། དོན་མེད་ཆུད་ཟོས་སུ་གཏང་མི་རུང་སྟེ། འཕགས་པ་དཔའ་བོས། གང་ཞིག་ཐོབ་ན་འཁོར་བ་ཡི། ཕ་རོལ་ཕྱིན་པའི་ས་བོན་བསྐྲུན། །བྱང་ཆུབ་དཔལ་གྱི་ས་བོན་མཆོག །ཡིད་བཞིན་ནོར་བུ་ལས་ལྷག་པའི། །ཡོན་ཏན་རྒྱན་གྱི་མི་རྣམས་ནི། །སུ་ཞིག་འདིར་དེ་འབྲས་མེད་བྱེད། ཅེས་དང་། སློབ་སྤྲིངས་ལས། གང་ཞིག་ཐོབ་ནས་སྐྱེ་བའི་རྒྱ་མཚོའི་མཐར་ཕྱིན་ཅིང་། །བྱང་ཆུབ་མཆོག་གི་དགེ་བའི་ས་བོན་འདེབས་གྱུར་པ། ཡིད་བཞིན་ནོར་བུ་བས་ཀྱང་ཡོན་ཏན་ཆེས་ལྷག་པའི། །མི་ཉིད་དེ་ནི་སུ་ཞིག་འབྲས་བུ་མེད་པར་བྱེད། །ཅེས་གསུངས། གལ་ཏེ་ཆོས་ཀྱི་སྙིང་པོ་མ་བླངས་ན།
རིན་ཆེན་གླིང་དུ་ཕྱིན་ནས་ལག་སྟོང་དུ་ཕྱིར་ལོག་པ་དང་། མི་དགེ་བ་བསགས་ན་གསེར་སྣོད་རིན་པོ་ཆེ་དུ་མའི་ཕྲས་མཛེས་པ་ཞིག་མི་གཙང་ངན་སྐྱུག་གི་སྣོད་བྱས་པ་དང་འདྲ་བས་ཆེས་ཤིན་ཏུ་བླུན་ཞེས་མཁས་པ་ཐམས་ཅད་ཀྱིས་སྨད་པའི་གནས་ཡིན་ཏེ། རིག་འཛིན་གང་ཤར་རང་གྲོལ་གྱི་ཞལ་ནས། ད་རེས་ལན་གཅིག་རྙེད་པའི་རྟེན་འདི་ལ། སྙིང་ནས་དམ་ཆོས་སྒྲུབ་ལ་མི་བརྩོན་ན། རིན་ཆེན་གླིང་ཕྱིན་སྟོང་ལོག་བྱེད་པ་ལྟར། །མི་ཚེ་སྟོང་ཟད་ཡིན་ནོ་མཆེད་གྲོགས་ལགས། ཞེས་དང་། འཕགས་པ་དཔའ་བོས། གང་ཞིག་དགེ་བས་ཕྱུག་པའི་མི། །བསྐལ་པ་གྲངས་མེད་ཀྱིས་ཐོབ་ནས། །འདིར་ནི་རྨོངས་པ་བསོད་ནམས་གཏེར། །ཅུང་ཟད་ཙམ་ཡང་མི་གསོག་པ། །དེ་དག་འཇིག་རྟེན་ཕ་རོལ་དུ། །མི་བཟད་མྱ་ངན་ཁང་པར་འཇུག །རིན་ཆེན་གླིང་ཕྱིན་ཚོང་པ་ནི། །ལག་པ་སྟོང་པས་རང་ཁྱིམ་བཞིན། །དགེ་བཅུའི་ལས་ཀྱི་ལམ་མེད་པར། །ཕྱི་ནས་ཡང་ནི་ཐོབ་མ་ཡིན། །མི་མ་ཐོབ་པར་བདེ་བ་ནི། །ཇི་ལྟར་དེ་བདེ་སྡུག་བསྔལ་ཉིད། །དེ་བས་ཕ་རོལ་བསླུས་ཡོད་མིན། །དེ་ལས་མཆོག་ཏུ་རྨོངས་པ་མེད། །ཅེས་དང་།
བཤེས་སྤྲིངས་ལས། གང་ཞིག་གསེར་སྣོད་རིན་ཆེན་སྤྲས་པ་ཡིས། །ངན་སྐྱུག་འཕྱག་པར་བགྱིད་པ་དེ་བས་ཀྱང་། །གང་ཞིག་མི་རུ་སྐྱེས་ནས་སྡིག་པའི་ལས། །བགྱིད་པ་དེ་ནི་ཆེས་རབ་བླུན་པ་ལགས། །ཞེས་དང་། སློབ་དཔོན་ཞི་བ་ལྷའི་ཞལ་ནས། འདི་འདྲའི་དལ་བ་རྙེད་གྱུར་ནས། །བདག་གིས་དགེ་གོམས་མ་བྱས་ན། །འདི་ལས་བསླུས་པ་གཞན་མེད་དེ། །འདི་ལས་རྨོངས་པའང་གཞན་མེད་དོ། །ཞེས་དང་། རྒྱལ་དབང་ལྔ་པས། ད་ནི་ཕན་བདེ་ལེགས་ཚོགས་བསྒྲུབ་པའི་གཞི། །དལ་འབྱོར་གྲུ་གཟིངས་ལན་གཅིག་བརྙེས་པ་འདིས། །ངེས་ལེགས་རིན་ཆེན་གླིང་དུ་མ་ཕྱིན་པར། །འཁོར་བར་སྟོང་ལོག་བྱས་ན་སྙིང་རྩ་རུལ། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། སྔོན་བསགས་བསོད་ནམས་བརྒྱ་ཡིས་བསྐྲུན་པའི་ལུས། །ཚེ་འདི་ཁོ་ནའི་དོན་ལ་བསྐུལ་གྱུར་ནས། །ཕུགས་ཀྱི་འདུན་མ་ཆ་ཙམ་མི་སེམས་པ། །ཕྱུགས་དང་ཁྱད་པར་མེད་དོ་སྙིང་གཏམ་ཡིན། །གསུངས། ད་རེས་དགེ་བ་མ་བྱས་སྡིག་པ་མི་དགེ་བ་ཞར་ཞོར་ལ་བསགས་ན། ཕྱིན་ཆད་མི་ལུས་ཐོབ་པ་ཕར་ཞོག་
བསྐལ་པ་མང་པོར་བདེ་འགྲོའི་སྒྲ་ཙམ་ཡང་ཐོས་དཀའ་སྟེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། བདག་གི་སྤྱོད་པ་འདི་འདྲས་ནི། །མི་ཡི་ལུས་ཀྱང་འཐོབ་མི་འགྱུར། །མི་ལུས་ཐོབ་པར་མ་གྱུར་ན། །སྡིག་པ་འབའ་ཞིག་དགེ་བ་མེད། །གང་ཚེ་དགེ་སྤྱད་སྐལ་ལྡན་ཡང་། །དགེ་བ་བདག་གིས་མ་བྱས་ན། །ངན་སོང་སྡུག་བསྔལ་ཀུན་རྨོངས་པ། །དེ་ཚེ་བདག་གིས་ཅི་བྱར་ཡོད། །དགེ་བ་དག་ཀྱང་མ་བྱས་ལ། །སྡིག་པ་དག་ཀྱང་ཉེར་བསགས་པ། །བསྐལ་པ་བྱེ་བ་བརྒྱར་ཡང་ནི། །བདེ་འགྲོའི་སྒྲ་ཡང་ཐོས་མི་འགྱུར། །ཞེས་གསུངས། དཔེར་ན་གྲུ་དང་གྲུ་བ་ཡོད་དུས་ཆུ་བོ་ལས་བརྒལ་དགོས་པ་དང་། ད་རེས་མི་ལུས་གྲུ་ལྟ་བུ་ལ་བརྟེན་ནས། འཁོར་བའི་སྡུག་བསྔལ་ཆུ་བོ་ལྟ་བུ་ལས་ཅི་སྒྲོལ་བྱེད་དགོས་ཏེ། སློབ་དཔོན་ཞི་བ་ལྷས། མི་ཡི་གྲུ་ལ་བརྟེན་ནས་ནི། །སྡུག་བསྔལ་ཆུ་བོ་ཆེ་ལས་སྒྲོལ། གྲུ་འདི་ཕྱི་ནས་རྙེད་དཀའ་བས། །རྨོངས་པའི་དུས་སུ་གཉིད་མ་ལོག །ཅེས་དང་། ཨོ་རྒྱན་རིན་པོ་ཆེས། ད་རེས་ཕུན་ཚོགས་རྐྱེན་ཀུན་འབྱོར་སྐབས་འདིར། །བརྩོན་འགྲུས་དྲག་པོས་སྲིད་ལས་འདའ་བར་མཛོད། །ཅེས་
དང་། སློབ་སྤྲིངས་ལས། མི་ཡི་དངོས་པོ་ཤིན་ཏུ་རྙེད་དཀའ་རྙེད་གྱུར་ན། །དོན་དུ་བརྣག་པ་གང་ཡིན་དེ་ཉིད་བསྟུན་ཏེ་སྒྲུབས། །ཞེས་གསུངས། ད་མདོར་ན། ཕ་དམ་པའི་ཞལ་ནས། ཕོ་མོ་མདོ་དོན་ཆེ་ཆུང་ད་རེས་ཤེས། །ཚེ་ལ་སྟོང་ལོག་མ་བྱེད་དིང་རི་བ། །ཞེས་གསུངས་པ་ལྟར། སྐྱེས་ཕོ་མོ་སུ་ཡིན་ཡང་བསམ་མནོ་ཡོད་མེད། གྲུང་མི་གྲུང་། སྤྱང་མི་སྤྱང་། ཕོ་རྒོད་མོ་རྒོད་ཐམས་ཅད་ད་རེས་ཤེས། ད་རེས་མི་ལུས་རིན་པོ་ཆེ་ཆུད་ཟོས་དང་སྟོང་ལོག་ཏུ་མི་གཏང་བར་དམ་པའི་ཆོས་ཤིག་བྱས་ན། གྲུང་པོ་ཡིན། སྤྱང་པོ་ཡིན། རྒོད་པོ་ཡིན། ད་རེས་ཆོས་བཞིན་མ་མཛད་ན། ཁོག་པ་ན་དོན་སྙིང་མེད་པའམ། སྨྱོ་ཚབས་རང་ཆེ་བ་ཡིན། རང་གིས་རང་བསླུས། རང་གིས་རང་ཕུང་བ་ཡིན་པས། རིན་ཆེན་གླིང་དུ་ཕྱིན་ནས་ལག་སྟོང་དུ་མི་འོང་བ་ལྟར། ད་རེས་ཆོས་ཀྱི་ཡུལ་དབུས་སུ་སྐྱེས་ནས་ཆོས་ཤིག་མཛད་པ་གལ་ཆེ། དེ་ཡང་ག་ལེ་སོས་དལ་བྱས་སང་བྱ་གནངས་བྱའི་ངང་ལ་ཕྱི་བཤོལ་དུ་མི་འཇོག་པར་མྱུར་དུ་བྱེད་དགོས་ཏེ། དེ་ཡི་རྒྱུ་མཚན་རང་རེ་རྣམས་ཀྱིས་ད་རེས་རྙེད་
དཀའི་རྟེན་འདི་ཐོབ་ཏུ་ཟིན་ཀྱང་། ཡུན་རིང་མི་སྡོད་པར་མྱུར་དུ་འཆི་སྟེ། སངས་རྒྱས་ཀྱིས། སྐྱེ་བ་ཡོད་ན་འཆི་བ་ཡོད། །དར་བ་ཡོད་ན་རྒུད་པ་ཡོད། །ལང་ཚོ་དེ་ཡང་མི་རྟག་སྟེ། །དར་བའི་མདོག་ཀྱང་ནད་ཀྱིས་འཕྲོག །འཚོ་བའི་ཚེ་ཡང་འཆི་བས་འཕྲོག །རྟག་པའི་ཆོས་ནི་གང་ཡང་མེད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། སྐྱེས་ནས་འཆི་བར་སྣང་གི་དམ་ཆོས་མྱུར་དུ་སྤྱོད། །འདུས་ནས་འབྲལ་བར་སྣང་གི་སྨོན་ལམ་བཟང་དུ་ཐོབ། །ཡོད་པ་མེད་པར་ཡིན་གྱི་སྦྱིན་པ་མྱུར་དུ་ཐོངས། །ཡང་དག་པ་ཡི་དོན་ལ་གོམས་པར་གྱིས། །ཞེས་དང་། མི་རྟག་བློ་གཏད་མེད་པར་མ་ཤེས་ནས། །ད་དུང་འཁོར་བ་འདི་ལ་ཞེན་ཅིང་ཆགས། །སྐྱིད་འདོད་ངང་ལ་མི་ཚེ་སྡུག་གིས་འདའ། །གཡེང་མ་ལམ་དུ་དལ་འབྱོར་མི་ཚེ་འཛད། །ཅེས་གསུངས་པ་ལྟར། སྐྱེས་ཕན་ཆད་མ་ཤི་བ་ཚེ་ཐར་དུ་ལུས་པའི་སེམས་ཅན་གཅིག་ཀྱང་མེད་ལ། ཡོད་དམ་མེད་དམ་སྙམ་པའི་ཐེ་ཚོམ་གྱི་བློ་འཇུག་པ་ཙམ་ཡང་མི་སྲིད་དེ། མི་རྟག་པའི་ཚོམ་ལས། གང་ཡང་སངས་རྒྱས་རང་སངས་རྒྱས། །སངས་རྒྱས་རྣམས་ཀྱི་ཉན་ཐོས་ཀྱང་། །
སྐུ་ལུས་འདི་ནི་སྤོང་མཛད་ན། །སྐྱེ་བོ་ཕལ་པ་སྨོས་ཅི་དགོས། །ཞེས་དང་། སློབ་དཔོན་རྟ་དབྱངས་ཀྱིས། ས་འམ་འོན་ཏེ་མཐོ་རིས་ན། །སྐྱེས་ནས་གང་ཞིག་མ་ཤི་བ། །འགའ་ཞིག་ཁྱོད་ཀྱིས་མཐོང་བ་འམ། །ཐོས་སམ་འོན་ཏེ་ཐེ་ཚོམ་ཟ། །ཞེས་གསུངས་པ་ལྟར། ཆེ་བ་དགེ་བའི་བཤེས་གཉེན་མན་ཆད་ནས། བཟང་བ་ས་བདག་རྒྱལ་པོ་ཡན་ཆད། ཕྱུག་པོ་འཁོར་ལོས་བསྒྱུར་རྒྱལ་མན་ཆད་ནས། ལྟོག་པ་སྤྲང་སློང་ཡན་ཆད། རྒན་པོ་ལོ་ལོན་བརྒྱད་ཅུ་མན་ཆད་ནས། ཆུང་ངུ་མ་ལས་སྐྱེས་འཕྲལ་ཡན་ཆད་འཆི་བདག་གི་དབང་དུ་མ་སོང་བ་གཅིག་ཀྱང་མེད། དེ་ཡང་རང་རེ་རྣམས་ཀྱིས་ཡུལ་མི་ཁྱིམ་འཚེས་ཕ་སྤུན་གཉེན་ཉེ་རིགས། བླ་མ་མཆེད་གྲོགས། ཕ་མ་སྤུན་ཟླ་བཟའ་ཚང་སྒོ་ཕྱུགས་སོགས་འཆི་བ་བསླེབས་ནས་སོང་བ་ཐམས་ཅད་ཀྱིས་སྡོད་རྩིས་མང་དུ་བྱས་ཀྱང་འདུག་དབང་མ་བྱུང་བ་ཡིན་པས། འོ་སྐོལ་ཐམས་ཅད་དེ་ཡི་རང་བཞིན་ལས་མ་འདས་པས། ས་ཕྱོགས་གང་དུ་བསྡད་ཀྱང་འཆི་བས་མི་ཚུགས་པ་མེད་དེ། མི་རྟག་པའི་ཚོམ་ལས། གང་དུ་གནས་ཀྱང་འཆི་
བས་མི་ཚུགས་པའི། །ས་ཕྱོགས་དེ་ནི་ཡོད་པ་མ་ཡིན་ཏེ། །བར་སྣང་ན་མེད་རྒྱ་མཚོའི་ནང་དུ་མེད། །རི་བོ་རྣམས་ཀྱི་གསེབ་ཏུ་ཞུགས་ནའང་མིན། །ཞེས་གསུངས། འཆི་བདག་ལ་བྲོས་པས་མི་ཐར་ཞིང་། རྫས་སྔགས་སོགས་ཀྱིས་ཟློག་ཏུ་མེད་དེ། རྒྱལ་པོ་ལ་གདམས་པའི་མདོ་ལས། རྒྱལ་པོ་ཆེན་པོ། རྒ་བས་ནི་དར་ལ་བབས་པ་འཇོམས་ཤིང་འོང་། ན་བས་ནི་ནད་མེད་པ་འཇོམས་ཤིང་འོང་། རྒུད་པས་ནི་ཕུན་སུམ་ཚོགས་པ་ཐམས་ཅད་འཇོམས་ཤིང་འོང་། འཆི་བས་ནི་སྲོག་འཇོམས་ཤིང་འོང་སྟེ། དེ་དག་ལས་ནི་མགྱོགས་པས་བྲོས་པའམ། སྟོབས་ཀྱིས་ཟློག་པའམ། ནོར་གྱིས་ཟློག་པའམ། རྫས་དང་སྔགས་དང་སྨན་རྣམས་ཀྱིས་ཞི་བར་སླ་བ་མ་ཡིན་ནོ། །ཞེས་གསུངས་སོ། །ཚེ་ལ་སྣོན་པ་མེད་ཅིང་བྲི་བ་བར་མ་ཆད་དུ་ཡོད་པས། ལྟག་ཆུ་བཅད་པའི་རྫིང་བུའི་མཐིལ་རྡོལ་བ་ལྟར་ཚེ་འཛད། ཉི་མ་ནུབ་ཁའི་གྲིབ་སོ་ལྟར་ཚེ་འགྲིབ། གསོད་སར་འཁྲིད་པའི་སེམས་ཅན་གྱི་གོམ་པ་སྤོས་པ་ལྟར་ལོ་ཟླ་ཞག་དང་། སྔ་དྲོ་ཕྱི་དྲོ་ཙམ་གྱིས་འཆི་བ་ལ་ཐག་ཇེ་ཉེ་ཇེ་ཉེར་འགྲོ་ཚུལ་སོགས་དཔེ་དུ་མའི་སྒོ་ནས་རྒྱལ་བ་
སྲས་བཅས་ཀྱིས་ཡང་ཡང་གསུངས་ཏེ། སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས། ཉིན་མཚན་སྡོད་པ་ཡོང་མེད་པར། །ཚེ་འདི་རྟག་ཏུ་གོད་འགྱུར་ཞིང་། །སྣོན་པ་གུད་ནས་འོང་མེད་ན། །བདག་ལྟ་འཆི་བར་ཅིས་མི་འགྱུར། །ཞེས་དང་། མི་རྟག་སྲིན་བུས་མ་ཟོས་པའི། །འགྲོ་བ་འདི་ནི་འགའ་མ་བྱུང་། །ད་དུང་དེ་བཞིན་ཁོ་ནར་བས། །སེམས་ཁྱོད་ཅིའི་ཕྱིར་དལ་བར་འདུག །ཅེས་དང་། མི་རྟག་པའི་གཏམ་ལས། ལྟག་ཆུ་བཅད་པའི་རྫིང་བཞིན་དུ། །སྣོན་མེད་འབྲིད་པ་དང་བཅས་པ། །ཀུན་ཀྱང་འཆི་བའི་ལམ་ཞུགས་ན། །གློ་བུར་ཚེ་ལ་སུ་ཡིད་རྟོན། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞལ་ནས། སྐྱེས་ནས་སྐད་ཅིག་ཙམ་ཞིག་སྡོད་དབང་ཡང་མེད་པར། །འཆི་བདག་གཤིན་རྗེའི་དྲུང་དུ་འབངས་རྩལ་གྱིས་བརྒྱུགས་པས། །གསོན་པོ་ཟེར་ཡང་འཆི་བའི་ལམ་ཆེན་ལ་ཆས་འདུག །ཉེས་ཅན་གསོད་སར་འཁྲིད་པའི་སྣང་ཚུལ་འདི་སྐྱོ་བ། །ཞེས་དང་། ཚོམ་ལས། དཔེར་ན་ཐག་ནི་བརྐྱངས་པ་ལ། །སྤུན་ནི་གང་དང་གང་བཅུག་པ། །སྤུན་གྱིས་གཏིང་ལ་གཏུགས་
པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །དཔེར་ན་ངེས་པར་གསོད་པ་དག །གོམ་པ་གང་དང་གང་བོར་བ། །གསོད་པའི་དྲུང་དུ་བསྙེགས་པ་ལྟར། །མི་རྣམས་སྲོག་ཀྱང་དེ་བཞིན་ནོ། །ཆུ་ཀླུང་དྲག་ཏུ་འབབ་པའི་རྒྱུན། །ལྡོག་པ་མེད་པ་ཇི་ལྟ་བར། །དེ་བཞིན་མི་ཡི་ཚེ་འགྲོ་བ། །སླར་ནི་ལྡོག་པར་འགྱུར་བ་མེད། །ཅེས་དང་། །དཔེར་ན་ཕྱུགས་རྫི་དབྱུག་ཐོགས་ཀྱིས། །ཕྱུགས་རྣམས་རང་གནས་ཕྱིན་བྱེད་ལྟར། །དེ་བཞིན་ན་དང་རྒ་བ་ཡིས། །མི་རྣམས་འཆི་བདག་དྲུང་དུ་སྐྱེལ། །ཞེས་དང་། །བྱང་ཆུབ་སེམས་དཔའི་སྡེ་སྣོད་ལས། །རྩྭ་མཆོག་ཁ་ཡི་ཟིལ་པའི་ཐིག །ཉི་མ་ཡོངས་སུ་བབས་པ་ན། །ཡུད་ཙམ་ཞིག་གིས་མེད་པ་བཞིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཇི་ལྟར་ཤིང་གི་ཡལ་ག་ཡི། །ལོ་མ་མེ་ཏོག་འབྲས་བུ་རྣམས། །ཐམས་ཅད་ལྟུང་བའི་ཆོས་ཉིད་བཞིན། །མི་རྣམས་ཚེ་ཡང་དེ་བཞིན་ནོ། །ཞེས་དང་། ལྗོང་ཤིང་གིས་མདོ་ལས། བྱིས་པ་གཞོན་ནུའི་བསམ་པ་ལ། །གཞོན་ནུ་རྟག་པར་འདུག་སྙམ་སྟེ། །བྱིས་པ་གཞོན་ནུ་ཡོངས་མི་རྟག །ཞག་ཟླ་ཟད་ཀྱིས་རྒས་ལ་ཉེ། །གསོད་སར་འཁྲིད་པའི་བཙོན་
བཞིན་དུ། །གོམ་རེ་བོར་ཞིང་འཆི་ལ་ཉེ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། ཇི་ལྟར་ཆར་པའི་ཚོགས་ཆེན་བབས་པ་ན། །ཆུ་ཡི་ཆུ་བུར་དག་ཀྱང་ཐ་དད་འབྱུང་། །བྱུང་ནས་ཞིག་སྟེ་ཆུ་ཡི་ཆུ་བུར་མེད། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཞེས་དང་། རྒྱ་ཆེར་རོལ་པ་ལས། སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་དང་འདྲ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་དང་། མྱ་ངན་མེད་པའི་གླིང་གི་གཏམ་རྒྱུད་ལས། །དཔེར་ན་ལྗོང་ཤིང་ཕུང་པོ་ལ། །བྱ་བྱིའི་མང་པོས་གནས་བཅས་ཏེ། །སྲོད་ལ་ཚོགས་ཤིང་ཐོ་རངས་གྱེས། །ཆོས་རྣམས་མི་རྟག་དེ་དང་འདྲ། །ཞེས་དང་། རྗེ་བཙུན་མི་ལའི་ཞལ་ནས། སྒྱུ་མ་ལུས་ཀྱི་ཁང་རུལ་ལ། །ལོ་དང་ཟླ་བའི་ཐིག་པས་བརྡུང་། །ཞག་དང་ཟ་མའི་ཆར་པ་བབས། །སྒྱུ་ལུས་ཀྱི་ཁང་རུལ་འཇིག་ལས་ཆེ། །འཆི་བྲོད་ཀྱི་ཐིགས་ཚགས་བྱེད་རེ་རན། །ཞེས་དང་། ཀློང་ཆེན་རབ་འབྱམས་པས། འཆི་བདག་ནུབ་ཀའི་གྲིབ་
མ་འདྲ། །སྐད་ཅིག་མི་སྡོད་ཚུར་ཚུར་འོང་། །ད་རེས་འཆི་མེད་གཉུག་མའི་དོན། །བདེ་ཆེན་བཙན་ས་བཟུང་ན་ལེགས། །ཞེས་དང་། བུ་མོ་ས་ལེ་འོད་ཀྱིས། ཚེ་སྔོན་བསོད་ནམས་བསགས་པའི་མཐུས། །དུས་ལན་གཅིག་ཐོབ་པའི་མི་ལུས་འདི། །ལོ་དང་ཟླ་བས་རྒྱབ་ནས་དེད། །ཞག་དང་ཟ་མས་མདུན་ནས་འཁྲིད། །སྐད་ཅིག་རེའི་ཀྱང་འཆི་ལ་ཉེ། །ལུས་སྡོང་རུལ་འདྲ་སྟེ་འགྱེལ་འོང་སྙམ། །དབུགས་ན་བུན་འདྲ་སྟེ་ཡལ་ལ་ཁད། །སེམས་བསམ་མནོ་བཏང་བས་བློ་མ་བདེ། །ཡིད་ཡང་ཡང་འགྱུས་པས་གཉིད་མ་ཁུག །ཅེས་དང་། བུ་མོ་དཔལ་འབྱུང་གིས། ལང་ཚོ་རྒྱས་པའི་དཀྱིལ་འཁོར་ལ། །འཛུམ་ཞིང་སྒེག་པའི་རི་དྭགས་མཛེས། །སྣ་ཚོགས་རྒྱན་གྱི་ཟེར་འཕྲོ་ཡང་། །འཆི་བདག་སྒྲ་གཅན་འོང་མོད་ཀྱི། །འཆི་བདག་འགལ་མེའི་འཁོར་ལོ་ལྟར། །རྒྱུན་དུ་འཁོར་མོད་ཅི་ལྟར་བྱ། །ཞེས་དང་། བུ་མོ་བདུན་གྱི་རྟོགས་བརྗོད་ལས། འདོར་བར་འགྱུར་བའི་ལུས་སྲོག་ལ། །ཆུ་དང་རྩྭ་ཡི་ཟིལ་ལྟར་ལྟོས། །ཞེས་དང་། སྐུ་གསུམ་དོན་ཐུགས་ལས། ཀྱེ་མ་ཀྱེ་མ་མི་རྟག་འཇིག་པའི་རྒྱུ། །ཆུ་ཡི་ལྦུ་བ་སྡོམ་གྱི་
བ་ཐག་དང་། །སྒྱུ་མའི་མཁར་དཔེ་དྲི་ཟའི་གྲོང་ཁྱེར་བཞིན། །ཐམས་ཅད་མི་རྟག་འཇིག་པའི་ཆོས་ཅན་ཏེ། །ཞེས་དང་། རྗེ་བཙུན་འཇམ་དབྱངས་རྒྱ་མཚོས། །དཔེར་ན་སྣ་ཚོགས་འདུས་པའི་མགྲོན་ཁང་དུ། །མགྲོན་པོ་མང་པོ་ཚོགས་ཤིང་སོ་སོར་གྱེས། །མཇུག་ཏུ་གཅིག་ཀྱང་མི་སྡོད་འགྲོ་བ་ལྟར། །མཛའ་བཤེས་གཉེན་གྲོགས་མི་རྟག་དེ་དང་འདྲ། །ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། །ཚེ་སྲོག་འདི་སྣུམ་ཟད་མར་མེ་འདྲ། །བརྟན་བརྟན་འདྲ་འདུག་ཀྱང་མྱུར་དུ་འཇིག །ལང་ཚོ་འདི་མེ་ཏོག་མགུལ་རྒྱན་བཞིན། །ཡུན་རིང་དུ་མི་གནས་ཉམས་པར་འགྱུར། །སྟོབས་འབྱོར་འདི་ཆུ་ཡི་ཆུ་བུར་འདྲ། །སྐད་ཅིག་གིས་མི་རྟག་འགྱུར་བའི་ཆོས། །ཞེས་པ་ལ་སོགས་རྒྱ་ཆེར་གསུངས་སོ། །མདོར་ན་ཚེ་སྟོན་ཀའི་ན་བུན་ལས་ཀྱང་ཡུན་ཐུང་། མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་ལས་ཀྱང་གྱེས་སླ། འཆི་བདག་བདུད་པོ་ཁོ་དགོང་ཁའི་གྲིབ་སོ་བས་ཀྱང་མགྱོགས་པར་འོང་སྟེ། ཞེ་རེ་འཇིགས། སློབ་དཔོན་ཆེན་པོའི་ཞལ་ནས། ཚེ་ནི་མི་རྟག་སྟོན་ཀའི་སྤྲིན་དང་
འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །འཆི་བདག་བདུད་ནི་དགོང་ཁའི་གྲིབ་སོ་འདྲ། །ཞེས་གསུངས། གསོན་པའི་ཚེ་ཡང་། ཚེ་ཕྱེད་གཉིད་ལ་ཟད། ཕྱེད་ལ་ཆུང་དུས་ཆོས་མི་དྲན། རྒ་དུས་མི་ནུས། གཞོན་དུས་དགྲ་འདུལ་གཉེན་སྐྱོང་། བཟའ་བཏུང་ལོང་གཏམ་སོགས་ཀྱི་དབང་དུ་སོང་ནས། ཆོས་བྱ་ལོང་མེད་པར་ངེས་པར་འཆི་སྟེ། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས། འདི་ན་མི་རྣམས་ཚེ་ནི་མཆོག་ཏུ་རིང་ཡང་ལོ་བརྒྱ་ཁོ་ནར་ཟད། །དེ་ལས་ཀྱང་ནི་དང་པོ་བྱིས་པ་ཐ་མ་རྒས་པས་དོན་མེད་བྱེད། །གཉིད་དང་ནད་སོགས་དག་གིས་དེ་དུས་མེད་པར་ཀུན་ནས་རེ་བ་འཇོམས། །བདེ་བར་གནས་པའི་མི་ནང་འགྲོ་བའི་ཚེ་ནི་ལྷག་མ་ཅི་ཙམ་ཡོད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཡུན་ཐུང་ཚེ་ཡི་ཕྱེད་ཙམ་གཏི་མུག་གཉིད། ཕྱེད་ཀྱང་སུམ་གཉིས་རྣམ་གཡེང་འདུ་འཛི་སྟེ། །སུམ་ཆ་གཅིག་ལ་བར་ཆད་རྐྱེན་དབང་མང་། །དེ་ཕྱིར་འདུ་བྱེད་སྟོན་ཀའི་སྤྲིན་བཞིན་གཡོ། །ལང་ཚོ་ལྡན་པའི་ལུས་ཀྱང་མྱུར་དུ་འཇིག །དེ་ཚེ་ཕན་པའི་ཐབས་ལ་བརྩོན་པ་གཅེས། ཞེས་དང་། འཆད་ཀ་བའི་
ཞལ་ནས་ཀྱང་། །ལོ་དྲུག་ཅུ་ལ་ལྟོ་རྒྱབ་དང་གཉིད་དང་ན་ཚས་བཅད་པའི་ཤུལ་ན། ཆོས་སུ་འགྲོ་བ་ལོ་ལྔ་ཡང་མེད་གསུངས། དེས་ན་འཆི་བའི་དགྲ་འདི་དགག་ཏུ་མེད་པར་ངེས་པར་མྱུར་དུ་འོང་ན་ཅིའི་ཕྱིར་ཚེ་འདིའི་བློ་བྲིད་ལ་དགའ་སྙམ་དུ་བསམ་སྟེ། གང་ལ་མ་ཆགས་པར་ཆོས་བྱེད་པ་ལ་བློ་ཐག་རྦད་ཀྱིས་བཅད་ནས་ཆོས་བྱེད་དགོས་ཏེ། ཀ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་བརྩེ་བ་མེད་པ་ཅན། །སྐྱེས་ཚད་དོན་མེད་གསོད་འགྱུར་བ། །གསོད་པ་མངོན་དུ་འོང་བཞིན་དུ། །མཁས་པ་སུ་ཞིག་བག་ཡངས་སྤྱོད། །དེའི་སླད་དཔའ་ཆེན་བཟོད་མེད་དེ། །མདའ་ནི་མི་ཟད་འཆོར་མེད་པ། །དེ་ནི་ཇི་སྲིད་མ་འཕངས་པ། །དེ་སྲིད་རང་གི་དོན་ལ་འབད། །ཅེས་དང་། ཇོ་བོ་རྗེའི་ཞལ་ནས། ཚེ་འདི་ཡུན་ཐུང་ཤེས་བྱ་རྣམ་པ་མང་། །ཚེ་ཡི་ཚད་ནི་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་གྱིས། །ཞེས་གསུངས། དེ་ཡང་ནམ་ཞིག་འཆི་བ་འོང་བ་ཀུན་གྱིས་གོ་ཤེས་ཀྱང་། ང་ད་རུང་མི་འཆི་ད་རུང་འདུག་སྙམ་རྒན་རྒོན་བླ་རྒན་རྣམས་
ཀྱིས་ཀྱང་བློས་མི་འཆི་བའི་ཕྱོགས་བཟུང་ནས། ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་སོ་ནམ་བྱས་བྱས། ཆོས་གང་ཡང་མ་བྱས་པའི་བར་དེར་འཆི་བདག་གིས་བཙིར་གྱིས་བཟུང་དུས། ཨ་ཧོ་ཆོས་ཤིག་བྱེད་མ་ཐུབ་ཟེར་སྨྲེ་སྔགས་མྱ་ངན་དང་བཅས་འཆི་དགོས་པས་ན། བློ་ངན་དེ་འགོག་པ་ལ་ནམ་འཆི་ཆ་མེད་འདི་བསྒོམ་པ་གལ་ཆེ། དཔེར་ན་རང་ལ་གནོད་པ་དྲག་པོ་བྱེད་པའི་དགྲ་མ་རུངས་པ་ཞིག་ལོ་གཅིག་གི་བར་ལ་འོང་བར་ཐག་ཆོད་ལ། ཞག་གང་ལ་འོང་བར་མ་ཤེས་ན། ཞག་རེ་རེ་ནས་དེའི་དོགས་ཟོན་བྱས་ནས་གོ་མཚོན་གསོག་པ་ལྟར། འཆི་བ་ལོ་བརྒྱད་ཅུ་ཚུན་ལ་འོང་བར་ཐག་ཆོད་ལ། དེའི་བར་གྱི་ཞག་གང་ལ་འོང་མ་ངེས་པས། ཉིན་རེ་བཞིན་འཆི་བྲོད་དམ་པའི་ལྷ་ཆོས་བྱེད་དགོས་ཏེ། དེ་ཡི་རྒྱུ་མཚན། གླིང་གཞན་དང་འགྲོ་བ་གཞན་གྱི་ཚེ་ལ་ངེས་པ་ཡོད་ཀྱང་། ལྷོ་འཛམ་བུ་གླིང་གི་མི་རྣམས་ཀྱི་ཚེ་ལ། དང་པོ་ཚེ་ལོ་དཔག་མེད་ཐུབ་པ་ནས་བཟུང་། ཐ་མ་ཚེ་ལོ་བཅུ་པ་ལ་ཐུག་གི་བར་དུ་ངེས་པ་ཅི་ཡང་མ་མཆིས་ཏེ། མཛོད་ལས། འདི་ན་མ་ངེས་ཐ་མར་ནི། །ལོ་བཅུ་དང་པོ་དཔག་ཏུ་མེད། །ཅེས་གསུངས་པས་ན།
དེ་རིང་ཙམ་ཡང་མི་འཆི་བའི་བློ་གཏད་མེད་དེ། །སྤྱོད་འཇུག་ལས། དེ་རིང་ཁོ་ན་མི་འཆི་ཞེས། བདེ་བར་འདུག་པ་རིག་མ་ཡིན། །ཞེས་དང་། སྐུ་གསུམ་དོན་ཐུགས་ལས། སང་དགོང་དོ་ནུབ་འཆི་འམ་མི་ཤེས་པས། །ཕྱི་ཚིས་བློ་སྣ་མང་པོས་ཅི་ཞིག་བྱ། །ཞེས་དང་། ཚོམ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །སང་གི་རྩིས་ལ་མི་འབད་པར། །ཕྱི་མའི་དོན་ལ་འབད་པར་རིགས། །ཞེས་དང་། སྔ་དྲོ་སྐྱེ་བོ་མང་མཐོང་བ། །ཕྱི་དྲོ་ཁ་ཅིག་མཐོང་མི་འགྱུར། །ཕྱི་དྲོ་སྐྱེ་བོ་མང་མཐོང་བ། །སྔ་དྲོ་ཁ་ཅིག་མཐོང་མི་འགྱུར། །ཞེས་དང་། སྐྱེས་པ་བུད་མེད་མང་པོ་དང་། །དར་ལ་བབ་པ་འཆི་འགྱུར་ན། །དེ་ལ་མི་འདི་གཞོན་ཞེས་ཏེ། །གསོན་པའི་གདེངས་བྲོད་ཅི་ཞིག་ཡོད། །ཅེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། ནར་སོན་པའི་ཕ་མས་རང་གི་བུ། །སྐྱེས་ཙམ་ནས་དུར་དུ་སྦ་བར་སྣང་། །དེ་མཐོང་ནས་བདག་ཀྱང་གཞོན་ནོ་ཞེས། །འཆི་བདག་ལ་བཤོལ་འདེབས་རེ་བ་ཆད། །དུས་ད་ནང་དགྲ་འདུལ་གཉེན་སྐྱོང་གི །གྲོས་བྱེད་དུས་ལུས་བདེ་
སེམས་ཀྱང་རྒོད། །དགུང་སྲོད་ལ་བབ་དུས་དུར་ཁྲོད་དུ། །ལུས་བྱ་ཁྱིས་ཟ་བ་ཅང་བདེན་ནམ། །ཞེས་གསུངས་པ་ལྟར། །དེ་རིང་ཁ་བཀྲག་ཡལ་ལེ་བའི་མི། །འཆི་བ་ཞིག་འོང་སྙམ་པ་མེད་པ་རྣམས་ཀྱང་། སང་གནངས་ལྟ་བུ་ཤི་བ་མང་བས། དེས་ན་འབྱུང་བཞི་འདུས་པའི་ལུས་འདི་མི་འཇིག་སྙམ་པའི་བློ་གཏད་ཟན་རྡོག་གཅིག་ཟ་བའི་ཡུན་ཙམ་ཡང་མེད། དབུགས་རླངས་པ་ཙམ། དྲོད་མེ་སྟག་ཙམ་པ་འདི་སྐད་ཅིག་ལ་འཆད་ཉེན་ཡོད། ནད་བཞི་བརྒྱ་རྩ་བཞི་གདོན་སྟོང་ཕྲག་བརྒྱད་ཅུ་སོགས་འཆི་བའི་རྐྱེན་བྱེད་པ་གྲངས་མེད་དེ། སྐུ་གསུམ་དོན་ཐུགས་ལས། འཆི་བའི་རྐྱེན་ནི་བཞི་བརྒྱ་རྩ་བཞིའི་ནད། །སྟོང་ཕྲག་བརྒྱད་བཅུ་དུས་མིན་རྣམ་བརྒྱད་སོགས། །མ་ངེས་འཆི་བའི་རྐྱེན་མང་ཨ་ཙ་མ། །ཞེས་དང་། ཇོ་བོ་རྗེའི་ཞལ་ནས། ཐ་མའི་དུས་སུ་གྱུར་པ་ན། །ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིང་སྡོད་པའི་མཐུ་མེད་པས། །ཞེས་དང་། སློབ་སྦྲིངས་ལས། མར་མེ་མེ་ལྕེ་ཤུགས་དྲག་རླུང་གིས་བསྐྱོད་པ་ལྟའི། །ཚེ་ནི་སྐད་ཅིག་གནས་པའི་གདེངས་ཡང་ཡོད་མ་ཡིན། །ཞེས་
དང་། རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །ཞེས་དང་། བཤེས་སྤྲིངས་ལས། ཚེ་འདི་གནོད་མང་རླུང་གིས་བཏབ་པ་བཞིན། །ཆུ་ཡི་ཆུ་བུར་བས་ཀྱང་མི་རྟག་ན། །དབུགས་རྔུབ་དབུགས་དབྱུང་གཉིད་ཀྱིས་ལོག་པ་ལས། །སད་ཁོམ་གང་ལགས་དེ་ནི་ངོ་མཚར་ཆེ། །ཞེས་གསུངས། གསོན་པའི་རྐྱེན་ནི་ཟས་གོས་སོགས་ཡིན་ཀྱང་། ཟས་གོས་སྒྲུབ་ཕྱིར་འཆི་བ། བྱིས་པ་གོས་ཀྱིས་བསུབས་པ། ཟས་མ་ཞུ་བ། སྨན་ལོག་པར་སོང་བ། གནས་ཁང་བརྡིབ་པ། མཛའ་བོས་བསླུས་པ་སོགས་ཕྱིའི་འཆི་རྐྱེན་དུ་འགྱུར་བ་མང་བས་ན། གསོན་རྐྱེན་ཉུང་སྟེ། རིན་ཆེན་ཕྲེང་བ་ལས། འཆི་བའི་རྐྱེན་ནི་མང་བ་སྟེ། །གསོན་པའི་རྐྱེན་ནི་ཉུང་ཟད་ཅིག །དེ་དག་རྣམས་ཀྱང་འཆི་བས་ན། །དེ་བས་རྟག་ཏུ་ཆོས་མཛོད་ཅིག །ཅེས་གསུངས། ལུས་ཆུའི་ལྦུ་བ་ལྟར་ཤིན་ཏུ་ཉམ་ཆུང་བས་ན། གནོད་པ་ཆེན་པོ་མི་དགོས་པར། ཚེར་མ་ཟུག་པ་ལྟ་བུའི་གནོད་པ་ལ་སྙད་གཏགས་ནས་ཀྱང་སྲོག་འཇིག་པར་འགྱུར་བས་ན། འཆི་རྐྱེན་ཐམས་ཅད་
ཀྱིས་འཇིག་པར་སླ་བ་ཡིན་ཏེ། བཤེས་སྤྲིངས་ལས། ས་དང་ལྷུན་པོ་རྒྱ་མཚོ་ཉི་མ་བདུན། །འབར་བས་བསྲེགས་པའི་ལུས་ཅན་འདི་དག་ཀྱང་། །ཐལ་བ་ཡང་ནི་ལུས་པར་མི་འགྱུར་ན། །ཤིན་ཏུ་ཉམ་ཆུང་མི་ལྟ་སྨོས་ཅི་འཚལ། ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། ལུས་ཤ་ཁྲག་པགས་པས་གཡོགས་པ་འདི། འཇིག་ངེས་པ་ཆུ་ཡི་ལྦུ་བ་འདྲ། །ཞེས་གསུངས། །དེས་ན་འཆི་བདག་གིས་ལུས་སྲོག་ནམ་འཇོམས་ངེས་པ་མེད་པས་ན། ལོང་ཡོད་མི་བྱ་བར་ད་ལྟ་ཉིད་དུ་ཆོས་བྱ་སྙམ་དུ་ཐག་བཅད་ནས་བྱ་དགོས་ཏེ། ཀ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་སུ་དང་མི་བཤེས་པས། །གློ་བུར་དག་ཏུ་འབབ་འགྱུར་བས། །སང་དག་བྱ་ཞེས་མ་བཞེས་པ། །དམ་པའི་ཆོས་ལ་བསྙུར་ཏེ་མཛོད། །ཅེས་དང་། རྗེ་རིན་པོ་ཆེས། རྙེད་དཀའ་འཇིག་སླ་ནམ་མཁའི་གློག་དང་འདྲ། །ཚུལ་འདི་བསམས་ནས་འཇིག་རྟེན་བྱ་བ་ཀུན། །སྤུན་པ་འཕྱར་བ་བཞིན་དུ་རྟོགས་གྱུར་ནས། །ཉིན་མཚན་ཀུན་ཏུ་སྙིང་པོ་ལེན་པ་དགོས། །ཞེས་དང་། གྲུབ་ཆེན་མི་ཏྲ་ཛོ་ཀའི་ཞལ་ནས། ས་བདག་ཇི་ལྟར་གཡར་པོའི་ལུས། །ནད་མེད་རྒུད་མེད་
བདེར་གནས་པ། །དེ་ཉིད་ཚེ་ན་སྙིང་པོ་བླངས། །ན་འཆིའི་རྒུད་པས་འཇིགས་མེད་གྱིས། །ཞེས་གསུངས། །འཆི་བ་ཟེར་བ་ཡོངས་ལ་འབྲུག་བཞིན་གྲགས་པ། འཆི་བདག་བཟློག་མེད་ཐོག་དང་འདྲ་བ་སྟེ་གློ་བུར་ཐོག་ཏུ་བབ་ཚེ། ཆོས་མ་གཏོགས་གཞན་གང་གིས་ཀྱང་ཕན་པ་མེད་དེ། ཕ་དང་མ་དྲིན་ཅན་བུ་དང་ཆུང་མ་གཟུགས་མཛེས། གྲྭ་རོགས་གྲོགས་མཆེད་ཐུགས་མཐུན་ཉིན་གཅིག་འབྲལ་གླགས་མི་ཕོད་པ་མང་པོས་མཐའ་བསྐོར་ནས་བསྡད་ཀྱང་ཡུད་ཙམ་འགྲོགས་དབང་དང་གཅིག་ཙམ་འཁྲིད་དབང་མེད་དེ། འཇམ་དཔལ་རྣམ་པར་རོལ་པ་ལས། །ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ཀྱང་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ། །ཞེས་དང་། སློབ་དཔོན་ཞི་བ་ལྷའི་ཞལ་ནས། སྐྱེས་ན་གཅིག་པུར་སྐྱེ་འགྱུར་ཞིང་། །འཆི་ན་དེ་ཉིད་གཅིག་འཆི་སྟེ། །སྡུག་བསྔལ་སྐལ་གཞན་མི་ལེན་ན། །གེགས་བྱེད་མཛའ་བས་ཅི་ཞིག་བྱ། །ཞེས་གསུངས། བརྩིགས་པའི་ཁང་ཁྱིམ། བསགས་པའི་ནོར་རྫས་ཇི་སྙེད་ཡོད་ཀྱང་།
རྡུལ་ཕྲན་ཙམ་ཞིག་འཁྱེར་དུ་མེད། ཨོ་རྒྱན་རིན་པོ་ཆེས། ཟས་ནོར་གྲོ་ཟན་གཅིག་དང་འགྲོགས་དབང་མེད། །མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ། །ཞེས་དང་། ཞང་གཡུ་བྲག་འགྲོ་མགོན་རིན་པོ་ཆེའི་ཞལ་ནས། བླ་མ་འདས་གྲོང་ཟེར་ཙ་ན། །འབྲལ་མི་ཕོད་པའི་ཕུན་ཚོགས་དེ། །རང་དབང་མེད་པར་ལིངས་ཀྱིས་བོར། །རྨི་ལམ་བཞིན་དུ་ཕྱོད་ཀྱིས་སོང་། ཞེས་གསུངས། ཐ་ན་ཟས་དང་གོས་ཀྱིས་གཅེས་པར་བསྐྱངས་པའི་ལྷན་ཅིག་སྐྱེས་པའི་ཤ་རུས་ཀྱང་མལ་དུ་བསྐྱུར་ནས་འགྲོ་དགོས་ཏེ། སློབ་དཔོན་ཞི་བ་ལྷས། ལུས་འདི་གཅིག་པུ་བྱུང་བ་ཡང་། །ལྷན་ཅིག་སྐྱེས་པའི་ཤ་རུས་དག །ཞིག་སྟེ་སོ་སོར་གྱེས་འགྱུར་ན། །འཛའ་བ་གཞན་དག་ཅི་ཞིག་སྨོས། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོས། ཁུ་ཁྲག་གཞན་གྱི་རྫས་ལ། །བདག་བཟུང་ལུས་འདི་འཆོར་ཡང་། །ནམ་ཞིག་མི་གཙང་རྫས་བཞིན། །འབྲེལ་མེད་འདོར་བར་འགྱུར་བས། །ཞེས་གསུངས། དེས་ན་འཆི་བའི་ཚེ་ཆོས་མ་གཏོགས་གང་གིས་ཀྱང་མི་ཕན་པར་འདུག་སྟེ་འཇིག་རྟེན་ཕུན་ཚོགས་རྣམས་ཀྱིས་བདག་འདོར། བདག་གིས་
ཀྱང་འདི་རྣམས་འདོར་ནམ་འདོར་ཆ་མི་འདུག །ད་ནི་དོན་མེད་ཚེ་འདིའི་བྱ་བ་ཡུན་རིང་སྡོད་ཤོམས་བྱེད་པའི་བློ་རྒྱ་ཐམས་ཅད་ཆམ་གྱིས་བསྐྱུར་ནས། །ད་ལྟ་ཉིད་དུ་མྱུར་བ་མྱུར་དུ་འཆི་བྲོད་ཚགས་སུ་ཚུད་པའི་ཆོས་རྣམ་དག་གང་ཞིག་མི་བྱེད་པར་སྡོད་རེ་ཤི་སྙམ་དུ། དམ་པའི་ལྷ་ཆོས་བྱེད་པ་ལ་བློ་ཐག་རྦད་ཀྱིས་བཅད་ནས་ཆོས་ཁོ་ན་བྱེད་དགོས་ཏེ། ཀ་ནི་ཀའི་སྤྲིངས་ཡིག་ལས། འཆི་བདག་གི་ནི་དྲངས་པ་ན། །དགེ་དང་སྡིག་པ་མ་གཏོགས་པར། །འགྲོ་བ་ཐམས་ཅད་ཕྱིར་ལོག་ནས། །འགའ་ཡང་ཁྱོད་རྗེས་མི་འབྲང་བ། །མཁྱེན་པར་མཛོད་ལ་ལེགས་པར་སྤྱོད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། འཆི་བ་འོང་སྙམ་མེད་པའི་བློ་རིང་པོས། །དོན་མེད་ཚེ་འདིའི་བྱ་བ་སྒྲུབ་བསྒྲུབས་ནས། །ད་རེས་སྟོང་ལོག་བྱས་ན་འདུན་མ་འཁྲུལ། །དགོས་ངོ་ཤེས་པ་དམ་པའི་ཆོས་ཡིན་པས། །ད་ལྟ་ཉིད་དུ་ལྷ་ཆོས་མི་བྱེད་དམ། །དྲིན་ཅན་བླ་མའི་ཞལ་ནས་འདི་སྐད་གསུངས། བླ་མའི་གདམས་ངག་སེམས་ལ་མ་བཞག་ན། རང་གིས་རང་ཉིད་བསླུས་པར་མི་འགྱུར་རམ། །ཞེས་གསུངས་པ་
ལྟར་ད་རེས་གཏན་དུ་བདེ་བའི་བཙན་ས་ཟིན་པ་ཞིག་ཅི་ནས་ཀྱང་བྱེད་དགོས། མ་བྱས་ན་ཤི་བའི་འོག་ཏུ་རྩ་ཕུང་མེས་བསྲེགས་པ་ལྟར་རྒྱུན་ཆད་ནས་མི་འགྲོ། སྐྱེ་བ་ཞིག་ལེན་དགོས། སྐྱེ་བ་ལེན་པ་དེ་ཡང་ལས་ལ་རག་ལས་པས། འཁོར་བར་འཕེན་བྱེད་ཀྱི་ལས་དང་ཉོན་མོངས་པའི་དབང་གིས་འཁོར་བའི་གནས་འདིར་སྐྱེས་ཕྱིན་ཆད་སྡུག་བསྔལ་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་དེ། འཁོར་བའི་སེམས་ཅན་སྤྱི་ལ་སྐྱེ་བའི་སྡུག་བསྔལ། རྒ་བའི་སྡུག་བསྔལ། ན་བའི་སྡུག་བསྔལ། འཆི་བའི་སྡུག་བསྔལ། དགྲ་མི་སྡུག་པ་དང་འཕྲད་པའི་སྡུག་བསྔལ། གཉེན་སྡུག་པ་དང་བྲལ་བའི་སྡུག་བསྔལ། འདོད་པ་བཙལ་ན་མི་རྙེད་པའི་སྡུག་བསྔལ། ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་དུ་གྲུབ་པའི་སྡུག་བསྔལ། དགྲ་གཉེན་ལ་ངེས་པ་མེད་པའི་སྡུག་བསྔལ། འཁོར་བའི་ཕུན་ཚོགས་ཇི་ཙམ་སྤྱད་ཀྱང་མི་ངོམས་པའི་སྡུག་བསྔལ། ལུས་ཡང་དང་ཡང་དུ་འདོར་བའི་སྡུག་བསྔལ། ཡང་ནས་ཡང་དུ་ཉིང་མཚམས་སྦྱོར་དགོས་པའི་སྡུག་བསྔལ། ཡང་ནས་ཡང་དུ་མཐོ་དམན་དུ་འགྱུར་བའི་སྡུག་བསྔལ།
གྲོགས་ལ་ཡིད་བརྟན་མེད་པའི་སྡུག་བསྔལ། སྡུག་བསྔལ་གྱི་སྡུག་བསྔལ། འགྱུར་བའི་སྡུག་བསྔལ། འདུ་བྱེད་ཀྱི་སྡུག་བསྔལ་སོགས་སྡུག་བསྔལ་དུ་མས་དུས་རྟག་ཏུ་མནར་བ་ཡིན་ཏེ། བཤེས་སྤྲིངས་ལས། བདེ་བ་འདོད་པས་ཕོངས་དང་འཆི་བ་དང་། །ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་འདི་ལ་སྐྱོ་མཛད་ཅིང་། །ཞེས་དང་། འཁོར་བ་དེ་འདྲ་ལགས་པས་ལྷ་མི་དང་། དམྱལ་བ་ཡི་དྭགས་དུད་འགྲོ་རྣམས་དག་ཏུ། །སྐྱེ་བ་བཟང་པོ་མ་ལགས་སྐྱེ་བ་ནི། །གནོད་པ་དུ་མས་གནོད་གྱུར་ལེགས་མཁྱེན་མཛོད། །ཅེས་གསུངས། བྱེ་བྲག་དམྱལ་བ་ལ་ཚ་གྲང་གི་སྡུག་བསྔལ་དཔག་ཏུ་མེད་དེ། བཤེས་སྤྲིངས་ལས། སྡིག་ཅན་དབུགས་འབྱུང་འགག་པ་ཙམ་ཞིག་གི །དུས་ཀྱིས་བར་དུ་ཆོད་རྣམས་དམྱལ་བ་ཡི། །སྡུག་བསྔལ་གཞལ་ཡས་ཐོས་ནས་རྣམ་སྟོང་དུ། །མི་འཇིགས་གང་ལགས་རྡོ་རྗེའི་རང་བཞིན་ནི། །དམྱལ་བ་བྲིས་པ་མཐོང་དང་ཐོས་པ་དང་། །དྲན་དང་བཀླག་དང་གཟུགས་སུ་བགྱིས་རྣམས་ཀྱང་། །འཇིགས་པ་བསྐྱེད་པར་འགྱུར་ན་མི་བཟད་པའི། །རྣམ་སྨིན་
ཉམས་སུ་མྱོང་ན་སྨོས་ཅི་འཚལ། །ཞེས་དང་། འདི་ན་ཉིན་གཅིག་མདུང་ཐུང་སུམ་བརྒྱ་ཡིས། །རབ་ཏུ་དྲག་བཏབ་སྡུག་བསྔལ་གང་ལགས་པ། །དེས་ནི་དམྱལ་བའི་སྡུག་བསྔལ་ཆུང་ངུ་ལའང་། །འོལ་ཡང་མི་ཕྱིན་ཆར་ཡང་མི་ཕོད་དོ། །ཞེས་དང་། སློབ་སྤྲིངས་ལས། ལྷག་པ་དཔེ་མེད་རུས་པ་ལ་ཡང་ཐང་བ་ཡི། །ལུས་སྦྲེབས་འདར་ཞིང་རྒུར་ནས་གུམ་གུམ་པོར་འདུག་པ། །ཆུ་ལྦུར་བརྒྱ་འབྱུང་རྡོལ་བ་ལས་སྐྱེས་སྲོག་ཆགས་ཀྱིས། །ཟོས་ཤིང་འབྲད་ནས་ཞག་དང་ཆུ་སེར་རྐང་བཅས་འཛག །དཀོས་ཐག་སོ་ཐམ་སྐྲ་དང་སྤུ་རྣམས་གཡེངས་འགྱུར་བ། །མིག་དང་རྣ་བ་ལྐོག་མ་གནོད་པས་ཀུན་གཟིར་ཞིང་། །ལུས་དང་སེམས་ཀྱི་བར་དག་རབ་ཏུ་སློང་གྱུར་ནས། །གྲང་བའི་དམྱལ་བར་གནས་ཤིང་ཤིན་ཏུ་འོ་དོད་འབོད། །ཅེས་དང་། སྐྱེས་རབས་ལས། མེད་པར་བལྟ་བ་ཚེ་རབས་ཕྱི་མ་ལ། །གནས་པ་དེ་ན་མུན་ནག་རླུང་གྲང་ལྡང་། །དེས་ནི་རུས་པའང་འཇིག་པའི་ནད་སློང་ན། །བདག་ལ་ཕན་འདོད་སུ་ཞིག་དེ་རུ་འཇུག །ཅེས་གསུངས། ཡི་དྭགས་བཀྲེས་སྐོམ་གྲང་དྲོ་ངལ་དུབ་འཇིགས་སྐྲག་གི་སྡུག་བསྔལ་དཔག་ཏུ་
མེད་དེ། བཤེས་སྤྲིངས་ལས། ཡི་དྭགས་ན་ཡང་འདོད་པས་ཕོངས་པ་ཡིས། །བསྐྱེད་པའི་སྡུག་བསྔལ་རྒྱུན་ཆགས་མི་འཆོས་པ། །བཀྲེས་སྐོམ་གྲང་དྲོ་ངལ་དང་འཇིགས་པ་ཡིས། །བསྐྱེད་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །ཁ་ཅིག་ཁ་ནི་ཁབ་ཀྱི་མིག་ཙམ་ལ། །ལྟོ་བ་རི་ཡི་གཏོས་ཙམ་བཀྲེས་པས་ཉེན། །མི་གཙང་གྱི་ནར་བོར་བ་ཅུང་ཟད་ཀྱང་། །འཚོལ་བའི་མཐུ་དང་ལྡན་པ་མ་ལགས་སོ། །ཁ་ཅིག་པགས་རུས་ལུས་ཤིང་གཅེར་བུ་སྟེ། །ཏ་ལ་ཡ་ཐོག་སྐམས་པ་ལྟ་བུ་ལགས། །ཁ་ཅིག་མཚན་ཞིང་ཁ་ནས་འབར་བ་སྟེ། །ཟས་སུ་འབར་བས་ཁར་འབབ་བྱེད་པ་འཚལ། །དམངས་རིགས་འགའ་ནི་རྣག་དང་ཕྱི་ས་དང་། །ཁྲག་དང་མི་གཙང་བ་ཡང་མི་རྙེད་དེ། །ཕན་ཚུན་གདོང་དུ་ཚོགས་ཤིང་མགྲིན་པ་ནས། །ལྦ་བ་བྱུང་བ་སྨིན་པའི་རྣག་ལ་འཚལ། །ཡི་དྭགས་རྣམས་ལ་སོས་ཀའི་དུས་སུ་ནི། །ཟླ་བ་ཚ་ལ་དགུན་ནི་ཉི་མའང་གྲང་། །ལྗོན་ཤིང་འབྲས་བུ་མེད་འགྱུར་འདི་དག་གིས། །བལྟས་པ་ཙམ་གྱིས་ཀླུང་ཡང་བསྐམ་པར་འགྱུར། །ཞེས་གསུངས། དུད་འགྲོ་ལ་གསོད་ཟ་བཀོལ་སྤྱོད་
གླེན་རྨོངས་ཀྱི་སྡུག་བསྔལ་དཔག་ཏུ་མེད་དེ། བཤེས་སྤྲིངས་ལས། དུད་འགྲོའི་སྐྱེ་གནས་ན་ཡང་གསོད་པ་དང་། །བཅིངས་དང་བརྡེག་སོགས་སྡུག་བསྔལ་སྣ་ཚོགས་པ། །ཞི་འགྱུར་དགེ་བ་སྤངས་པ་རྣམས་ལ་ནི། །གཅིག་ལ་གཅིག་ཟ་ཤིན་ཏུ་མི་བཟད་པ། །ཁ་ཅིག་མུ་ཏིག་བལ་དང་རུས་པ་དང་། །ཤ་དང་པགས་པའི་ཆེད་དུ་འཆི་བར་འགྱུར། །དབང་མེད་གཞན་དག་རྡོག་པ་ལག་པ་དང་། །ལྕག་དང་ལྕགས་ཀྱུ་གདབ་པས་བཏབ་སྟེ་བཀོལ། །ཞེས་དང་། པདྨ་བཀའ་ཐང་ལས། མི་ལ་བརྟེན་པའི་དུད་འགྲོ་འདི་དག་ནི། །ལས་སུ་ཁལ་འགེལ་རྨོས་རྨོ་འོ་ཞོ་དང་། །སྤུ་འབྲེག་ཤ་འབྱིན་ཁྲག་འདོན་འཚོག་པ་དང་། ཞོ་ཤ་མི་བསྲི་རྒལ་བ་རྡོལ་རྡོལ་འཁུར། །ཁོལ་ཙེ་མ་ལུས་ར་ཅོ་བྱད་བྱད་འདྲད། །པགས་པ་བཤུ་བར་འདུག་ཀྱང་ན་ཚ་སྲན། །ལུས་པོ་རྒས་པར་འདུག་ཀྱང་སྙིང་རུས་བསྐྱེད། །སྐྲོད་གཟིར་གསོད་པའི་སྡུག་བསྔལ་དཔག་མེད་ཡོད། །ཅེས་གསུངས། མཐོ་རིས་སུ་སྐྱེས་ན་ཡང་། མི་ལ་སྐྱེ་བའི་སྡུག་བསྔལ་ནི། སློབ་སྤྲིངས་ལས། ཤིན་ཏུ་མི་བཟད་དྲི་ང་མི་གཙང་གཅེར་བས་འགག །རབ་ཏུ་
དོག་པ་མུན་ནག་འཐིབ་པོར་འདུག་པ་ཡི། །མངལ་གནས་དམྱལ་བ་ལྟ་བུའི་ནང་དུ་དེ་ཞུགས་ནས། །ལུས་ཡོངས་བསྐུམས་ལ་སྡུག་བསྔལ་ཆེན་པོ་གནག་དགོས་སོ། །དེ་ནི་རིམ་གྱིས་ཏིལ་མར་བཙིར་སྤྱད་སྲ་བ་ཡི། །བཙིར་བ་ལྟར་བྱས་དེ་ནས་ཅི་ཞིག་ལྟར་ཏེ་བཙས། །འོན་ཀྱང་མོད་ལ་དེ་སྲོག་མི་འདོར་གང་ཡིན་པ། །སྡུག་བསྔལ་ཉེ་བར་སྤྱད་པས་རྣམ་པར་ཐོ་འཚམས་མོད། །ཅེས་གསུངས། རྒས་པའི་སྡུག་བསྔལ་ནི། །མདོ་སྡེ་རྒྱ་ཆེ་རོལ་པ་ལས། བུ་མེད་སྐྱེས་པའི་ཚོགས་རྣམས་རྒ་བས་སྐེམས། །འཁྲི་ཤིང་ས་ལའི་ནགས་ལ་རླུང་དམར་བཞིན། །རྒ་བས་བརྩོན་འགྲུས་རྩལ་དང་ཤུགས་འཕྲོག་སྟེ། །དཔེར་ན་སྐྱེས་བུ་འདམ་དུ་བྱིང་བ་བཞིན། །རྒ་བས་གཟུགས་སྡུག་གཟུགས་ནི་མི་སྡུག་བྱེད། །རྒ་བས་གཟི་བརྗིད་འཕྲོག་ཅིང་མཐུ་སྟོབས་འཕྲོག །རྒ་བས་བདེ་བ་འཕྲོག་ཅིང་བརྙས་པར་བྱེད། །རྒ་བས་འཆི་བྱེད་རྒ་བས་མདངས་ཀྱང་འཕྲོག །ཅེས་གསུངས། ན་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། ནད་བརྒྱ་མང་དང་ནད་ཐིབས་སྡུག་བསྔལ་གྱིས། །འགྲོ་བ་གཙེས་ཏེ་མི་ཡི་རི་
དྭགས་བཞིན། །རྒ་དང་ན་བས་བཅོམ་པའི་འགྲོ་ལྟོས་ལ། །སྡུག་བསྔལ་ལས་ནི་འབྱུང་བ་མྱུར་ཤོག་ཅིག །དཔེར་ན་དགུན་སྨད་རླུང་དང་ཁ་བ་ཆེ། །རྩྭ་ཤིང་གེལ་པ་ནགས་སྨན་མདངས་ཀྱང་འཕྲོག །དེ་ལྟར་ནད་འདིས་འགྲོ་བའི་མདངས་འཕྲོག་ཅིང་། །དབང་པོ་གཟུགས་དང་སྟོབས་ནི་ཉམས་པར་བྱེད། །ཅེས་གསུངས། འཆི་བའི་སྡུག་བསྔལ་ནི། རྒྱ་ཆེར་རོལ་པ་ལས། འཆི་དང་འཕོ་དང་འཆི་འཕོའི་དུས་བྱེད་པས། །འཕངས་ཤིང་སྡུག་པའི་སྐྱེ་བོ་རྟག་ཏུ་འབྲལ། །ཕྱིར་མི་འོང་ཞིང་འཕྲད་པར་འགྱུར་མ་ཡིན། །ཤིང་ལས་ལོ་འབྲུལ་འདྲ་ཞིང་རླུང་རྒྱུན་མཚུངས། །འཆི་བས་དབང་ཡོད་པ་དག་དབང་མེད་བྱེད། །འཆི་བས་འཕྲོག་བྱེད་ཆུ་བོས་ཤིང་དེད་བཞིན། །མི་ནི་གཉིས་མིན་གྲོགས་མེད་གཅིག་པུར་འགྲོ །རང་ལས་འབྲས་བུ་ལྡན་པའི་དབང་ཡང་མེད། །ཅེས་གསུངས། གཞན་ཡང་། ཚ་གྲང་བཀྲེས་སྐོམ་ངལ་དུབ་ཀྱི་སྡུག་བསྔལ་སོགས་ངན་སོང་གསུམ་གྱི་སྡུག་བསྔལ་དང་ཆ་མཐུན་ཡོད་དེ། ཚོགས་ཀྱི་གཏམ་ལས། ངན་འགྲོའི་སྡུག་བསྔལ་མ་ལུས་པ། །མི་རྣམས་ལ་ཡང་ཡོད་པར་སྣང་། །སྡུག་བསྔལ་
གཟིར་བས་དམྱལ་བར་མཚུངས། །དབུལ་བས་གཤིན་རྗེའི་འཇིག་རྟེན་པ། །འདི་ཡིས་དུད་འགྲོའི་སྡུག་བསྔལ་ཡང་། །མཐུ་ལྡན་སྟོབས་ཀྱིས་མཐུ་མེད་པ། །རྣམ་པར་གནོད་ཅིང་འཚེ་བ་དག །ཆུ་བོ་ལྟ་བུ་ཉིད་ཡིན་ནོ། །ཁ་ཅིག་དབུལ་བ་ལས་གྱུར་དང་། །གཞན་དག་ཆོག་མི་ཤེས་ལས་འབྱུང་། །ཡོངས་ཚོལ་སྡུག་བསྔལ་མི་བཟད་དང་། །ཐམས་ཅད་འཁུ་ཞིང་གསོད་པ་ཡིན། གསུངས། །བཞི་བརྒྱ་པ་ལས། མཆོག་ལ་ཡིད་ཀྱི་སྡུག་བསྔལ་སྟེ། །ཐ་མལ་རྣམས་ལ་ལུས་ཀྱི་སོ། །སྡུག་བསྔལ་གཉིས་ཀྱིས་འཇིག་རྟེན་འདི། །ཉིན་རེ་བཞིན་དུ་འཇོམས་པར་བྱེད། །ཅེས་གསུངས། །ལྷ་མ་ཡིན་ལ་ཕྲག་དོག་གི་དབང་གིས་འཐབ་རྩོད་ཀྱི་སྡུག་བསྔལ་ཡོད་དེ། བཤེས་སྤྲིངས་ལས། ལྷ་མིན་དག་ནའང་རང་བཞིན་གྱིས་ལྷ་ཡི། །དཔལ་ལ་སྡང་ཕྱིར་ཡིད་ཀྱི་སྡུག་བསྔལ་ཆེ། །དེ་དག་བློ་དང་ལྡན་ནའང་འགྲོ་བ་ཡི། །སྒྲིབ་པས་བདེན་པ་མཐོང་བ་མ་མཆིས་སོ། །ཞེས་དང་། པདྨ་བཀའ་ཐང་ལས། ལྷ་རྣམས་བསོད་ནམས་ལོངས་སྤྱོད་ཆེ་བ་ལ། །ལྷ་མ་ཡིན་རྣམས་ཕྲག་དོག་སྐྱེས་ནས་
འཐབ། །ལྷ་དང་ལྷ་མིན་གཡུལ་བཤམས་འཁྲུགས་པའི་དུས། །ཕན་ཚུན་འཐབ་རྩོད་ལས་སུ་གོ་མཚོན་བསྟེན། །མཚོན་ཆའི་འཁོར་ལོས་གནོད་པ་འབའ་ཞིག་སྐྱེལ། །ལུས་འདི་རྨས་ནས་འདྲད་དང་ཤི་བ་དང་། །ངག་ཏུ་མི་སྙན་རྒྱོབ་སོད་སྒྲ་མང་སྒྲོག །མ་ཤིའི་བར་ལ་མེར་བསྲེག་ཆུ་ལ་བསྐྱུར། །མགོ་འབྲེག་སྙིང་འདོན་ནང་འཁྲོལ་བླུག་པ་དང་། །ཉིན་འཁྲུག་མཚན་འཁྲུག་ལས་ཀ་དམག་ལ་བྱེད། །འཐབ་རྩོད་སྡུག་བསྔལ་མི་བཟད་དཔག་མེད་ཡོད། །ཅེས་གསུངས། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་ཡོད་དེ། བཤེས་སྤྲིངས་ལས། མཐོ་རིས་ན་ཡང་བདེ་ཆེན་དེ་དག་གི །འཆི་འཕོའི་སྡུག་བསྔལ་ཉིད་ནི་དེ་བས་ཆེ། །དེ་ལྟར་བསམ་ནས་མཁས་པ་རྣམས་ཀྱིས་ནི། །ཟད་འགྱུར་མཐོ་རིས་སླད་དུ་སྲེད་མི་བགྱི། །ཞེས་དང་། ལྷ་ཡི་འཇིག་རྟེན་དག་ནས་འཕོས་པ་ལ། གལ་ཏེ་དགེ་བའི་ལྷག་མ་འགའ་མེད་ན། །དེ་ནས་དབང་མེད་དུད་འགྲོ་ཡི་དྭགས་དང་། །དམྱལ་བར་གནས་པ་གང་ཡང་རུང་བར་འགྱུར། །ཞེས་དང་། མཐོ་རིས་བུ་མོའི་ནུ་མ་རྐེད་པ་ལ། །རེག་པའི་བདེ་བ་ཡུན་རིང་མྱོང་ནས་སླར། །དམྱལ་
བར་འཐག་ཆོད་འབྲད་པའི་འཁྲུལ་འཁོར་གྱི། །རེག་པ་ཤིན་ཏུ་མི་བཟད་བསྟེན་འཚལ་ལོ། །རྐང་པས་རེག་པའི་ནེམ་པ་བདེ་བཟོད་པ། །ལྷུན་པོའི་སྤོ་ལ་ཡུན་རིང་གནས་ནས་ནི། །སླར་ཡང་མེ་མུར་རོ་མྱག་རྒྱུ་བ་ཡི། །སྡུག་བསྔལ་མི་བཟོད་ཕོག་སྙམ་བགྱིད་འཚལ་ལོ། །མཐོ་རིས་བུ་མོས་འདྲོངས་ཤིང་དགའ་བ་དང་། །རྣམ་པར་མཛེས་ཚལ་སོན་པར་རྩེས་ནས་སླར། །འདབ་མ་རལ་གྲི་འདྲ་ཚལ་གནས་རྣམས་ཀྱིས། །རྐང་ལག་རྣ་བ་སྣ་གཅོད་ཐོབ་པར་འགྱུར། །དལ་གྱིས་འབབ་པའི་ལྷ་ཡི་བུ་མོ་ནི། །གདོང་མཛེས་གསེར་གྱི་པདྨ་ལྡན་ཞུགས་ནས། །སླར་ཡང་དམྱལ་བའི་ཆུ་བོ་རབ་མེད་ལ། །ཚ་རྒོས་བཟོད་གླགས་ཆུ་ཚན་འཇུག་འཚལ་ལོ། །ལྷ་ཡུལ་འདོད་བདེ་ཤིན་ཏུ་ཆེན་པོ་དང་། །ཚངས་ཉིད་ཆགས་བྲལ་བདེ་བ་ཐོབ་ནས་སླར། །མནར་མེད་མེ་ཡི་བུད་ཤིང་གྱུར་པ་ཡི། །སྡུག་བསྔལ་རྒྱུན་མི་འཆད་པ་བསྟེན་འཚལ་ལོ། །ཞེས་དང་། ཚོགས་ཀྱི་གཏམ་ལས། འདོད་སྤྱོད་ལྷ་ནི་གང་ཡིན་པ། །དེ་ལའང་བདེ་བའི་སེམས་མེད་དེ། །འདོད་པའི་འདོད་ཆགས་རིམས་བཏབ་པའི། །ནང་ནི་
མེ་ཡིས་བསྲེག་གྱུར་པ། །གང་ཞིག་སེམས་གཡེང་གྱུར་པ་དག །དེ་ལ་བདེ་བ་ག་ལ་ཡོད། ཅེས་དང་། གང་ཞིག་གཟུགས་ཅན་གཟུགས་མེད་པའི། །སྡུག་བསྔལ་སྡུག་བསྔལ་ལས་འདས་ཤིང་། །ཏིང་འཛིན་བདེ་བའི་བདག་ཉིད་ཅན། །བསྐལ་པར་གཡོ་བ་མེད་པར་གནས། །དེ་ཡང་ཤིན་ཏུ་ངེས་གྲོལ་མིན། །དེ་ནས་སླར་ཡང་ལྟུང་བར་འགྱུར། །ཞེས་གསུངས། མདོར་ན་རྒྱ་མཚོ་ཆེན་པོའི་གཏིང་གང་དུ་བྱིངས་ཀྱང་སྡུག་བསྔལ་འབྱུང་བ་ལྟར། །འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་རང་བཞིན་ལས་མ་འདས་ཏེ། མདོ་དྲན་པ་ཉེར་བཞག་ལས། སེམས་ཅན་དམྱལ་བ་དམྱལ་མེས་ཉམས། །ཡི་དྭགས་བཀྲེས་ཤིང་སྐོམ་པས་ཉམས། །དུད་འགྲོ་གཅིག་ལ་གཅིག་ཟས་ཉམས། །མི་དག་འཚོ་བ་ཐུང་བས་ཉམས། །ལྷ་མིན་འཐབ་ཅིང་རྩོད་པས་ཉམས། །ལྷ་རྣམས་བག་མེད་པ་ཡིས་ཉམས། །འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། སྐུ་གསུམ་དོན་ཐུགས་ལས། ཀྱེ་མ་རིགས་དྲུག་གང་དུ་སྐྱེས་ཀྱང་དུཿཁའི་ངང་། །དམྱལ་བར་བཙོ་བསྲེག་སྡུག་བསྔལ་
བཟོད་པར་དཀའ། །བར་དོར་གཤིན་རྗེའི་དངངས་སྐྲག་གློ་སྙིང་འདར། །དུད་འགྲོ་བཀོལ་སྤྱོད་སྡུག་བསྔལ་ཡ་རེ་ང་། །ཡི་དྭགས་བཀྲེས་སྐོམ་སྡུག་བསྔལ་ཡི་རེ་མུག །ལྷ་མིན་འཐབ་རྩོད་སྡུག་བསྔལ་དབལ་རེ་ཚ། །ལྷ་རུ་སྐྱེས་ན་འཕོ་ལྟུང་སྙིང་རེ་འདར། །འགྲོ་བའི་གཙོ་གྱུར་མི་ལུས་ཐོབ་ན་ཡང་། །སྐྱེ་བའི་སྡུག་བསྔལ་མཐོང་ན་སུ་ཡིས་བཟོད། །རྒ་བའི་སྡུག་བསྔལ་མཐོང་ན་ཡུན་རིང་སྐྲག །ན་བའི་སྡུག་བསྔལ་མཐོང་ན་བློ་རེ་ངལ། །འཆི་བའི་སྡུག་བསྔལ་བསམ་ན་ངུ་རེ་བྲོ། །ཞེས་དང་། །རྗེ་བཙུན་བྱམས་པས། །མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །ཅེས་དང་། པོ་ཏོ་བས། འཁོར་བའི་སྡུག་བསྔལ་མཐར་མ་ཕྱིན། །བདེ་བའི་ས་ནི་གང་ནའང་མེད། །ཅེས་དང་། གཞོན་ནུ་མའི་རྟོགས་བརྗོད་ལས། སྲིད་མཚོ་ཚང་ཚིང་ནང་ན་གནས་པའི་བྱིས་པ་རྣམས། །འདིར་བདེ་ཡིན་ཞེས་པ་དེ་ལོག་པར་བཏགས་ཙམ་སྟེ། །གང་དུ་སྲིད་པ་མ་ལུས་སྡུག་བསྔལ་ཀུན་སྐྱེད་ཤེས། །ཡང་དག་རྫོགས་པའི་སངས་རྒྱས་རྣམས་ཀྱིས་གསུངས་པས་སོ། །ཞེས་དང་།
རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། རེབ་ཀོང་གཏན་གྱི་ཕ་ཡུལ་མིན། །རོང་པོ་གཏན་གྱི་ཡུལ་ས་མིན། །ཁམས་གསུམ་འཁོར་བའི་རྒྱ་མཚོ་འདིར། །གནས་འདིར་མ་སྐྱེས་བྱ་བ་མེད། །སྔར་ཡང་སྐྱེས་ལ་ད་ཡང་སྐྱེ། །སྐྱེས་ཚེ་སྡུག་བསྔལ་དཔག་མེད་མྱང་། །ད་རེས་བཙན་ས་མ་ཟིན་ན། །སྐལ་ལྡན་ཁྱོད་ལ་འོ་བརྒྱལ་ཡོད། །གསུངས། ལྷོ་བྲག་མར་པའི་ཞལ་ནས། བུ་ཡིས་འཁོར་བའི་སྡུག་བསྔལ་སོམས། །འཁོར་བའི་རང་བཞིན་འདི་འདྲ་ཞེས། །བདག་གིས་ལྕེ་བརྒྱར་རབ་སྤྲུལ་ནས། །བསྐལ་པ་བྱེ་བ་བསམ་ཡས་སུ། །བཤད་ན་བརྗོད་ཀྱིས་མི་ལངས་པས། །ངས་བཤད་དམ་ཆོས་ཆུད་མ་གསན། །ཞེས་དང་། བཞི་བརྒྱ་པ་ལས། སྡུག་བསྔལ་རྒྱ་མཚོ་འདི་ལ་མཐའ། །རྣམ་པ་ཀུན་ཏུ་ཡོད་མིན་ན། །བྱིས་ཁྱོད་འདིར་ནི་བྱིང་བ་ལ། །འཇིགས་པ་ཅི་ནས་སྐྱེས་མི་འགྱུར། ཞེས་དང་། མཁས་པ་རྣམས་ལ་མཐོ་རིས་དང་། །དམྱལ་བ་དང་མཚུངས་འཇིགས་སྐྱེ་འགྱུར། །རྣམ་པ་ཀུན་ཏུ་དེ་རྣམས་ལ། །སྲིད་གང་འཇིགས་པ་མི་བསྐྱེད་དཀོན། །ཞེས་དང་། ཇོ་བོ་རྗེའི་ཞལ་ནས། ཀྱི་ཧུད་སྲིད་པའི་ལམ་གྱིས་
དུབ་པའི་མགྲོན་པོ་རྣམས། །སྡུག་བསྔལ་བདེ་བར་མཐོང་ནས་མི་སྐྱོ་བར། །ཁྱོད་ཀྱང་དེ་ལ་རྟག་ཏུ་ཆགས་བྱེད་པ། །ཕྱུགས་དང་ཁྱད་པར་མེད་པར་བླ་མས་གསུངས། །ཞེས་གསུངས་པ་ལྟར་རོ། །འཁོར་བའི་གནས་ན་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་པ་ཟུག་གཟེར་རྒྱུན་མི་ཆད་པའི་ནད་པ་དང་འདྲ་འོ། འཁོར་བའི་སྡུག་བསྔལ་འདི་ལས་ཐར་བར་དཀའ་བ་མེའི་འོབས་ཆེན་པོ་དང་འདྲ་འོ། །འཁོར་བའི་ཕུན་ཚོགས་ལ་ཞེན་ཅིང་ཆགས་པ་ཕག་མི་གཙང་བ་ལ་ཞེན་ཅིང་ཆགས་པ་དང་འདྲ་འོ། །དེས་ན་འཁོར་བ་འདི་ལ་མེའི་འོབས། སྲིན་མོའི་གླིང་། དུག་སྦྲུལ་གྱི་ཚང་ལྟ་བུར་བལྟས་ན། ལྷ་ཚངས་དབང་གི་བདེ་བ་ལ་ཡང་ཡིད་སྨོན་སྐད་ཅིག་ཙམ་ཡང་མི་བྱེད་པར། ནག་ཅན་བཙོན་དོང་ནས་བྲོས་པ་ལྟར། །ད་རེས་འཁོར་བའི་བཙོན་ཁང་ནང་དུ་ལས་ཉོན་གྱི་སྒྲོག་གིས་བསྡམས། ན་རྒ་འབྱོར་རྒུད་འདུ་འབྲལ་བརྡེག་བརྡུང་། བཀྲེས་སྐོམ་གྲང་དྲོ་ངལ་དུབ་སོགས་སྡུག་བསྔལ་དུ་མའི་ཆད་པ་ཉིན་རེ་བཞིན་གཅོད་པ་འདི་ལས་ཐར་ཐབས་ཤིག་ཅི་ནས་མྱུར་དུ་བྱེད་དགོས་ཏེ། རྒྱལ་བ་སྐལ་བཟང་
རྒྱ་མཚོས། ཁམས་གསུམ་གྱི་གནས་ལུས་ག་ལ་འང་། །བློ་ཐུབ་པའི་བདེ་བ་ཅང་མ་མཆིས། །སྡུག་སྣ་དགུ་འཛོམས་པའི་བཙོན་ར་ལ། །ཞེ་བློ་བདེར་སྡོད་པ་ཤིན་ཏུ་འཁྲུལ། །སེམས་ཅང་ཤེས་ཁ་ལོ་གྱེན་དུ་བསྒྱུར། །ཆོས་བསླབ་པ་གསུམ་གྱི་སྲབ་ཀྱིས་བཅིངས། །འབད་བརྩོན་པ་དྲག་པོའི་ལྕག་བཞུས་ནས། །ད་ཐར་པའི་ལམ་དུ་དཀྱུས་ཐོག་ཆོད། །ཅེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། །འཁོར་བ་རྒྱལ་པོའི་བཙོན་ར་འདྲ། །འཁྲུལ་སྣང་སྡུག་བསྔལ་དཔག་ཏུ་མེད། །ད་རེས་བདེ་ཆེན་བྱང་ཆུབ་གླིང་། །གཏན་གྱི་འདུན་མ་བྱས་ན་འོང་། །ཞེས་དང་། ཇོ་བོ་རྗེས། གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་པས་ཐར་པའི་སྐམ་སར་གཤེགས། །བླ་མའི་གདམས་ངག་ཚུལ་བཞིན་སྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐོམས། ཞེས་གསུངས། དེ་ཡང་རང་ཉིད་གཅིག་པུ་ཐར་པ་ཙམ་གྱིས་མི་ཆོག་སྟེ། དེའི་རྒྱུ་མཚན་རང་རེ་རྣམས་ཀྱི་ཚེ་འཁོར་བ་ཐོག་མ་མ་མཆིས་པས་ན། །སེམས་ཅན་ཐམས་ཅད་ཚེ་སྔོན་རང་གི་ཕ་མ་སོགས་གཉེན་དུ་མ་གྱུར་པ་གཅིག་མེད་དོ། །སའི་དངོས་གཞི་དྲངས་པ་ལས།
ཡུན་རིང་པོ་འདས་པ་ན། སེམས་ཅན་གང་ཁྱེད་ཀྱི་ཕ་འམ་མ་འམ་ཕུ་ནུ་འམ་སྲིང་མོ་འམ། བློན་པོ་འམ། མཁན་པོ་འམ། བླ་མ་འམ། བླ་མའི་གནས་ལྟ་བུ་མ་གྱུར་པ་དེ་ནི་ངས་མཐོང་བ་དཀའོ། ཞེས་དང་། སློབ་སྤྲིངས་ལས། སྐྱེ་བ་ཡོངས་སུ་འཛིན་པའི་འཁོར་བ་རྒྱ་ཆེན་འདིར། །བདེ་དང་སྡུག་བསྔལ་རྟག་ཏུ་ལན་མང་འགྲེ་ལྡོག་པའི། །འགྲོ་བ་གཉེན་མ་གྱུར་པའི་སྐྱེ་བོ་དེ་གང་མེད། །ཅེས་གསུངས། ཁྱད་པར་སེམས་ཅད་རེ་རེས་མ་བྱས་པ་གྲངས་ཀྱིས་མི་ཆོད་དེ། སློབ་དཔོན་ཀླུ་སྒྲུབ་ཀྱིས། སེམས་ཅན་གཅིག་གིས་མ་བྱས་པ། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །ཞེས་གསུངས་པ་ལྟར། མ་སོགས་གཉེན་དུ་གྱུར་དུས་ཕན་ཚད་མེད་པ་བཏགས། །གནོད་པ་ཚད་མེད་པ་ལས་བསྐྱབས་པའི་དྲིན་ཅན་ཤ་སྟག་ཡིན་པས། དཔེར་ན་ཕ་མ་བུ་གསུམ་མཚོ་ཆེན་པོ་ཞིག་ཏུ་ལྷུང་ན། བུ་མཚོ་ནང་ནས་ཚུར་སྐམ་སར་བུད་ནས། །ཕ་མ་གཉིས་ཀ་ནང་ན་ཆོ་ངེ་འདེབས་པ་གོ་ཤེས་བཞིན་དུ་མ་བླངས་པར་བསྐྱུར་ནས་བདེ་ས་ཞིག་ཏུ་
བཞུད་སོང་བ་དེ་བས་ཁྲེལ་མེད་པ་ཞིག་མེད་པ་བཞིན་རང་གཞན་སེམས་ཅན་ཐམས་ཅད་འཁོར་བའི་རྒྱ་མཚོར་ལྷུང་བ་འདི་ལས་རང་ཉིད་ཅི་ཐར་བྱས། ཕ་མ་སེམས་ཅན་སྡུག་བསྔལ་མྱོང་བ་ཤེས་བཞིན་ཡལ་བར་དོར་ནས། རང་ཉིད་གཅིག་པུ་བདེ་ཆེན་ཐར་པའི་ཞིང་དུ་བུད་སོང་ན་དེ་བས་ཁྲེལ་གཞུང་ཆུང་བ་ཞིག་གཞན་ན་མེད་དེ། སློབ་སྤྲིངས་ལས། གང་དང་ལྷན་ཅིག་འདུས་ནས་རྒོད་ཅིང་གརྩེས་པ་དང་། །གླུ་བླངས་དགའ་མཐུན་བྱས་ཤིང་ཟ་འཐུང་དང་། །དུས་ཀྱི་རིམ་པས་མེ་ཏོག་རྣ་རྒྱན་དང་བཅས་དང་། །གནས་སྐབས་ཙམ་ཞིག་ལྟར་མཉམ་མི་མཉམ་བྱས་པ་ཡི། །ཉེ་དུ་འཁོར་བའི་རྒྱ་མཚོའི་ཁོངས་སུ་ཆུད་གྱུར་པ། །ཀློང་གི་ནང་དུ་ལྷུང་བ་ལྟ་བུར་སྣང་བཞིན་དུ། །སྐྱེ་ཤི་འཕོས་པས་ངོ་མ་ཤེས་པ་དེ་བོར་ནས། །གལ་ཏེ་རང་ཉིད་ཅི་ཐར་བྱེད་ན་དེ་ལས་ཁྲེལ་བོར་མེད། །བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པ། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱི་གཟག་འཐུང་བ། །ངལ་བ་མང་བསྟེན་བྱམས་པ་བརྟན་པ་འདི་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོས།
ཚེ་འདིའི་མངལ་དུ་བཟུང་བའི་མ་རྒན་ལ། །དྲིན་དུ་རྩི་ན་སྐྱེ་བ་གྲངས་མེད་ཅིག །ཕན་པ་ཁོ་ནས་བསྐྱངས་པའི་སེམས་ཅན་རྣམས། །བློ་ཡིས་འདོར་བར་ནུས་སམ་སྙིང་གཏམ་ཡིན། །ཞེས་གསུངས་པ་ལྟར་ཡལ་བར་འདོར་མི་རུང་། །དཔེར་ན་བུ་མཚོ་འགྲམ་དུ་བུད་དེ་རང་ཉིད་སྡུག་བསྔལ་བ་བཞིན་ཕ་མ་གཉིས་ཀྱང་སྡུག་བསྔལ་གྱིས་མནར་ཚུལ་དྲིན་ཆེ་ཚུལ་བསམས་ནས་མཆི་མ་གཡོ་བའི་སྙིང་རྗེ་ཤུགས་དྲག་པོའི་སྒོ་ནས་ཕ་མ་ལེན་པའི་ཐབས་ལ་བརྩོན་པ་ལྟར། རང་ཉིད་འཁོར་བའི་སྡུག་བསྔལ་གྱིས་མནར་བ་ཇི་བཞིན་མ་གྱུར་འགྲོ་བ་ཀུན་ཀྱང་དེ་དང་འདྲ། སྡུག་བསྔལ་གྱིས་རྟག་ཏུ་མནར་བའི་འགྲོ་བ་རྣམས་ཀྱིས་རང་གི་ཚེ་སྔོན་ཕ་དང་མ་བྱས་དུས་དྲིན་ཆེ་ཚུལ་བསམ་ནས་མཆི་མ་གཡོ་བའི་སྙིང་རྗེ་ཆེན་པོའི་སྒོ་ནས་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བའི་ཁུར་རང་ཉིད་གཅིག་པུས་འཁྱེར་དགོས་ཏེ། རྒྱལ་བ་སྐལ་བཟང་རྒྱ་མཚོས། །བདག་དྲིན་གྱིས་བསྐྱངས་པའི་མ་རྒན་རྣམས། །གནས་འཇིགས་རུང་འཁོར་བའི་རྒྱ་མཚོར་ལྷུང་། །སྡུག་ཉམ་ཐག་ངང་ཚུལ་མི་བསམ་
ན། །བུའི་དོན་སྙིང་གཏིང་ནས་རུལ་བས་ན། །རང་སྐྱིད་འདོད་བློ་སྣ་ལིངས་ཀྱིས་བོར། །གཞན་ཕན་བདེ་ཐབས་དགུ་སྙིང་ལ་ཆོངས། །ཞེས་དང་། སྐུ་གསུམ་དོན་ཐུགས་ལས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕ་མ་འདི་དག་འཁོར་འཁྱམས་སྙིང་རེ་རྗེ། །བརྩེ་སེམས་བུ་གཅིག་ཤི་བའི་མ་བཞིན་དུ། །འཁོར་བའི་མཚོ་ལས་སྒྲོལ་བར་དམ་བཅའ་ཞིང་། །ཞེས་དང་། རྗེ་རིན་པོ་ཆེས། རང་ཉིད་སྲིད་མཚོར་ལྷུང་བ་ཇི་བཞིན་དུ། །མ་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བ། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་ཁྱེར་བའི། །ཞེས་གསུངས་པ་ལྟར། སེམས་ཅན་ཐམས་ཅད་འཁོར་བ་ལས་སྒྲོལ་བ་ལ་དམ་བཅའ་དགོས། འོ་ན་ད་ལྟའི་གནས་སྐབས་སུ་སེམས་ཅན་ཐམས་ཅད་ཕར་ཞོག །སེམས་ཅན་གཅིག་ཀྱང་སྒྲོལ་བའི་ནུས་པ་མ་མཆིས་པས་ན། སེམས་ཅན་འཁོར་བ་ལས་སྒྲོལ་བར་འདོད་པའི་བྱང་ཆུབ་སེམས་དཔས་རང་ཉིད་ལས་ཉོན་གྱིས་བཅིངས་པ་ལས་སྒྲོལ་བའི་ཉན་རང་དགྲ་བཅོམ་གྱི་གོ་འཕང་ལྟ་བུའི་ཐར་པ་ཙམ་ཞིག་དོན་དུ་གཉེར་བས་མི་ཆོག་པར། ཐར་པ་བླ་ན་མེད་
པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ་དགོས་ཏེ། སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཅི་ཙམ་ཡོད་ཟེར་ན། སྐུའི་ཡོན་ཏན་ནི། མཚན་བཟང་སུམ་ཅུ་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། བལྟ་བས་ཆོག་མི་ཤེས་ཏེ། དཔེ་ལ་བསྟོད་པ་ལས། ཁྱེད་སྐུ་མཚན་དཔེས་སྤྲས་གྱུར་པ། །མཛེས་གྱུར་མིག་གི་བདུད་རྩི་ནི། །སྤྲིན་མེད་སྟོན་གྱི་ནམ་མཁའ་ལ། །སྐར་མའི་ཚོགས་ཀྱིས་སྤྲས་པ་འདྲ། །ཐུབ་པ་གསེར་གྱི་མདོག་ལྡན་པ། །ཆོས་གོས་ཀྱིས་གཡོགས་མཛེས་གྱུར་པ། །གསེར་གྱི་རི་བོའི་རྩེ་མོ་ནི། །མཚམས་ཀྱི་སྤྲིན་གྱིས་དཀྲིས་པ་འདྲ། །མགོན་ཁྱོད་རྒྱན་གྱིས་མ་བརྒྱན་ཀྱང་། །ཞལ་གྱི་དཀྱིལ་འཁོར་མདངས་གང་ཡིན། །ཟླ་བའི་དཀྱིལ་འཁོར་རྒྱས་གྱུར་པ། །སྤྲིན་དང་བྲལ་ཡང་དེ་མ་མཆིས། །ཁྱོད་ཀྱི་ཞལ་གྱི་པདྨ་དང་། །པདྨ་ཉི་མས་ཁ་བྱེ་བ། །བུང་བས་མཐོང་ནས་པདྨ་ནི། །ཐེ་ཚོམ་དཔྱང་ཐག་ལ་འཇུག་འགྱུར། །ཁྱེད་ཞལ་གསེར་གྱི་མདོག་ལྡན་པར། །ཚེམས་དཀར་མཛེས་པར་གྱུར་པ་ནི། །གསེར་གྱི་རི་གསེབ་སྟོན་ཀ་ཡི། །ཟླ་ཟེར་
དྲི་མེད་ཞུགས་པ་འདྲ། །མཆོད་འོས་ཁྱོད་ཀྱི་ཕྱག་གཡས་ནི། །འཁོར་ལོའི་མཚན་གྱིས་མཛེས་གྱུར་པ། །འཁོར་བས་སྐྲག་པའི་མི་རྣམས་ལ། །ཕྱག་གིས་དབུགས་འབྱིན་མཛད་པ་ལགས། །ཐུབ་ཁྱོད་གཤེགས་པར་གྱུར་པའི་ཚེ། །ཞབས་གཉིས་དཔལ་གྱི་པདྨ་འདྲ། །ས་གཞི་འདི་ནི་བྲིས་གྱུར་པ། །པདྨ་ཅན་གྱིས་ཇི་ལྟར་མཛེས། །ཞེས་གསུངས། གསུང་གི་ཡོན་ཏན་ནི། འཇིག་རྟེན་གྱི་ཁམས་ཀྱི་སེམས་ཅན་གང་ཡོད་ཀྱིས་དུས་གཅིག་ཏུ་དྲི་བ་མི་འདྲ་བ་ཁོ་ན་རེ་རེ་ནས་དྲིས་ཀྱང་། སེམས་ཀྱིས་སྐད་ཅིག་གཅིག་དང་ལྡན་པའི་ཤེས་རབ་ཀྱིས་བཟུང་ནས། གསུང་གཅིག་གིས་དྲི་བ་ཐམས་ཅད་ཀྱི་ལན་མཛད་ཅིང་། དེ་རྣམས་ཀྱིས་ཀྱང་རང་རང་གི་སྐད་དུ་གོ་བར་འགྱུར་བ་ཤིན་ཏུ་རྨད་བྱུང་སྟེ། བདེན་པ་པོའི་ལེའུ་ལས། འདི་ལྟར་སེམས་ཅན་ཀུན་གྱི་ངེས་པའི་ཚིག །མང་པོ་དག་གིས་དུས་གཅིག་ཞུ་ཞུས་ན། །སེམས་ཀྱིས་སྐད་ཅིག་གཅིག་ལ་ཐུགས་ཆུད་ནས། །གསུང་དབྱངས་གཅིག་གིས་སོ་སོར་ལན་ཀྱང་འདེབས། །དེ་ལྟ་བས་ན་འདྲེན་པ་འཇིག་རྟེན་ན། །ཚངས་པའི་སྒྲ་དབྱངས་གསུང་སྒྲོག་མཁྱེན་པར་མཛོད། །
དེ་ནི་ལྷ་མིའི་སྡུག་བསྔལ་མཐར་འབྱིན་པའི། །ཆོས་ཀྱི་འཁོར་ལོ་རབ་ཏུ་བསྐོར་བར་མཛད། །ཅེས་གསུངས། གཞན་ཡང་བརྒྱ་ལྔ་བཅུ་པ་ལས། ཁྱོད་ཞལ་ལྟ་ན་རབ་སྡུག་པ། །དེ་ལས་ཉན་ན་སྙན་པ་ཡི། གསུང་འདི་དག་ནི་ཟླ་བ་ལས། །བདུད་རྩི་འཛག་པ་བཞིན་དུ་འབྱུང་། །ཁྱོད་ཀྱི་གསུང་ནི་འདོད་ཆགས་ཀྱི། །རྡུལ་རབ་ཞི་མཛད་ཆར་སྤྲིན་འདྲ། །ཞེ་སྡང་སྦྲུལ་ནི་དབྱུང་བ་ལ། །ནམ་མཁའ་ལྡིང་དང་འདྲ་བ་ལ། །ཡང་དང་ཡང་དུ་མི་ཤེས་པའི། །རབ་རིབ་འཇོམས་པའི་གདུགས་དང་འདྲ། །ང་རྒྱལ་རི་བོ་མངོན་འཇོམས་པ། །རྡོ་རྗེ་དང་ཡང་འདྲ་བ་ལགས། །དོན་གཟིགས་པས་ནི་མི་བསླུ་བ། །ནོར་མི་མངའ་ཕྱིར་རྗེས་སུ་མཐུན། །ལེགས་པར་སྦྱར་བས་གོ་སླ་སྟེ། །ཁྱོད་ཀྱི་གསུང་ནི་ལེགས་གསུང་ལྡན། །རེ་ཞིག་དང་པོར་ཁྱེད་ཀྱི་གསུང་། །ཉན་པ་རྣམས་ཀྱི་ཡིད་འཕྲོག་མཛད། །དེ་ནས་ཡིད་ལ་སེམས་བགྱིས་ན། །འདོད་ཆགས་གཏི་མུག་རྣམས་ཀྱང་སེལ། །ཕོངས་པ་རྣམས་ཀྱི་དབུགས་འབྱིན་ཅིང་། །བག་མེད་རྣམས་ཀྱི་སྐྱབས་ཀྱང་མཛད། །བདེ་བ་ཅན་དག་སྐྱོ་བགྱིད་
པས། །ཁྱོད་གསུང་ཀུན་དང་འཚམས་པར་འཇུག །མཁས་པ་རྣམས་ཀྱི་དགའ་བ་བསྐྱེད། །བར་མ་རྣམས་ཀྱི་བློ་ཡང་སྤེལ། །ཐ་མའི་རབ་རིབ་རྣམ་འཇོམས་པས། །གསུང་འདི་སྐྱེ་བོ་ཀུན་ལ་སྨན། །ཞེས་གསུངས། ཐུགས་ཀྱི་མཁྱེན་པའི་ཡོན་ཏན་ནི། ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་ཐམས་ཅད་ལ་ལག་མཐིལ་དུ་སྐྱུ་རུ་ར་བཞག་པ་ལྟར། མཁྱེན་པ་ཐོགས་པ་མི་མངའ་བར་འཇུག་པས། ཤེས་བྱ་མཐའ་དག་མཁྱེན་པས་ཁྱབ་པ་ཡིན་ཏེ། །བསྔགས་འོས་བསྔགས་བསྟོད་ལས། ཁྱོད་འབའ་ཞིག་གི་ཡེ་ཤེས་ཀྱིས། །ཤེས་བྱ་མཐའ་དག་ཁྱབ་ལགས་ཀྱི། །ཁྱོད་ལས་གཞན་མ་ཐམས་ཅད་ཀྱི། །ཤེས་བྱ་ཁོ་ན་ལྷག་པ་ལགས། །ཞེས་དང་། བཅོམ་ལྡན་དུས་ཀུན་རྟོགས་པའི་ཆོས། །རྣམ་ཀུན་འབྱུང་གནས་ཐམས་ཅད་ནི། །ལག་མཐིལ་སྐྱུ་རུ་ར་ལྟ་བུར། །ཁྱོད་ཀྱི་ཐུགས་ཀྱི་སྤྱོད་ཡུལ་གྱུར། །ཆོས་རྣམས་གཡོ་དང་མི་གཡོ་བཅས། །གཅིག་དང་སྣ་ཚོགས་སོ་སོ་ལ། །མཁའ་ལ་རླུང་ནི་རྒྱུ་བ་བཞིན། །ཁྱོད་ཀྱི་ཐུགས་དག་ཐོགས་མི་མངའ། །ཞེས་གསུངས། བརྩེ་བའི་ཡོན་ཏན་ནི། སེམས་ཅན་ཐམས་ཅད་ཉོན་མོངས་
ཀྱིས་རང་དབང་མེད་པར་བཅིང་བ་བཞིན་དུ། སངས་རྒྱས་ཀྱང་སྙིང་རྗེ་ཆེན་པོས་རང་དབང་མེད་པར་བཅིངས་པས། འགྲོ་བ་རྣམས་སྡུག་བསྔལ་བར་གཟིགས་པ་ན། ཐུགས་རྗེ་ཆེན་པོ་རྒྱུན་ཆད་མེད་པར་སྐྱེ་སྟེ། བརྒྱ་ལྔ་བཅུ་པ་ལས། འགྲོ་བ་འདི་དག་ཐམས་ཅད་ནི། །ཁྱད་མེད་ཉོན་མོངས་རྣམས་ཀྱིས་བཅིངས། །ཁྱོད་ནི་འགྲོ་བའི་ཉོན་མོངས་དག །དགྲོལ་སླད་ཡུན་རིང་ཐུགས་རྗེས་བསྡམས། །ཞེས་དང་། བདེན་པ་པོའི་ལེའུ་ལས། གཏི་མུག་མུན་པ་མུན་ནག་གིས་རྟག་ཏུ། །སེམས་ནི་འགྲིབ་པར་གྱུར་པའི་སྐྱེ་དགུ་དང་། །འཁོར་བའི་བཙོན་རར་ཚུད་པ་རྣམས་གཟིགས་ན། །དྲང་སྲོང་དམ་པ་དེ་ནི་ཐུགས་རྗེ་སྐྱེས། །ཞེས་དང་། ཐུབ་པའི་ཐུགས་རྗེ་ཆེན་པོ་རྟག་འབྱུང་སྟེ། །དེ་མི་འབྱུང་བ་ནམ་ཡང་སྲིད་མི་འགྱུར། །འགྲོ་བ་ཀུན་གྱི་བསམ་པར་གནས་པ་སྟེ། །དེ་བས་སངས་རྒྱས་དེ་ལ་སྐྱོན་མི་མངའ། །ཞེས་དང་། འཇུག་པ་ལས། གཏི་མུག་སྐྱོན་གྱིས་འཇིག་རྟེན་ཁ་ཟས་དུག་བཅས་ཟ་བ་ཡི། །སྐྱེ་བོ་ཉིད་ཀྱི་ནང་མི་དེ་ལ་ཁྱོད་བརྩེ་ཇི་ལྟ་བ། །དེ་ལྟར་དུག་ཟོས་ཉེན་པའི་བུ་ལ་མ་ཡི་
སྡུག་བསྔལ་མིན། །ཞེས་གསུངས། ཕྲིན་ལས་ཀྱི་ཡོན་ཏན་ནི། སྐུ་དང་གསུང་དང་ཐུགས་ཀྱི་ཕྲིན་ལས་ལྷུན་གྱིས་གྲུབ་ཅིང་། རྒྱུན་མི་ཆད་པ་གཉིས་ཀྱིས་སེམས་ཅན་ཐམས་ཅད་ལ་ཕན་འདོགས་མཛད་ནས་ཕུན་སུམ་ཚོགས་པ་དང་མ་སྤྲད་པ་དང་། རྒུད་པ་ལས་མ་དྲངས་པ་མེད་པས་བགྱི་བར་འོས་པ་ཐམས་ཅད་ངེས་པར་མཛད་པ་ཡིན་ཏེ། བརྒྱ་ལྔ་བཅུ་པ་ལས། ཁྱོད་ཀྱིས་ཉོན་མོངས་གཞོམ་པར་བཤད། བདུད་ཀྱི་གཡོ་དག་བསྟན་པར་མཛད། །འཁོར་བའི་རང་བཞིན་མི་བཟད་བརྗོད། །འཇིགས་པ་མེད་པའི་ཕྱོགས་ཀྱང་བསྟན། །ཕན་དགོངས་ཐུགས་རྗེ་ཅན་གྱིས་ནི། །སེམས་ཅན་རྣམས་ལ་བགྱིད་འཚལ་བ། །གང་ཞིག་ཁྱོད་ཀྱིས་མ་མཛད་པ། །གཞན་ཀོ་ཅི་ཞིག་མཆིས་ལགས་ཀྱེ། །ཞེས་དང་། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལ་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་གསུངས། རྒྱས་པར་བཤད་རྒྱུ་ཡིན་ན། སངས་རྒྱས་ནི་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་ཡིན་པས། ས་བཅུའི་བྱང་ཆུབ་སེམས་
དཔའ་སེམས་དཔའ་ཆེན་པོ་དཔག་ཏུ་མེད་པ་འཚོགས་ནས་སངས་རྒྱས་ཀྱི་ཡོན་ཏན་བསྐལ་པ་གྲངས་མེད་པར་བརྗོད་ཀྱང་རྫོགས་པའི་ཡུལ་ལས་འདས་ཏེ། འཇུག་པ་ལས། ནམ་མཁའ་མེད་པས་འདབ་ཆགས་ལྡོག་པར་མི་འགྱུར་གྱི། །འདི་ནི་རང་མཐུ་ཟད་པས་ལྡོག་པར་འགྱུར་དེ་བཞིན། །སློབ་མ་དང་བཅས་སངས་རྒྱས་སྲས་རྣམས་སངས་རྒྱས་ཀྱི། །ཡོན་ཏན་མཁའ་ལྟར་མཐའ་ཡས་མ་བརྗོད་ལྡོག་པར་འགྱུར། །ཞེས་དང་། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ཁྱེད་ཀྱི་སྐུ་གསུང་ཐུགས་ཀྱི་གསང་བ་ཡི། །ཚུལ་འདི་རྒྱལ་སྲས་རང་རྒྱལ་རྣམས་ཀྱིས་ཀྱང་། །ཅི་ཙམ་རྟོགས་ཀྱང་བློ་ཡི་ཡུལ་མིན་ན། །ཚངས་དང་དབང་པོ་སོགས་ཀྱིས་སྨོས་ཅི་འཚལ། །མཁའ་ལྡིང་དབང་པོ་མཁའ་ལ་བགྲོད་བགྲོད་ནས། །ནམ་ཞིག་རང་སྟོབས་བྲི་བས་ལྡོག་འགྱུར་གྱི། །ནམ་མཁའ་ཟད་པས་ལྡོག་པར་མི་འགྱུར་བཞིན། །ཁྱོད་ཀྱི་ཡོན་ཏན་བརྗོད་པའང་དེ་ལྟར་ལགས། ཞེས་གསུངས་པ་ལྟར། །དཔེར་ན་འདོད་འབྱུང་ནོར་བུར་ཡོན་ཏན་མང་པོ་ཡོད་ཚུལ་བློ་ལྡན་རྣམས་ཀྱིས་གོ་ན་ཡིད་འཕྲོག་ནས་ཕ་ཡུལ་
ནོར་རྫས་སྐྱུར། ཕ་མ་གཉེན་བཤེས་བཞག །ལུས་དང་སྲོག་ལ་མི་ལྟ་བར་བདག་གི་ལག་ཏུ་དབུལ་ཕོངས་ཀུན་སེལ་བའི་ནོར་བུ་ཞིག་མྱུར་དུ་འོང་བའི་ཕྱིར་དེད་དཔོན་རྒྱུས་ཡོད་བསྟེན་གྲུ་གཟིངས་བསྡམས་ནས་རྒྱ་མཚོར་ཞུགས་ནས་གསེར་གླིང་དུ་སོང་ནས་ལེན་པ་ལྟར། དེ་ལྟ་བུའི་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཡོད་ཚུལ་གྱིས་ཡིད་རང་དབང་མེད་པར་འཕྲོགས་ནས། སྐལ་ལྡན་དབང་པོ་ཡང་རབ་རྣམས་ཀྱི་ཕ་ཡུལ་ཁང་ཞིང་། ཕ་མ་བུ་དང་ཆུང་མ་ནོར་རྫས་སོགས་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་ལྟ་བུ་ཞིག་མྱུར་དུ་ཐོབ་པའི་ཕྱིར་དུ། མཚན་ལྡན་བླ་མ་བསྟེན་མདོ་སྔགས་ཀྱི་ཆོས་ལ་ཐོས་བསམ་བྱས། དེ་ནས་རི་ཁྲོད་དབེན་པའི་དགའ་ཚལ་བརྟེན་ནས་ཚུལ་བཞིན་བསྒོམ་དགོས། དེ་ལྟར་བྱེད་པ་ལ་ཐོག་མར་ཚེ་བློས་ཐོངས་པ་འདི་ཤིན་ཏུ་གལ་ཆེ། བྱེ་ཚང་རིན་ཆེན་དཔལ་འབྱོར་གྱིས། མི་ལུས་རིན་ཆེན་ལན་གཅིག་ཐོབ་པ་འདིའི་སྟེང་ནས། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་སྒྲུབ་དགོས་པ་ལགས་སོ། །དེ་སྒྲུབ་པར་བྱེད་པ་ལ་དམ་པའི་ཆོས་
བྱེད་དགོས། ཆོས་བྱེད་པ་ལ་འཇིག་རྟེན་གྱི་བྱ་བ་ཐམས་ཅད་བློས་ལིངས་ཀྱིས་གཏོང་དགོས་པ་གདའ། གསུངས། དཔེར་ན་ཕ་ཡུལ་བསྐྱུར་ནས་རྒྱ་མཚོའི་གླིང་དུ་མ་སོང་ན་ནོར་བུ་མི་ལོན་པ་ལྟར། ཚེ་འདིའི་བྱ་བ་ཐམས་ཅད་བློས་མ་གཏང་ན། ཆོས་རྣམ་དག་ཅིག་འོང་བ་རྒྱལ་དང་སྲས་བཅས་རྣམས་ཀྱིས་མ་གསུངས་ཏེ། སྐྱེས་རབས་ལས། གལ་ཏེ་ཆོས་སྤྱོད་ཁྱིམ་གྱི་སོ་ནམ་འཆོར། ཁྱིམ་ལ་ཕྱོགས་ན་ཆོས་ཀྱང་ག་ལ་འགྲུབ། ཆོས་ཀྱི་ལས་ནི་རབ་ཏུ་ཞི་བ་ཡིན། ཁྱིམ་གྱི་དོན་ནི་དྲག་ཤུལ་ཅན་གྱིས་འགྲུབ། དེ་བས་ཆོས་དང་འགལ་བའི་སྐྱོན་ཡོད་ཕྱིར། །བདག་ལ་ཕན་འདོད་སུ་ཞིག་ཁྱིམ་ན་གནས། །ཞེས་དང་། གསང་བ་སྤྱི་རྒྱུད་ལས། འཇིག་རྟེན་ཕ་རོལ་དོན་གཉེར་པའི། །དད་པ་མང་དུ་བྱེད་པ་ཡིས། །བློ་ལྡན་དཀྱིལ་འཁོར་འཇུག་བྱ་ཡི། །ཚེ་འདིའི་འབྲས་བུ་འདོད་མི་བྱ། །ཚེ་འདིའི་འདོད་པར་གྱུར་པ་ལ། །འཇིག་རྟེན་ཕ་རོལ་དོན་མི་འགྱུར། །འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །ཞེས་དང་། ཟླ་བ་སྒྲོན་མེའི་མདོ་ལས། འདོད་པ་
དག་ནི་རབ་ཏུ་བརྟེན་བྱེད་ཅིང་། །ཡུལ་དང་ཉེ་འབྲེལ་དག་ལ་སྲེད་བསྐྱེད་ནས། །སྨད་པར་བྱས་པའི་ཁྱིམ་ལ་གནས་པ་དེ། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ། །ཅེས་དང་། སྒྲ་བསྒྱུར་ཆེན་པོ་མར་པ་ལོ་ཙཱའི་ཞལ་ནས། བུ་འཇིག་རྟེན་བློས་མ་ཐོངས་པར་འདི་ཡི་བྱ་བ་དང་དམ་པའི་ཆོས་བསྲེས་ན་ཆོས་ཤོར་ཟིན་པ་དེ་རང་ཡིན་གསུངས། ས་སྐྱ་པཎ་ཆེན་རིན་པོ་ཆེའི་ཞལ་ནས། ཚེ་འདིའི་ཕུན་ཚོགས་ཆེ་ཐབས་མ་ཤོར་བར། །གཏན་གྱི་ཕན་བདེ་ཐར་པ་རེ་བ་དེ། །རྨོངས་པའི་ཞེ་འདོད་གཟུ་ལུམ་ཉིད་ཡིན་པས། །ཚེ་འདི་བློས་ཐོངས་འབད་པས་བྱང་ཆུབ་སྒྲུབས། །ཞེས་དང་། ཆོས་རྗེ་རྒྱལ་སྲས་པས་ཀྱང་། དམ་པའི་ཆོས་དང་ཚེ་འདིའི་འདུན་མ་གཉིས། །མཉམ་དུ་སྒྲུབ་པ་སུ་ཞིག་ཡོད་མ་ཡིན། །སྒྲུབ་པར་འདོད་པ་དེ་དག་རང་ཉིད་ཀྱིས། །རང་ཉིད་བསླུ་བ་ཉིད་ལ་ཐེ་ཚོམ་མེད། ཅེས་དང་། ཁྲོ་ཕུ་ལོ་ཙཱ་བའི་ཞལ་ནས། ཚེ་སྲོག་ལྦུ་བར་མ་ཤེས་ཤིང་། །ཞེ་ནས་འཆི་བ་མ་དྲན་ན། །དགེ་ཕྱོགས་མང་པོ་བྱས་གྱུར་ཀྱང་། །ད་དུང་ཚེ་འདིའི་ལག་ཆ་ཡིན། །རྙེད་གྲགས་སྒྱུ་མར་མ་ཤེས་ཤིང་། །ཆེ་འདོད་ཁེ་གྲགས་
མ་བོར་ན། །མི་ཡི་དམ་པར་བཟུང་གྱུར་ཀྱང་། །ད་དུང་ཆོས་བརྒྱད་ཁོལ་པོ་ཡིན། །ཚེ་འདི་ཐད་ལ་མ་བོར་ན། །ཇི་ཙམ་དགེ་ལ་འབད་བྱས་ཀྱང་། །ཕྱི་མར་ལག་སྟོང་གཅེར་བུར་འགྲོ །ཕྱི་མ་ཅི་འཁྱེར་ཨ་ཙ་མ། །འཁོར་བའི་ཉེས་དམིགས་མ་གོ་ཞིང་། །འདོད་ཡོན་ཚིམ་པ་མ་མཆིས་ན། །ཁ་ཏའི་རྦད་ཁམ་ཆེ་ན་ཡང་། །ད་དུང་ཟོག་པོ་རྫུན་ཅན་ཡིན། །ཞེས་དང་། འབའ་ར་བས། ཚེ་འདི་དོན་དུ་གཉེར་བ་ལ། །སངས་རྒྱས་ཐོབ་པ་མི་སྲིད་པས། །ཚེ་འདིའི་བསམ་པ་ཀུན་བོར་ནས། །བྱ་བ་ཐོངས་ཤིག་རྒྱལ་མཚན་དཔལ། །གསུངས། རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས། སྲིད་པའི་བྱ་བཞག་འཇིག་རྟེན་མི་ཆོས་དང་། གཏན་གྱི་བདེ་བ་སྒྲུབ་པའི་ལྷ་ཆོས་གཉིས། །འགལ་མེད་ཟུང་དུ་འབྲེལ་བའི་བྱེད་ཆོས་ནི། །ཚ་གྲང་ལྟ་བུར་གཅིག་ཏུ་འགལ་ཆོས་ཡིན། །འོན་ཏེ་རྗེ་བཙུན་སེང་གེ་དབང་ཕྱུག་དང་། །རྗེ་བཙུན་མི་ལ་མེ་ལོང་རྡོ་རྗེ་སོགས། །ཆོས་བརྒྱད་གཏན་སྤངས་སྔོན་བྱོན་རྣམ་ཐར་ལ། །སྙིང་ནས་ཐར་འདོད་སུ་ཞིག་ཅིས་མི་མོས། །གསུངས། བླ་མ་ཞང་གིས། ལར་
ཆོས་པ་ཀུན་གྱིས་ཚེ་འདི་དང་ཕྱི་མ་གཉིས་ཀ་མི་འགྲིག་སྟེ། གང་ཡང་མེད་པ་གཅིག་ལས་མི་འོང་གསུངས། །ཡང་། མདའ་གཅིག་གིས་ཤ་བ་གཉིས་མི་གསོད། ཁྱི་གཅིག་གིས་གླ་བ་གཉིས་མི་ཟིན། ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་བཏུབ། རྐང་པ་ཡ་གཅིག་ཡར་ལ་བོར། ཡ་གཅིག་མར་ལ་བོར་བས་རང་འདོད་སར་མི་སླེབ། དེ་བཞིན་ཚེ་འདི་དང་ཕྱི་མ་གཉིས་མི་འགྲུབ་གསུངས། བྱེ་ཚང་པས། ལྟོ་སྐྱིད་སྐྱིད་མོ། གོས་དྲོ་དྲོ་མོ། མི་རྗེས་སྙོག་སྙོག་མོ། རང་ལ་ཟ་རྒྱུ་ཡོད་པ། གཞན་ལ་སྟེར་རྒྱུ་ཡོད་པ། བུན་སྐྱེད་གཏོང་རྒྱུ་ཡོད་པ་གཅིག་འདོད་ན། ཆོས་རྣམ་དག་འོང་བའི་རེ་ཐག་ཆད་པ་ཡིན་གསུངས། པོ་ཏོ་བའི་གསུང་ཐོག་མའི་བློ་སྦྱོང་དུ་དྲངས་པ་ལས། ཤི་སྤར་རྟོད་ཕུར་ཆུ་རྡུག་འཁྱེར། གཡག་རྨེད་ཨི་དཀའ་ཀོ་རློན་བསྟུམས། །གཞུ་འཕོང་རྒྱང་མདའ་ཁས་བརྒྱ་སྨྲ། །ཞེས་པ། མི་འཆི་ཁ་མའི་སྤར་བར་ཁབ་སྐུད་ལྟ་བུ་ཚུད་ན་ཤི་ནས་འབྲལ་ཐབས་མེད་དེ། དེ་བཞིན་དུ་ཚེ་འདིའི་བདེ་སྐྱིད་ལ་ཤི་སྤར་འཐམ་པ་དེ་འབྲལ་ཐབས་མི་རྙེད། ཆོས་ཡོངས་མེད་བེའུ་རྟོད་ཕུར་ལ་བཏགས་པ་དེ་རང་གིས་མ་མཐོང་བར་རྒྱུག་
པས། དང་པོ་ཐག་འདོམ་གང་ལ་བྲེང་གི་འགྲོ །དེ་ནས་ཐག་པས་འཐེན་པ་དང་བསྐོར་བསྐོར་བྱས་པས། ཐག་པ་རིང་པོ་རྟོད་ཕུར་ལ་དཀྲིས་ནས། ཨོལ་ཀོ་ཕུར་པ་ལ་བཀལ་སྡོད་པ་མིན་པ་འཁྱོག་ཐབས་མེད་པ་འོང་། དེ་བཞིན་དུ་དང་པོ་ཆོས་ཤིག་བྱེད་སྙམ་རྒྱུག་ཀྱང་། ཚེ་འདིའི་ཟས་གོས་སོགས་ལ་ཞེན་པའི་རྟོད་ཕུར་མ་ཕྱིན་པས། འཁྱོག་ཐབས་མེད་པ་རེ་ཡོང་བར་སྣང་། དགེ་བཤེས་གསལ་ཤེས་ཟེར་བ་ཞིག་གིས་སྡེ་འཁྲུགས་བྱས་པས་ཤི་བས། དགེ་བཤེས་སྟོན་པའི་ཞལ་ནས། ངའི་གསལ་ཤེས་ལོ་གསུམ་གྱི་གོང་དུ་ཤི་ན། སྡེ་སྣོད་གསུམ་པ་ཞིག་ཤི་བ་ཡིན་པ་ལ། ལོ་གསུམ་གྱིས་ཤི་བ་ཕྱིས་གསུངས། ཁོའི་རྟོད་ཕུར་དགོན་པ་དེས་བྱས། རྟོད་ཕུར་ཆེ་འབྲིང་ཆུང་གསུམ་པོ་འདི་སྤོང་ནུས་ན་ཆོས་མི་ཡོང་བའི་དོན་རང་མེད། རྩིད་བུ་སོ་རྙིས་ཟིན་པ་ལ། མཛོ་རྒོད་ཀྱི་འུར་བྱས་པས་ཆོག །བ་ཐག་གི་ཐག་པ་ལ་རེའུ་རྒྱགས་ཐོག་དོན་མེད་གསུངས། རྟ་ཕྱུགས་སོགས་ཆུ་ལ་སྒྲོལ་བ་ལ། དང་པོ་ནས་ཚམ་ཚོམ་མེད་པར་མ་བཏང་ན། ཆུ་བརྡུག་འཁྱེར་ནས། འགྲོ་མི་ཉན་ཕར་འཕུལ་ཡང་ཚུར་ཕུལ་
ཡོང་། རྩིད་བུ་ཆུ་མི་འདོད་པ་ལ་ཁ་ཆུར་བཅུག་ཀྱང་འགོས་པ་ཚུན་ཆད་སྤྲུག་ཏུ་འོང་། དེ་བཞིན་དུ་ཚེ་འདིའི་ཞེན་པ་བཙན་ཐབས་སུ་བཅད་ནས་ཆོས་ཤིག་མ་བྱས་ན། དེ་ནས་ཞེན་པ་མི་སྤོང་བར་ཕར་བསྐུལ་ཡང་ཚུར་སྨྲ་རུ་འོང་། སྔར་བསླབ་པ་ཚུན་ཆད་མེད་པར་བྱེད་གསུངས། གཡག་རྨེད་དེ་དམ་ན་རྨ་འཆོས་ཁལ་མི་བརྟན། དེ་བཞིན་དུ་ཚེ་འདི་ལ་གློད་མ་ཐོན་པས། རང་གཞན་ཡོ་རྡུག་ལ་སྦྱོར། ཚེ་འདི་ལ་གློད་ཤེས་པ་ཞིག་བྱུང་ན་ཡོང་སྟེ་ཉན་དུ་མི་གཏུབ་གསུངས། ཨི་དཀའ་ཞེས་པ། དབྱངས་ལ་སོགས་པ་འཐེན་པ་ལ་དང་པོ་ཨི་ཟེར་བ་དེ་འཐོན་པ་དཀའ། །འགོ་དེ་རྒྱང་རྒྱང་འཐེན་ཐུབ་བྱུང་ན་དེ་ནས་སླ། དེ་བཞིན་དུ་ཆོས་བྱེད་པ་ལ་དང་པོར་ཚེ་འདི་བློས་ཐོངས་པ་རང་དཀའ་བ་ཡིན། འདི་ལན་གཅིག་ཐོང་ན་དེ་ནས་ལས་སླ། སྡུག་པ་རང་དེ་ཡང་འདོད་ཡོན་འདི་རང་ཡིན། དེ་མིན་ན་ཚུར་ཐོང་དང་། རང་རེ་ཁམས་པ་ནང་རྫུའི་ཁ་ན་མེད་ཀྱི་གསུངས། སྐྱེས་བུ་དམ་པ་རྣམས་ཚེ་བློས་ཐོངས་ན་ཆོས་མི་འོང་བའི་དོན་མེད། འདི་དཀའ་བ་ཡིན་འདི་ལ་གཅིག་སྒྲིལ་དང་ཞེས་ནན་ཏན་གྱིས་གསུངས་པར་གདའ་ཡང་། རང་རེ་ནི་འདི་
ཆོས་ཁ་དམས་ནས། མཐོན་པོ་རང་ཞིག་འཚོལ། མཐར་གང་ཡང་མིན་པ་རེ་འོང་བར་གདའ། །ཡང་མི་ཀོ་རློན་གྱིས་བཏུམས་པ་དེ་དང་པོ་ལྷོད་ལྷོད་འདྲ་ཡང་བསྐམས་ནས་འཁྱོག་ཐབས་མེད་པར་བསྡམས་ནས་ན་ཚ་བསྐྱེད། གྲི་རྣོན་གཅིག་གིས་དེ་ཧྲལ་ན་སྐྱིད་ལྷན་གྱིས་འགྲོ། དེ་བཞིན་དུ་ཚོམས་ལས། ནོར་བུ་རྣ་ཆ་བུ་དང་བུ་མོ་ལ། །ཡོངས་སུ་ཆགས་སེམས་གང་ཡིན་པ་བལྟས་ན། །ལྕགས་ཤིང་དྲེས་མ་ལ་བྱས་འཆིང་བ་གང་། །དེ་དག་དམ་པོ་མིན་ཞེས་འཕགས་པས་གསུངས། །འདོད་པས་འཆིང་བ་གང་ཡིན་དེ་ལྷོད་ཀྱང་། །རབ་ཏུ་གྲོལ་བར་དཀའ་ཞེས་འཕགས་པས་གསུངས། ཞེས་གསུངས་པ་ལྟར། ཚེ་འདིའི་འདོད་ཡོན་ལ་ཆགས་པ་ཞིག་ཡོད་ཕྱིན་ཆད། དང་པོ་ལྷོད་འདྲ་ཡང་གལ་ལ་ཐུག་ན་ཡེ་རང་མི་སྤོང་བར་རང་གི་སྡོམ་པ་ཚུན་ཆད་བློས་གཏོང་ནུས་པ་རེ་ཡོང་བར་སྣང་། དེས་ན་ཚེ་འདིའི་ཞེན་ཆགས་འདི་ཧྲལ་བ་ལ་ཤེས་རབ་ཀྱི་གྲི་རྣོན་པོ། དད་པའི་ལྟག་མཚན་ཡོད་པ་ཞིག་རང་གིས་བྱེད་དགོས། སྤྱིར་འདོད་ཡོན་ལྔ། དེའི་ནང་ནས་ལྟོ་གོས་གཉིས། དེ་ཡང་གོས་བཞི་ཆ་
ལྔ་ཆ་ཡིན། ལྟོའི་ཞེན་པ་འདི་ཡང་ཧྲལ་བར་དཀའ་གསུངས། དམག་འཐབ་པའི་དུས་གཞུ་འཕོངས་བྱེད་དུས་རྨོག་གིས་མ་བདེ་བ་ལ། རྐང་ཆས་ཕུད་པས་མི་ཕན། རྨོག་དེ་རང་ཅི་ཕུད་བྱེད་དགོས། འབེན་དྲུང་དུ་བཞག་ནས་མདའ་རྒྱང་དུ་འཕེན། རྐུན་མ་ནགས་ལ་སོང་བའི་རྗེས་སྤང་ལ་གཅོད། འདྲེ་ཤར་དང་གླུད་ནུབ། ཆོས་མ་བྱུང་ཚད་ཚེ་འདི་མ་སྤངས་པས་ལེན་འདུག་པ་ལས། མཐོན་པོ་ཞིག་གིས་ལེན་པ་སྐད་མ་གསུངས། ཤིན་ཏུ་མད་པར་སྣང་། ད་ལྟ་མཚན་ཉིད་པའམ། སྒོམ་ཆེན་ནམ་བཀའ་གདམས་པ་ཕལ་ཆེ་བ་ཞིག་རླུང་དབུ་མར་ཐིམ་པའི་གེགས་གང་གིས་བྱས་པ་དང་། དེ་འདྲ་བའི་མཐོ་མཐོ་མོ་ཞིག་གིས་རྩད་གཅོད། འདི་འདྲ་མར་གནད་ལ་གཏུགས་ཕྱིན་རྩད་གཅོད་པ་ནི། ཉིན་མོའི་སྐར་མ་བས་ཀྱང་དཀོན་པར་གདའ། ས་མཐོན་པོའི་སྤང་རྟོགས། ཞག་གཉིས་ངེད་རང་གི་ཉམས་སུ་མི་ལོན་པ། དེ་རྣམས་ལས་ངེད་རང་ལ་ད་ལྟ་མི་དགོས་ཀ་མེད་རྣམས་རྩད་གཅོད་ན་དགའ་བ་ལ་སྙམ་པ་ཡོང་བར་གདའ། འདི་འདྲ་རྣམས་དཔེར་ན་ད་ལྟ་རང་མུ་གེས་འཆི་ལ་ཁད་པ་ཞིག་སྦྱིན་གཏོང་ཕྱུག་པོའི་ཁྱིམ་དུ་ཕྱིན་
ནས། ད་ལྟ་མི་དགོས་ཀ་མེད་ཀྱི་བཟའ་བཏུང་མི་ཁྱེར་བར་ནམ་ཕུག་ཕན་དུ་རེ་བའི་གསེར་དངུལ་འདྲ་འཁྱེར་ཡོང་བར་འདྲ་བར་སྣང་། ཁས་བརྒྱ་སྨྲ་ཞེས་པ། ཁམས་པ་རྣམས་གཏམ་གཏོང་དུས་ཁས་བརྒྱ་སྨྲ། རྔ་མ་སྟོང་གཡུགས་ཀྱང་དོན་འདི་ཡིན་ཞེས། གཏམ་གྱི་མདོ་རེ་སྨྲ། དེ་བཞིན་དུ་ཐོས་བསམ་སྒོམ་གསུམ་ཅི་བྱས་ཀྱང་། ཆོས་མ་བྱུང་བ་ཚེ་འདིའི་སྐྱིད་འདོད་འདིས་ལན་གསུངས། སྐྱེས་བུ་རྣམས་ཁོང་གི་གསུང་འདི་ཀུན་ལ་གོ་རྒྱུ་ཞིག་རང་གདའ། ད་ལྟ་རང་རེ་སྙིགས་དུས་ཀྱི་ཆོས་བྱེད་རྣམས། བཀའ་རྒྱ་ཆེ། ལུང་གྲངས་མང་། ཇི་སྐད་གསུངས་ཀྱང་ཧྲིལ་གྱིས་དྲིལ་ན་ང་ལ་ད་ལྟ་བསྒྲུབ་བྱ་དང་། སྤང་བྱ་གཞན་གང་ཡང་མེད། ཚེ་བློས་ཐོངས་པ་ཞིག་འདོད་སྙམ་པ་བྱས་ཀྱིན་འབུངས་དགོས་གསུངས་པ་དེར་གདའ། དེ་འདྲ་ཞིག་དགོས། གཞན་གང་གིས་ཀྱང་ཕན་པ་མེད་དོ་སྐྱེས་བུ་ཀུན་གོང་མོ་ཐེམ་རྩ་ཝ་དང་སྤྲེ། གོང་མོ་ཞེས་པ་རོང་གི་ཆུའི་ཚུར་ཁར་སྲེ་མོང་གིས་གོང་མོའི་སྐེ་ནས་བཟུང་། དེར་གོང་མོས་ཕ་ཁར་འཕུར་བས། སྲེ་མོ་ཤེད། གོང་མོ་འབྲི་སྐམ་འདྲ་བ་ཞིག་བསད་
ལགས་ཏེ། ཕ་ཡུལ་མེས་བཙན་ཞིག་དང་གཏན་བྲལ་བྱས་ཟེར་ལོ། དེ་བཞིན་ཚེ་འདིའི་མིག་ཉེས་འདིས། འདོད་ཡོན་རེ་དང་མྱོང་སྟེ། མཐོ་རིས་ཐར་པ་དང་གཏན་བྲལ་བྱས་གསུངས། ཐེམ་རྩ་ཞེས་པ་འདི་ནས་རྒྱ་གར་དུ་འགྲོ་བ་ལ་དཔག་ཚད་བརྒྱའི་ཕ་རོལ་གྱི་གཡང་ས་རྩད་གཅོད་པ་མིན་པ། ཐེམ་རྩའི་གཡང་ལ་ཟོན་མ་བྱས་པས་དེར་ལྷུང་ནས་ཤི་བ་བཞིན་དུ། ས་ལམ་མཐོན་པོའི་སྤངས་རྟོགས་རྩད་གཅོད་པ་མིན་པ། ཚེ་འདིའི་ཞེན་པའི་གཡང་ལ་ཟོན་མ་བྱུང་བས་དེར་ལྷུང་ནས་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་། དེས་ན་སྐྱུ་སྲབ་པ་དགའ་སྟེ་སྐྱུ་རྩ་ལ་གཟབ་གསུངས། ཝ་དང་སྤྲེ་ཞེས་པ། ཝ་གཞའ་མཁས་ཏེ་རྡེའུ་ཙམ་རེའི་རྒྱབ་ཏུའང་གཞའ་ཐུབ། སྤྲེ་འཁྲི་མཁས་ཏེ་འཇག་མ་ཙམ་ལ་འང་འཁྲི་ཤེས། གཡི་གབ་མཁས་པས་གད་པ་རྟ་རྔ་ཙམ་རེའི་ནང་དུའང་གབ་ཤེས། དེ་བཞིན་དུ་ཚེ་འདིའི་མིག་ཉེས་འདི་གཞའ་མཁས། འཁྲི་མཁས། གབ་མཁས་ཏེ། མཁས་བཙུན་བཟང་གསུམ་འཛོམས་པའམ། ཐོས་བསམ་བསྒོམ་གསུམ་མམ། བྱ་བཏང་ཀུན་སྤངས་ཡིན་ཟེར་བ་ལའང་ཚེ་འདིའི་མིག་ཉེར་འོང་གསུངས།
ཟླ་བ་ཞེས་པ། ཞོག་ལུང་པར་མི་ཞིག་གི་བུ་ཤི་བས་གཟའ་ཟླ་བས་གནོད་བྱས་པས། དེར་ཁོ་ཟླ་བ་ལ་མི་ཤ་ལེན་ཟེར། ཁོས་ཚེས་བཅུ་བཞིའི་ནུབ་མོ། ཟླ་བ་འཆར་བའི་རི་མགོ་ཡིད་ལ་བཞག་ནས། བཅོ་ལྔའི་ནུབ་མོ་མདའ་གཞུ་ཁྱེར་ཕྱིན་པས། རི་མགོར་སླེབས་པ་དང་། ཟླ་བ་ཕ་ཚད་དུ་སོང་འདུག་པས། ཝས་གྱང་ར་བ་འདིས་བྱ་བཏང་ནས་ཟེར་ལོ། དེ་བཞིན་དུ་འོ་ཅག་ཅིས་ཀྱང་ཆོས་ཞིག་བྱ་སྙམ། ཐོས་བསམ་བསྒོམ་གསུམ་སོགས་ཅི་བྱས་ཀྱང་ཆོས་དང་འཕྲད་རྒྱུ་མེད་པར་ཇེ་རིང་དུ་སོང་གསུངས། དེས་ན་ཚེ་འདི་ལ་རྟག་པར་འཛིན་པ་འདི། ཡོན་ཏན་བརྒྱ་ཡོད་ཀྱང་སྐྱོན་གཅིག་གི་འོག་ཏུ་ཚུད་པ་ཡིན་པས་ཕྱི་མར་ཕན་པ་གང་ཡང་མེད། དེས་ན་ཚེ་འདིར་ཞེན་ནས་ཕྱི་མ་ཕན་ཆད་ཀྱི་རྟོག་པ་མེད་པར། སངས་རྒྱས་ཀྱི་ས་ཚུན་ཆད་གཏན་ལ་ཕབ་ཀྱང་ཕན་པ་མེད་དུད་འགྲོ་དང་ཁྱད་པར་མེད་ཅེས་ཤ་ར་བས་གསུངས། པོ་ཏོ་བའི་ཞལ་ནས་ལྟོགས་ཀྱི་དོགས་པ་ལས་ཤི་ཡི་དོགས་པ་ནི་ཡེ་མི་འདུག་ན་གསུངས། ཕྱུགས་ལྷག་ཅེས་པ་ནི། ཚེ་འདི་ཤེས་པ་ལ་ཁྱོ་ག་གྲུང་པོར་རྩི་ན་ཕྱུགས་དང་དུད་འགྲོ་
ངེད་རང་ལས་ལྷག་པ་ཡོད། དམིགས་བུས་ཚང་ལ་གནམ་ཕུག་བྱས། སྦྲུལ་གྱིས་དེད་པ་དང་། ཁོ་རང་གིས་གནམ་ཕུག་བཟོས་པ་དེ་ལ་ཕྱིན། སྦྲུལ་གྱི་རྐེད་པར་སོ་བཏབ་ནས་གསད་ལོ། གཞན་ཡང་སྤྲས་ཀྱི་བྲག་རྒྱབ་ཏུ་བྱ་རོག་གིས་འུག་པས་བྱ་རོག་གི་ཕྲུག་གུ་བསད་ནས་ཟོས། བྱ་རོག་གིས་ཀྱང་འུག་པའི་ཕྲུག་གུ་ཁོས་གང་དུ་བསད་ས་དང་ཟོས་ས་དེར་ཁྱེར་ནས་བསད་ཟོས་ཀྱི་ལན་བྱས།འུག་པར་ཤ་གླན་པ་དང་། རྒྱལ་དུ་གཡག་ཡུ་མོ་དང་རྭ་ཅན་འཐབ་པ་དང་།གཡག་རྭ་ཅན་གྱིས་ཡུ་བོར་བརྡུང་། ཁོས་འཁོན་བཟུང་འཐབ་ལུགས་སྦྱང་ཏེ་སླར་འཐབ་པས་རྭ་ཅན་བསད་པ་བྱུང་ངོ་། ཀེ་ཀས་བྱ་རོག་ལ་དམག་དྲངས་པ་ནི། ཀེ་ཀ་ལ་བྱ་རོག་གིས་གནོད་པ་བྱས། ཀེ་ཀས་སྟོད་ལུང་གི་ཀེ་ཀ་ཚུན་བསྡུས། འཕན་ཡུལ་གྱི་བྱ་རོག་ལ་ཤ་གླན་པ་བྱུང་གསུངས། གཉེན་དང་བུ་སྐྱོང་བ་སོགས་ནི། དེ་བས་ཀྱང་དུད་འགྲོ་མཁས་ཏེ། ཟླ་བ་རེ་ལའང་ཕ་མཉམ་བུ་མཉམ་ཚར། བསོག་རུམ་དང་བཟོ་མཁས་པ་ནི། བྱི་བ་དང་། ཁུག་རྟ་དང་། བུང་བ་སོགས་ལ་ལྟོས། དེས་ན་ཚེ་འདིའི་དོན་ཙམ་ལས་སྒྲུབ་མི་ནུས་ན། སྐྱེས་བུའམ་མི་ཞེས་པའི་མིང་དོན་རང་ཡང་མ་ཚང་གསུངས། ལྷན་ཅིག་མིན་ཞེས་པ་ནི། ཚེ་འདི་མ་ཉམས་པ་གཅིག་དང་། ཕྱི་མའི་ཆོས་
གཉིས་ལྷན་ཅིག་ཏུ་མི་ཡོང་། པགས་པ་གཅིག་ལ་སྤུ་གྲང་ལག་པས་ཐེག་ཚད་གཅིག་དང་། རླིད་བུ་ཆུ་ཐུབ་གཉིས་འོང་ས་མེད་གསུངས། དེའི་རྒྱུ་མཚན། དཔེར་ན་རི་དྭགས་སྒྲ་ཡིས་ཕུང་། གླང་ཆེན་རེག་བྱས་ཕུང་། ཕྱེ་མ་ལེབ་གཟུགས་ཀྱིས་ཕུང་། ཉ་མོ་རོ་ཡིས་ཕུང་། སྦྲང་མ་དྲི་ཡིས་ཕུང་བ་བཞིན། ལུས་རེག་བྱ་འཇམ་པའི་གོས། རྣ་བར་སྙན་པའི་སྒྲ། མིག་ཏུ་མཛེས་པའི་གཟུགས། ལྕེར་རོ་མངར་ཟས། སྣ་རུ་ཞིམ་པའི་དྲི་འདོད་ནས་དེའི་དོན་ལ་འབད་རྒྱུ་ཞིག་གི་དབང་དུ་སོང་ན། དེ་ལ་ཆོས་ཤིག་འོང་བ་ཕར་ཞོག སྡིག་སྡུག་གཏམ་ངན་གྱི་མཚོ་རྡོལ་ནས་ནམ་ཡང་བདེ་བའི་གོ་སྐབས་མེད་དེ། ལེགས་གདམས་ལས། ཁྲི་སྙན་ས་ལེ་སོགས་རི་དྭགས་ཁ་ཅིག་གླུ་སྐད་ལ་སོགས་པའི་སྒྲ་ལ་ཆགས་པས་སེམས་གཡེང་བ་དང་རྔོན་པས་གསོད་པ་ཡིན་ལོ། གླང་པོ་ཆེ་འདུལ་སྦྱོང་མ་བྱས་པ་གང་དགར་རྒྱུ་བ་དེ། གླང་མོའི་རེག་བྱ་ལ་ཆགས་པས་དེར་ཀོར་ཀོར་བྱས་པ་དང་། གླང་རྫིས་ལྕགས་ཀྱུ་བཏབ་སྟེ་རྣག་ཁྲག་ཆལ་ཆིལ་བྱས་བཏུལ་ཏེ་ཁུར་ལྕི་བ་རྣམས་འཁུར་དགོས་པ་བྱུང་། ཕྱེ་མ་
ལེབ་མེའི་ཁ་དོག་ལ་ཆགས་ཏེ་ཕྱིན་པས་མེས་ཚིག ཉ་རོ་ལ་ཆགས་པས། ཉ་པས་ལྕགས་ཀྱུའི་རྩེ་ལ་ཤ་ལྟ་བུའི་རོ་ཞིམ་པ་ཞིག་སྦྱར་ཏེ་བཏང་བས། ཟས་དེ་ཟོས་པས་ལྐོག་མ་ལ་ལྕགས་ཀྱུས་ཕུག་སྟེ་འཆི་བ་ཡིན་པར་གདའ། ཡང་ལྷོ་བལ་ཚོ་ན། ཤིང་རྔ་བོ་ཆེ་འདྲ་བ་ཞིག་ལ་རྫས་དྲི་ཞིམ་པོ་ཞིག་བྱུགས་ཏེ་བཞག་པས། སྦྲང་མ་རྣམས་དྲི་ལ་ཆགས་པས་དེར་མང་པོ་ཚང་བཅས་ཏེ་སྦྲང་རྩི་གསོག དེར་མི་དེས་མདུང་ཞིག་བརྒྱབས་པས་སྦྲང་རྩི་སྔོ་ནར་བ་ལྷའི་བདུད་རྩི་འདྲ་བ་ཞིག་འོང་། དེར་ཁོ་རང་ལྷོ་པས་ལོངས་སྤྱད་ནས། ལྷག་མ་སྦྲང་དང་སྲིན་བུ་དང་སྤྲ་ཚིལ་རྣམས་སྐྱོ་མར་ལྡུར་བཏང་བ་དེ་འཁྱེར་ཡོང་བ་ཡིན་སྐད། དེར་མ་ཤི་བའི་སྦྲང་མ་རྣམས་མྱ་ངན་གྱིས་ཆུ་ལ་ལྕེབས་ནས་འཆི་སྟེ། དེ་རྣམས་འདོད་ཡོན་རེ་རེས་ཕུང་བ་ཡིན། འོ་སྐོལ་རྣམས་ལྔ་གས་བརླག་པ་ཡིན་གསུངས། སློབ་དཔོན་དབྱིག་གཉེན་གྱིས། རི་དྭགས་གླང་པོ་ཕྱེ་མ་ལེབ་དང་ཉ། །སྦྲང་མ་ལྔ་པོ་ལྔ་ཡིས་བཅོམ་གྱུར་ཏེ། །གཅིག་གིས་འཇོམས་ན་གང་ཞིག་ལྔ་རྣམས་ནི། །རྟག་ཏུ་བསྟེན་པ་ཅི་ཕྱིར་འཇོམས་མི་འགྱུར། །ཞེས་དང་། སྤྱོད་འཇུག་ལས།
བསགས་དང་བསྲུང་དང་བརླག་པས་གདུང་བ་ཡི། །ནོར་ནི་ཕུང་ཁྲོལ་མཐའ་ཡས་ཤེས་བྱ་སྟེ། །ནོར་ལ་ཆགས་པས་གཡེང་བར་གྱུར་པ་རྣམས། །སྲིད་པའི་སྡུག་བསྔལ་ལས་གྲོལ་སྐབས་མེད་དོ། །ཞེས་དང་། འཇིག་རྟེན་འདི་དང་ཕ་རོལ་དུ་འང་། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད། །འདིར་ནི་བསད་དང་བཅིངས་དང་གཅོད། །ཕ་རོལ་དུ་ནི་དམྱལ་སོགས་སྒྲུབ། །ཞེས་དང་། འདོད་པ་རྣམས་ལ་མཚོན་དང་ནི། །དུག་དང་མེ་དང་གཡང་ས་དང་། །དགྲ་རྣམས་ཀྱིས་ཀྱང་དཔེར་མི་ཕོད། །དེ་ལྟར་འདོད་ལ་སྐྱོ་བྱས་ནས། །དབེན་པ་ལ་ནི་དགའ་བ་བསྐྱེད། །ཅེས་དང་། དཔལ་གསང་བ་གྲུབ་པ་ལས། ཏིལ་འབྲུ་ཙམ་གྱི་དངོས་པོ་ཡང་། །ཡོངས་སུ་གཟུང་བར་མི་བྱའོ། །ཡོངས་སུ་འཛིན་ལས་སྡུག་བསྔལ་འབྱུང་། །སྡུག་བསྔལ་ལས་ནི་སེམས་འཁོར་འགྱུར། གསུང་། བྲམ་ཟེ་མདའ་བསྣུན་གྱིས། ཏིལ་གྱི་ཤུན་པ་ཙམ་གྱིས་ཟུག་རྔུས་ཀྱང་། །ནམ་ཞིག་སྡུག་བསྔལ་འབའ་ཞིག་སྐྱེད་པར་བྱེད། །ཅེས་གསུངས། ཟླ་བའི་སྙིང་པོའི་མདོ་ལས། ཇི་ལྟར་ཆུ་ཤིང་འོད་མ་དང་།
འདམ་བུ་འབྲས་བུས་འཇོམས་བྱེད་ཅིང་། །དྲེའུ་མོ་མངལ་གྱིས་འཇོམས་པ་ལྟར། །རྙེད་དང་བཀུར་སྟིས་མི་ངན་འཇོམས། །ཇི་ལྟར་སེར་བ་འབབ་པ་ཡིས། ལོ་ཏོག་ཐམས་ཅད་འཇོམས་པ་ལྟར། །དེ་ལྟར་རྙེད་དང་བཀུར་སྟི་ཡིས། །བྱང་ཆུབ་ལམ་ནི་འཇོམས་པར་བྱེད། ཇི་ལྟར་མེ་ཏོག་རྒྱས་པ་ཡི། །ཤིང་དང་མེ་ཏོག་མེས་བསྲེག་ལྟར། །དེ་བཞིན་རྙེད་དང་བཀུར་སྟི་ཡིས། །བྱང་ཆུབ་ལམ་དག་འཇོམས་བྱེད་དོ། །དགེ་སློང་གང་གིས་རྙེད་པ་དང་། །བཀུར་སྟི་ཆེན་པོ་རྙེད་གྱུར་པ། །བདུད་ཀྱིས་ཉམས་པར་ཤེས་བྱས་ཏེ། །མཁས་པས་དེ་ནས་འགྲོ་བར་བྱ། །ཇི་ལྟར་རྙེད་དང་བཀུར་བསྟི་ནི། །ཐོབ་ནས་ལམ་ནི་འཇོམས་བྱེད་པ། །ཐར་པའི་ལམ་རྣམས་འཇོམས་པ་ཡི། །སྡིག་པ་དེ་འདྲ་ཡོད་མ་ཡིན། །ཞེས་དང་། བརྒྱད་སྟོང་པ་ལས། འདོད་པ་ཡིད་ལ་བྱེད་པ་དང་ནོར་དང་འབྲུ་ཕུན་སུམ་ཚོགས་པ་དག་ཡིད་ལ་བྱེད་པ་དག་འབྱུང་བར་འགྱུར་ཏེ། རབ་འབྱོར་འདི་ཡང་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བདུད་ཀྱི་ལས་སུ་རིག་པར་བྱའོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། དེས་པ་བདོག་མང་ཇི་ལྟར་
སྡུག་བསྔལ་བ། འདོད་པ་ཆུང་རྣམས་དེ་ལྟར་མ་ཡིན་ཏེ། ཀླུ་མཆོག་རྣམས་ལ་མགོ་བོ་ཇི་སྙེད་པ། །དེ་ལས་བྱུང་བའི་སྡུག་བསྔལ་དེ་སྙེད་དོ། །ཞེས་དང་། །འདོད་པ་རྣམས་ནི་ཕུང་ཁྲོལ་བསྐྱེད་པ་དེ། །རྒྱལ་བའི་དབང་པོས་ཀིམ་པའི་འབྲས་འདྲར་གསུངས། །དེ་དག་སྤང་བགྱིད་དེ་ཡི་ལྕགས་སྒྲོག་གིས། །འཁོར་བའི་བཙོན་རར་འཇིག་རྟེན་འདི་དག་བཅིངས། །ཞེས་དང་། ལང་ཀར་གཤེགས་པའི་མདོ་བསླབ་བཏུས་སུ་དྲངས་པ་ལས། ཤ་ཟ་བའི་ཉེས་དམིགས་ལ། གདོལ་བ་གཞུང་ལུགས་མི་བརྟེན། །རིགས་ངན་རྨེ་ཤ་ཅན་གྱི་རིགས། །བཙོ་ལག་མཁན་དུ་ཡང་ཡང་སྐྱེ། །ཞེས་གསུངས། ཐང་ཡིག་ཤེལ་བྲག་མ་ལས། རང་ལ་མི་ཕན་གཞན་གནོད་ཁ་ཟས་འདི། །མིས་འཕྱ་རང་ཕུང་ཆང་ནག་བདུད་ལས་ཡིན། །འགྱོད་པ་ཕྱི་ལ་མ་བྱེད་སྔོན་བསམ་ཐོངས། །རང་གིས་རང་ཉིད་མ་བསླུ་རྗེས་འབྲངས་རྣམས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། ཆང་ལ་འདོད་ཆགས་ཞེ་སྡང་གཏི་མུག་དང་། །ང་རྒྱལ་ཕྲག་དོག་ཉོན་མོངས་མ་ལུས་པ། །སློང་བའི་རྒྱུ་ཀུན་འདི་ལ་
ཚང་བས་ན། །དེ་ཕྱིར་ཆང་ནག་མ་འཐུངས་ཞལ་གདམས་ཡིན། གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཆང་ནི་འཇིག་རྟེན་བརྙས་འགྱུར་ཞིང་། །དོན་ཡལ་ནོར་ཡང་ཟད་པར་འགྱུར། །རྨོངས་པས་བྱ་བ་མ་ཡིན་བྱེད། །དེ་བས་ཆང་ནི་རྟག་ཏུ་སྤོངས། །ཞེས་དང་། །མདོ་དྲན་པ་ཉེར་བཞག་ལས། མཐོང་དང་རེག་དང་བསྣམས་པ་ལས། །ཆང་གིས་མི་ནི་རྨོངས་པར་བྱེད། །དེ་བས་ཀུན་ཏུ་ཞགས་པ་ཡིན། །དེ་ནི་རིང་བར་ཡོངས་སུ་སྤོངས། །མཐོང་བ་ལ་ནི་ཆགས་པ་སྐྱེ། །རེག་པ་ལ་ནི་དྲི་འབྱུང་ལ། །དྲི་ལས་རོ་ལ་ཆགས་པ་འབྱུང་། །རོ་རྣམས་ཀྱིས་ནི་ཐ་མར་འགྲོ། ཇི་ལྟར་ཆང་ལ་ངེས་བརྟེན་ན། །དེ་ལྟར་མིང་དང་གཟུགས་འཇིག་སྟེ། །ཞགས་པའི་ནང་ན་ཐ་མ་ཡིན། །ཆང་ཞེས་མཁས་པ་རྣམས་ཀྱིས་གསུངས། །ངག་དང་མིག་དང་འགྲོ་བ་ཉིད། །ཚབས་པོ་ཆེ་ནི་འཁྲུལ་བྱེད་པ། །བློ་བྲལ་རྨོངས་པས་འཁྲུལ་པ་ནི། །ཅི་ཡང་སྒྲུབ་པར་མི་བྱེད་དོ། །ས་ལ་ལྷུང་བའི་མི་དེ་ལ། །བུད་མེད་རྣམས་ཀྱང་འཕྱ་བར་བྱེད། །ཧ་ལ་ཧ་ལའི་དུག་བས་ལྷག །སྐྱེ་བོ་ཀིམ་པའི་མེ་ཏོག་ལྟར། །མང་བ་ཁོ་ནར་བྱེད་པ་
ཡིན། ཞེས་དང་། བཤེས་སྤྲིངས་ལས། ཇི་ལྟར་མཛེ་ཅན་སྲིན་བུས་ཉེན་པ་ན། །བདེ་བའི་དོན་དུ་མེ་ལ་ཀུན་བརྟེན་ཀྱང་། །ཞི་བར་མི་འགྱུར་དེ་ཉིད་འདྲ་བ་ནི། །འདོད་པ་རྣམས་ལ་ཆགས་པའང་མཁྱེན་པར་མཛོད། །ཅེས་དང་། ཕར་ཕྱིན་བསྡུས་པ་ལས། འདོད་པ་དེ་དག་ཐོབ་པ་དང་། །ཉིན་གཅིག་བཞིན་དུ་བརྟེན་པ་དང་། །མང་དུ་བསགས་པས་མི་ངོམས་ན། །དེ་ལས་ནད་ཆེ་གང་ཞིག་ཡོད། །ཅེས་དང་། སློབ་སྤྲིངས་ལས། འདོད་པ་རྣམས་དང་འབྱོར་དང་སྲིད་གསུམ་རྒྱལ་བ་ཡི། །སྒྱུ་མ་སྨིག་རྒྱུ་ཆུ་ཟླ་རྦ་རླབས་འདྲ་བར་གསུངས། །རྨི་ལམ་ལྟ་བུར་ངན་སྤྱོད་འཁྲུལ་པས་བསླུས་པ་ཡི། །བྱིས་པ་གང་དག་དེ་ལ་ཆགས་པ་དམྱལ་བར་ལྟུང་། །ཞེས་དང་། གཟི་བརྗིད་ཅན་གྱི་མདོ་ལས། །རྙེད་པ་དང་བཀུར་སྟི་ལ་བརྟེན་པའི་དགེ་སློང་གིས་ཀུན་ནས་ཉོན་མོངས་པ་བྱེ་བ་ཕྲག་དགུ་བཅུ་རྩ་དགུར་འགྱུར་ཏེ། དེ་དག་གི་མཚམས་མེད་པའི་ས་ཐོབ་པར་འགྱུར་རོ། །ཞེས་དང་། འདོད་པ་ལ་གདམས་པའི་མདོ་ལས། །དགེ་སློང་འདོད་པ་རྣམས་ལས་སེམས་ལྡོག་ཅིག །ལམ་འདི་ནི་
འཇིགས་པ་དང་བཅས་པའོ། །རབ་ཏུ་འཇིགས་པ་དང་བཅས་པའོ། །ཚེར་མ་དང་བཅས་པའོ། །འཐིབ་པོ་དང་བཅས་པའོ། །ལམ་གོལ་བའོ། །ལམ་ངན་པའོ། །ལམ་ཁ་དབྲག་གོ །སྐྱེས་བུ་དམ་པ་མ་ཡིན་བསྟེན་པའོ། །ཞེས་དང་། དྭགས་པོ་ལྷ་རྗེས་ཀྱིས། ནོར་རྫས་སྒྱུ་མའི་བསླུ་བྲིད་སྡུག་བསྔལ་རྒྱུ། །ཕ་ཡུལ་བདུད་ཀྱི་བཙོན་རར་འཆིང་བྱེད་མཁན། །སུ་དག་འདི་ལ་ཞེན་པ་འཁོར་བར་འཁོར། །འཁོར་བའི་ཁོང་སྙིང་བདག་འཛིན་རྩ་བ་ཆོད། །ཅེས་དང་། གསང་བའི་བདག་པོས། ཁྱད་པར་སྐྱེས་པ་ལ་བུད་མེད་བདུད་དུ་ཆེ། བུད་མེད་ལ་སྐྱེས་པ་བདུད་དུ་ཆེ། ཐུན་མོང་དུ་ལྟོ་གོས་གཉིས་བདུད་དུ་ཆེ་གསུངས། ཇོ་བོ་རྗེས། འདོད་པའི་གཞི་ལ་ཆགས་པའི་རྒྱུས། སྒྲུབ་པའི་སྤྱོད་ལས་ཉམས་པའི་མི། །འཇིག་རྟེན་འདས་དང་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་ཐམས་ཅད་ལས། །ཤིན་ཏུ་རིང་བ་ཁོ་ནར་འགྱུར། །འཁོར་བའི་བཙོན་ར་ཉམ་ང་རུ། །ཉོན་མོངས་འཆིང་བ་སྣ་ཚོགས་ཀྱིས། །རབ་ཏུ་བསྡམས་པས་ཉམས་ཐག་ཅིང་། །འཁོར་བའི་སྡུག་བསྔལ་དཔག་མེད་ཀྱིས། །དེ་ཡི་རྒྱུད་གདུངས་མི་བདེར་འགྱུར། །
དེ་ཡི་ཕྱིར་ན་བློ་ལྡན་དག །འདོད་པའི་གཞི་ལ་ཆགས་སྤངས་ཏེ། །ཆོས་སྒྲུབ་གཙོ་བོར་བྱ་བར་རིགས། །འདོད་ལ་ཆགས་བྲལ་བྱ་བའི་ཕྱིར། །འདོད་པའི་ཉེས་པ་དཔག་མེད་པ། །གཞུང་ལས་འབྱུང་བ་རྟོགས་བྱས་ལ། །རྟག་ཏུ་ཚུལ་བཞིན་ཡིད་ལ་བྱ། །ཞེས་དང་། རྒྱ་ཆེ་རོལ་པ་ལས། རྟག་ཏུ་གཟུགས་སྡུག་མཆོག་དང་སྒྲ་སྙན་དང་། །དྲི་ཞིམ་རོ་མཆོག་རེག་པ་བདེ་བྱེད་པ། །དུས་ངན་རྙི་ལ་འགྲོ་བ་འདི་དག་ཐོག །དཔེར་ན་རྔོན་པའི་རྙི་ལ་སྤྲེའུ་ཐོགས་བཞིན། །འདོད་པའི་ཡོན་ཏན་མྱ་ངན་གནོད་པ་མང་། །འཇིགས་བཅས་རྟག་ཏུ་དགྲ་བྱེད་ཉོན་མོངས་བཅས། །རལ་གྲིའི་སོ་འདྲ་དུག་སྡོང་ལོ་མར་མཚུངས། །ངན་སྐྱུག་སྣོད་ལྟར་འཕགས་པའི་སྐྱེ་བོས་སྤང་། །འདོད་པའི་ཡོན་ཏན་འཇིགས་བཅས་ཉོན་མོངས་བཅས། །རྟག་ཏུ་བརྗེད་པ་བྱེད་པ་མུན་པ་འདྲ། རྟག་ཏུ་འཇིགས་པའི་རྒྱུ་བྱེད་སྡུག་བསྔལ་རྩ། །སྲིད་པའི་སྲེད་པས་འཁྲི་ཤིང་འཕེལ་བར་བྱེད། །ཇི་ལྟར་མེ་འབར་འོབ་ནི་འཇིགས་བཅས་པ། །དེ་ལྟར་འདོད་འདི་འཕགས་པའི་སྐྱེ་བོས་རིག །འདམ་རྫབ་ཆེ་འདྲ་རལ་གྲིས་བཤག་གནས་
འདྲ། །རལ་གྲིའི་སོ་ལ་སྦྲང་རྩི་བརྐུས་དང་མཚུངས། །ཇི་ལྟར་སྦྲུལ་གྱི་མགོ་དང་ངན་སྐྱུག་སྣོད། །དེ་ལྟར་འདོད་འདི་མཁས་པ་རྣམས་ཀྱིས་རིག །བྱ་ཤ་ཁམ་བུ་འདྲ་ཞིང་གསལ་ཤིང་འདྲ། །རོ་ལ་ཁྱི་ལྟར་དགྲ་དང་བཅས་པ་ཡིན། །ཞེས་གསུངས། རྗེ་མི་ལས། །ཡུལ་དང་པོ་ཉམས་དགའ་སྐྱིད་སྐྱིད་པོ། །ལུས་ངག་ཡིད་གསུམ་འདྲད་པའི་སེ་བརྡར་མཁན། །བར་དུ་རྨོ་རྐོ་འོ་རེ་བརྒྱལ། །ས་བོན་ཕར་བཏབ་ཚུར་མི་འོང་། །ཡུལ་ངན་མུ་གེའི་གྲོང་ཁྱེར་དེ། །མགོན་མེད་དྲི་ཟའི་གནས་དང་འདྲ། །ཐ་མར་བསྐྱུར་ནས་འགྲོ་རྒྱུ་ཡིན། །སྡིག་གསོག་གི་གནས་ཁང་སེམས་ལ་གཟན། །གནས་སྐབས་ཀྱི་བཙོན་དོང་ང་མི་འདོད། །ཅེས་དང་། །གྲོགས་དང་པོ་ལྷ་མོ་བཞད་ཁ་མ། །བལྟ་བས་གདོང་ལ་ཆོག་རྒྱུ་མེད། །བར་དུ་སྲིན་མོ་རོ་མིག་མ། །ཕར་གཅིག་ལབ་ན་ཚུར་གཉིས་རྒོལ། །སྐྲ་ལ་འཆིང་ན་སྒྱིད་ལ་འཇུ། །དབྱུག་པ་བརྒྱབ་ན་གཟར་བུ་འཕྱར། །ཐ་མ་བ་རྒན་སོ་མེད་མ། །སྲིན་མོའི་སྡང་མིག་སེམས་ལ་གཟན། །བདུད་མོའི་འཐབ་ཡ་སྤངས་པ་ཡིན། །ཞེས་དང་། །བུ་དང་པོ་ལྷ་བུ་ཡིད་འོང་པོ། །སྙིང་བརྩེའི་སེམས་ལ་
བཟོད་གླགས་མེད། །བར་དུ་བུ་ལོན་འདེད་དྲག་པོ། །ཐམས་ཅད་བྱིན་ཡང་མགུ་དུས་མེད། །མི་ཡི་བུ་མོ་ནང་དུ་བཅུག །དྲིན་ཅན་ཕ་མ་ཕྱི་རུ་ཕུད། །ཕ་ཡིས་བོས་ཀྱང་ལན་མི་སྟེར། །མ་ཡིས་བོས་ཀྱང་ཨང་མི་ཁུག །ཐ་མ་ཁྱིམ་མཚེས་སྙིང་རིང་པོ། །ཁྲམ་པའི་ཁ་ཚིས་བྱས་པས་ཕུང་། །རང་སྐྱེས་ཀྱི་དགྲ་བོ་སེམས་ལ་གཟན། །འཁོར་བའི་བཤལ་ཐག་དེ་སྤངས་པ་ཡིན། །འཇིག་རྟེན་གྱི་བུ་ཚ་ང་མི་འདོད། །ཅེས་དང་། བུ་མོ་དང་པོ་ལྷ་ཕྲུག་འཛུམ་ཁ་མོ། །ནོར་གང་དམར་ཁྱེར་བའི་དབང་མོ་ཆེ། །བར་དུ་ལན་ཆགས་འཁོར་མེད་མ། །ཕ་ལ་དངོས་སུ་བླངས་ནས་འཁྱེར། །མ་ལ་ལྐོག་ཏུ་བརྐུས་ནས་འཁྱེར། །བྱིན་པར་ངོས་སོ་མི་བྱེད་པ། །དྲིན་ཅན་ཕ་མའི་སྙིང་རླུང་སློང་། །ཐ་མར་སྲིན་མོ་གདོང་དམར་མ། །ལེགས་ན་གཞན་གྱི་དཔལ་སྐྱེད་མ། །ཉེས་ན་རང་གི་བྱུར་སྡུད་མ། །ཕུང་བྱེད་ཀྱི་འདྲེ་མོ་སེམས་ལ་གཟན། །སངས་མེད་ཀྱི་མྱ་ངན་སྤངས་པ་ཡིན། །ཕུང་བཞིའི་བུ་མོ་ང་མི་འདོད། །ཅེས་དང་། གཉེན་དང་པོ་འཕྲད་དགའ་མཐོང་འཛུམ་པོ། །འདིར་བྱོན་དང་འདིར་
བཞུགས་ཀྱིས་ལུང་པ་འགེངས། བར་དུ་ཤ་ཆང་གི་ཟས་ལན་ཅན། །ཕར་གཅིག་ལན་དུ་ཚུར་གཅིག་སྟེར། །ཐ་མར་ཆགས་སྡང་གི་གྱོད་གཞི་ཅན། །སྡུག་གྲོས་ཀྱི་གྱོད་རྩ་སེམས་ལ་གཟན། །སྐྱིད་ཚེའི་ཟ་གྲོགས་དེ་སྤངས་པ་ཡིན། །འཇིག་རྟེན་གྱི་ཉེ་དུ་ང་མི་འདོད། །ཅེས་དང་། ནོར་དང་པོ་བདག་སྐྱིད་གཞན་སྨོན་པོ། །ཅི་ཙམ་ཡོད་ཀྱང་ཆོག་ཤེས་མེད། །བར་དུ་སེར་སྣའི་མདུད་པས་བཅིངས། །དགེ་བའི་ཕྱོགས་སུ་གཏོང་མི་ཕོད། །དགྲ་འདྲེ་གཉིས་ཀྱི་གཡབ་མོ་ཡིན། །རང་གིས་བསགས་པ་མི་ཡིས་སྤྱོད། །ཐ་མར་སྲོག་གི་བདུད་དུ་འོང་། །དགྲ་བོའི་ནོར་གཉེར་སེམས་ལ་གཟན། །འཁོར་བའི་བསླུ་རྡོ་སྤངས་པ་ཡིན། །བདུད་ཀྱི་མགོ་སྐོར་དེ་ང་མི་འདོད། །ཅེས་དང་། བུ་མོ་ས་ལེ་འོད་ཀྱིས། རང་མ་ལས་སྐྱེས་ནས་ད་བར་ལ། །རྒན་གཞོན་མང་པོ་ཤི་བ་མཐོང་། །ཚེ་མི་རྟག་རྩ་ཁའི་ཟིལ་པ་འདྲ། །དེ་ཞག་དང་ཟ་མས་མ་ཚོར་འཛད། །གང་དུ་གནས་ཀྱང་མི་འཆི་བའི། །ས་ཕྱོགས་གང་ནའང་མེད་པར་གོ །བདག་ལ་ངེས་པར་འཆི་དགོས་ཤིང་། །ཤི་ནས་གར་སྐྱེས་རང་དབང་མེད། །ངན་སོང་སྡུག་བསྔལ་བསམ་ཙ་ན། །
སྡུག་བསྔལ་མྱོང་སྙམ་ཤིན་ཏུ་འཇིགས། །འཁོར་བ་གཞན་གྱི་ཚུལ་ལ་བསམ། །ལས་ངན་ཁྱིམ་ཐབས་བྱེད་དོ་ཞེས། །འཁོར་བའི་གཡོས་སྦྱོར་བྱས་ཙ་ན། །ཕ་མ་དྲིན་ཅན་རྒྱབ་ཏུ་བོར། །རང་གཉའ་དྲིན་མེད་མི་ལ་བསྐྱལ། །ངན་སོང་གསུམ་གྱི་འགྲམ་གཞི་གཏིང་། །མཐོ་རིས་ཐར་པའི་སྡོང་པོ་སྒྱེལ། །ཕ་མའི་ཟས་ནོར་ཁུར་ནས་སུ། །དོན་མེད་མི་ཡི་གཡོག་ལ་བརྩོན། །འཁོར་བར་འཆིང་བའི་གཉའ་གྲོགས་དེ། །དང་པོ་ལྷ་བུ་འཛུམ་བག་ཅན། །བར་དུ་བདུད་པོ་ངོ་ནག་པོ། །ཐ་མ་གླང་བུ་བརྡུང་སྙིང་ཅན། །བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །གྲོགས་སུ་རྡོ་རྗེའི་སྤུན་དང་འགྲོགས། །དེ་ནས་ལུས་ལས་སྐྱེས་པའི་བུ། །བསོད་ནམས་ལྡན་པ་རེ་རེ་ལ། །ལས་ཅན་རེ་ཙམ་འབྱུང་བའང་སྲིད། །ཕལ་ཆེར་ལན་ཆགས་འདེད་མཁན་སྟེ། །དང་པོ་ལུས་ཀྱི་མདངས་འཕྲོག་པོ། །བར་དུ་ཁ་ཡི་ཟས་འཕྲོག་པོ། །ཐ་མར་ལག་གི་ནོར་འཕྲོག་པོ། །བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །སྲས་སུ་རིག་པའི་ཁྱེའུ་ཆུང་གསོ། །གཙུག་ལག་ཁང་དང་མགྲོན་
ཁང་སོགས། །རྩིག་པ་དོན་ཡོད་རེ་རེ་ཅན། །འཁོར་བའི་བཙོན་དོང་ས་མཁར་དེ། །དང་པོ་སེམས་ལ་སྡུག་བསྔལ་བཀུས། །བར་དུ་ལུས་ལ་ངལ་དུབ་བསྐུར། །ཐ་མར་ཞིག་རལ་ཕུང་ལ་བཏང་། །བསམ་ཞིང་སྐྱོ་བ་ནང་ནས་སྐྱེ། །དེས་ན་བུ་མོ་ལྷ་ཆོས་བྱེད། །འཇིག་མེད་བསམ་གཏན་མཁར་བུ་བརྩིག །བདེ་གཤེགས་གསུང་རབ་སྐུ་གཟུགས་དང་། །དད་ལྡན་དགེ་བསྐུལ་མ་གཏོགས་པའི། །བཤོས་ཞིང་ལས་རྣམས་དོན་མེད་ཡིན། །དང་པོར་ཐང་སྟོང་ས་ལ་འཛིངས། །བར་དུ་འབྱུང་བ་ཆུ་ལ་འཛིངས། །ཐ་མར་མགོ་ནག་མི་ལ་འཛིངས། །བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །ཞིང་དུ་རང་རྒྱུད་ཐ་རྒོད་འདུལ། །གལ་ཏེ་སེམས་བསྐྱེད་བསམ་པ་ཡིས། །ཟིན་ན་བསོད་ནམས་ཡོང་བའང་སྲིད། །མ་ཟིན་ནོར་གྱི་འདུ་ཤེས་ཀྱིས། །ཕྱུགས་ལུག་སྐྱོང་བ་སྡིག་པའི་ལས། །དང་པོ་བརྣབ་སེམས་འདོད་པས་བྲེལ། །བར་དུ་ང་རྒྱལ་ཕྲག་དོག་འཕེལ། །ཐ་མར་དགྲ་བོའི་གཡབ་མོ་བྱས། །བསམ་ཞིང་སྐྱོ་བ་ནང་ནས་སྐྱེས། །དེས་ན་བུ་མོ་ལྷ་ཆོས་བྱེད། །ཕྱུགས་ལུག་རིགས་དྲུག་
སྙིང་རྗེས་སྐྱོང་། །ཞེས་དང་། ཟླ་བ་སྒྲོན་མའི་མདོ་ལས། འཇིགས་པ་ཆེན་པོའི་ཞགས་པ་ནི། །བུད་མེད་ཞགས་པ་མི་བཟད་པས། །སངས་རྒྱས་རྣམས་ཀྱིས་འདོད་པ་དང་། བུད་མེད་བསྟེན་པ་ཡོངས་མི་བསྔགས། །ལམ་འདིས་བྱང་ཆུབ་མི་འགྱུར་བས། །བུད་མེད་རྣམས་ལ་མི་བསྟེན་པར། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་པས་དེ་ནི་རྣམ་པར་སྤང་། །ཞེས་དང་། དཔུང་བཟང་གི་རྒྱུད་ལས། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་ཡིད་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ཀྱི་མཚོན་ཆ་འཇེབས་འདྲ་བས། །སྐྱེས་པའི་སེམས་དག་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་བཙགས་སླ་ཡི། །དེས་ན་དྲན་པ་ཉམས་པས་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །ཞེས་དང་། སྐྱེས་རབས་སུ། ཨེ་མའོ་འདི་མིང་འདི་ལྟར་བཏགས་པ་ནི། །དོན་དང་རྗེས་སུ་མཐུན་ཅིང་ཚིག་ཀྱང་ཉན། །འཛུམ་པའི་མདངས་དཀར་མྱོས་པར་མ་བྱེད་ཞེས། །བདག་གི་སེམས་ཀྱང་མྱོས་པ་
བཞིན་དུ་བྱེད། །དེ་ནི་བརྗེད་པར་བདག་འདོད་ན། །སེམས་ཀྱིས་མཐོང་བ་བཞིན་དུ་འགྱུར། །བདག་གི་སེམས་ནི་དེ་ལ་གནས། །སེམས་དེ་དེ་ཡི་དབང་དུ་འགྱུར། །ཞེས་དང་། རྒྱ་ཆེར་རོལ་པ་ལས། འདོད་པ་སྡུག་བསྔལ་མང་པོ་བསགས་ཤིང་སྡུག་བསྔལ་རྩ་བ་སྟེ། །མི་མཁས་རྣམས་ལ་བསམ་གཏན་རྫུ་འཕྲུལ་དཀའ་ཐུབ་ཉམས་པར་བྱེད། །བུད་མེད་འདོད་པའི་ཡོན་ཏན་ཆོག་པ་མེད་ཅེས་མཁས་པ་སྨྲ། །མི་གང་འདོད་པའི་སེམས་ཀྱིས་བུད་མེད་རྣམས་ཀྱི་ཁོལ་པོར་གྱུར་པ་དང་། །གང་ཞིག་ཆོས་ཀྱི་དགའ་བ་བོར་ཏེ་འདོད་པས་དགའ་བྱེད་ཅིང་། །འདོད་ལ་བརྐམས་པ་དེ་ནི་ཚུལ་ཁྲིམས་ལམ་ལས་གོལ་འགྱུར་ཞིང་། །བསམ་གཏན་ལམ་གོལ་བློ་ཉམས་ཡེ་ཤེས་ལས་ནི་རབ་རིང་གནས། །ཞེས་དང་། ཁ་རག་སྒོམ་ཆུང་གིས། །ཞེན་ཆགས་བྲལ་བའི་དམ་པ་ལ། །ལས་ཀྱི་ཕྱག་རྒྱའི་དགོས་པ་མེད། །ཞེན་ཆགས་སེམས་དང་འདྲེས་པ་ཡི། །ཕྱག་རྒྱས་ངན་འགྲོར་འཁྲིད་དོ་ཨང་། ཞེས་དང་། དཔལ་གསང་བའི་བདག་པོས། བུད་མེད་ངན་པ་མོས་གུས་བྱི་ཕོ་ལ་བྱེད། དག་སྣང་སྙིང་སྡུག་ལ་བྱེད། ཚོགས་གསོག་བྱི་
ཕོ་ལ་འབུལ། ཞེན་ལོག་ལྷ་ཆོས་ལ་བྱེད། ཉན་ན་ཁྱི་ལའང་སྤྱོད། །དད་པ་ཁ་ནས་སྐྱེ། ལྡོག་ན་སྙིང་ནས་ལྡོག སེར་སྣ་དང་མིག་སེར་ཆེ། ཡར་འགྲོའི་ལས་མི་གསོག་པར་མར་འཐེན་པའི་ལྕགས་ཀྱུ་བྱེད། ཆོས་འཕེལ་བའི་བོགས་འདོན་མི་ཡོང་བར། ཆགས་སྡང་གི་སྣ་སུན་བྱེད། ཆགས་པས་བོགས་འདོན་དུ་རེ་ནས་བསྟེན་པར་གདའ་སྟེ། ཉོན་མོངས་འཕེལ་བའི་རྒྱུར་སོང་། ཁམས་རྒྱས་པའི་རྟེན་ཡོང་དུ་རེ་ཙ་ན། ཉམས་གྲིབ་ཀྱིས་ཐུམ་པོར་ཁྱེར་སོང་། དམ་ཚིག་མི་བསྲུང་། བུད་མེད་འཆོལ་མ་བདུད་མོ་ཡིན། གསུངས། མཉམ་མེད་པོ་ཏོ་བས། བུད་མེད་ནི་བདག་གི་ཆོས་དང་མི་མཐུན་པའི་ཡིད་ཕམ་པར་བྱེད་པའི་དགྲ་འོ། ཐར་པའི་སྲོག་རྩ་གཅོད་པའི་གཤེད་མ་འོ། དཀར་པོའི་ལོ་ཏོག་འཇོམས་པའི་སེར་བ་འོ། ཕུན་སུམ་ཚོགས་པ་ཐམས་ཅད་འཕྲོག་པར་བྱེད་པའི་ཆོམ་རྐུན་མ་འོ། དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པའི་བདུད་མོ་འོ། འཁོར་བའི་སྡུག་བསྔལ་ལས་ཐར་དུ་མི་སྟེར་བའི་བཙོན་བསྲུང་མ་འོ། །གསུངས། གཞན་ཡང་མདོ་ལས། །དཔེར་ན་བཅོ་ལྔའི་
ཟླ་བ་ལ། །སྤྲིན་གྱིས་གཡོགས་པར་གྱུར་པ་ན། །འོད་སྟོང་འཇིག་རྟེན་མི་མཐོང་ལྟར། །སྐྱེས་བུ་དགེ་བའི་ཟླ་བ་ལ། །བུད་མེད་ལྷོ་སྤྲིན་དེ་བཞིན་ནོ། །ཞེས་དང་། །དཔེར་ན་ཏིལ་འབྲས་ས་ལུ་ཡི། །ལོ་ཏོག་ཕུན་སུམ་ཚོགས་པ་ལ། །རྡོ་ཡི་སེར་བ་བབ་གྱུར་ན། །འབྲས་བུ་བླང་དུ་མེད་པ་ལྟར། །སྐྱེས་བུ་དགེ་བའི་ལོ་ཏོག་ལ། །བུད་མེད་སེར་བ་དེ་བཞིན་ནོ། །ཞེས་དང་། །བལྟས་ཤིང་གཏམ་ཡང་འཕུང་གྱུར་ན། །དེ་ཉིད་བསྟེན་པ་སྨོས་ཅི་དགོས། །ཡུད་ཙམ་བདེ་ལ་ཆགས་པ་ནི། །འབར་བའི་ཁྲི་ལ་ཆགས་པ་འོ། །ཞེས་དང་། སློབ་དཔོན་བཻ་རོ་ཙ་ནས། བུད་མེད་བྱ་བ་བཙན་དུག་ཧ་ལ་ཡིན། །སེམས་ཅན་གང་གིས་ཟོས་ཀྱང་འཆི་བར་འགྱུར། །བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན། །སེམས་ཅན་གང་གིས་འཁོར་ཡང་ལ་འུར་འཆི། །བུད་མེད་བྱ་བ་དམྱལ་བའི་འདམ་རྫབ་ཡིན། །སེམས་ཅན་གང་གིས་འཁོར་བའི་འདམ་ལ་འཛིན། །བུད་མེད་བྱ་བ་འཁོར་བའི་བཙོན་ར་ཡིན །གང་གིས་འབགས་ཀྱང་ཐར་པ་ཐོབ་མི་སྲིད། །བུད་མེད་བྱ་བ་བདུད་ཀྱི་མྱ་ངན་ཡིན། །གང་གིས་འབྲེལ་ཀྱང་སྡུག་བསྔལ་ཚད་མེད་མྱོང་། །
གསུངས། སློབ་དཔོན་དོན་ཡོད་འཆར་གྱིས། མི་སྲུན་དགྲ་འདྲ་གང་ཞེ་ན། མི་བཟད་པ་ཡི་ཡུལ་རྣམས་ལ། །དམྱལ་བ་དང་འདྲ་གང་ཞེ་ན། །གཞན་གྱི་དབང་དུ་གྱུར་པ་འོ། །ཞེས་དང་། ཨ་བ་དྷུ་ཏི་པས། ཁྱིམ་གྱི་རྩོམ་པ་སྡུག་བསྔལ་ཏེ། །ནམ་ཡང་བདེ་བར་གྱུར་མ་ཡིན། །ཞེས་དང་། རྟོགས་བརྗོད་ལས། རྔ་རྩིད་ཤིང་ལ་ཐོག་པའི་གཡག་བཞིན་དུ། །བློ་ཡི་ལམ་ནི་རྙོག་པས་ཉེར་འགག་ཅིང་། །ལོག་པར་ཆགས་པའི་ཡལ་གར་སེམས་ཐོག་པའི། །སྐྱེས་བུ་ངན་པ་ཁྱིམ་བསྟེན་ཕུང་བར་འགྱུར། །ཞེས་དང་། མི་དབང་གཞན་ཡང་རང་གི་མཐར་འཇིག་པའི། །འཚོ་བའི་འཇིག་རྟེན་དག་ན་སྡུག་པ་སུ། །སྡུག་དང་འཕྲད་པར་དགའ་བར་སེམས་པ་དག །ངེས་པར་སྡུག་དང་བྲལ་བའི་སྡུག་བསྔལ་ཐོབ། །དེ་ཡི་དོན་ལ་རྣམ་དཔྱོད་མཁས་པ་ཡང་། །སྡུག་ཅེས་པ་འདིས་སེམས་ནི་རྣམ་པར་གཡེང་། །ཞེས་དང་། ཉི་ཁྲི་སྣང་བ་ལས། སྐྱོ་བའི་སེམས་ལ་བརྟེན་པ་གང་། །འགའ་ཞིག་མྱ་ངན་འདས་འགྱུར་ཞིང་། །འཇིག་རྟེན་ལེགས་སྙམ་ལ་བརྟེན་ན། །ལ་ལ་འཁོར་བར་འཁོར་བར་
འདོད། །ཅེས་དང་། རིན་ཆེན་སྒང་པ་ཁུ་དབོན་གྱི་ཞལ་ནས། ཇ་འདིའི་ཕྱིར་དུ་དཀའ་ལས་སྡུག་བསྔལ་ཡོད་ཚུལ་བསམ་ན། ཇ་འཐུང་ཕོད་པ་སྙིང་ཁམ་རེ་ཆེ་གསུངས། སྤྱན་སྔ་བ་རིན་པོ་ཆེའི་ཞལ་ནས། ཁྱེད་ཇ་ཁོག་མ་གང་བསྐོལ་བའི་རིང་ལ། ངས་བཟླས་པ་འདི་རྣམས་སོང་བ་ཡིན། ཇས་དགེ་སྦྱོར་བཅག་པ་ཙམ་སུས་བཅག་གསུངས་སྐད། ལེགས་གདམས་ལས། ཇ་འདི་ལས་ལོད་པ་རང་མེད་དེ། སྡུག་དཀའ་ལས་བྱས། ནོར་བསགས་པ་རྣམས་ཀྱི་ནོར་ཐམས་ཅད་བརླག་པར་བྱེད་པར་སྣང་། ཐམས་ཅད་དོན་ཁྱུར་འདིས་འཛུད་པར་སྣང་། ཞེས་དང་། མི་རུང་བ་དང་མཐུན་ཚབས་ཇ་ལས་ཆེ་བ་མེད། ཆང་དང་འདི་གཉིས་ལ་སྨྱོ་མི་སྨྱོ་འདི་མིན་པ་ཕུང་ཚབས་ལ་ཁྱད་མི་སྣང་། །གསུངས། ཤ་བོ་སྒང་པའི་ཞལ་ནས། ཚེ་འདིའི་འདོད་པ་ལ་བརྐམ་ཤ་བཙལ་ན་རང་རྨ་རང་གིས་ཕབ། རང་སྡུག་རང་གིས་བྱས། མིས་འཕྱ་ལ་རང་སྡུག་པ། ཕྱི་མ་ལ་ངན་སོང་དུ་འགྲོ་བ་རྣམས་ཡོང་བ་ཡིན་གསུངས། ཁ་རག་པས། སྙན་གྲགས་བདུད་ཀྱི་ཕྱེ་གཏོར་ཡིན། །རྙེད་བཀུར་འཆིང་བའི་ཞགས་པ་ཡིན། །བསོད་ནམས་
དགེ་སྦྱོར་བར་ཆད་ཡིན། །དུག་ལ་སྨན་དུ་མ་ལྟ་ཨང་། །གསུངས། ས་པཎ་གྱིས། ཧ་ཅན་བློ་རྒྱ་ཆེ་བས་འདུ་འཛིས་གཡེང་། །གཅིག་ལ་གཅིག་འཕྲོས་ཟིན་མེད་བྱ་བས་གཡེང་། །འདི་དང་འདི་དགོས་འདོད་པས་རིམ་གྱིས་འབྲིད། །དེ་འདྲས་མི་ཚེ་ཟད་པ་མ་ཚོར་རོ། །གསུངས། པོ་ཏོ་བའི་གསུངས་ལས། མངའ་ཐང་མཐའ་རྒྱས་སྡུག་བསྔལ་མཚོ་རྡོལ། །མངགས་ལས་ཀྱང་བྱུང་དེ་ལྟར་ཤེས་བྱ། ཞེས་དང་། ཡང་། རྒྱགས་དང་ཇ་དང་ཆུ་རྡོར་མང་པོ་ཚག་བྱེད་པ་ལ་ཆོས་མི་འོང་། །གསུངས། འོད་སྲུངས་ཀྱི་ལེ་འུར་ཡང་། ཇི་ལྟར་འཇིག་རྟེན་མི་གཙང་ལྷུང་བ་སྨད། །དེ་ལྟར་སྔོན་བཞིན་ཕྱིས་ནི་དེ་མ་ཡིན། །དེ་བཞིན་དགེ་སློང་མང་དུ་ཐོས་པ་ཡང་། །བཀུར་བསྟི་མི་གཙང་ལྷུང་བ་དེ་ལྟར་བཤད། །ཅེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། ཡུལ་སྡེ་དགོན་བདུད་ཀྱི་བཙོན་ར་ཡིན། །དཔོན་གྲྭ་སློབ་དགེ་བའི་བར་ཆད་ཡིན། །ནོར་རྙེད་བཀུར་འཆིང་བྱེད་ཐག་པ་སྟེ། གསུངས། གང་པོས་ཞུས་པར་ཡང་། གྲོང་ཁྱེར་དག་ལ་ཆགས་མི་བྱ། །བརྟེན་ན་རྙེད་སེམས་སྐྱེ་བར་འགྱུར། །རྙེད་པ་
ཐོབ་ན་རབ་ཏུ་དགའ། །ལྟོག་པར་གྱུར་ན་མྱ་ངན་སྐྱེ། །དེ་ཡིས་སངས་རྒྱས་མཆོད་བྱས་པ། །མཆོད་པ་བྱ་ཞེས་བརྗོད་མི་བྱ། །དེ་འདྲའི་ཉེས་དམིགས་སྤོང་འདོད་ན། །རྙེད་པ་རྣམས་ཀྱི་སྤང་བར་བྱ། །སྤངས་ནས་གནས་དབེན་རབ་གནས་ན། །སྟོང་དབེན་ཆོས་ནི་སྒོམ་པར་བྱ། ཞེས་གསུངས། དབུ་མ་བཞི་བརྒྱ་པར། །གང་གིས་འཇིག་རྟེན་འདི་མཐོང་དགའ། །དེ་ནི་གཞན་ལས་བླུན་པ་ཉིད། །གང་དག་དེ་རྗེས་འགྲོ་དེ་དག །ཤིན་ཏུ་ཡུན་རིང་བསླུ་བར་འགྱུར། །ཞེས་དང་། འབར་ར་བས། ནོར་དང་ཁ་དྲག་ཡོད་ཙ་ན། མགོ་ནག་གི་མི་འདིས་གང་བཅོལ་ཉན། །ཕན་གནོད་ནུས་པ་མེད་ཙ་ན། །དྲིན་གྱིས་བསྐྱངས་པས་ཞོར་ལ་བརྙས། །དུས་ངན་འཁོར་གྱིས་ཕན་པར་དཀའ། ཞེས་དང་། གཉེན་ཉེ་འབྲེལ་ཉེ་རིང་མཉམ་ལགས་ཀྱང་། །འབྱོར་ལྡན་ཁ་སོ་ངོ་ལག་བལྟ། དབུལ་ཞིང་ཕོངས་པ་བྱུར་དུ་མཐོང་། །འཁོས་མེད་མི་མཐོང་མཐོ་ཁ་འགྲིམ། །དུས་ངན་གཉེན་ཟླ་སྲོང་བར་དཀའ། །གསུངས། རྒྱལ་སྲས་རིན་པོ་ཆེས། འབྱོར་བའི་ཚེ་ན་བྲོས་ཀྱང་རྗེས་སུ་སྙེགས། །རྒུད་པའི་ཚེ་ན་དྲུང་དུ་སྙེགས་ཀྱང་
འབྲོས། །བུ་ཡིས་རང་གི་ཕ་ཡང་གསོད་བྱེད་ན། །ཉེ་དུ་རྣམས་ལ་སུ་ཞིག་ཡིད་རྟོན་བྱེད། །མངོན་དུ་གྱུར་ན་དགའ་བའི་ཚུལ་སྟོན་ཅིང་། །ལྐོག་ཏུ་གྱུར་ན་མི་སྙན་སྣ་ཚོགས་སྒྲོག །ཕན་བཏགས་ལན་དུ་གནོད་པ་སྐྱེལ་བྱེད་པའི། །བྱིས་པའི་གྲོགས་པོ་མཛའ་ཡང་ངེས་པར་བསླུ། །འབྱོར་ཚེ་བཞིན་འཛུམ་ཁ་བསགས་སྣ་ཚོགས་ཀྱིས། །བདག་གི་འབྱོར་བ་ཐབས་ཀྱིས་འབྲལ་བྱེད་ཅིང་། །རྒུད་ན་བཞིན་སྡུད་འཐབ་ཅིང་ཅུང་ཟད་ཀྱང་། །ཕན་མེད་གཉེན་བཤེས་སྐྱོང་བ་འཁྲུལ་པར་ཟད། །གཉེན་མང་དར་བ་སྡོངས་ནས་ཕ་རོལ་འཇོམས། །སོ་སོར་གྱེས་ན་ནང་དུ་ཆགས་སྡང་བྱེད། །གལ་ལ་བབ་ན་ཕ་བུ་ཕན་ཚུན་གསོད། །གཉེན་གྱིས་ཕན་བདེ་སྒྲུབ་པ་ཤིན་ཏུ་དཀོན། །ཞེས་དང་། རང་གི་ཉེ་དུའི་བཀུར་སྟི་རབ་སྤངས་ནས། །གཞན་གྱི་བཀུར་སྟི་འདོད་ན་སློས་བཏང་སྙམ། །ཡུལ་དང་གཉེན་བཤེས་ལོངས་སྤྱོད་ཀུན་སྤངས་ནས། །སྙན་གྲགས་འདོད་པའི་བློ་ཡིས་བཅིངས་གྱུར་ན། །ལྕགས་སྒྲོག་ཆོད་ནས་སྲད་བུས་འཁྱིགས་པ་ཡིན། །གསུངས། རིག་འཛིན་གང་ཤར་རང་གྲོལ་གྱིས།
ཉེ་འབྲེལ་མཛའ་བཤེས་སྙིང་པོ་མེད། །འབྱོར་ཚེ་བརྒྱ་ལ་ཕན་སྲིད་ཀྱང་། །རྒུད་ཚེ་བརྙས་པའི་ཐོག་མར་འོང་། །ལྷག་པར་འཁོར་བའི་འཐེན་ཐག་བྱེད། །གཉེན་གྱི་རང་བཞིན་བསམ་པའི་ཚེ། །གདུང་སེམས་འབྲེལ་ཐག་གཅོད་སྙིང་འདོད། །གྲོགས་མེད་གཅིག་པུར་སྡོད་སྙིང་འདོད། །མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །ནོར་གྱི་བསོག་འཇོག་སྙིང་པོ་མེད། །ཕྱུག་པོ་ཕལ་ཆེར་ནོར་གྱི་གཡོག །གསོག་སྲུང་སྡུག་བསྔལ་བསམ་མི་ཁྱབ། །ནོར་གྱི་རང་བཞིན་བསམ་པའི་ཚེ། །སེར་སྣའི་འཆིང་བ་གཅོད་སྙིང་འདོད། །ནོར་མེད་སྤྲང་པོ་བྱེད་སྙིང་འདོད། །མི་ལའི་རྣམ་ཐར་སྐྱོང་སྙིང་འདོད། །ཅེས་དང་། རྗེ་རྒོད་ཚང་བས། །ཡང་ལ་ལ་དག་བློས་བཏང་བྱས་ནས། སྙན་གྲགས་དང་བསོད་ནམས་ལ་སོགས་སྒྲུབ་པར་འདུག་སྟེ། དེ་བློས་མ་བཏང་བས་ཚབས་ཆེ། སངས་རྒྱས་པའི་བར་ཆད་ལ་དེ་བས་ཆེ་བ་མི་ཡོང་གསུངས། ཚེ་བློས་བཏང་བྱ་བ་དེ་ཆོས་བརྒྱད་དོན་གཉེར་བློས་ཐོངས་པ་གཅིག་ལ་ཟེར་བ་ཡིན། བཟང་འདོད་བྱེད་པའི་བློས་བཏང་དེས་ཅི་ཡང་མི་གཏུབ་གསུངས། ལྷག་བསམ་བསྐུལ་བ་ལས། བྱམས་པ་
འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས། རྙེད་པ་དང་བཀུར་སྟི་ནི། འདོད་ཆགས་བསྐྱེད་པ་ཡིན་པར་བརྟག་པར་བྱའོ། རྙེད་པ་བཀུར་སྟི་ནི་དྲན་པ་འཇོམས་པར་བྱེད་པ་ཡིན་པར་བརྟག་པར་བྱའོ། རྙེད་པ་དང་བཀུར་སྟི་ནི་རྙེད་པ་དང་མ་རྙེད་པས་ཁེངས་པ་དང་འདུད་པར་བརྟག་པར་བྱའོ། །དེ་བཞིན་དུ་སྦྱར་ཏེ། གཏི་མུག་བསྐྱེད་པ་དང་། བདག་གི་དོན་སྒྲུབ་པའི་ཁྱིམ་ལ་སེར་སྣ་བྱེད་པ་དང་། ཆགས་པ་བྱེད་པ་དང་། གཡོ་སྒྱུ་བྱེད་པ་དང་། འཕགས་པའི་རིགས་བཞི་ཡོངས་སུ་སྤོང་བ་དང་། ངོ་ཚ་མི་ཤེས་པ་དང་། ཁྲེལ་མེད་པ་བསྐྱེད་པ་དང་། སངས་རྒྱས་ཐམས་ཅད་ཀྱིས་མ་གནང་བ་དང་། ང་རྒྱལ་དང་། རྒྱགས་པ་དང་། དྲེགས་པ་བསྐྱེད་པ་དང་། བླ་མ་རྣམས་ཁྱད་དུ་གསོད་པ་དང་། བདུད་ཀྱི་ཕྱོགས་ཡིན་པ་དང་། གཅིག་ཏུ་བག་མེད་པའི་རྩ་བ་ཡིན་པ་དང་། དགེ་བའི་རྩ་བ་འཕྲོག་པ་དང་། གློག་དང་འཁོར་ལོ་དང་། ལྕེ་འབབ་པ་ལྟ་བུ་དང་། སྦག་པ་མང་པོས་སྦགས་པ་དང་། མཛའ་བཤེས་ཀྱིས་ཁྱིམ་དང་། སློང་མོ་སྟེར་བའི་ཁྱིམ་ལ་བལྟ་བ་དང་། ཡིད་མི་
བདེ་བ་བསྐྱེད་པ་དང་། བློ་རྣམས་འཁྲུལ་བར་བྱེད་པ་དང་། །སྡིག་པའི་དངོས་པོ་རྣམ་པར་འགྱུར་བར་བྱེད་པའི་ཕྱིར་མྱ་ངན་བསྐྱེད་པ་དང་། དྲན་པ་ཉེ་བར་བཞག་པ་བཞི་བརྗེད་པར་བྱེད་པ་དང་། དཀར་པོའི་ཆོས་རྣམས་ཉམས་ཆུང་བར་བྱེད་པ་དང་། ཡང་དག་པར་སྤོང་བ་བཞི་ཡོངས་སུ་ཉམས་པར་བྱེད་པ་དང་། རྫུ་འཕྲུལ་དང་མངོན་པར་ཤེས་པ་ཡོངས་སུ་ཉམས་པར་བྱེད་པ་དང་། སྔར་བཀུར་སྟི་བྱེད་པ་ལ་ཕྱིས་མི་བྱེད་པར་བྱེད་པ་དང་། མི་མཛའ་བ་དང་གནས་པར་བྱེད་པ་དང་། མཛའ་བོ་སྤོང་བ་དང་། ཕ་རོལ་བྲིད་པས་སྨད་ཚོང་མ་དང་འདྲ་བ་དང་། བསམ་གཏན་དང་ཚད་མེད་པ་སྤོང་བ་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་དུ་ལྷུང་བར་བྱེད་པ་དང་། རྙེད་པ་དང་བཀུར་སྟི་ནི། ལྷས་སྦྱིན་དང་ལྷག་སྤྱོད་ཀྱི་ཆོ་ག་དང་མཐུན་པར་བརྟག་པར་བྱའོ། །བྱམས་པ། བྱང་ཆུབ་སེམས་དཔས་རྙེད་པ་དང་བཀུར་སྟི་ལ་ཉེས་དམིགས་གང་བརྟག་པར་བྱ་བ་ནི་འདི་ལྟ་བུ་འདི་དག་གོ །བརྟགས་ནས་འདོད་པ་ཆུང་བར་བྱའི། ཡོངས་སུ་གདུང་བར་མི་བྱའོ། །དེ་ཅིའི་ཕྱིར་ཞེ་ན།
བྱམས་པ་འདོད་པ་ཆུང་བ་ལ་སྐྱོན་འདི་ལྟ་བུ་དག་མེད་པའི་ཕྱིར་རོ། ཞེས་གསུངས། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། བདག་ནི་འདོད་པའི་ཡོན་ཏན་ལྔ་པོའི་དགའ་བ་མྱོང་བར་བྱ་བ་མ་ཡིན། འདོད་པའི་ཡུལ་བརྟེན་པར་བྱ་བའི་ཕྱིར་མ་ཡིན། འདོད་པའི་ཁམས་སུ་གཏོགས་པའི་དགའ་བ་བཀོད་པའི་གཞན་དང་གཞན་སྒྲུབ་པའི་ཕྱིར་མ་ཡིན་པར། བྱང་ཆུབ་སེམས་དཔའི་སྤྱོད་པ་སྤྱད་པར་བྱའོ། །དེ་ཅིའི་ཕྱིར་ཞེ་ན། འཇིག་རྟེན་ཐམས་ཅད་ཀྱི་དགའ་བ་མ་ཡིན་པའི་ཕྱིར་རོ། །འདི་ལྟ་སྟེ། འདོད་པ་རྣམས་ལ་བརྟེན་པ་འདི་ནི་བདུད་ཀྱི་ཡུལ་ལོ། །འདི་ལྟ་སྟེ། འདོད་པ་ལ་བརྟེན་པའི་ལམ་འདི་ནི་བློ་ངན་པས་བསྟན་པའོ། །ཉེ་བར་བརྟེན་པ་འདི་ནི་སངས་རྒྱས་ཐམས་ཅད་ཀྱིས་མ་བསྔགས་པའོ། །དེའི་ཉེ་བར་བརྟེན་པ་འདི་ནི་སྡུག་བསྔལ་གྱི་ཕུང་པོ་ཐམས་ཅད་འབྱུང་བ་ཉིད་ཡིན། ཞེས་དང་། སེམས་ཅན་དམྱལ་བ་དང་། དུད་འགྲོའི་སྐྱེ་གནས་དང་། གཤིན་རྗེའི་འཇིག་རྟེན་རྣམས་འབྱུང་ངོ་། །སེམས་ཅན་རྣམས་འཐབ་པ་དང་། རྩོད་པ་དང་། མཚང་འབྲུ་བ་དང་། འགྱེད་པ་དང་། འཁྲུག་པ་
དང་། ཀུན་ཏུ་འཁྲུག་པ་རྣམས་འབྱུང་ངོ་། །སེམས་ཅན་དེ་དག་གི་འདོད་པ་བརྟེན་ན་སངས་རྒྱས་བཅོམ་ལྡན་འདས་རྣམས་ལས་རིང་བར་འགྱུར་རོ། །འདོད་པ་འདི་དག་ནི་མཐོ་རིས་སྐྱེ་བའི་བར་ཆད་དུ་ཡང་འགྱུར་ན། བླ་ན་མེད་པ་ཡེ་ཤེས་ཀྱི་རྒྱལ་སྲིད་སེམས་ཅན་ཐམས་ཅད་ཀྱིས་འགྲུབ་པ་དང་། བདེ་བ་ལ་ལྟ་སྨོས་ཀྱང་ཅི་དགོས་ཞེས་གསུངས། རབ་ཏུ་བྱུང་བ་ལ་བར་དུ་གཅོད་པ་ཚར་གཅོད་པའི་མདོ་ལས། དཔེར་ན་མི་ལ་ལ་ཞིག་མི་གཙང་བའི་དོང་དུ་ལྷུང་ནས། མི་གཞན་ཡང་འདི་སྐད་དུ། ཨ་ལ་ལ་འདི་ལྟར་ཆུ་འདི་ཤིན་ཏུ་དྭངས་པ་ངོ་མཚར་རོ་ཞེས་ཟེར་བ་དེ་ནི། ཆུ་མིན་པ་ལ་ཆུར་འདུ་ཤེས་བསྐྱེད་དེ། དྭངས་པའི་ཆུར་འདུ་ཤེས་པ་དེ་བཞིན་དུ། སེམས་ཅན་གང་ལ་ལ་བདག་ཉིད་འདོད་པའི་འདམ་དུ་བྱིང་བ་དག །གཞན་ཡང་འདོད་པའི་འདམ་དུ་འཇུག་པར་བྱེད་དོ། །བདག་ཉིད་འདོད་ཆགས་ཀྱི་གཡང་སར་ལྷུང་བར་བྱས། ཞེ་སྡང་གི་གཡང་ས་དང་། གཏི་མུག་གི་གཡང་སར་ལྷུང་བར་བྱས། གཞན་ཡང་དེ་དག་ཏུ་ལྷུང་བར་བྱེད་དོ། ཞེས་དང་། དེས་པས་ཞུས་པ་ལས། གང་གིས་འདོད་པ་རབ་མང་རྣམ་པར་འཕེལ་ཞིང་
ལོངས་སྤྱོད་བདག་གི་ཆོག་མི་འཚལ། །གནོད་པ་བགྱིད་པའི་སླད་དུ་རྒྱལ་སྲིད་འཁྲུག་ཅིང་བདག་ཉིད་ཀྱང་ནི་འདོར་བགྱིད་པ། །དེ་ནི་འདི་ན་འཇིག་རྟེན་མི་བསྲུང་ཡོན་ཏན་ཆུང་ངུ་དག་ལ་མཆོག་ཏུ་འཛིན། །དེ་ཕྱིར་འདི་ན་དེ་ལ་རྟག་ཏུ་ཆོས་འདོད་རྣམས་ནི་དབུལ་པོར་ལགས་པར་སེམས། ཞེས་དང་། སློབ་དཔོན་དོན་ཡོད་འཆར་གྱིས། ཤིན་ཏུ་དབུལ་བ་གང་ཞེ་ན། གང་ན་ཆོག་ཤེས་མེད་ཉིད་དོ། །ཞེས་དང་། སྤྱན་སྔ་བས། འདོད་པ་ཞིག་སྐྱེས་ཕྱིན་ཕྱི་ནང་བར་གསུམ་ཀུན་ནས་རང་དབང་ཤོར། གཞན་དབང་དུ་མི་འགྲོ་བའི་ཐབས་མེད། མ་མཐའ་ཁབ་སྔོན་པོ་སྐུད་པ་སྐྱ་བོ་ཙམ་རེ་དགོས་ནའང་། གཞན་ལ་རག་ལས་ཚུལ་དང་། རང་དབང་མ་ཐོབ་ལུགས་ཇི་ལྟར་འདུག་སོམས་དང་གསུངས། ཚོམས་ལས། གཞན་གྱི་དབང་གྱུར་ཀུན་སྡུག་སྟེ། །རང་དབང་ཡོད་པ་ཐམས་ཅད་བདེ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། སྲོག་ཀྱང་གཡོ་ཞིང་དབང་མེད་དེ། །རྨི་ལམ་སྒྱུ་མ་འདྲ་བ་ལ། །སེམས་ཅན་གང་དག་ཆགས་པ་ནི། །ཤིན་ཏུ་མ་རུངས་ལས་བྱས་ནས། །མནར་མེད་དམྱལ་བ་མི་
བཟད་པར། །མི་མཁས་བདུད་ཀྱི་བཞོན་པ་སོང་། །ཞེས་དང་། སྐྱེས་རབས་སུ། རྒྱུ་རྐྱེན་མེད་པར་མྱུར་དུ་ཆུད་ཟ་བའི། །ནོར་ནི་ཤིན་ཏུ་མི་བཟང་ནོར་མིན་རིགས། །གློག་ནི་འགྱུ་བ་བཞིན་དུ་མི་བརྟན་ནོ། །ཀུན་ཏུ་བླུན་རྨོངས་ཕོངས་པ་དུ་མའི་རྒྱུ། །ཞེས་དང་། ཚོམས་ལས། བརྟེན་པའི་ཚེ་ལ་མངར་ལ་དགའ། །རྣམ་པར་སྨིན་པ་མེ་དང་མཚུངས། །འདོད་ལས་བྱུང་བའི་དགའ་བ་ནི། །རྟག་ཏུ་སེམས་ཅན་དམྱལ་བར་འགྲོ། །ཞེས་དང་། དྲན་པ་ཉེར་བཞག་ལས། འདོད་པ་རྣམས་ལ་བློ་མི་བཏང་། འདོད་པས་མཆོག་ཏུ་བསླུ་བ་ཡིན། །འཁོར་བའི་འཆིང་བ་དྲག་པོ་སྟེ། །སེམས་ཅན་དམྱལ་བ་ཀུན་གྱི་རྒྱུ། །གང་ཞིག་འདོད་པ་རྣམས་ལ་དགའ། །དེ་ཡི་སྡུག་བསྔལ་མཐའ་མེད་དེ། །འདོད་པའི་སྦྲུལ་གྱིས་ཟིན་པ་ལ། །བདེ་བ་ནམ་ཡང་ག་ལ་ཡོད། །འདོད་པས་ཡོངས་སུ་བསླུས་པ་ཡིན། །འཇིག་རྟེན་འཁོར་ལོ་བཞིན་དུ་འཁྱམས། །ཐོག་མ་མེད་པའི་འཇིག་རྟེན་ལ། །འདོད་པས་ཡོངས་སུ་བསླུས་པ་དག །རྒྱ་མཚོའི་ཆུ་ནང་འཇུག་པར་བྱེད། །མཚོན་ཆ་འཐིབ་པོར་འབབ་པ་ཡིས། །གཡུལ་དུ་ཡང་དག་རབ་ཏུ་
འཇུག །འདོད་པའི་རྒྱུ་ཡིས་ས་བདག་རྣམས། །ཕན་ཚུན་དམག་ཏུ་འཇུག་པར་བྱེད། །ནོར་ལ་སྲེད་པ་མ་བུ་ཡང་། །འཐབ་མོའི་གཡུལ་ནི་འགྱེད་པར་བྱེད། །སྲེད་པའི་དུག་ལས་རྣམ་གྲོལ་བ། །འདོད་པའི་མེ་མདག་རྣམ་པར་སྤང་། །བོང་བ་གསེར་ལྟར་མཉམ་པ་ལ། །མྱ་ངན་འདས་པའི་མཐར་འགྲོ་འོ། །མནར་མེད་པར་ནི་སྐྱེ་བ་དག །ནོར་ལ་འདོད་པས་བསྲེག་པ་ཡིན། །མཁས་པས་ཡེ་ཤེས་ཆུ་ཡིས་སུ། །བསྒྲིམས་ཏེ་འདོད་པའི་མེ་མདག་གསོད། །འདོད་པ་མེད་པར་མ་བྱས་ན། །མྱ་ངན་འདས་པ་ཐག་རིང་ངོ་། །མྱང་འདས་འདོད་ལྡན་རྣམས་ལ་མེད། །གྲོལ་མེད་བདེ་བ་ཅི་ལ་ཡོད། །དེ་ཕྱིར་འདོད་པ་བརྟེན་མི་བྱ། །འདོད་དང་སྡུག་བསྔལ་མཉམ་དུ་འབྱུང་། །ཇི་ལྟར་དུག་ནི་ལྗོན་ཤིང་གི །མེ་ཏོག་བུང་བ་རྣམས་འཇིབ་པ། །དེ་ལྟར་དེ་ནི་དུག་འདྲ་སྟེ། །རྨོངས་པ་རྣམས་ནི་བདེ་ལ་སྤྱོད། །བུང་བས་དུག་ནི་འཐུང་བ་དག །གལ་ཏེ་ཁ་ཅིག་འཚོ་འགྱུར་གྱི། །འདོད་པའི་དུག་ནི་འཐུང་བ་ཡི། །འཚོ་བ་རྙེད་པར་དཀའ་བར་འགྱུར། །གསུངས། སྔོན་བྱང་ཆུབ་སེམས་དཔའ་མཆེད་དྲུག་
བྱུང་། ནགས་སུ་སྒོམ་གྱིན་བཞུགས་པ་པདྨའི་རྩ་བ་གསོལ་བ་ལས། གཅིག་གིས་པདྨའི་རྩ་བ་བརྐུས་སྣང་བས། ཁོང་རྣམ་པས་དམོད་པ་འདི་ལྟར་དོར། གཅིག་ན་རེ། བྲམ་ཟེ་ཁྱེད་ཀྱི་རྩ་བ་སུས་འཁྱེར་བ། །འབྱོར་པའི་མཚན་མས་བརྒྱན་པའི་ཁྱིམ་པ་བ། །ཆུང་མ་ཡིད་དུ་འོང་བ་རྙེད་པར་ཤོག །བུ་དང་ཚ་བོ་རྣམས་དང་ལྡན་པར་ཤོག །གཅིག་ན་རེ། །བྲམ་ཟེ་ཁྱེད་ཀྱི་རྩ་བ་སུས་འཁྱེར་བ། །ཕྲེང་བ་དོ་ཤལ་ཙན་དན་གོས་བཟང་དང་། །བུ་ཡིས་རེག་པའི་རྒྱན་རྣམས་ཐོགས་བྱས་ཏེ། །འདོད་པ་མི་ཟད་པ་ལ་སྤྱོད་པར་ཤོག །གཅིག་ན་རེ། གང་གི་རྩ་བ་མཐོང་ལ་ཆོས་མ་མཐོང་། །དེ་ནི་གཅིག་པུ་དགེ་བ་རྣམས་དང་བྲལ། །བསྙེན་བཀུར་བྱས་པས་མྱོས་པར་གྱུར་ནས་ནི། །ཁ་ཟས་ཞིམ་པོ་དག་ལ་དགའ་བར་ཤོག །གཅིག་ན་རེ། བྲམ་ཟེ་ཁྱེད་ཀྱི་རྩ་བ་སུས་འཁྱེར་བ། །རིག་བྱེད་ལེགས་པར་ལོབ་ནས་སྟོན་པར་བྱེད། །དཀའ་ཐུབ་ཅན་དུ་རེ་བ་ཆེན་པོ་ཡིས། །དེ་ནི་ཡུལ་མི་ཀུན་གྱིས་མཆོད་པར་ཤོག །ཅེས་བརྗོད་གསུངས། འདོད་ཡོན་ལོངས་སྤྱོད་རྒྱས་ནས་སྡུག་བསྔལ་གྱི་མཚོ་རྡོལ་ནས། སྡུག་ཐག་ཆོད་པ་རེ་ཡོང་
དགོངས་ནས་དམོད་མོ་དེ་འདྲ་བྱས་པ་ཡིན་ཏེ། དེས་ན་སྤྱན་སྔ་བ་རིན་པོ་ཆེས། པདྨའི་རྩ་བ་བརྐུ་བ་དེ་བསྟན་བཅོས་ལེགས་པར་བསླབ་ནས། འཁོར་མང་པོ་ལ་སྟོན་པ་དང་། དེ་ནི་མཁས་བཙུན་བཟང་གསུམ་འཛོམས་པ་ཀུན་གྱིས་ཤེས་ནས། རྙེད་བཀུར་གྱིས་མཆོད་པར་ཤོག །ཅེས་དམོད་པ་བོར། ད་ལྟ་ཡིན་ན། དགེ་བཤེས་བཀའ་བཅུ་འཛིན་པའང་། དེ་ལྟ་བུ་ལ་སྨོན་གནས་མཐར་ཐུག་ཏུ་བྱེད་པ་མང་གསུངས། སྔོན་བྱ་བཏང་རི་ཁྲོད་པ་ཞིག་ལ། རྒྱལ་པོས་གནོད་པ་བཏང་ཚུལ་ནི། ཁོ་རང་གིས་མཎྜལ་ཕུལ་བའི་ནས་ས་ལ་འཐོར་བ། ཡར་ལེགས་པོར་སྐྱེས་པས་མགོ་ལ་འབྲས་ཕུན་སུམ་ཚོགས་པ་སྨིན་དུ་བཅུག་པས་རི་ཁྲོད་པའི་བསམ་པ་ལ། ས་འདིར་ལོ་ཏོག་ལེགས་པོ་འོང་རྒྱུ་རེད་སྙམ་ཞིང་བཏབ་པས་ཕུན་སུམ་ཚོགས་པ་བྱུང་། །དེ་ནས་ཞིང་འདི་ལ་བདག་བྱེད་པའི་བུད་མེད་ཅིག་དགོས་སྙམ་བུད་མེད་གཅིག་བླངས་པས་སྡོམ་པ་ཤོར། བུ་ཚ་བུ་མོ་མང་པོ་བྱུང་། ཆོས་མིན་གྱི་ལས་མང་པོ་བྱས་ནས་དམྱལ་བར་ལྷུང་སྐད། དེ་ལ་དགོངས་ནས་རིགས་འཛིན་གང་ཤར་རང་གྲོལ་གྱིས། བཟང་ལ་
བཅུད་ཆེ་བཟའ་བཏུང་ལོངས་སྤྱོད་འདྲ་འཛོམས་བྱུང་། ཆོས་ཀྱི་མཐུན་རྐྱེན་འདྲ་ཡིན་ན་ནི་དགའ་བ། རྒྱལ་འགོང་ཆོ་འཕྲུལ་འདྲ་ཡིན་ན་ནི་སྐྱོ་བ། སྐྱོ་བ་བཟོད་ཐབས་རང་མི་འདུག །རིགས་ཀུན་གྱི་ཁྱབ་བདག་གསུངས། ཡང་སྤྱན་སྔ་བས། འཇིག་རྟེན་གྱི་ཕུན་སུམ་ཚོགས་པ་དང་རྒུད་པ་གཉིས་ཉིན་མཚན་བཞིན་དུ་ནམ་ཡང་འབྲལ་བ་མེད་དོ། །དེ་ཡང་ཕུན་ཚོགས་རྒྱ་ཆེ་བ་དང་། གྲངས་མང་བ་ལྟར། རྒུད་པ་དང་། མྱ་ངན་རྒྱ་ཆེ་གྲངས་མང་ཞེས་གྲགས་པ་འཇིག་རྟེན་གྱི་ཕུན་ཚོགས་སྒྲུབ་ན་ནམ་ཡང་ཕོ་མ་སྐྱེས་པ་ལས་མི་འདའ་སྟེ། ཕུན་ཚོགས་ཇི་ལྟར་ཆེ་ཡིན་དེ་ལ་སྲེད་པ་ཆེར་འགྲོ། དེ་བྱུང་བ་ལྟར་གྱི་ཕུན་ཚོགས་ཐམས་ཅད་མི་རྟག་ཅིང་མི་བརྟན་པས་ངེས་པར་འཇིག་ཅིང་འབྲལ་ལ། དེའི་ཚེ་གཞན་ལ་འབྱུང་བར་མི་རིགས་པའི་མྱ་ངན་དང་སྨྲེ་ངག་དང་། སྡུག་བསྔལ་དང་ཡིད་མི་བདེ་བ་འོང་སྟེ། ན་ནིང་བྱང་ཕ་གིར་འབྲི་ཁུང་པའི་དཔོན་སྐྱ་ཆེན་པོ་ཞིག་གི་བུ་གཅེས་པ་ཤི་བས་ཁོ་རང་ཡང་མྱ་ངན་གྱིས་ཤི་སོང་ཟེར། ཡོན་བཙུན་ཚུལ་རིན་ཀུན་ཕྱུག་པ་ལ་ཐམས་ཅད་སྨོན་པ་བཞིན་སྣང་སྟེ། བུ་ནི་མིན། ཚ་ཞང་ཡིན། ཚ་བོ་དེ་ན་ནས་
འདག་ཞག་ཤི་ཕན་ལ་ཟླ་བ་ལྔ་དྲུག་གཅིག་སོང་། དེའི་བར་དུ་ངུ་འཕྲོ་གཅོད་རྒྱུ་ཡེ་མེད་པར་དང་ག་ཆག །ཤ་ཞུ་པགས་སྐམ་ལ་སོང་སྣང་ཟེར། འཕན་ཡུལ་དུ་སྔགས་པ་ཞིག་གི་བུ་ཤི་བས་ཁོ་དུས་ཐམས་ཅད་དུ་བུ་ཡིད་ལ་བྱེད་ཅིང་ངུ་བས། མདོ་དྲན་པ་ཉེར་བཞག་ལས། འདོད་འཇིགས་མྱ་ངན་གྱིས་བརླམས་དང་། །རྐུན་པོ་རྨ་སོགས་ཀྱིས་བསླད་པ། །མདུན་ན་གནས་པ་བཞིན་དུ་ནི། །ཡང་དག་མིན་པའང་མཐོང་བར་འགྱུར། །ཞེས་པ་དེ་ཁོ་ན་བྱུང་ནས། ལན་གཅིག་བུ་དེ་མདུན་དུ་ཅར་གྱིས་བྱུང་བའི་སྣང་བ་བྱུང་སྐད། བྲག་རྩར་ཡོན་བཙུན་ལྷ་བཟང་གིས་ཚ་བོ་ན་བ་དང་། ཁོ་སྙམ་པ། བུ་ཡི་རོ་མཐོང་བས་སྡུག་དྲག་སྙམ་ནས་དུག་འགམ་ནས་ཤི། དགེ་བ་གཉིས་སྒྲུབ་དགོས་པ་བྱུང་། ན་ནིང་ཤཱཀ་ཚུལ་དེ་ཀུན་གཞོན་ནུ་ནས་རབ་ཏུ་བྱུང་། མཁན་ཆེན་གཞོན་འོད་དེ་ལྟ་བུའི་བླ་མ་བཟང་པོ་ལུས་དང་གྲིབ་མའི་ཚུལ་གྱིས་བསྟེན། ལོ་བདུན་ཅུ་དོན་གྲངས་ལོན་ལོན་དུ་དགེ་སྦྱོར་བྱས། ཞག་རེ་སྨན་བླ་ཚར་ལྔ་ལྔར་མ་ཆག་པ་གཏོང་བ་བྱས་ཀྱང་། ཁོང་ཚེ་འདིའི་ཕུན་ཚོགས་ལ་ཞེན་པས་ཐམས་ཅད་བྱས་པ་
དོན་མེད་དུ་སོང་། ཁོའི་ཞིང་ཆུང་ལ་ཟོར་བ་རྡེག་པ་ཅུང་ཟད་བྱུང་བ་ཙམ་ལ། དེའི་མྱ་ངན་དང་ཁོང་ཁྲོས་སྐེམས་ཏེ་ཤི་སོང་བ། ཡུག་ས་མ་འདི་ཀུན་ཇི་འདྲའི་མྱ་ངན་ཞིག་ཡོང་གི་སྣང་། ཕག་མོ་གྲུ་པའི་དུས། མ་བདེ་བ་འདི་ཀུན་ཡང་བྱུང་ནས་ད་ལོ་ཡང་མང་དུ་སོང་སྟེ། གོང་མ་ཀོང་དཀར་བསྐོར་ལ་ཇི་འདྲ་བའི་མྱ་ངན་དང་སེམས་ཁྲལ་དང་སྡུག་ལུགས་ཤིག་ཡོད་དེ། བདེ་དང་སྡུག་བསྔལ་གསར་པ་ཡིས་རྙིང་པ་ཉེ་བར་བརྗེད་པར་བྱེད། མ་བྱས་པར་འདི་འདྲ་རྣམས་ལ་བསམ་བློ་བཏང་ན། ཚེ་འདིའི་ཕུན་ཚོགས་འདྲ་བ་སུ་རང་སྒྲུབ། འདི་རྣམས་ལ་ཕུན་སུམ་ཚོགས་པའི་མིང་བཏགས་ཀྱང་དོན་ལ་དགྲ་རང་ཡིན་སྙམ་ནས་སྤོང་བ་ཞིག་བྱུང་བ་ཕོ་སྐྱེས་པ་བྱ་བ་དེ་ཡོང་གསུངས། མདོར་ན་འདོད་ཡོན་ལ་ཆགས་པ་ནི་རི་དྭགས་རྔོན་པའི་རྙི་ལ་ཆགས་པ་དང་། སྤུ་གྲི་རྣོན་པོའི་སོ་ལ་ཆགས་པའི་སྦྲང་རྩི་ལྕེས་ལྡག་པ་དང་། དུག་སྦྲུལ་ནག་པོའི་གདེངས་ཀའི་གྲིབ་བསིལ་བརྟེན་པ་དང་འདྲ་བར་གནོད་པ་དང་སྡུག་བསྔལ་དུ་མའི་རྒྱུ་འབའ་ཞིག་ཡིན། དཔེར་ན་རྒྱ་ཨ་འབན་ཚོས་ནག་ཅན་གྱི་མི་འགའ་རེ་གསོད་དུས། ད་ཁྱོད་གཏོང་རྒྱུ་ཡིན་
ཟེར། ཀ་ར་ཤིང་ཐོག་སོགས་སྡེར་ཁ་བཞག །འགའ་རེར་སྔོན་ནས་གར་ཁྲབ་གི་བཅུག་མི་དེས་མིག་སེམས་གཡེངས་པའི་བར་དེར། ཕྱི་ལྟག་ནས་མགོ་གཅོད་མཁན་གྱིས་གྲི་རྣོན་པོས་མགོ་བཅད་ནས་ས་ལ་འཕངས་ཚེ་བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་བ་ལྟར། ཚེ་འདི་ཡི་འདོད་ཡོན་གྱི་བསླུ་བྲིད་ལ་ཞེན་ཅིང་ཆགས་ན་ཉོན་མོངས་མགོ་གཅོད་ཀྱི་སྡིག་ལྟུང་སྤུ་གྲི་རྣོན་པོས་མཐོ་རིས་ཐར་པའི་བདེ་སྐྱིད་ཀྱི་མགོ་བཅད་ནས་ངན་སོང་གསུམ་གྱི་ས་ལ་འཕངས་ཚེ་བཟོད་གླགས་མེད་པའི་སྡུག་བསྔལ་ཡུན་རིང་མྱོང་དགོས། དེ་རྣམས་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང་། འཁོར་དང་རྙེད་བཀུར་གྲགས་སོགས་བདེ་བའི་རྒྱུར། །སྐད་ཅིག་ཙམ་ཡང་སྨིན་པར་མི་འགྱུར་ཞིང་། །བླ་མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །བདེ་མེད་སྡུག་བསྔལ་བརྒྱ་ཡིས་གཙེས་པ་
ཡི། །འཁོར་བའི་ཕུན་ཚོགས་ཡིད་ལ་དྲན་ཙམ་གྱིས། ལྕགས་ཁང་འབར་བའི་ནང་དུ་ཚུད་པ་ལྟར། །ཡིད་ལ་འདོད་པ་ཏིལ་ཙམ་མེད་པར་ཤོག །ཅེས་གསུངས། ཁྱད་པར་འདོད་ཡོན་ལྔའི་ནང་ནས། རོ་མངར། ཟས་དང་ཟས་ཀྱི་རྒྱུའི་ནོར་རྫས་བཙལ་དུས་ཚ་གྲང་བཀྲེས་སྐོམ་ངལ་དུབ་ཀྱིས་གདུང་། རྙེད་ན་གཞན་གྱིས་རྐུ་འཕྲོག་ཆུད་ཟོས་སུ་འགྲོ་ཡི་དོགས་ནས། ཉིན་མཚན་གཉིས་ཀར་རྩོལ་བ་དྲག་པོས་བསྲུང་དགོས། དེའི་ཕྱིར་ཕ་སྤུན་སོགས་ཕན་ཚུན་རྩོད་ཅིང་འཐབ། སྲེད་པ་ཆེར་གྱུར་ནས་རྒྱལ་པོ་སོགས་ཕན་ཚུན་གཡུལ་སྤྲོད། ཕ་རོལ་པོ་དང་འཐབ་ན་སྡུག་བསྔལ་དུ་མ་མྱོང་། ཟས་དང་ཟས་ཀྱི་རྒྱུའི་ཕྱིར་སྒོ་གསུམ་སྡིག་པ་བསགས་ནས་འཆི་ཚེ་དེ་དག་དྲན་ནས་འགྱོད་བཞིན་དུ་འཆི་ཞིང་། ཤི་ནས་ཀྱང་ངན་སོང་དུ་ལྷུང་ནས་བཟོད་གླགས་མེད་པའི་སྡུག་བསྔལ་མྱོང་ཞེས་ལམ་རིམ་སོགས་ནས་གསུངས། བཟའ་བཏུང་ལ་ལོངས་སྤྱོད་རག་བར་དུ་ཆུ་བླངས་གཡོ་སྐོལ་སོགས་བྱས་ཕུང་པོ་ངལ། ཟས་དེ་ལ་ལོངས་སྤྱད་ནས་ཞུ་ན་ཅུང་ཟད་ཞིག་གིས་ཤ་ཁྲག་སོགས་སྐྱེ་ཡང་ཕལ་ཆེ་བ་གཤང་གཅིར་གྱུར། ལུས་ཀྱི་སྨད་ན་གནས་པ་
ཡང་ཡང་བསལ་དགོས། ཟས་ལ་བརྟེན་ནས་ནད་ཀྱི་རིགས་དུ་མ་བསྐྱེད། ཚོ་བསོག་ནས་ཁུར་པོ་ཆེན་པོ་ཞིག་ཁུར་བ་ལྟར་ལུས་ལྕི་བ་དང་། དབུགས་འབྱུང་རྔུབ་ལེན་དཀའ་སྟེ། ཕྱིན་ཅི་ལོག་བཞི་འགོག་པའི་གཏམ་ལས། སྐྱེས་བུ་ཟས་ཉུང་དག་གིས་རིད་འགྱུར་ཟས་མང་དག་ལ་མངོན་དགའ་བའི། །དབུགས་མི་འཐོན་ཞིང་སྡུག་བསྔལ་འགྱུར་ལ་མི་མཐུན་ཟས་ཀྱིས་འཆི་བར་བྱེད། །ཟས་མི་འཇུ་བའི་ནད་སྐྱེས་འགྱུར་ཞིང་ཞུ་བས་བཀྲེས་པ་ཉིད་དུ་འགྱུར། །ཀྱེ་མ་ཟས་ཟོས་གྱུར་ན་སྡུག་བསྔལ་མི་བསྐྱེད་སྐབས་དེ་ཡོད་མ་ཡིན། །ཞེས་དང་། ཟླ་བ་སྒྲོན་མེའི་མདོ་ལས། དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག །རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང་། །དེ་དག་རྣམས་ལ་ཟས་དེ་གདུག་པར་འགྱུར། །བ་གླང་ཕྲུ་གུས་རྩ་བ་མ་བཀྲུམ་བཞིན། །ཞེས་དང་། འཕགས་པ་བདེན་པ་པོའི་ལེའུ་ལས། སྐྱེས་བུ་གང་ཞིག་མང་ཟ་བ། །དེ་ནི་ལུས་ལྕི་ལེ་ལོ་ཅན། །འདི་དང་ཕ་རོལ་ཚེ་འདིའི་དོན། །ངེས་པར་རབ་ཏུ་འགྲིབ་པར་འགྱུར། །དེ་ནི་སད་ནའང་སྡུག་བསྔལ་སྟེ། །ཉལ་ནའང་སྡུག་བསྔལ་གཞན་གནོད་
བགྱིད། །དེ་བས་ཕན་དང་རན་པར་བཟའ། །ཟས་ཀྱི་དུས་ནི་ངེས་པར་བགྱི། །ཞེས་དང་། དྲན་པ་ཉེར་བཞག་ལས། ལེ་ལོ་བརྩོན་འགྲུས་དམན་པ་གང་། །ཟས་ལ་རྟག་ཏུ་དགའ་བས་ཕྱུགས། །དེ་ནི་གསོན་ཡང་ཤི་བ་ཡིན། །དེ་ནས་ཀྱང་ནི་དམྱལ་བར་འགྲོ །ཞེས་དང་། སྡུད་པ་ལས། སེམས་ཅན་ཡོངས་སུ་རྟོག་པས་ཟས་ལ་འདོད་བྱེད་ཅིང་། འཁོར་བར་ཆགས་པའི་ཡིད་དང་ལྡན་རྣམས་རྟག་ཏུ་འཁོར། །ཞེས་དང་། པོ་ཏོ་བས། ལྟོ་གདུང་ནན་ཏར་ཆེ་བ་ལ་ཆོས་མ་བྱུང་བར་བྱེད། ལྟོ་ཕྱིར་གནམ་རྡིབ་པ་ཆོས་ལར་མི་ཡོང་། ཞེས་གསུངས། ཟས་ཀྱི་ནང་ནས་དཀོར་ཟས་ཁོ་ན་ཟོས་ན་དཀོར་སྒྲིབ་ཆེ་ལུས་ལྕི། དཀོར་ཤིག་མང་། རོ་སྟོད་ན། དབུགས་འཚང་། མིག་ཚ། ན་ཟུག་མང་པོ་ལྡང་། རིག་པ་མི་གསལ། གཉིད་ཆེ། ཇེ་བླུན་དུ་སོང་ནས། ཕན་བདེའི་ལམ་ལ་རང་གིས་སྤྱོད་མི་ཤེས། གཞན་གྱིས་བཤད་ཀྱང་མི་ཉན། བོང་བུ་དང་ཁྱད་མེད་པར་འགྱུར་ཏེ། སྤྱན་སྔ་བས། དཀོར་གྱིས་འཚོད་པས་འཕྲལ་དུ་ཇེ་བླུན་སོང་། །ཕན་བདེའི་ལམ་ལ་རང་གིས་སྤྱོད་མི་ཤེས། །གཞན་གྱིས་འཐད་པ་སྒྲོན་ཡང་དེ་
མི་ཉན། །བོང་བུ་མངོན་སུམ་ཡོང་ངོ་ཤཱཀྱའི་སྲས། གསུངས། བླ་མ་འགའ་རེས། དཀོར་སྙིང་ལ་བབ་ན་མི་དྲན་དགུ་དྲན། ཁར་བབ་ན་མི་བཤད་དགུ་བཤད། ལག་ཏུ་བབ་ན་མི་འཁྱུག་དགུ་འཁྱུག་གསུངས་པ་སྟེ། སེམས་ཀྱིས་རྣབ་སེམས་གནོད་སེམས་ལོག་ལྟ་དྲན། ཁ་ནས་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ། ལུས་ཀྱིས་སྲོག་གཅོད་མ་བྱིན་ལེན་མི་ཚངས་སྤྱོད་སོགས་བྱས་ནས་ངན་སོང་གསུམ་གྱི་འགྲམ་གཞི་འདིང་། ཉིན་པར་གྱི་ལྟོ་བཅག་མཚན་མོའི་གཉིད་སྤངས་ཕྱོགས་ཕྱོགས་སུ་རྒྱུག་རྒྱུག་ནས་དད་ཟས་གཤིན་ཟས་བསྡུས་བསྡུས་སེར་སྣ་བྱས་བསགས་བསགས་ནས། ཆོས་ཕྱོགས་སུ་མ་སོང་བར་རང་དང་ཁྱིམ་ཚང་བཟའ་མི་གྲ་རོག་གྲོགས་མཆེད་ཕྱོགས་སུ་ཤོར་ན། ཚེ་ཕྱི་མར་དཀོར་སྡུད་མཁན། དགེ་སློང་བནྡེ། གཅོད་པ། སྔགས་པ། བླ་མ་དགེ་བཤེས། བྱ་བཏང་བསྒོམ་ཆེན་སུ་ཡིན་ཡང་། རྐང་པ་ཚ་ཞིང་། བུ་དད་ཆེ་བའི་རྔ་མོང་དུ་སྐྱེ། དཀོར་ཟ་མཁན་ཁྱིམ་ཚང་བཟའ་མི་གྲྭ་རོགས་གྲོགས་མཆེད་རྣམས་རྔ་ཕྲུག་ཏུ་སྐྱེ། དཀོར་བདག་རྔ་མོང་གི་བདག་པོར་གྱུར་ནས། བཀོལ་སྤྱོད་
ཀྱི་ལན་ཆགས་འདེད་དུ་འོང་། དེ་མ་ཡིན་པའི་ལན་ཆག་ཉིས་ཁྲི་ཙམ་འདེད་དུ་འོང་ཞེས། རྒྱལ་པོ་སྲོང་བཙན་སྒམ་པོས་གསུངས། སྔོན་ལི་ཏ་ཞེས་བྱ་བའི་དགེ་འདུན་གྱི་ལས་བྱེད་པའི་དགེ་སློང་ཞིག་གིས། དགེ་འདུན་གྱི་དཀོར་ཟོས་པས། ཚེ་དུས་བྱས་མ་ཐག་ཏུ་དམྱལ་བར་སྐྱེས། ཁ་ནང་དུ་གཤིན་རྗེ་རྣམས་ཀྱིས་ཁྲོ་ཆུ་ཁོལ་མ་བླུགས་ནས། ཁོག་གི་ནང་ཁྲོལ་ཚིག་ནས་སྨད་ནས་བྱུང་སྡུག་བསྔལ་མྱང་། དགེ་འདུན་རྣམས་ཀྱི་རྫས་ནང་ནས་མེ་ཏོག་དང་འབྲས་བུ་བཟང་བ་དང་བཏུང་བ་མང་པོ་ཁྱིམ་པ་མང་པོ་ལ་བྱིན་པ་རྣམས། ཚེ་འཕོས་ནས་ཤིང་སྡོང་ཆེན་པོ་ཞིག་གི་སྟེང་གི་སྲིན་བུར་སྐྱེས་གསུངས། སྔོན་མོངྒལ་གྱི་བུ། རིགས་དྲུག་གི་གནས་སུ་རྒྱུ་ཞིང་གཤེགས་པའི་ཚེ། རྒྱ་མཚོའི་འགྲམ་ན་ཡི་དྭགས་ལུས་ལ་མེ་འབར་བ། ཐང་ལ་འགྲོ་ན་གཅན་གཟན་མཆེ་བ་ཅན་སྣ་ཚོགས་པས། ལུས་ཀྱི་ཤ་ཕྱོགས་ཕྱོགས་ནས་བཅད་ནས་ཟོས་ཚེ། སྡུག་བསྔལ་མ་བཟོད་པར་ངུ་འབོད་བྱས་ཡར་མར་ཕར་ཚུར་དུ་རྒྱུག་ཀྱང་། ཁྱི་གཅན་གཟན་རྣམས་ཀྱིས་དེད་ནས་ཟ་བ་ཞིག་མཐོང་། དེ་སྔོན་སངས་རྒྱས་འོད་སྲུངས་ཀྱི་དུས། དགེ་སློང་
ཞལ་ཏ་བ་ཞིག་གིས་དགེ་འདུན་གྱི་དཀོར་དང་མཆོད་རྟེན་གྱི་དཀོར་སོགས་རང་གིས་ལོངས་སྤྱད་པ་དང་གཞན་ལ་བྱིན་པའི་ལས་སོ་གསུངས། ཡང་རྒྱ་མཚོའི་འགྲམ་ན། སེམས་ཅན་ལུས་ཀྱི་ཤ་རྣག་ཆུ་འདྲ་བ་ཞིག་ས་ལ་བསྡད་ན། སྲོག་ཆགས་མཆུ་ཁབ་འདྲ་བ་མང་པོ་འོང་ནས་ཟོས། ཟ་ཆེ་བས་སྡུག་བསྔལ་མ་བཟོད་ནས་ནམ་མཁའ་ལ་ཡར་ལྡང་འཕགས་ཚེ། ལུས་ནས་མེ་འབར་ནས་སྡུག་བསྔལ་མྱོང་བ་ཞིག་མཐོང་། དེ་ཡང་སངས་རྒྱས་འོད་སྲུངས་ཀྱི་དུས་དཀོར་ཟོས་པའི་ལས་སོ་གསུངས། སྔོན་བི་ཀྲ་མ་ལ་ཤཱི་ལའི་གནས་བརྟན་གྱིས། དགེ་འདུན་གྱི་དཀོར་བག་ཙམ་འབྲུ་ཞིབ་མ་གང་ཞིག་འབག་པས་ཡི་དྭགས་སུ་སྐྱེས། གད་ཕུག་གཅིག་ན་སྡོད་པ་ལ། གནས་དེར་བྱིས་པ་རྣམས་ཀྱིས་རྡོ་རུབ་བརྒྱབས་པས། ཡི་དྭགས་དེས་བྱིས་པ་གཅིག་བཟུང་ཁ་ནས་ཆོས་ཤྭ་ཤྭ་བྱུང་། དགེ་འདུན་རྣམས་ཀྱིས་དེ་ལ་སྔགས་བཏབ་ཀྱང་མ་ཕན་པ་ལ། བྱམས་པ་བསྒོམ་པ་ཞིག་གིས་ཁྱོད་སུ་ཡིན་དྲིས་པ་ལ་གཞན་རྣམས་ཕར་ཕྱེ་ངས་བཤད་དོ་ཟེར། དེའི་ཤུལ་དུ་ང་གནས་བརྟན་ཡིན་པ་ལ། དཀོར་ལ་འབག་པས་འདིར་
སྐྱེས་ཟེར་བྱིས་པ་བཏང་སྐད། དགེ་འདུན་པའི་རྫས་འདབ་མའི་མེ་ཏོག་གམ། འབྲས་བུ་ཙམ་ཡང་ཚུལ་འཆལ་གྱིས་སྤྱད་ན། སེམས་ཅན་དམྱལ་བ་ཆེན་པོར་སྐྱེས་པ་དང་། བརྒྱ་ལ་ཡུན་རིང་པོ་ནས་ཐར་ཡང་། འབྲོག་དགོན་པར་རོ་བསྐམ་དུ་དུད་འགྲོ་རྐང་ལག་མེད་པ་དང་། ཡི་དྭགས་རྐང་ལག་མེད་པར་སྐྱེས་ཏེ། ལོ་མང་པོར་སྡུག་བསྔལ་མྱོང་བ་ལ་སོགས་པ་ཉེས་དམིགས་ཆེ་བར་ཉི་མའི་སྙིང་པོ་ལས་གསུངས། གཞན་ཡང་དགེ་སློང་དག་དགེ་འདུན་ལ་བསྔོས་པ། ལོ་ཏོག་ལ་སོགས་པ་ཙམ་ཡང་རང་གིས་སྤྱོད་པ་དང་། གཞན་ཁྱིམ་པ་ལ་སྟེར་བ་དང་། ཁྱིམ་པས་ལོངས་སྤྱོད་སྤྱོད་དུ་མི་རུང་བར་གསུངས། ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས། མི་དགེ་བཅུ་དང་ལྡན་པའི་མི་ཞིག་རྒྱུན་དུ་བར་མཚམས་མེད་པར་ལོ་བརྒྱའི་བར་དུ་སྡིག་པ་བསགས་པ་ལས། དགེ་སློང་ཚུལ་ཁྲིམས་རལ་པས་དྲང་སྲོང་གི་རྒྱལ་མཚན་གྱིས་གཡོགས་ནས། དད་པས་བྱིན་པ་ལ་ཞག་གཅིག་ལོངས་སྤྱད་པ་ནི་མི་དགེ་བ་ཆེས་མང་བར་གསུངས། ལུང་རྣམ་འབྱེད་ལས། ལྕགས་གོང་མེ་ལྕེ་འབར་བ་དག །ཟོས་པར་གྱུར་པ་མཆོག་ཡིན་གྱི། །
ཚུལ་འཆལ་ཡང་དག་མི་སྡོམ་པ། །ཡུལ་འཁོར་བསོད་སྙོམས་ཟ་བ་མིན། །ཞེས་ཚུལ་ཁྲིམས་འཆལ་བ་དང་། ཡང་དག་པར་མི་སྡོམ་པ་གཉིས་ཀ་ལ་གསུངས། རིན་པོ་ཆེའི་ཕུང་པོའི་མདོ་ལས། དགེ་སློང་རྣལ་འབྱོར་སྤྱོད་པ་ལྔ་བརྒྱ་ཚུལ་ཁྲིམས་མ་དག་བཞིན་དུ་དད་པས་བྱིན་པ་ལ་ལོངས་སྤྱད་མི་རུང་གསུངས། ཡང་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས། དད་པས་བྱིན་པ་ཡོངས་སུ་སྤྱད་པ་ཡོངས་སུ་བསྟན་པ་དང་། དེ་ནས་འཁོར་དེ་ཉིད་ནས། རྣལ་འབྱོར་སྤྱོད་པའི་དགེ་སློང་ཉིས་བརྒྱ་ཆོས་ཀྱི་རྣམ་གྲངས་འདི་ཐོས་ནས་རབ་ཏུ་ངུས་ཏེ། མཆི་མ་ཟག་ཅིང་ཚིག་འདི་སྐད་ཅེས། བཅོམ་ལྡན་འདས། བདག་ཅག་ནི་བཀུམ་ཡང་རུང་སྟེ། འབྲས་བུ་མ་ཐོབ་ཀྱི་བར་དུ་དད་པས་བཙལ་བའི་བསོད་སྙོམས་གཅིག་ཙམ་ཡང་ཡོངས་སུ་སྤྱད་པར་མི་བགྱིའོ། །ཞེས་སྨྲས་སོ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། སྐྱེས་བུ་དམ་པ་དག་ལེགས་སོ་ཞེས་གསུངས། སྐྱེ་བོ་ཞིག་གིས་མི་ལོ་བརྒྱ་ཡི་བར་དུ་སྡིག་པ་བྱས་པ་ལས། ཚུལ་ཁྲིམས་འཆལ་པས་གཤིན་ཟས་ཁམ་བུ་གང་ཟོས་པ་ངན་ཞེས་དམ་པ་གོང་མ་
འགའ་རེས་གསུངས། དེང་སང་དད་ཟས་གཤིན་ཟས་མིན་གཞན་རྙེད་དཀའ། ཚུལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་བསྲུང་བ་ཕར་ཞོག །མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་ཡོད་ནི་དཀའ། དེས་ན་གཞན་ཁྲིམས་ལྡན་ཚོའི་ལད་མོ་བྱས་མང་པོ་མི་ཟ་བར་ཚོད་རེ་འཛིན་དགོས་པར་སྣང་། འོན་ཀྱང་ངེད་ཚོའི་ཁ་ནང་དུ་མ་འོངས་བའི་སྡུག་དེ་མིན་མེད། སྔོན་བཀའ་གདམས་བླ་མ་ཞིག་གིས། བྱིའུ་ཆུང་ཞིག་ནམ་མཁའ་ནས་འཕུར་བས་གྲིབ་མར་སྐུ་བཤོལ་ཚེ། སློབ་མ་འགའ་རེས། དེ་ཅི་རེད་ལགས་དྲིས་ཚེ། དགེ་འདུན་པ་མང་པོའི་སྤྱི་རྫས་ནས་ཀྱི་ཐང་མ་བཀྲམ་ཡོད་པའི་ནང་ནས་འབྲུ་ཁམ་གང་བྱིའུ་ཡ་ཀིས་ཁྱེར་སྣང་། ང་དེའི་གྲིབ་མ་ཕོག་ན་དཀོར་གྲིབ་འཕོག་གི་དོགས་པ་ཡིན་གསུངས། ཨེ་ཚོའི་ཁོག་ཏུ་ཟོས་རང་དཀོར་གྱིས་སྒྲིབ་ཏུ་བཅུག་པས་མི་ཚད། སེར་མོ་འགའ་རེ་ཚོས་ཁོས་མཚར་རེ་ཞིག་རྙེད་བཞག་ནི་འདྲ་གི་བལྟ་བྱས། ཤ་ལྷུ་རྩམ་རིལ་ཞིག་ཡན་ཆད་པོ་མི་ཟ་ཁྱེར་འོང་ནས། ཁྱིམ་ཚང་བཟའ་བ་ཆེ་ཆུང་འགའ་རེ་འདི་ཚོ་ཟོ་ཟེར་སྟེར་བ་དེ། དོན་གྱིས་ཕན་བཏགས་པ་མིན་ཕ་མ་གླན་པ་ཡིན་ཏེ། མདོ་ཉི་མའི་སྙིང་
པོ་ལས། སྤུ་གྲི་རྣོན་པོ་དག་གིས་སུ། །རང་གི་ཡན་ལག་བཏུབ་པ་སླའི། །དགེ་འདུན་དག་ལ་བསྔོས་ཟིན་པ། །ཁྱིམ་པ་རྣམས་ལ་བྱིན་མི་བྱ། མེ་ལྕེ་འབར་བ་ལྟ་བུ་ཡི། ལྕགས་ཀྱི་ཐུ་ལུམ་ཟོས་པ་སླའི། དགེ་འདུན་དག་ལས་གང་དེ་ནི། །དགེ་འདུན་གྱི་ལས་ལོངས་མི་སྤྱད། །ལྷུན་པོ་དང་ནི་འདྲ་བའི་མེ། །བླང་བར་བྱས་ཏེ་ཟོས་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱད་པར་ནི་མི་བྱ་འོ། །ཐམས་ཅད་དབྱུང་བར་བྱས་པ་དང་། གསལ་ཤིང་སྟེང་དུ་བཏེག་པ་སླའི། །ཁྱིམ་པར་གྱུར་པས་དགེ་འདུན་གྱི། །ལོངས་སྤྱོད་པར་ནི་མི་བྱ་འོ། ཞེས་གསུངས། དེས་ན་དགེ་འདུན་པ་ལ་ཡོན་བདག་དད་ཅན་གྱིས་ཕུལ་བའི་བཟའ་བཏུང་ཁྱིམ་པར་བྱིན་པ་དེ། མེ་དང་ལྕགས་གོང་མེ་འབར་བ་ཁ་ནང་དུ་བཞག་པ་ལས་ཉེས་པ་ཆེ་བར་གསུངས། དཀོར་མི་ངན་ན། ཚོགས་ཇ་ཐང་ལ་ཕོས་པ། ཁྱི་བ་ལང་གིས་འཐུངས་ན་སྟེང་གི་སྤུ་ཡན་ཆད་བུད་འགྲོ་བ་ལ་ལྟོས་དང་། ཆུ་ཚན་མེ་མ་མུར་གྱི་འོག་ཏུ་བཞག་ནས་སྤུ་འཐེན་ཀྱང་དེ་ལྟར་མི་འོང་། དཀོར་དུག་ཆུ་མེ་ལས་ཐུ་བ་དེ་གཅིག་པུ་ལ་ལྟོས་དང་ཧ་གོ་ཡོང་།
གཞན་མི་དགོས། །དེང་སང་བླ་རྒན་འགའ་རེའི་མིག་འགྲིབ། རྣམ་ཤེས་མི་གསལ། དགོས་མེད་ཀྱི་ལབ་ལོབ་མང་པོ་ཁྱིམ་ཚང་བཟའ་བར་བཤད་པ་དེ་ཡང་དཀོར་གྲིབ་ཡིན། ཚུལ་ཁྲིམས་དང་ཁ་ཏོན་བཟླས་བརྗོད་ཀྱི་སྨན་མེད་པར། དཀོར་ནག་དུག་གི་ཆུས་རང་གཞན་གཉིས་ཀ་ཚེ་འདི་ཕྱི་གཉིས་ཀར་ཕམ་གླན་ཞེས་མདོ་དང་བསྟན་བཅོས་རྣམས་སུ་ཡང་དང་ཡང་དུ་གསུངས། དཔེར་ན་མི་ཞིག་དཀྱིག་ཡོད་པ་ཞིག་གྲོལ་ན་བདེ་ཕྱམ་མེ་སོང་ནས་གང་འདོད་དུ་སོང་ཆོག་པ་ལྟར། ཚེ་བློས་ཐོངས་ན་ལུས་སེམས་བདེ་ཞིང་ཆོས་ལ་ཐོས་བསམ་སྒོམ་གསུམ་གང་བྱེད་ཀྱང་འོང་སྟེ། རྗེ་རྒོད་ཚངས་པས། ཚེ་འདི་བློ་ཡིས་གཏོང་བ་འདི། །བཅིངས་པ་འཁྲོལ་བའི་གདམས་པ་ཡིན། །ཡངས་ཤིང་ལྷོད་པའི་གདམས་པ་ཡིན། །ཞེས་དང་། ཟླ་བའི་སྙིང་པོའི་མདོ་ལས། གལ་ཏེ་བདེ་བ་ཀུན་འདོད་ན། །འདོད་པ་ཐམས་ཅད་ཡོངས་སུ་སྤོངས། །འདོད་པ་ཐམས་ཅད་ཡོངས་སྤངས་ན། །མཆོག་ཏུ་བདེ་བ་འཐོབ་པར་འགྱུར། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། གཡན་པ་ཕྲུག་ན་བདེ་འགྱུར་གྱིས། །དེ་བས་གཡན་པ་མེད་ན་བདེ། །
དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །དེ་བས་འདོད་པ་སྤངས་ན་བདེ། །ཞེས་དང་། ནོར་རྣམས་ཀུན་གྱི་ནང་ནས་ཆོག་ཤེས་པ། །རབ་མཆོག་ལགས་པར་ལྷ་མིའི་སྟོན་པས་གསུངས། །ཀུན་ཏུ་ཆོག་ཤེས་མཛོད་ཅིག་ཆོག་མཁྱེན་ན། །ནོར་མི་བདོག་ཀྱང་ཡང་དག་འབྱོར་པ་ལགས། །ཏིང་འཛིན་རྒྱལ་པོ་ལས། གང་དག་བདག་གིར་འཛིན་པ་ཅི་ཡང་མེད། །གང་དག་ཡོངས་འཛིན་དམ་པ་ཀུན་ཏུ་མེད། །བསེ་རུ་ལྟ་བུར་འཇིག་རྟེན་འདིར་གནས་པ། །དེ་དག་ནམ་མཁའ་ལ་ནི་རླུང་ལྟར་འགྲོ། །གང་དག་འཇིག་རྟེན་ལ་ནི་ཡིད་མི་ཆགས། །དེ་དག་མི་ཡི་འཇིག་རྟེན་རབ་ཏུ་བདེ། །ཞེས་དང་། རྗེ་མི་ལས། ལས་ངན་འཛིན་པའི་རྩ་བ་ཅན། །ནོར་ལ་ཆགས་སེམས་སྤངས་ནས་ཀྱང་། །ཆགས་མེད་ཞེན་མེད་བྱེད་ནུས་ན། །བདེ་ཆེན་ལམ་ནས་ཤུགས་ལ་འབྱུང་། །བུ་གཅིག་གསན་དང་རས་ཆུང་བ། །འཁོར་བར་སྐྱེ་བའི་རྩ་བ་ཅན། །བུ་ཚའི་འཁྲི་བ་བཅད་ནས་ནི། །རང་ཉིད་གཅིག་པུར་སྡོད་ཚུགས་ན། །ཞིང་ཁམས་རྣམ་དག་ཤུགས་ལས་འབྱུང་། །ཞེས་དང་། སློབ་དཔོན་དོན་ཡོད་འཆར་གྱིས།
ཤིན་ཏུ་བདེ་བ་གང་ཞེ་ན། །འདུ་འཛིན་ཀུན་ལ་མ་ཆགས་པའོ། ཞེས་དང་། ཨ་བ་དྷུ་ཏི་པས། ཟང་ཟིང་ཕྱིར་ནི་རྩོད་འགྱུར་ཏེ། །ཟང་ཟིང་མེད་པ་རྩོད་པ་མེད། །ཟང་ཟིང་ཡོངས་སུ་སྤངས་པ་ལས། །ཆུ་སྐྱར་བདེ་བ་འཕེལ་བར་འགྱུར། །ཞེས་དང་། སྤྱན་སྔ་བས། བཟུང་བ་ཅི་ཡང་མེད་པས་སུ་ཡི་ངོ་བསྲུང་མི་དགོས། བསྲུང་བའི་དོན་མེད། སུ་ལའང་རག་མ་ལུས། རང་དབང་རང་གིས་ཐོབ། སྟེང་ན་ལྡིང་བ་བྱ་མིན་པ་མེད། དགྲ་མ་ཐུལ་བའམ། གཉེན་མ་འཁྱོང་བ་མེད། ཅེས་དང་། ཚེ་བློས་བཏང་བ་འདི་ཉམས་རྟོགས་མ་སྐྱེས་པ་སྐྱེ་བ་སྐྱེས་པ་མི་ཉམས་པར་གོང་འཕེལ་དུ་གཏོང་བའི་ཐབས་ཉག་གཅིག་ཡིན་ཞེས་དང་། འདོད་པ་སྤངས་ན་ཡོན་ཏན་གཞན་གང་ཡང་མེད་ཀྱང་། དེ་ཀ་འཇིག་རྟེན་ན་དཀོན་པའི་ཡོན་ཏན་མཆོག་རབ་ཡིན་གསུངས། ཚོམས་ལས། འདོད་པ་རྣམས་ལས་རབ་འདས་ཤིང་། །འཇིག་རྟེན་འདོད་ཆགས་བྲལ་བ་བདེ། །སྐྱེ་བོ་ཅང་མེད་ཡོན་ཏན་རྟོགས་པ་དང་། །སྐྱེ་བོ་ཅི་ཡང་མེད་པར་གྱུར་པ་བདེ། །སྐྱེ་བོ་སྐྱེ་བོའི་ལུས་ལ་རབ་ཆགས་ཤིང་། །ཅུང་ཟད་ཡོད་པ་བརླག་པར་འགྱུར་ལ་ལྟོས། །ང་ལ་ཅི་
ཡང་མེད་མོད་ཀྱི། །དགའ་བར་ཟ་བར་བྱེད་པས་ན། །འོད་གསལ་གྱི་ནི་ལྷ་བཞིན་དུ། །ཀྱེ་མ་ཧོ་ཤིན་ཏུ་བདེ་བར་འཚོ། །ཞེས་དང་། ཤ་བོ་པས། འདོད་པའི་བློ་སྣ་མང་པོ་འདི་ཟློག་ན། །སྐྱིད་འགོ་ཚུགས་པ་ཡིན་གསུངས། ཞེས་དང་། ཇོ་བོས། རབ་བྱུང་འཆིང་བ་དམ་པོ་གང་། །རྙེད་པ་དང་ནི་བཀུར་སྟི་སྟེ། འཆིང་བ་དེ་ལས་གྲོལ་བ་གང་། །མེ་ཡི་ནང་གི་པདྨ་བཞིན། །མཁས་པས་ངོ་མཚར་གནས་སུ་གྱུར། །ཞེས་དང་། སྐྱེས་རབས་སུ། མང་དུ་ཐོས་པས་སྙེམས་པ་མེད། །འབྱོར་པ་རྣམས་ལ་སེར་སྣ་མེད། །ནགས་ཚལ་གནས་རྣམས་ཆོག་ཤེས་པ། །ཡོན་ཏན་རྒྱན་གྱི་མཆོག་ཡིན་ནོ། །ཞེས་དང་། རྟོགས་ལྡན་བསམ་གཏན་འབར་གྱི་ཞལ་ནས། ཚེ་འདིའི་སྐྱིད་འདོད་སྡུག་བསྔལ་ཡིན། །རླུང་ལ་བསྐུར་ན་གཏན་སྐྱིད་འབྱུང་། །ཞེས་དང་། གཙང་པ་རྒྱ་རས་ཀྱི་ཞལ་ནས། ཉམས་མྱོང་ཅན་གྱི་སྒོ་ཁང་ན། སྐྱིད་པོ་སྒོ་ཉལ་བྱེད་ཀྱིན་ཡོད་དེ། ཞིམ་ལྟོ་ཅན་གྱིས་མ་ཚོར་བར་ཡོད་པ་ཡིན། གཉེན་པོ་ཅན་གྱི་སྒོ་ཁང་ན། འཇིག་རྟེན་བློས་བཏང་སྒོ་ཉལ་བྱེད་ཀྱིན་ཡོད་དེ། ཆགས་སྡང་ཅན་གྱིས་མ་
ཚོར་བར་ཡོད་པ་ཡིན། རྩ་བ་གཅོད་པའི་སྒོ་ཁང་ན། བློ་བདེ་སྒོ་ཉལ་བྱེད་ཀྱིན་ཡོད། རེ་དོགས་ཅན་གྱིས་མ་ཚོར་བར་ཡོད་པ་ཡིན། ཆོག་ཤེས་ཅན་གྱི་སྒོ་ཁང་ན། ཕྱུག་པོ་སྒོ་ཉལ་བྱེད་ཀྱིན་ཡོད་དེ། འདོད་པ་ཅན་གྱིས་མ་ཚོར་བར་ཡོད་པ་ཡིན། ཞེས་དང་། ཚེ་བློས་བཏང་བས་ཚེ་འདི་ལ་མ་ཆགས་པས་སྦྱིན་པའི་རབ། ཅི་བྱས་སེམས་ཅན་གྱི་དོན་དུ་འགྱུར་བས་འགྲོ་དོན་གྱི་རབ། ཡུལ་གང་ལ་ཆོག་ཤེས་པས་ཕྱུག་པོའི་རབ། རྒྱལ་ཁམས་གར་ཕྱིན་ཡང་ཆོག་པས་ཕ་ཡུལ་གྱི་རབ། གནས་གར་ཉལ་ཡང་སྐྱིད་པ་ཁང་བཟང་གི་རབ། ཉམས་མྱོང་སྐྱོ་གྲོགས་སུ་བཟང་བས་གྲོགས་པོའི་རབ། བརྩམས་པ་མཐར་འདོན་པས་ཕོ་རྒོད་པོའི་རབ། རང་དབང་རང་གིས་ཐོབ་པས་ཁ་རོག་གི་རབ། སེམས་ཆགས་སྡང་གི་དབང་དུ་མ་ཤོར་བས་སྙིང་རྗེའི་རབ། ཚུལ་མིན་ཡིད་ལ་མི་འགྱུ་བས་ཚུལ་ཁྲིམས་ཀྱི་རབ། བློ་སེམས་ཉམས་དང་ལྡན་པས་མཁའ་འགྲོ་སྡུད་པའི་རབ་ཡིན། ཞེས་དང་། ཚེ་འདི་བློ་ཡིས་ཐོངས་ན་སྦྱིན་པ་བརྒྱ་ཡི་དོ་ཟླ་མིན། །ཞེས་དང་། སྐྱིད་འདོད་ན་གཅིག་པུར་སྡོད། བཟའ་ཆེ་ན་ཆེ་སྟེ་སུ་དང་ཡང་བགོ་མི་
དགོས། མེད་ན་མེད་དེ་སུ་ཡང་སྐྱོང་དགོས་ཀྱི་སེམས་ཁྲལ་མེད་པས་སྐྱིད་རུང་འཁྱག་རུང་ལྟོག་རུང་གཅིག་པུ་ཡིན་པས་སྐྱིད་གསུངས། རྒྱལ་སྲས་རིན་པོ་ཆེས། བློ་ཆོས་སུ་འགྲོ་ན་ཚོགས་བསགས་མཐར་ཐུག་ཡིན། །ནམ་འཆི་ངེས་མེད་དྲན་ན་སྤྱང་པོའི་མཐར་ཐུག་ཡིན། །སྡིག་སྤོང་དགེ་བ་སྒྲུབ་ན་གྲུང་པོའི་མཐར་ཐུག་ཡིན། །འགྲོ་ཀུན་སྤྱི་བོར་ཁུར་ན་མཐོན་པོའི་མཐར་ཐུག་ཡིན། །ཆོག་ཤེས་བློ་དང་ལྡན་ན་ཕྱུག་པོའི་མཐར་ཐུག་ཡིན། །གང་ལའང་ཆགས་ཞེན་མེད་ན་སྐྱིད་པའི་མཐར་ཐུག་ཡིན།ཌ ཞེས་དང་། ན་ནིང་དུས་སུ་རྨི་ལམ་གྱི་དགེ་སྦྱོར་ཟིན་པ་ཡོང་གིན་ཡོད་པ་ཡིན་ཏེ། བར་སྐབས་སུ་འདུ་ལོང་རྣམས་ཀྱིས་འགྲིབ་སོང་། དོ་ཞག་ན་བ་དེས་ལེགས་པར་སོར་ཆུད་བྱུང་། བསོད་ནམས་སྐྱེ་བ་སྐད་ཟེར་བ་འདི་ཀུན་ཀྱང་མ་བྱུང་ན་རང་ཡོང་བར་འདུག་གསུངས། ཀུན་སྤངས་གྲགས་རྒྱལ་གྱི་སློབ་མ་དགེ་བཤེས་ཁ་རག་པ་བྱ་བ་ཡོན་ཏན་དང་སྐུ་བསོད་ཆེན་པོ་ཡོད་པ་ཞིག་ལ་མཛེ་བྱུང་། ཐབས་ཅི་བྱས་ཀྱང་མ་ཕན། ནུབ་གཅིག་ནད་འདིས་གང་ལྟར་ཡང་མི་ཁྱུ་ནས་འབུད་པ་ལ་འབུད་ངོ་ཤེས་པ་
ཞིག་བྱ། ལོངས་སྤྱོད་གང་ཡོད་དགེ་ཕྱོགས་ལ་གཏང་། ཁྱི་མོ་རྫ་འཕྲེང་གི་རྫ་འོག་དེར་བསྡད་ལ་ལྟོ་ལམ་ཟན་སློང་། མ་ཎི་འདྲེན་སྙམ་པ་བྱུང་། དེའི་ནུབ་རྨི་ལམ་ན་ཁོང་ཆུས་འཁྱེར་བས། མི་དཀར་པོ་ཞིག་གིས་ཆུ་ནས་བཏོན། ཁྱི་མོ་རྫ་འཕྲེང་གི་བྲག་སྟེང་དུ་བཞག་པས་ལུས་ལས་ཆུ་མང་པོ་ཟག་པ་རྨིས། སད་ཙ་ན་མལ་ཆུས་ཁེངས། མཛེ་སང་ཕན་ཟེར་གསུངས། བླ་མ་ཞང་རིན་པོ་ཆེས། ཚེ་བློས་བཏང་འདི་ལ་མ་འབད་ན་གར་སྡེབ་ཆ་མེད་པས། ངས་ནི་དགེ་སྦྱོར་གྱི་གཙོ་བོ་ཚེ་བློས་བཏང་འདི་ལ་སྒྲིལ་བས། ཟླ་བ་རེ་ཙམ་ལ་ཡོན་ཏན་རོང་རོང་བ་སྐྱེས་བྱུང་གསུངས། ཡང་ཕར་བསྲེ་ཚུར་བསྲེའི་སྒྲུབ་པ་ཡུན་རིང་ལས། ཚེ་བློས་བཏང་བའི་སྒྲུབ་པ་ཞག་གཅིག་དགའ་གསུངས། ཕ་དམ་པ་རྒྱ་གར་གྱི་སློབ་མའི་ཁྱུ་རྒྱན། དམ་པ་ཀུན་དགའ་བྱ་བ་དེས། ཕ་དམ་པ་ལ་དངོས་གྲུབ་རྣམ་པ་ལྔ་བླངས་སོ། །བདག་ཡུལ་མེད་ཐབ་མེད་དུ་བྱིན་གྱིས་རློབ་ཏུ་གསོལ། བཟའ་མེད་བཅར་མེད༴ འདྲིས་མེད་བཤེས་མེད༴ མིས་ཅིར་ཡང་མི་མཐོང་བར༴ བསོད་ནམས་ཏིལ་གྱི་འབྲུ་ཙམ་ཡང་མི་སྐྱེ་བར་བྱིད༴ ཞེས་ཞུས་
ནས་དཀའ་ཐུབ་བྱས་ནས་བསྒོམས་པས་ཏིང་ངེ་འཛིན་བཟང་པོ་བརྙེས་པ་ཞིག་བྱུང་བ་དེར་གདའ། ཤ་བོ་སྒང་པའི་ཞལ་ནས། ང་ལ་བློ་གཏོད་ནུས་པ་ཡོད་ན་སྐྱིད་དུ་འཇུག་ཏུ་ཡོད་པ་ཡིན་ཏེ་སྙམ། འོ་ན་ང་ཡང་བློ་གཏད་སྙམ་ན། ཐབས་གཞན་མེད། མན་ངག་གཞན་མེད། ཚེ་འདི་བློས་གཏོང་འཇུག་པ་ཡིན་གསུངས། ཞེས་དང་། འོ་སྐོལ་གྱི་ཚེ་འདི་ཕྱིའི་སྡུག་བསྔལ་གྱི་རྒྱུ་ཐམས་ཅད། ཚེ་འདིའི་འདོད་པ་ཡིན་པས། ཚེ་འདིའི་འདོད་པ་བསྒྲུབ་བྱ་སྐྱུང་དགོས། ཚེ་འདིའི་བསྒྲུབ་བྱ་ཆེ་ཙ་ན་ཐུགས་མི་བདེ། གར་རྒྱུག་ཆ་མེད་དེ་ཙ་ན་སྡིག་སྡུག་གཏམ་ངན་གསུམ་དུས་གཅིག་ལ་འོང་། དེས་ན་འདོད་པའི་བློ་སྣ་མང་པོ་འདི་བཟློག་དགོས། འདོད་པའི་བློ་སྣ་ཟློག་ཏུ་བཏུབ་ཙ་ན་སྐྱིད་འགོ་ཚུགས་པ་ཡིན། དེས་ན་ཚེ་འདི་ཕྱི་ཐམས་ཅད་དུ་བདེ་བ་སྒྲུབ་པ་ལ། ཡས་རྟག་ཏུ་སྙིང་ལ་ཅི་ཡང་མི་འདོད་པ། ཅི་ཡང་མི་བསོག་པ་ཞིག་དགོས། རྙེད་པ་མི་འདོད་ཙ་ན་རྙེད་པའི་མཆོག་ཡིན། སྙན་པ་མི་འདོད་ཙ་ན་སྙན་པའི་མཆོག་ཡིན། གྲགས་པ་མི་འདོད་ཙ་ན་གྲགས་པའི་མཆོག་ཡིན། འཁོར་མི་འདོད་ཙ་ན་
འཁོར་གྱི་མཆོག་ཡིན། སྙིང་ནས་ཆོས་བྱེད་ན་བློ་སྤྲང་ལ་གཏད་དགོས། སྤྲང་གི་ཐ་མ་འཆིར་འཇུག་ནུས་དགོས། བློ་སྣ་དེ་ལྟ་བུ་ཞིག་སྐྱེས་པ་ན། ལྷ་འདྲེ་མི་གསུམ་གྱིས་འོ་བརྒྱལ་དུ་མི་འཇུག་ངེས་པ་ཡིན་གསུངས། སྐྱེས་མཆོག་པའི་ཞལ་ནས། ཚེ་འདི་རླུང་ལ་བསྐུར་ནུས་ན། །ཞེན་ལོག་པོ་ཞེས་འདོགས་པ་ལགས། །ཅི་ཡང་དགོས་པ་མེད་ཙ་ན། །གྲགས་པས་ས་སྟེང་ཁྱབ་པ་ལགས། །ལུས་སྲོག་ཆོས་ཕྱིར་ཐོང་ཙ་ན། །སྙན་པའི་སེར་བུས་བསྐྱོད་པ་ལགས། །ཞེས་དང་། སློབ་དཔོན་ཞི་བ་ལྷས། གཡེང་བ་མེད་པའི་ཚུལ་ཅན་ཆོས་མཆོག་གང་ཐོབ་པ། །སྔོན་ཆད་མ་ཐོབ་པ་ཡི་སྐྱིད་པའང་རབ་ཐོབ་ཅིང་། །བདེ་བ་ལས་ནི་ནམ་ཡང་ཉམས་པར་འགྱུར་བ་མེད། །རྫོགས་པའི་བྱང་ཆུབ་སེམས་དཔའི་བདེ་མཆོག་མི་ཟད་དང་། །སངས་རྒྱས་གོ་འཕང་མཉམ་མེད་ཕུན་སུམ་ཚོགས་པའང་ཐོབ། གསུངས། འཕགས་པ་ཐོགས་མེད་ཀྱིས། ཤེས་རབ་ཀྱི་འཚོ་བ་ཆོས་ཀྱི་ལོངས་སྤྱོད་སྤྱད་པའི་བདེ་བ་ནི། བཟའ་བ་དང་བཏུང་བ་དང་། བུད་མེད་དང་གླུ་གར་སོགས་འདོད་པ་ལ་ལོངས་སྤྱོད་པའི་བདེ་བས་ཡེ་མི་བདོ་བ་ཞིག་ཡིན་
གསུངས། སྐྱེས་མཆོག་པས། སེམས་ལ་ཁུར་མེད་པར་སྡོད་པ་ལས་སྐྱིད་པ་མེད། བྱ་བྱེད་མེད་པར་སྡོད་པ་ལས་ལས་སླ་བ་མེད། སེམས་གཉེར་མེད་དུ་སྡོད་པ་ལས་དོན་ཆེ་བ་མེད་གསུངས། ས་སྐྱ་པཎ་ཆེན་གྱིས། རང་དབང་ཐམས་ཅད་བདེ་བ་སྟེ། །གཞན་དབང་ཐམས་ཅད་སྡུག་བསྔལ་ཡིན། །བདེ་བའི་མཆོག་ནི་སེམས་སྐྱིད་པ། །ནོར་གྱི་མཆོག་ནི་སྦྱིན་པ་སྟེ། །གསུངས། སྤྱན་སྔ་བས། འོ་ཅག་ལྟོ་རྒྱབ་ཀྱི་འཚོ་བས་ཕོངས་ཀྱང་། བློ་ཕུགས་སྤྲང་ལ་གཏད་པས། དད་ལྡན་ཀུན་གྱིས་མཆོད་གནས་བྱེད། །དེས་ན་ལོངས་སྤྱོད་ཀྱི་གཙོ་བོ་ཞེན་ཆགས་མེད་པ་ཡིན་པས། ཀ་ཅའི་བསོག་རུམ་བྱ་བའི་དོན་མེད། འོ་ཅག་ལ་མིས་འཕྱར་ཁ་བཏང་ཡང་། རང་སེམས་ལ་ཟོལ་ཟོག་མེད་པ་ཞིག་བྱས་པས་མཇུག་ཀུན་གྱིས་ཡིད་དུ་འོང་བ་ཞིག་ཡོང་བ་ཡིན། དེས་ན་སྙན་གྲགས་ཀྱི་གཞི་མ་སྤྱོད་ལམ་ལ་སྐྱོན་མེད་པ་འདི་ཡིན་པས་ཚུལ་འཆོས་བྱ་བའི་དོན་མེད་གསུངས། འབའ་ར་བས། རང་གཅིག་པུའི་གཡོ་སྐོལ་སུས་ཀྱང་ཤེས། འབྲལ་མེད་ཀྱི་ཉེ་གནས་ལག་པ་བཟང་། །ཚུལ་འཆོས་ཀྱི་
བཟང་ཚུལ་མི་དགོས་པར། །རང་གཅིག་པུའི་སྤྱོད་པ་བག་རེ་ཡངས། །དཀའ་ཐུབ་ཀྱི་ཟས་ལ་ཟད་པ་མེད། །རང་གཅིག་པུའི་འཚོ་བ་གར་ཡང་རྙེད། །རང་གཅིག་པུའི་གོས་འདི་ཅིས་ཀྱང་དྲོ། །གཏུམ་མོའི་མེ་འདི་གཏིང་དྲོ་ཆེ། །རང་གཅིག་པུའི་སྡོད་ས་འདི་ཅིས་ཀྱང་ཆོག །བདག་མེད་ཀྱི་སྤྱིལ་ཆུང་སྣང་བ་བདེ། །གསུངས། ཁ་རག་པས། སྙིང་རིང་བཀའ་བློ་མི་བདེ་རང་འདོད་ཅན། །ཟག་པ་འཕེལ་བའི་འཁོར་གཡོག་མེད་ཀྱང་ལེགས། །ཁོ་བོའི་ཉེ་གནས་ཤེས་རབ་བརྩོན་འགྲུས་ཡིན། །དགོས་པའི་དོན་ཀུན་སྒྲུབ་ལ་སྐྱོ་ངལ་མེད། །གསུངས། ཕ་དམ་པའི་ཞལ་ནས། ཚེ་འདི་བློ་ཡིས་ཐོངས་ན། གདམས་པ་དེ་ལས་བྱ་རྒྱུ་མེད། དགེ་སྦྱོར་གྱི་གཙོ་བོ་བྱ་བ་བཏང་བ་ལ་བྱ། སྤྱོད་པའི་གཙོ་བོ་དམན་ས་འཛིན་པ་ལ་བྱ། སྒོམ་གྱི་གཙོ་བོ་གཅིག་པུར་སྡོད་པ་ལ་བྱ། བྱ་བ་ཐོངས་ན་ཆོས་བརྒྱད་ལོགས་སུ་སྤང་མི་དགོས། ཚེ་འདི་བློས་ཐོངས་ན་སྡུག་བསྔལ་ལོགས་སུ་སྤང་མི་དགོས། གཟུང་བ་ལ་མ་ཆགས་ན་འཁྲུལ་པ་རང་ཞིག་ལ་འགྲོ་གསུངས། རིག་འཛིན་གང་ཤར་རང་གྲོལ་གྱི་སྐྱིད་པའི་རྒྱང་གླུ་ལས། ཕ་ཡུལ་
རྒྱལ་ཁམས་ཀྱི་ཕྱོགས་མེད། །དགོན་གཞིས་ངེས་མེད་ཀྱི་རི་ཁྲོད། །ཉེ་འབྲེལ་རིག་དྲུག་གི་སེམས་ཅན། །ཡན་པ་བློ་བདེ་ཚོ་སྐྱིད་པ། །ཕར་བལྟས་དཔོན་པོ་ནི་མི་འདུག །ཚུར་བལྟས་གཡོག་པོ་ནི་མི་སྣང་། །ཁྱིམ་མཚེས་ཆགས་སྡང་དང་བྲལ་བའི། །བྱ་བཏང་རྣལ་འབྱོར་ཚོ་སྐྱིད་པ། །བདག་འཛིན་དགོན་པ་ནི་མི་འདུག །དངོས་པོའི་བསོག་བསྲུང་ནི་མི་སྣང་། །མི་ངན་ངོ་སྲུང་དང་བྲལ་བའི། །ཀུན་སྤང་བློ་བདེ་ཚོ་སྐྱིད་པ། །བསྡད་ན་ཞེན་ཆགས་ནི་མི་འདུག །འགྲོ་ན་ལུས་རྒྱུ་ནི་མི་སྣང་། །གང་བདེ་སྟབས་བདེ་རང་བྱེད་པའི། །ཚོགས་བསགས་རྣལ་འབྱོར་ཚོ་སྐྱིད་པ། །རས་གོས་རྐྱང་གཅིག་གི་ངང་ནས། །བཟང་བཏུང་སློང་མོ་ལ་བརྟེན་ཏེ། །རྒྱལ་ཁམས་ཕྱོགས་མེད་ལ་འགྲིམ་པའི། །རྣལ་འབྱོར་རས་པ་ཚོ་སྐྱིད་པ། །སྡིག་སྤོང་དགེ་བ་ནི་བསྒྲུབས་ཡོད། །འཁོར་བར་ཞེན་པ་ནི་ལོག་སྣང་། །གཞན་ཕན་བྱང་ཆུབ་སེམས་འབྱོངས་པའི། །གུ་ཡངས་བློ་བདེ་ཚོ་སྐྱིད་པ། །བླ་མའི་བྱིན་རླབས་ནི་ཞུགས་བྱུང་། །གང་ཤར་རིག་སྟོང་དུ་འཆར་སྣང་། །འབྲེལ་ཚད་དོན་ལྡན་ལ་འགོད་པའི། །རིག་
འཛིན་བུ་བརྒྱུད་ཚོ་སྐྱིད་པ། །འདི་འདྲའི་སྐྱིད་པ་ཚོ་མི་བྱེད། །ཚེ་འདིའི་བྱ་བ་ལ་ཞེན་པའི། །སྙིགས་དུས་སྐྱ་སེར་གྱི་ཚོགས་རྣམས། །སྙིང་མེད་ཡང་ན་ནི་སྨྱོན་པ། །དེང་སང་འཇིག་རྟེན་གྱི་ཁམས་ན། །རང་རེ་དཔོན་སློབ་ལས་སྐྱིད་པ། །མི་འདུག་ཉམས་ལེན་གྱི་ངང་ནས། །རྒྱལ་ཁམས་གང་བཟང་ལ་ཆས་འགྲོ། །བྱ་བཏང་མགྲིན་པ་ཡི་མཛོད་ནས། །སྐྱིད་གླུ་དེ་འདྲ་ཞིག་ཐལ་སོང་། །ཚིག་དོན་སྙིང་དབུས་སུ་ཟུངས་དང་། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །གསུངས། ཐོག་མའི་བློ་སྦྱོང་ལས། ཚེ་བློས་བཏང་འདི་བློས་གཏིང་དཔག་དཀའ་བ། ཐམས་ཅད་ཀྱིས་རྟོགས་པར་དཀའ་ཞིང་། གསང་བའི་གནས་དམ་པ་ཡིན་པས་ན། གསང་བ་བླ་ན་མེད་པའི་ཆོས་བྱ་བ་འདི་ལགས། གཞན་ཡང་ཕན་བདེ་ཐོབ་པའི་ཐབས་གཞན་ན་མེད་པར་འདི་ལ་ཡོད་པས་ན། ཡང་ཆོས་འདི་ཟབ་མོ་གཞན་ལས་ཁྱད་པར་དུ་འཕགས་པ་ལགས་ཏེ། ཚེ་འདི་བདེ་བ་དང་། བྱང་ཆུབ་རྣམ་པ་གསུམ་གྱི་བར་ཐམས་ཅད་འདིས་ཚེག་མེད་པར་འགྲུབ་པས་སོ། །འོ་ན་ཚེ་བློས་གཏོང་བ། ཚེ་འདིའི་བདེ་བ་སྤོང་བ་མ་ཡིན་ནམ། ཚེ་འདི་བློས་བཏང་བས་
ཚེ་འདིའི་བདེ་བ་ཇི་ལྟར་འགྲུབ་སྙམ་ན། དེ་ཁྱེད་བདེན་ཏེ། ཨེ་རེ་འདོད་ཀྱིས་ཡོང་བ་མིན། ཆེན་པོ་འདོད་པས་སྐལ་བ་ཆད། མཐོན་པོ་འདོད་པས་གཡང་དུ་ལྷུང་སྐད་ན། བདེ་བདེ་མོ་སྐྱིད་སྐྱིད་མོ་ཞིག་འདོད་པ་ལ་སྐྱིད་པོ་ཡོང་བ་མེད། མ་བྱུང་ཡང་ཁོ་རང་ཤེས། དགོས་པ་མེད་སྙམ་པ་ཞིག་ལ་སྐྱིད་པོ་ཡོང་བ་ཡིན་ནོ། །རྣལ་འབྱོར་པ་རྟགས་མི་འདོད་ཀྱང་རྟགས་ཀྱིས་རྣལ་འབྱོར་པ་མི་གཏོང་མི་ཟེར་རམ། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །འདོད་པ་སྤངས་པའི་རྩ་ན་གདའ། །མི་ཟེར་རམ་གསུངས། བུ་མོ་ཟླ་བ་མཆོག་གིས་ཞུས་པ་ལས། །གང་དག་ཡུལ་རྣམས་ལ་ནི་ཆགས་མེད་ཅིང་། །མེ་མདག་ལྟ་བུའི་འདོད་པ་འབར་སྤོང་དང་། །དབང་པོ་དྲུག་པོ་སྡོམ་པས་བསྡམས་པ་དང་། །གང་དག་ཚངས་སྤྱོད་རྣམ་པར་དག་སྤྱོད་དང་། །གང་དག་གཞན་གྱི་ཆུང་མ་མཐོང་གྱུར་ན། །མ་དང་སྲིང་མོའི་འདུ་ཤེས་སྐྱེད་བྱེད་པ། །དེ་དག་མཛེས་ཤིང་བལྟ་ན་སྡུག་པ་དང་། །སྡུག་པ་མཆོག་ཏུ་ཡིད་དུ་འོང་བར་འགྱུར། །ཞེས་དང་། བཤེས་སྤྲིངས་ལས། གང་དག་དབང་པོ་དྲུག་ཡུལ་རྣམས་ལ་ནི། །རྟག་
ཏུ་མི་བརྟན་གཡོ་དང་གང་དག་གཅིག །གཡུལ་ངོར་དགྲ་ཚོགས་ལས་རྒྱལ་དེ་དག་ལས། མཁས་རྣམས་དང་པོ་དཔའ་རབ་ལགས་པར་འཚལ། །ཞེས་དང་། ལྷག་བསམ་བསྐུལ་བ་ལས། དེའི་སངས་རྒྱས་ཀྱི་ཆོས་རྣམས་ལ་བར་ཆད་མེད་པ་ཡིན། ཁྱིམ་པ་དང་། རབ་ཏུ་བྱུང་བ་དག་ཡིད་འབྱུང་བར་མི་འགྱུར་བ་ཡིན། ལྷ་དང་མི་རྣམས་ཡོངས་སུ་དག་པར་བྱ་བའི་ཕྱིར། གནས་པས་རྗེས་སུ་བསྲུང་བར་འོང་པ་ཡིན། ངན་འགྲོར་ལོག་པར་ལྟུང་བ་ཐམས་ཅད་ཀྱི་སྐྲག་པ་མེད་པ་ཡིན། སྡིག་པ་དང་བྲལ་བས་ཟིལ་གྱིས་མི་ནོན་པ་ཡིན། བདུད་ཀྱི་ལས་ཡོངས་སུ་གྲོལ་བས་མི་འཕྲོག་པ་ཡིན། སྡུག་བསྔལ་ཐམས་ཅད་ཀྱིས་མི་ཚུགས་པ་ཡིན། ལྷ་དང་མི་རྣམས་ཀྱིས་མངོན་པར་འདོད་པར་བྱ་བ་ཡིན། བསམ་གཏན་ལ་གོམས་པར་བྱེད་པར་གནས་པས་གསལ་བ་ཡིན། གཡོ་སྒྱུ་སྤངས་པ་དང་། འདོད་པའི་ཡོན་ཏན་ལྔ་ལ་སྐྱོན་དུ་བལྟ་བས་བག་ཡོད་པ་ཡིན། འཕགས་པའི་རིགས་བཞི་ལ་གནས་པས་ཇི་སྐད་སྨྲས་པ་བཞིན་དུ་བྱེད་པ་ཡིན། མཁས་པ་རྣམས་དང་། ཚངས་པ་མཚུངས་པར་སྤྱོད་པ་རྣམས་ཀྱིས་འདོད་པ་ཡིན་ཏེ།
བྱམས་པ་ཕན་ཡོན་འདི་ལྟ་བུ་འདི་དག་ཤེས་ནས། བྱང་ཆུབ་སེམས་དཔའ་མཁས་པས་རྙེད་པ་དང་བཀུར་སྟི་ཐམས་ཅད་སྤང་བའི་ཕྱིར་ལྷག་པའི་བསམ་པས་འདོད་པ་ཆུང་བ་ལ་གནས་པར་བྱ་ཞིང་། འདོད་པ་ཆུང་བ་ལ་བརྟེན་པར་བྱའོ། །ཞེས་གསུངས། ཀུན་སྤངས་གྲགས་རྒྱལ་གྱིས། སྟོང་གསུམ་འཇིག་རྟེན་ནོར་ལ་དབང་བསྒྱུར་ཡང་། །ཞེ་འདོད་རྩ་བ་མ་སྤངས་དབུལ་ཕོངས་ཡིན། །བདག་འཛིན་རྩ་བ་གཏིང་ནས་ཆོད་ཙ་ན། །དབུལ་ཞིང་ཕོངས་པ་བྱ་བའི་མིང་ཡང་མེད། །འབྱོར་ལྡན་རྒྱལ་པོ་བྱ་བ་དེ་ལ་ཟེར། །ཟང་ཟིང་སྒྱུ་མའི་ནོར་གྱི་དགོས་པ་མེད། གསུངས། ཡང་དགོན་པའི་ཞལ་ནས། ངས་ནི་ཚེ་བློས་གཏོང་བ་འདི་ག་ལ་འབད་པས། བློ་བཀོལ་ཇེ་འདོད་ལ་སོང་། དགེ་སྦྱོར་གྱི་སྐྱེད་དང་བོགས་ཐམས་ཅད་ཀྱང་དེ་ནས་བྱུང་གསུངས། ཏིང་ངེ་འཛིན་རྒྱལ་པོ་ལས། དབུ་བ་རྡོས་འདྲའི་ལུས་དང་ནི། །ཆུ་ཡི་ཆུ་བུར་འདྲ་སྲོག་ལ། །མི་གང་ཆགས་པར་མི་བྱེད་པ། །དེ་དག་འགྲོ་བ་མཆོག་ཏུ་འགྲོ། །ཞེས་དང་། དེས་པས་ཞུས་པར། གང་ཞིག་བྱམས་པ་རབ་ཏུ་བསྒོམས་ཏེ་སེམས་
ཅན་རྣམས་ལ་ཐ་བ་མ་མཆིས་ཤིང་། །རྟག་པར་རྒྱུན་དུ་ངན་ངོན་ཙམ་གྱིས་ཆོག་པར་འཛིན་ཅིང་འདོད་པ་མ་མཆིས་ལ། །ཉམ་ཐག་མཐོང་ན་རྟག་ཏུ་སྙིང་རྗེ་བགྱིད་ཅིང་ཤ་གཉེར་བགྱིད་པ་མ་མཆིས་པ། །དེ་ནི་ཕྱུག་ཅིང་ནོར་བཟང་བཞིན་དུ་ནོར་ཆེ་དད་པ་ལ་སོགས་ལོངས་སྤྱོད་གནས། །ཞེས་དང་། ཚོམས་ལས། ནད་མེད་རྙེད་པའི་དམ་པ་སྟེ། །ཆོག་ཤེས་པ་ནི་ནོར་གྱི་དབྱིག །ཡིད་གཅུགས་བཤེས་པའི་མཆོག་ཡིན་ཏེ། །མྱ་ངན་འདས་པ་བདེ་བའི་ཕུལ། །ཞེས་དང་། དབུལ་པོ་དེས་པས་རྒྱལ་པོ་གསལ་རྒྱལ་ལ། གསལ་རྒྱལ་ཟན་གཅིག་མེད་བཞིན་དུ། །གང་དག་ལ་ནི་གཏོང་ཕོད་པ། །དེ་དག་འཇིག་རྟེན་ནོར་ཆེན་ཞེས། །ཡང་དག་གཟིགས་པ་རྣམས་ཀྱིས་བཤད། །ཅེས་དང་། ཚོམས་ལས། གང་ཞིག་འདོད་པས་རྣམ་གྲོལ་བ། །དེ་ནི་དགའ་བ་མཆོག་ཡིན་ནོ། །དེ་ལ་བརྟེན་ནས་རྣལ་འབྱོར་པ། །འགྲོ་བ་མཆོག་ཏུ་འགྲོ་བར་འགྱུར། །ཞེས་དང་། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པའི་མདོར། ང་རྒྱལ་མེད་དང་ཁེངས་མེད་དང་། །ཆོག་ཤེས་མཐུན་པར་འཚོ་བ་དང་། །རྟག་ཏུ་བྱས་པ་གཟོ་བྱེད་པ། །དེ་ནི་བཀྲ་ཤིས་དམ་པ་
ཡིན། །ཞེས་དང་། སྐྱེས་རབས་ལས། ཆོག་ཤེས་ལྡན་ཅིང་སྙིང་རྗེའི་ཡོན་ཏན་གྱིས། །འཇིག་རྟེན་དག་ན་སྐྱེ་བོ་མ་འདྲིས་པའང་། །གཞན་ལ་མ་བྱམས་བཞིན་དུ་དེ་ལ་བྱམས། །འདོད་པ་ཆུང་ལ་ངན་གཡོ་མི་ཤེས་ཤིང་། །རྙེད་དང་གྲགས་དང་དེ་ལ་མ་ཆགས་ཤིང་། །དེས་ན་ལྷ་རྣམས་ཡིད་ཀྱང་མགུ་གྱུར་ནས། དྭངས་ཤིང་རབ་ཏུ་གུས་ལ་གཞོལ་བར་བྱེད། །ཅེས་དང་། ཚོམས་སུ། དགེ་སློང་བསོད་སྙོམས་སྤྱོད་པ་བདག་རང་ཙམ། །འགྲང་བར་བྱེད་ཀྱི་གཞན་དག་མི་གསོ་བ། །སྐྱོབ་པ་དེ་ལ་ལྷ་རྣམས་དགའ་བྱེད་ཅིང་། །བཀུར་སྟི་ནོར་དང་གྲགས་འདོད་རྣམས་ལ་མིན། གསུངས། དྲན་པ་ཉེར་བཞག་ལས། བདེ་བ་ཡིས་ཀྱང་རྩ་བ་མཆོག །ཞི་བ་གཅིག་པུར་རབ་ཏུ་གྲགས། །གང་གི་སྙིང་ལ་དེ་མེད་པ། །དེ་ནི་སྡུག་བསྔལ་ཅན་ཞེས་གྲགས། །གང་ཞིག་འདོད་ཆགས་ཞེ་སྡང་ཅན། །སྲེད་བཅས་དེ་ལ་བདེ་བ་མེད། །གང་ཞིག་འདོད་ཆགས་མེ་ལས་གྲོལ། །དེ་ནི་དྲི་མེད་བདེ་བར་འདོད། །ཅེས་དང་། །འདོད་པ་ཡོངས་སུ་སྤངས་བྱས་ཤིང་། །རྟག་ཏུ་ཐར་ལ་དགའ་བ་ནི། །ཉི་མ་ཤར་བས་
མུན་སེལ་ལྟར། མི་དགེའི་ཆོས་རྣམས་འཇིག་པར་འགྱུར། །ཞེས་དང་། གང་ལ་དོན་དང་དོན་མིན་མཉམ། །དེ་བཞིན་རྙེད་དང་མི་རྙེད་དང་། །བདེ་དང་སྡུག་བསྔལ་མེད་མཉམ་པ། །དེ་ནི་དགེ་སློང་ཞེས་བྱ་འོ། །རི་མོར་བྲིས་པའི་བུད་མེད་ལའང་། །མིག་གིས་བལྟ་བར་མི་བྱེད་དོ། །འཇིག་རྟེན་འདོད་པ་རྣམ་བཅོམ་པ། །དེ་ལྟ་བུ་ནི་གྲོལ་ཞེས་བྱ། །ཞེས་དང་། །ཡབ་སྲས་མཇལ་བའི་མདོ་ལས། སྐོམ་དང་མེ་འདྲའི་འདོད་པ་ལ། །སྡུག་བསྔལ་འབྱུང་བར་སུས་ཤེས་པ། །དེ་དག་སྲེད་པ་ཞི་འགྱུར་ཏེ །མེ་ལ་ཆུ་ནི་བླུགས་པ་བཞིན། །ཞེས་གསུངས། སྔོན་བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཚེ། དྲང་སྲོང་ཨ་ག་ཏ་ཞེས་བྱ་བར་གྱུར་པ་ན་ང་ལ་མཆོག་སློང་ཞིག་ཟེར་བས། ཆུང་མ་ཡིད་དུ་འོང་དང་བུ་དང་དབང་བྱེད་དང་། །མངོན་པར་འདོད་པའི་ནོར་རྣམས་རྒྱ་ཆེན་ཐོབ་གྱུར་ཀྱང་། །གང་གིས་ཡིད་གདུང་ནམ་ཡང་ཆོག་མི་ཤེས་པ་ཡི། །བརྐམས་པའི་རླུང་དེ་བདག་གི་སྙིང་ལ་མེད་པར་བྱོས། །བྱིས་པ་རྣམས་ནི་ནམ་ཡང་མི་ཐོས་ཤིང་། །མཐོང་བར་མི་འགྱུར་ནམ་ཡང་མི་སྨྲ་ཞིང་། །དེ་དང་འགྲོགས་པས་སྐྱོ་བའི་སྡུག་
བསྔལ་ཡང་། །མི་མྱོང་མཆོག་དེ་བདག་གིས་ཁྱེད་ལ་སློང་། །ལྷ་རྣམས་ཀུན་གྱི་མཆོག་ཏུ་གྱུར་པ་ཁྱོད། །བདག་ལ་ཕན་འདོགས་རྒྱུར་འགྱུར་མཆོག་སྦྱིན་ན། །གསལ་བ་བདག་དྲུང་སླན་ཆད་མི་འབྱོན་པའི། །མཆོག་འདི་ལྷ་མིན་འཇོམས་པ་ཁྱོད་ལ་སློང་། །ཞེས་དངོས་གྲུབ་ཀྱི་མཆོག་དེ་འདྲ་སླངས། སྤྱན་སྔ་བས། ད་ལྟ་འདུ་ལོང་བུན་ནེ། གྲགས་པ་དིར་རེ་བ་ཞིག་མ་འབྱུང་ན། ཁོ་དགེ་བཤེས་ཆེན་པོ་ཡིན་པ་ལ། གདུལ་བྱ་རེ་ཡང་མི་འདུ་ཨང་ཟེར་ནས། འདུ་ལོང་མ་བྱུང་ན་ཆོས་ཀྱི་དགོས་པ་མ་བྱུང་བར་བྱེད་པར་འདུག་སྟེ། ཡེ་མ་གོ་བ་ཡིན་ཏེ། ཇོ་བོའི་ཞལ་ནས། དངོས་གྲུབ་ཀྱི་མཆོག་ཉོན་མོངས་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། བྱ་བ་མིན་པར། དངོས་གྲུབ་ཀྱི་མཆོག་རྙེད་བཀུར་འབྱུང་བ་ཡིན་མི་གསུང་བར་གདའ་གསུངས། དེས་ན་ཆོས་ཀྱི་གཞི་གཏན་ནས་ཉེས་མ་ཉེས། ཆོས་པ་ཡིན་ནམ་མིན། སྔར་ཆོས་བྱས་སམ་མ་བྱས། ད་ཆོས་ཡོང་ངམ་མི་ཡོང་། ཚེ་བློས་བཏང་མ་བཏང་འདི་ལ་ལྟ་དགོས་ཏེ། མཁས་གྲུབ་རིན་པོ་ཆེའི་ཞལ་ནས།
དམ་པ་རྣམས་ཀྱིས་ཚེ་འདི་བློས་བཏང་ནས། ཟབ་མོའི་མན་ངག་རྩེ་གཅིག་ཉམས་བླངས་པས། །དོན་གཉིས་ཕུལ་ཕྱིན་མཐའ་ཡས་རྣམ་ཐར་ལ། །ཡིད་གསོད་འདུན་པ་ཆ་ཙམ་མི་སྐྱེ་བར། །ད་ལྟའི་སྟོན་པ་འགའ་ཡིས་རྙེད་གྲགས་དང་། །འཁོར་སློབ་རྒྱ་ཆེན་འདུ་འགོད་མང་པོའི་གཏམ། །ཐོས་པ་ཙམ་གྱིས་འགྲམ་ཆུ་ལྡང་བ་དེ། །གཞི་རྩ་གཏིང་ནས་ཉེས་པའི་རྟགས་ངན་ཡིན། །ཞེས་དང་། རིག་པའི་དབང་ཕྱུག་གི་ཞལ་ནས། ཆོས་ཀྱི་ཉམས་ལེན་སྣ་གཅིག་མ་གྲུབ་པར། །ཁྱོད་ཉིད་ཆོས་པར་རློམ་པ་ཀྱེ་མ་བླུན། །ཆོས་ཀྱི་དང་པོ་ཚེ་འདི་བློས་ཐོངས་པ། །རང་གི་རྒྱུད་ལ་འདུག་གམ་མི་འདུག་ལྟོས། །གསུངས། སྤྱན་སྔ་བས། སྔར་ཆོས་བྱས་སམ་མ་བྱས། ད་ཡོང་ངམ་མི་ཡོང་། རང་གི་ཕ་ཡུལ་ཉེ་འབྲེལ། ཟས་ནོར་སོགས་ཚེ་འདིའི་ཕུན་ཚོགས་རྣམས་བློས་བཏང་མ་བཏང་ལ་བརྟག་པར་བྱ། ཞེས་གསུངས། དེས་ན་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས། ཚེ་འདི་བློས་བཏང་ནས་ཆོས་བཞིན་མཛད་པས་དོན་གཉིས་ལྷུན་གྱིས་གྲུབ་ཚེ། རྗེས་འཇུག་འོ་སྐོལ་རྣམས་ལ་ཐུགས་བརྩེ་བས་ཚེ་བློས་ཐོངས་ཞེས་ཡང་ཡང་
ནན་ཏན་གསུངས་ཏེ། སངས་རྒྱས་ཀྱི་ཞལ་གྱི་བུམ་བཟང་ལས། ང་ཡོངས་སུ་མྱ་ངན་ལས་འདས་ཤིང་དམ་པའི་ཆོས་ཀྱང་ནུབ་པར་འགྱུར་ལ། ཁྱེད་ཀྱང་འདོད་པ་རྣམས་ལ་བརྟེན་ནས་རྣམ་པར་ལྟུང་བར་སོང་ན་ནམ་ཞིག་རྒ་བ་དང་འཆི་བ་དག་ལས་ཐར་བར་འགྱུར། དགེ་སློང་མཆོག་གིས་འདོད་པ་རྣམས་ལས་ལྡོག་ཅིག །འདི་ནི་འདོད་པ་བཙལ་བའི་དུས་མ་ཡིན་གྱི། ཆོས་བཙལ་བའི་དུས་ཡིན་ནོ། །གསུངས། མདོ་སྡེ་དཀོན་མཆོག་སྤྲིན་ལས། ཡི་དམ་གྱིས་བར་ཆད་དམ། སེམས་གཡེང་བར་གྱུར་ན་མི་རུང་ངོ་། བུད་མེད་དང་། སྐྱེས་པ་དང་། ཁྱེའུ་དང་བུ་མོ་རྣམས་དང་། འདུ་འཛི་མི་བྱེད་ཅིང་། འདུ་འཛི་དག་ཐག་རིང་པོ་བས་ཀྱང་རིང་པོར་ཡོངས་སུ་སྤོང་ངོ་། །ཞེས་དང་། རྡོ་རྗེ་རྒྱལ་མཚན་གྱི་མདོ་ལས། འདོད་པ་སྐྱོན་ཚད་མེད་པ་ལྡན་པ་རབ་ཏུ་འབར་ཞིང་། ཀུན་ཏུ་འབར་བར་མཐོང་གིས་དེ་ལྟ་བས་ན། བདག་གིས་གཞི་དེ་ལ་མི་སྤྱད་པར་ནན་ཏན་བྱའོ། །ཞེས་གསུངས། མདོར་ན་བདག་ཏུ་འཛིན་པར་ཁབ་སྐུད་ཙམ་ཡང་བྱ་མི་རུང་། ཐ་ན་བུད་མེད་ལ་མིག་ཟུར་ཙམ་ཡང་བལྟ་མི་
རུང་། གསེར་དངུལ་ལ་ལག་གིས་རེག་ཀྱང་མི་རུང་བའི་བཅས་པ་མཛད། གནས་ཤིང་དྲུང་པ། ཟས་བསོད་སྙོམས་པ་བྱེད་དགོས་ཞེས་མདོ་སྡེ་རྣམས་སུ་རྒྱ་ཆེར་གསུངས། དེ་བཞིན་དུ་ཨོ་རྒྱན་རིན་པོ་ཆེས་ཀྱང་། མྱང་བན་ཏིང་འཛིན་བཟང་པོ་སོགས་ལ། ཆོས་མ་གཏོགས་བུད་མེད་སོགས་བྱ་བ་གཞན་ཐམས་ཅད་བསྐྱུར། ཟང་ཟིང་སྤངས་ནས་སྒྲུབ་པ་རྩེ་གཅིག་ཏུ་བྱ་དགོས་གསུངས། བལ་ཡུལ་ནས་བོད་དུ་འབྱོན་ཁར། བལ་བཟའ་དཀར་ལྕམ་གྱིས། འཁོར་བར་མི་འཁྱམས་པའི་ཆོས་ཤིག་ཞུ་བྱས་པས། གང་ལའང་མ་ཞེན་ཅིག །གང་ལ་ཡང་མ་ཆགས་ཤིག །གང་ལ་ཡང་མ་འཛིན་ཅིག །ཁམས་གསུམ་དུ་མི་འཁོར་གྱི། །གསུངས། བརྩེ་བརྩེ་དུང་དུང་ཆོས་བཤོལ་སྒྲུབ་གཅོག་པའི། །ཉེ་དུ་འབྲེལ་བ་ཐམས་ཅད་འགལ་རྐྱེན་ཡིན། །ཕ་ཡུལ་མ་སྡོད་གར་སོང་ཆ་མེད་སོང་། །འགལ་རྐྱེན་མེད་པའི་གནས་སུ་སྒྲུབ་པ་གྱིས། །ཞེས་དང་། སུ་འགྲོགས་ཡོན་ཏན་མི་འབྱུང་གཅིག་པུར་སྡོད། །ཡུན་རིང་འགྲོ་དོན་དངོས་གྲུབ་ངང་གིས་འབྱུང་། །ལྟོ་གོས་གཡོག་བྱེད་ཕོངས་པ་ཞེར་མ་བཞག །གྱི་ན་སྲོག་འཚོ་ལྷག་སྐྱོབ་ཙམ་ལ་
བརྟེན། །སེམས་དཀྲུག་དགྲ་སེམས་འཛིན་པའི་བུད་མེད་བཏང་། །འཕྲལ་ཕུག་གཉིས་ཀ་མི་བལྟ་ཞེན་པ་ལོག །མི་ཡི་གྲལ་ནས་ཅི་བུད་ཅི་ཐོན་གྱིས། །ཡོངས་སུ་འཛིན་པ་ཁབ་སྐུད་གཅིག་མི་བྱ། །གསུངས། ཇོ་བོ་རྗེས། བསོད་ནམས་ཟེར་བའི་འདུ་འཛི་དེ་ཡང་ཆོས་ཀྱི་བར་ཆད་ཡིན་པས་སྤོངས། རྙེད་དང་བཀུར་སྟི་བདུད་ཀྱི་ཞགས་པ་ཡིན་པས་སྲང་ཁའི་རྡོ་བཞིན་སོལ། བསྟོད་དང་གྲགས་པའི་ཚིག་རྣམས་བསླུ་བྲིད་ཡིན་པས་མཆིལ་སྣབས་བཞིན་དུ་དོར། ད་ལྟ་བདེ་སྐྱིད་སྙན་གསུམ་འཛོམས་ཡང་ཡུད་ཙམ་ཡིན་པས་རྒྱབ་ཏུ་སྐྱུར། གསུངས། འདྲེས་པས་འདྲིས་ཤིང་ཆགས་པར་བྱེད། །དེ་ཡིས་འཁོར་བའི་འཁོར་ལོ་བསྐོར། །དེ་ལྟར་འདྲིས་པ་སྤང་བ་ལ། །རྟག་ཏུ་བག་དང་ལྡན་པར་བྱ། །གསུངས། ཡང་སྐུ་འདའ་ཁར་བུ་ཆེན་རྣམས་ལ། ཁྱེད་ཐམས་ཅད་ཀྱིས་འབྲོམ་སྟོན་པ་ལ་བསྟེན་ལ་ཚེ་བློས་ཐོངས་གསུངས། རྣལ་འབྱོར་པ་ཆགས་པ་ཁྲི་མཆོག་གིས། ཇོ་བོ་གཤེགས་པ་ན། བདག་གིས་བསྒོམ་པར་ཞུ་ཞུས་པས། བྱ་བ་ངན་པ་ཡིན་བོར་ལ་ཐོངས་གསུངས། འོ་ན་འཆད་པར་ཞུ་ཞུས་
པས། དེ་སྐད་གསུངས། འོ་ན་རེས་བཤད་རེས་སྒོམ་མམ་ཞུས་པས་དེ་སྐད་གསུངས། འོ་ན་ཅི་བགྱི་ཞུས་པས་ཚེ་བློས་ཐོངས་གསུངས། བཙུན་པ་གཅིག་གིས་བསྐོར་བ་བྱས་པས། སྟོན་པ་རིན་པོ་ཆེའི་ཞལ་ནས། ཇོ་བོ་བསྐོར་བ་བྱེད་པའང་གློ་བ་དགའ་སྟེ། དེ་བས་ཆོས་ཤིག་རང་བྱས་ན་དགའ་གསུངས། ཁོའི་བསམ་པ་ལ་ཕྱག་གཅིག་བྱས་ན་དགའ་བ་ཡིན་ནམ་སྙམ་ནས་བྱས་པས་ཀྱང་དེ་སྐད་གསུངས། དེ་བཞིན་དུ་ཁ་ཏོན་དང་སྒོམ་བྱས་པས་ཀྱང་དེ་སྐད་གསུངས། འོ་ན་ཅི་བགྱིད་ཞུས་པས། ཚེ་འདི་བློས་ཐོངས་ཤིག་ལན་གསུམ་གསུངས། བྲམ་ཟེ་ས་ར་ཧའི་ཞལ་ནས། གང་ལ་ཞེན་པ་ཡོད་ན་དེ་ཡང་ཐོངས། །རྟོགས་པར་གྱུར་ན་ཐམས་ཅད་དེ་ཡིན་ཏེ། །དེ་ལས་གཞན་པ་སུས་ཀྱང་ཤེས་མི་འགྱུར། །ཞེས་དང་། གསེར་ཕྲེང་ལས། བྱ་བ་བཏང་བ་མན་ངག་ཡིན། །ཞེ་འདོད་མེད་ན་རྟོགས་པ་ཡིན། །ཞེས་དང་། ཏེ་ལོ་པས། སྣང་བས་མི་འཆིང་ཞེས་པས་འཆིང་། །ཞེན་པ་ཆོད་ཅིག་ནཱ་རོ་པ། །གསུངས། གྲུབ་ཆེན་ཐང་སྟོང་རྒྱལ་པོས་གསོལ་ཟས་སྤང་ནས་ཟླ་བ་གསུམ་ཙམ་གྱི་བར་དུ་སྐུ་མཚམས་བསྡམས་
པས། སྐབས་ཤིག་སློབ་མ་ཡོན་བདག་རྣམས་ཀྱིས་བུག་སྒོ་ནས། བླ་མ་རིན་པོ་ཆེ་སྐུ་མི་སྟོན་ན་གསུང་བྱོན། གསུང་མི་འབྱོན་ན་སཾ་ཊ་ལ་ཕྱག་བྲིས་གནང་དགོས་ཞུས་པའི་ལན་དུ། ཀུན་གྱིས་ཚེ་འདི་བློས་ཐོངས། བསམ་པ་དཀར་པོ་གྱིས་གསུངས། རྗེ་མི་ལའི་ཞལ་ནས། བུ་སྙིང་ནས་ལྷ་ཆོས་བྱ་བསམ་ན། །དད་པ་གཏིང་ནས་སྐྱེས་པ་ན། །ཚེ་འདི་ལ་ཕྱི་མིག་མི་བལྟ་བར། །བདེན་པས་ང་ཕྱིར་འབྲང་བ་ན། །གཉེན་འདུན་བདུད་ཀྱི་བཤོལ་འདེབས་ཡིན། །བདེན་ནོ་སྙམ་ན་འཁྲི་བ་ཆོད། །ཟས་ནོར་བདུད་ཀྱི་སོ་པ་ཡིན། །འདྲིས་ཤིང་ངན་ནོ་འཛིན་ཆགས་ཐོངས། །འདོད་ཡོན་བདུད་ཀྱི་ཞགས་པ་ཡིན། །འཆིང་བར་ངེས་སོ་ཞེན་པ་ཐོངས། །གཞོན་གྲོགས་བདུད་ཀྱི་བུ་མོ་ཡིན། །བསླུ་བར་ངེས་སོ་ཁོང་ཟོན་གྱིས། །ཕ་ཡུལ་བདུད་ཀྱི་བཙོན་ར་ཡིན། །ཐར་བར་དཀའ་ཡི་མྱུར་དུ་བྲོས། །གསུངས། རྗེ་རིན་པོ་ཆེས། གང་དུ་འབྲེལ་ན་དུག་གསུམ་ལ་སོགས་པའི། །ཉོན་མོངས་ཚོགས་རྣམས་ཡར་ངོའི་ཟླ་བཞིན་འཕེལ། །དཀར་ཕྱོགས་ཐོ་རངས་རྒྱུ་སྐར་ལྟར་འགྲིབ་པའི། །གནས་ངན་མྱུར་
དུ་སྤོངས་དང་རྒྱལ་ཁམས་པ། །ཞེས་གསུངས། ཀློང་ཆེན་རབ་འབྱམས་པས། མདོར་ན་ཚེ་འདིའི་བྱ་བ་ཐམས་ཅད་ཀུན། །ཁ་ཟས་བཟང་ལ་བཙན་དུག་འདྲེས་པ་བཞིན། །སྙིང་ནས་སྤོང་བ་དམ་པའི་རྣམ་ཐར་ལགས། །གསུངས། བཀའ་གདམས་གླེགས་བམ་ལས། འདི་ཡི་བྱ་བར་རྒྱབ་ཀྱིས་ཕྱོགས། །མི་གྲལ་ནས་བུད་རི་དྭགས་བཞིན། །འཕྲལ་ལ་ཟས་ཚོལ་བྱ་དང་འདྲ། །གོག་སྟེ་ལངས་པའི་གཞིས་རྫོགས་པ། །ཞེས་དང་། གང་ལ་ཞེན་པ་བྱུང་བ་དེ་ཡང་ཐོངས། །ཅིས་ཀྱང་དགོས་པ་མེད་དོ་དིང་རི་བ། །འཇིག་རྟེན་འདིར་ནི་གཏན་དུ་མི་སྡོད་ན། །འགྲོ་རྩིས་ད་ལྟ་གྱིས་ཤིག་དིང་རི་བ། །གསུངས། རྒྱལ་སྲས་ཐོགས་མེད་ཀྱིས། གཉེན་གྱི་ཕྱོགས་ལ་འདོད་ཆགས་ཆུ་ལྟར་གཡོ། །དགྲ་ཡི་ཕྱོགས་ལ་ཞེ་སྡང་མེ་ལྟར་འབར། །བླང་དོར་བརྗེད་པའི་གཏི་མུག་མུན་ནག་ཅན། །ཕ་ཡུལ་སྤོང་བ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། སྤྱན་སྔ་བས། ཇ་ཐུད་ཤ་མར་ལ་སོགས་པའི། །བཀྲ་མི་ཤིས་པ་དེ་དག་གིས། །ཁྱོད་ལ་ལྟས་ངན་གཏོང་འགྱུར་གྱིས། །སྦྲུལ་དུག་དེ་དག་མྱུར་སྤོངས་ལ། །དཔག་ཚད་བརྒྱ་ཡི་ཕ་རོལ་
སོང་། །ཞེས་དང་། ཁ་རག་སྒོམ་ཆུང་པས། བཟའ་མེད་ཁྱིམ་ཐབས་བྱས་པ་ན། །དགོས་མེད་བུ་ཚ་བྱུང་ནས་ནི། །ཁྲེལ་མེད་སྤྲང་པོ་བྱ་དགོས་ཀྱི། །གྲོས་ཉེས་ཆུང་མ་མ་ལེན་ཨང་། །ཞེས་དང་། དད་གུས་འཁོར་ལས་དཀོན་པ་མེད། །མི་ངན་དཔོན་ལས་སྡུག་པ་མེད། །བཟང་པོའི་དཔོན་ཆ་མ་འཛིན་པར། །ངན་པའི་དམན་ཆ་ཟུངས་ཤིག་ཨང་། །གསུངས། གྲུབ་ཆེན་ཡུ་མོའི་ཞལ་ནས། ཉམས་ལ་ཡར་སྐྱེད་མེད་པ་དེ། །ཟླ་བ་ཉི་མས་ནོན་པ་འདྲ། །དེ་གཉིས་སྣང་གི་ཡུལ་ལ་ཞེན་པས་ལན། །སེམས་འཁྲི་བ་ཆོད་ཅིག་སྐལ་ལྡན་ཀུན། །གསུངས། འབར་ར་བ་རྒྱལ་མཚན་གྱིས། ཕྱོགས་མེད་རི་ཁྲོད་མ་འགྲིམས་ན། །ཕ་ཡུལ་སྐྱིད་ཀྱང་ཤུལ་དུ་འཇོག །ངེས་མེད་རི་ཁྲོད་འགྲིམས་ཀྱང་འཚལ། །བདག་བཟུང་མེད་པར་བསྡད་ན་ལེགས། །ཆོག་ཤེས་འདོད་པ་མ་བརྟེན་ན། །སེར་སྣའི་ནོར་ལ་འདང་དུས་མེད། །ནོར་མེད་སྤྲང་པོ་བགྱིད་ཀྱང་འཚལ། །ཅི་མེད་ཅང་མེད་བྱས་ན་ལེགས། །ཞེས་དང་། མཁས་བཙུན་གཞོན་ནུ་གྲུབ་ཀྱི་ཞལ་ནས། གནས་གཅིག་ཡུན་རིང་ཆགས་
སྡང་སྐྱེ་བའི་རྒྱུ། །འདྲིས་བཤེས་མང་ན་ཕྱོགས་རིས་ཞེན་པ་འཕེལ། །གསོག་རུམ་མང་པོས་ལུས་ངག་དགེ་སྦྱོར་ཆག །འདྲིས་མེད་ཡུལ་དུ་འཁྱམ་ན་མི་འཐད་དམ། །ཤ་ཚའི་གཏམ་ཡིན་རང་གི་སྙིང་ལ་དྲིས། གསུངས། སྒོ་མཐའ་ཡས་སྒྲུབ་པའི་གཟུངས་ལས། སེམས་ཅན་གང་དག་ཁ་ཅིག་རྩོད་གྱུར་པ། །དེ་ཡི་གཞི་ནི་ཡོངས་སུ་འཛིན་པ་སྟེ། །དེ་ལྟས་གང་ལ་སྲེད་པར་འགྱུར་བ་སྤོངས། །སྲེད་པ་སྤངས་པར་བྱས་ན་གཟུགས་སུ་འགྱུར། །ཞེས་དང་། རིག་པའི་དབང་ཕྱུག་གི་ཞལ་ནས། འདོད་ཡོན་དགྲ་བོའི་དྭངས་མ་ཡིན། །ཉེ་འབྲེལ་འཆིང་བའི་ཞགས་པ་འདྲ། །ཆེ་འདོད་འགོང་པོ་ཕུགས་ཞུགས་འདྲ། །སྣང་ཤས་མ་ཆེ་རྒྱ་མ་བ། །གསུངས། གཙང་པ་རྒྱ་རས་ཀྱིས། ཆགས་སྡང་རྩ་བ་ཕ་ཡུལ་སྤང་། །སྡུག་བསྔལ་རྩ་བ་ཁྱིམ་ཐབས་སྤང་། །འཛིན་ཆགས་རྩ་བ་ནོར་རྫས་སྤང་། །གཡེང་བའི་རྩ་བ་ངོ་བསྲུང་སྤང་། །གསུངས། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། ཡོ་བྱད་ལ་སོགས་པ་ཆུད་ཟོས་རུང་མ་ཟོས་རུང་། ཕ་མ་ལ་མ་ཆགས། སྤུན་དང་སྲིང་མོ་དང་། བུ་སྨད་དང་མཛའ་བཤེས་དང་། མཁན་སློབ་དང་།
སྡེ་པ་དང་ཡུལ་མི་ལ་སོགས་པ་དང་། ཐ་ན་རང་གི་ལུས་སྲོག་ལ་ཡང་མ་ཆགས་པར་སྣབས་ལུད་རྒྱབ་ཏུ་འབོར་བ་བཞིན་དུ་མི་ལྟ་བར་བྱའོ་གསུངས། ཡང་། ལུས་སྲོག་ཐེད་ལ་བཏང་། བྱ་བྲེལ་རྒྱབ་ཏུ་སྐྱུར། འཁྲི་བ་བཙན་ཆོད་བྱས། ཞེ་འདོད་ཐམས་ཅད་སྤང་། གསུངས། སློབ་དཔོན་ཨ་ཝ་དྷུ་ཏི་པས། མང་པོ་རྟག་ཏུ་འཐབ་འགྱུར་ཏེ། །གཉིས་པོ་དག་ནི་འགྲན་ཟླར་འགྱུར། །གཞོན་ནུ་མ་ཡི་གདུ་བུ་བཞིན། །གཅིག་པུ་རྣམ་པར་རྒྱུ་བར་བྱ། །ཞེས་དང་། ཚོམས་ལས། ཁྱིམ་ནས་ཁྱིམ་མེད་སྤངས་ནས་སུ། །སྤྱོད་ཡུལ་དབེན་པ་གང་ཡིན་པ། །དེ་ལ་མངོན་པར་དགའ་བསླབ་ཅིང་། །འདོད་པ་ཅི་ཡང་མེད་པར་སྤོངས། །ཞེས་དང་། བླ་མ་ཡེ་དགོན་པའི་ཞལ་ནས། ད་ཕ་ཡུལ་ལ་ཞེན་པའི་ཕྱི་ཐག་བསྟུང་། །གཉེན་ལ་གདོང་ཆུང་གི་ལྟག་པ་སྟོན། །ནོར་ལ་ཆོག་ཤེས་ཀྱི་གཉེན་པོ་བརྟེན། །འདི་བྱ་བཏང་གི་མདུན་གྲོས་དང་པོ་ཡིན། །གསུངས། རྒྱལ་བ་ཡང་དགོན་པས། ཡང་ཚེ་འདི་བློས་གཏོང་བ་ལ་དམ་བཅའ་འདི་རྣམས་དགོས་གསུངས། ཚེ་འདིའི་ལྟོས་ཐག་བཅད། ལྟོ་རྒྱབ་
ལ་གྱོང་ཁུར། ལུས་སྲོག་ཐེད་ལ་བོར། བཀའ་བརྒྱུད་ཀྱི་རྣམ་ཐར་བསམ། གོ་ཆ་དང་སྡུག་སྲན་བསྐྱེད། རི་ཁྲོད་བརྟེན་ཅིང་སྒྲུབ་པ་སྙུག་བསྲིངས་ནས་བསྒོམས་པས་ནང་ནས་སྐྱེ་ཚུལ་ཞིག་འོང་བ་ཡིན་གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། ཉོན་མོངས་ཡུལ་ལས་སྐྱེ་བ་ལ། ཕ་ཡུལ་མི་སྤོང་བའི་སྙིང་མེད་པོ། ཉམས་ལེན་གཉེན་པོས་བྱེད་པ་ལ། གཉེན་པོ་མི་བརྟེན་པའི་སྙིང་མེད་པོ། ཆོས་ཤན་རྐྱེན་གྱིས་འབྱེད་པ་ལ། རྐྱེན་དང་མི་སྤྲོད་པའི་སྙིང་མེད་པོ། སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་སྤོངས་དང་། རླུང་འཁྱེར་ཟེར་ཡང་འགྱོད་པ་མེད། སྤོང་ཐག་བླ་མའི་ཕྱོགས་སུ་ཐོངས་དང་། ལྟོག་ནས་ཤི་ཡང་འགྱོད་པ་མེད། སྐམ་ཐག་ཆུ་ནང་དུ་ཚོད་དང་། བླ་མ་བསྟེན་ཡུན་ཐུང་ཟེར་ཡང་འགྱོད་པ་མེད། སྐྱེས་པའི་ཕ་ཡུལ་རྒྱབ་ཏུ་སྤོངས་དང་། གཉེན་པོའི་རྟེན་འབྲེལ་དེས་འགྲིག །འཇིག་རྟེན་གྱི་བདེ་འབྲས་བྱུར་དུ་མཐོང་ན། དད་པའི་རྟེན་འབྲེལ་དེས་འགྲིག །འཇིག་རྟེན་བློས་ཐོངས་དང་། སྦྱིན་པའི་རྟེན་འབྲེལ་དེས་འགྲིག །སྐྱེས་པའི་ཕ་ཡུལ་མ་སྤངས་ན། ཆགས་སྡང་རྒྱུན་མི་ཆད་པས་ཕ་ཡུལ་སྤོངས་ཤིག །འཇིག་
རྟེན་གྱི་བྱ་བ་མ་བཏང་ན། དགེ་སྦྱོར་གྱི་སོ་བསོད་མི་འབྱུང་བས་བྱ་བ་ཐོངས་ཤིག །ནོར་རྫས་རླུང་ལ་མ་བསྐུར་ན་ཉེ་འབྲེལ་གྱི་ཁོ་ཐག་མི་ཆོད་པས་ནོར་རྫས་རླུང་ལ་སྐུར་ཅིག །གསུངས། ཡང་ཚེ་འདི་བློས་གཏོང་བ་ལ་དམ་བཅའ་འདི་རྣམས་དགོས་གསུངས། མི་དང་བློ་སྣ་མི་བསྟུན་པར་གཅིག་པུར་སྡོད་པ་དང་། ཕ་ཡུལ་སྤོང་བ་དང་། འདོད་ཡོན་ལ་ཡི་མུག་འབའ་ཞིག་སྒོམ་པ་དང་། དམན་ས་འཛིན་ཅིང་སུ་ཡི་ཡང་ངོ་མི་སྲུང་བ་དང་། གཉེན་པོ་ཟློག་བསྒོམ་གྱི་བྱ་ར་འཇོག་པ་དང་། མིས་ཟེར་ལ་ཆེད་དུ་མི་འཛིན་པར་ཟེར་མོད་འདུག་མོད་དུ་འཇོག་པ་དང་། ཅི་དགུ་རླུང་གིས་འཁྱེར་ཡང་སྡུག་བསྔལ་མི་བྱེད་པ་དང་། སྤྲང་པོ་ཤི་བ་བཞིན། མི་ཚེ་སྡུག་ཟད་ལ་གཏོང་བ་དང་། དགོས་མེད་ཀྱི་དྲག་སྔགས་རྒྱུན་དུ་བགྲང་བ་དང་། རང་གི་སྣ་ཐག་རང་གིས་འཛིན་པ་དང་། ཉམས་ལེན་བཟང་པོ་སྤྲིན་བཞིན་འཁོར་བར་བྱ་བ་དང་། བཅུ་གཅིག་པོ་འདི་ཡིན་གསུངས། གཞན་ཡང་ཚེ་བློས་གཏོང་བ་ལ། མི་རྒྱུད་ལ་སྙིང་རུས་དང་གཅོད་ཁམ་ཆེ་བ་རྡོ་བཅག་པ་འདྲ་བ་ཞིག་དགོས། འཕྲལ་བདེ་ལ་གཏིང་གཅུ་
དཀའ་བ་གཡག་རྒན་གྱི་མཇིང་པ་འདྲ་བ་ཞིག་དགོས། འདུ་འཛི་ལ་འཇིགས་པ་ཤ་བ་རྫི་ཕོག་པ་འདྲ་བ་ཞིག་དགོས། རྩིས་གདབ་མེད་པ་ཉེས་ཅན་གཡང་ལ་མཆོང་བ་འདྲ་བ་ཞིག་དགོས། སྡུག་ཐུབ་པ་ཡུགས་ས་མོ་ད་ཕྲུག་བསྲེལ་བ་འདྲ་བ་ཞིག་དགོས། གསུངས། འཕགས་པ་ཐོགས་མེད་ཀྱི་ཞལ་ནས། དངོས་པོའི་འདོད་པ་དང་། ཉོན་མོངས་པའི་འདོད་པ་གཉིས་ཡོད་དེ། འདི་གཉིས་ཆར་རབ་ཏུ་བྱུང་བས་སྤང་གསུངས། པོ་ཏོ་བའི་གསུངས་ལས། སྐྱེས་པའི་ཡུལ་སྤངས་ཉེ་དུ་ཐག་བསྲིངས། །འདུ་འཛི་ཀུན་སྤངས་ཚུལ་བཞིན་ཡིད་བྱེད། །དེ་ལ་ཐར་པ་རིང་བ་མ་ཡིན། ཞེས་དང་། གཞན་གྱིས་བདག་ལ་སྙིང་རྗེའི་གནས་བྱེད། །བདག་ནི་རྟག་ཏུ་དགའ་བས་གནས་ན། །དེ་ལ་ཆོས་ཡོང་གཞན་དུ་ན་མིན། །ཞེས་དང་། སྤྱོད་པ་བསོད་སྙོམས་སྐྱེ་བ་བསྐྱལ་བྱ། །འདོད་ཆུང་བརྟེན་བྱ་སེམས་ཀྱིས་མི་གདུང་། །ཉི་ཟླ་བཞིན་དུ་ཀུན་ཏུ་རྒྱུ་བྱ། །ཡུལ་གཅིག་མི་སྡད་གནས་གཅིག་མི་བཟུང་། ཞེས་དང་། བསྡད་ན་འཕོངས་རྗེས་འགྲོ་ན་རྐང་རྗེས་ལས་མེད་པ། ལྷམ་སྣ་བསྒྱུར་ན་བན་གཞིས་རྫོགས་པ་རེ་དགོས། ང་འགྲོ་ན་
དངོས་པོ་འདི་དང་འདི་འཚོལ་བ་སོགས་བྱེད། འདི་དང་འདི་ཁལ་འགེལ་དགོས་ཟེར་བ་དེས་མི་ཡོང་། ཆོས་དང་འགལ་འགལ་ཡུལ་གཅིག་ཏུ་བསྡད་པས་མི་ཡོང་། སྡིག་གསོག་ན་འགྲོ་དགོས་པ་ཡིན། ཞེས་དང་། སྐྱེས་པའི་ཡུལ་སྤོང་། ཉེ་དུ་འབྲེལ་བ་གཅོད། མ་བརྟགས་པའི་དངོས་པོ་ཐམས་ཅད་སྤོང་བ་དང་གསུམ་པོ་འདི་རྭ་སྒྲེང་བའི་བཀའ་སྲོལ་ཡིན་པ་ལ། ཕྱིས་ཀྱི་མི་ཀུན་གྱིས་འདི་དཀའ་བ་བྱུང་གསུངས། ནམ་མཁའ་མཛོད་ཀྱི་མདོ་ལས། ཁྱིམ་དང་བརྟེན་པ་ཀུན་སྤངས་ཏེ། །དོན་ཉུང་བ་དང་བགྱིད་ཉུང་བ། །བས་མཐའ་དགོན་པའི་སྤྱོད་ཡུལ་བ། །རི་དྭགས་བཞིན་དུ་འགྱུར་བར་གྱིས། །ཞེས་དང་། མཁས་བཙུན་པས། ཕུགས་ཀྱི་འདོད་བློ་ཞིག་དང་མ་བྲལ་ན། །ཚེ་འདི་བྱ་དགོས་ཆུ་བོའི་གཉེར་མ་འདྲ། །གཅིག་ཟིན་དེ་བས་མང་བ་སླར་ཡང་སྐྱེ། །ལུས་ངག་བྱ་བྱེད་ཉུང་ན་མི་འཐད་དམ། །ཞེས་དང་། ཇ་ཆང་ཐབ་ཀའི་སེམས་འཛིན་ལ་སོགས་པ། །དཀར་པོ་དགེ་བའི་ཆོས་སྤྱོད་གཡེང་བའི་རྒྱུ། །ཚེ་འདིའི་མཐོ་འགྲོགས་མི་རྗེས་མ་སྙེགས་པར། །མཐུན་འཇུག་རྩིག་པ་སྒྱེལ་ཅིག་གཞོན་
ནུ་གྲུབ། །གསུངས། སྐྱེས་མཆོག་པས། ཚེ་འདིའི་བདེ་སྐྱིད་རླུང་ལ་སྐུར། །ཉམས་ལེན་ཕྱོགས་སུ་སྡུག་བསྔལ་ཁུར། །དཀའ་ཐུབ་ཕྱོགས་སུ་ལུས་སྲོག་གཏོང་། །གསུངས། གླང་རི་པའི་ཞལ་ནས། ལྟོ་རྒྱབ་དབེན་པར་བསྡད་པས་ཆོག་གི །ཚོགས་གསོག་བྱེད་པའི་གདུང་བ་ཆོད། །ཉིན་མཚན་དགེ་སྦྱོར་བྱས་པས་འདའ་ཡི། །གྲོགས་པོ་འཚོལ་བའི་གདུང་བ་ཆོད། །མི་སེམས་མལ་དུ་བསྡད་པས་ཟིན་གྱི། །མཐུན་འཇུག་བྱེད་པའི་གདུང་བ་ཆོད། །བླ་མ་སྒྲུབ་པའི་མཆོད་པས་མཉེས་ཀྱིས། །རྙེད་བཀུར་བྱེད་པའི་གདུང་བ་ཆོད། །སྲུང་བ་འདྲེ་ལ་བཅོལ་བས་ཆོག་གི །དྲག་སྔགས་ཟློས་པའི་གདུང་བ་ཆོད། །གསུངས། ཁྲོ་ལོས། ཚེ་འདིའི་ཆེ་ཐབས་བྱས་གྱུར་ཀྱང་། །འགྲུབ་རྒྱུ་མེད་པ་རང་སེམས་སྡུག །གཟབ་ནས་བསྒྲིགས་ཀྱང་འཁྱོག་ནས་འཛོལ། །ད་ནི་ཞེ་འདོད་ཐམས་ཅད་སྤངས། །གསུངས། དགེ་བཤེས་ཡོན་ལུང་པས་མཚམས་མཛད་པ་ལ། གཅིག་གིས་ཐུ་བ་ནས་བཟུང་གདམས་ངག་ཚིག་གཅིག་ཞུ་ཞུས་པས། ཁྱོད་གཞོན་ནུ་ནས་རབ་ཏུ་བྱུང་བ་ཡིན་པས། འཆི་ཁར་མི་འགྱོད་པ་ཞིག་གྱིས་ཤིག །དེ་ལ་
རྩམ་པ་སྲོག་ཐུབ། དུག་པོ་རྒྱབ་དྲོས་ལ་བརྟེན། ཁྱིམ་མཚེས་ཀྱིས་ཀྱང་ངོ་མི་ཤེས་བྱས། དམའ་བའི་ས་བཟུང་། ཧྲུལ་པོའི་གོས་གྱོན། ཕ་ཡུལ་སྤངས། གཉེན་བཤེས་ཀྱི་རྒྱ་གད་ཆུ་བཞིན་འཐུང་། ཚེ་འདི་ལ་འཕྱ་བ་ཐོ་རེ་བ་ཞིག་དགོས། ཕུར་ཞིང་ཆག་མདར་ཆུ་ཤོར་ཡང་། འདི་ལ་སྒྲིམ་ནུས་ན་མི་འགྱོད་པ་ཞིག་འོང་གསུངས། རིག་པའི་དབང་ཕྱུག་གིས། སྐུ་བསོད་རྒད་པོ་གཡོ་ཅན་འདྲ། །རང་སེམས་བྱིས་པ་མགོ་སྟོང་འདྲ། །བྱ་བཞག་རྩེད་མོའི་དགག་སྒྲུབ་འདྲ། །མངོན་ཞེན་མ་ཆེ་རྒྱ་མ་བ། གསུངས། བླ་མ་འོལ་སྣ་བས། གྲོས་མི་གཏམ་ལ་ཉན་ན་ས་ཟིན་མེད། །བློ་སྣ་མང་གི་འདུན་མ་སུན་པར་སླ། །ཆོས་བྱ་སྙམ་གྱི་ཕྱི་བཤོལ་མཐར་མི་ཕྱིན། །ཚེ་སྟོང་ཟད་བྱུང་ན་ཅི་ཙུག་བྱེད། །གནས་གང་དུ་འདུག་ཀྱང་བསོག་འཇོག་བཤོལ། །ཡུལ་གང་དུ་འགྲོ་ཡང་ངོ་ཤེས་སྐྱུངས། །མཐུན་འགྲོགས་བཤེས་མང་ཡང་དབང་མ་གཏོང་། །འདི་བྱ་བཏང་གི་རང་ཚུགས་འཛིན་ལུགས་ཡིན། །སུས་ཇི་སྐད་ཟེར་ཡང་དགོས་མེད་གྱིས། །གང་འཐད་པར་སྒྲོན་ཡང་ན་མེད་སྐྱོངས། །ཕུགས་ཇི་ལྟར་
ཡོང་ཡང་སྡུག་སྲན་སྐྱེད། །འདི་བྱ་བཏང་གི་བློ་གཅོད་བྱེད་ལུགས་ཡིན། །གསུངས། ཀློང་ཆེན་རབ་འབྱམས་ཀྱིས། །གྲོང་དང་དགོན་པ་རི་ཁྲོད་ལ་སོགས་པ། །གང་དུ་སྡོད་ཀྱང་སྒོས་མཛའ་མི་ཚོལ་ཞིང་། །སུ་དང་འགྲོགས་ཀྱང་མི་མཛའ་མི་འཁོན་པར། །རང་ཚུགས་འཛིན་པ་ཁོ་བོའི་སྙིང་གཏམ་ཡིན། །མོ་རྩིས་སྨན་སོགས་ཡིག་སྣ་དཔག་མེད་ཀྱི། །རྟེན་འབྲེལ་ཐབས་ཀུན་རྣམ་མཁྱེན་རྒྱུ་ཡིན་ཀྱང་། །སྣ་ཚོགས་ཆགས་ཕྱིར་བསམ་གཏན་གཅོག་པའི་རྒྱུ། །ཤེས་བྱས་བསྐྱུངས་པ་ཁོ་བོའི་སྙིང་གཏམ་ཡིན། །དད་ལྡན་ཕོ་མོས་འཚོ་བ་སྦྱར་ལ་སོགས། །བཟང་པོར་བཀུར་ནས་ཚུལ་འཆོས་སྤྱོད་པ་ཡང་། །གཞན་སེམས་བསླུ་ཕྱིར་བདག་ཉིད་འཆིང་བའི་རྒྱུ། །རོ་སྙོམས་སྤྱོད་པ་ཁོ་བོའི་སྙིང་གཏམ་ཡིན། །ནང་དུ་སྡོད་ཚེ་ཁང་པའི་བཀོད་སོགས་སྤང་། །དབེན་པའི་ཁོངས་ན་ཕུན་ཚོགས་སྒྲུབ་པ་ཡང་། །དོན་ཆུང་ངང་ལ་མི་ཚེ་ཟད་པའི་རྒྱུ། །བྱ་བ་གཏོང་བ་ཁོ་བོའི་སྙིང་གཏམ་ཡིན། །ཞེས་དང་། །གསུངས། དགེ་བཤེས་ཕུ་ཆུང་བའི་ཞལ་ནས། ཆོས་ནན་ཏར་ཉམས་སུ་ལེན་ན། དཔེར་ན་ཁྲབ་ཀྱི་བྱང་བུ་སྣ་རྩེ་འོལ་བ་དེ་ཁྲབ་ཀྱི་
གསེབ་ཏུ་སྡེབ་ཏུ་མི་བཏུབ་པ་ལྟར། ཚེ་འདི་པའི་མི་དང་སྡེབ་ཏུ་མི་བཏུབ་པ་ཞིག་དགོས། །མཐུན་འཇུག་དང་མི་དགའ་ཆེས་ན་བདུད་ཀྱིས་འཁྱེར། མི་མ་མགུ་བ་འདོད་ཐོག་ཡིན། ཁོ་མ་མགུ་བས་ཁོ་རང་མི་འོང་། ཁོས་འཕྱར་ཁ་བཏང་བས་གཞན་མི་ཡོང་། དེ་ཙ་ན་རྒྱགས་ཕྱེ་ཞོ་རེ་ལས་མེད་ཀྱང་། དེའི་བར་ལ་བློ་སེམས་བདེ་འབོལ་ལེ་དགེ་སྦྱོར་བྱར་ཡོད། དགེ་སྦྱོར་འཕེལ་ན་གཞན་དོན་ཡང་ལྷུན་གྲུབ་ཏུ་འབྱུང་བ་ཡིན་གསུངས། གང་པོས་ཞུས་པའི་མདོ་ལས། བདག་ནི་དབང་ཕྱུག་མི་འཚོལ་གྱི། །གལ་ཏེ་རྙེད་ཀྱང་སྤོང་བར་བྱེད། །དེང་འདིར་སངས་རྒྱས་ཆོས་ཟབ་དང་། །ཚུལ་ཁྲིམས་རྣམ་དག་འབའ་ཞིག་འཚོལ། །ཞེས་དང་། མཁས་བཙུན་གཞོན་ནུ་གྲུབ་ཀྱིས། ལུས་ངག་ཚུལ་འཆོས་ལོག་འཚོ་འབྱུང་བའི་རྒྱུ། །དད་ཟས་མང་ན་དགེ་སྦྱོར་འགྲིབ་པའི་རྐྱེན། །རོ་ཞིམ་ཟས་ཀྱི་འཁྲི་བ་རྩད་ནས་ཆོད། །ལྟོ་གོས་གྱོང་ལ་བསྐུར་ན་མི་འཐད་དམ། །གསུངས། རྗེ་རེ་མདའ་བས། ཆོས་གོས་གསུམ་དང་ལྷུང་བཟེད་ལ་སོགས་པ། །རང་ཉིད་འཚོ་བའི་ཡོ་བྱད་མ་གཏོགས་པ། །གསེར་དང་
དབྱིག་སོགས་ལྷག་པའི་དངོས་པོ་ནི། །རང་གི་དོན་དུ་ཏིལ་ཙམ་མི་འཆང་ངོ་། །ཞེས་དང་། གང་དུ་གནས་ན་སྣང་ཤེས་འཕེལ་འགྱུར་ཞིང་། །རང་རྒྱུད་རྙེད་བཀུར་ཞགས་པས་འཆིང་བྱེད་པ། །གཞན་སེམས་ཕྲག་དོག་འགྲན་སེམས་ཀྱིས་གདུངས་པ། །གནས་དེར་སྐད་ཅིག་ཙམ་ཡང་མི་གནས་སོ། །གསུངས། སྤྱན་སྔ་བས། དང་པོ་ཕ་ཡུལ་སྤོང་བ་འདི་ཤིན་ཏུ་གལ་ཆེ་སྟེ། དེ་ན་ཞེན་ཆགས་སྐྱེད་པའི་ཡུལ་ཉེ་འབྲེལ་དང་ཞིང་ཁང་ལ་སོགས་པའི་ནོར་དང་། སྡང་སེམས་སྐྱེད་པའི་ཡུལ་དགྲ་ལ་སོགས་པ་ཡོད་པས། བློ་ཆགས་སྡང་གི་དབང་དུ་སོང་ནས་ཆོས་མི་འགྲུབ། གལ་ཏེ་རང་ལ་ཆགས་སྡང་མ་བྱུང་ཡང་། དེ་རྣམས་ཀྱིས་ཚུར་ལ་ཆགས་སྡང་བྱེད་དུ་འོང་སྟེ། ཉེ་འབྲེལ་གྱིས་ཁོ་ཚོའི་ཚེ་འདིའི་སོ་ཚིས་ཀྱི་གྲོགས་འཆོལ། གལ་ཏེ་མ་བྱས་ན་སྡིག་བསོག །དགྲས་སྔར་གྱི་འཁོན་ཙམ་ཡིད་ལ་བྱས་ནས་སྒོ་གསུམ་གྱིས་ཅི་གནོད་བྱེད། རང་གཞན་ལ་སྡིག་སྡུག་བསྐྱེད་པ་ཡིན། ཕ་ཡུལ་སྤངས་ན་དེ་འདྲའི་སྐྱོན་མེད་པ་ལགས། །ཞེས་དང་། ངས་ཕུགས་ནོར་གྱི་གསོག་འཇོག་མི་བྱེད་པར་བློ་སྤྲང་ལ་གཏད་པ་དང་།
ཤ་མར་ཇ་ཐུད་སོགས་ཡིད་ལ་མི་བྱེད་པར་བཟའ་བཏུང་ངན་ངོན་ཁོ་ནས་ཆོག་ཤེས་པར་བྱེད་དགོས་སྙམ་དུ་བསམ་པ་ལ་ཨརྒྷཾ་ཆེན་པོ་བྱ་ཞེས་དང་། མི་ནོར་ཟས་གསུམ་འདི་སྤངས་ལ། ཚེ་ཐུང་འདི་སྐྱེས་པ་ལྷས་མ་ཚོར། ཤི་བ་འདྲེས་མ་ཚོར་བ་ཞིག་གི་ངང་ལ་མི་ཚེ་སྐྱེལ་དགོས་གསུངས། ལྷག་བསམ་བསྐུལ་བའི་མདོ་ལས། གང་ན་སྤྲོས་པའམ་རྩོད་པ་ཡོད་པ་ལས། །དཔག་ཚད་བརྒྱ་ཡི་ཕ་རོལ་འགྲོ་བ་མཆོག །གང་ན་ཉོན་མོངས་ཡོད་པ་དེ་དག་ཏུ། །ཡུད་ཙམ་ཞིག་ཀྱང་གནས་ཤིང་འདུག་མི་བྱ། །རབ་བྱུང་དོན་འདོད་ཡོན་ཏན་འདོད་པ་རྣམས། །སྡང་བའི་སེམས་ཀྱིས་རྩོད་པ་མ་བྱེད་ཅིག །ཁྱོད་ལ་ཞིང་མེད་ཞིང་ལས་ཚོང་བྱ་མེད། །གང་དག་ནོར་ཕྱིར་འདི་དག་འབྱུང་བ་སྨོས། །ཁྱོད་ལ་ཆུང་མ་བུ་དང་བུ་མོ་མེད། །ཁྱིམ་དང་གཉེན་གྱི་ཚོགས་ཀྱང་ཡོད་མ་ཡིན། །བྲན་ཕོ་བྲན་མོ་མེད་ཅིང་དབང་ཕྱུག་མེད། །གསུངས། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། ཉེ་དུ་ལ་སོགས་བརྩེ་བས་ཚེ་འདི་ཡི། །ཕུན་ཚོགས་སྒྲུབ་ལ་ནན་གྱིས་བསྐུལ་བྱེད་ན། །ཕན་པར་འདོད་ནས་གནོད་ལ་སྦྱོར་བྱེད་པས། །བླུན་
པོ་ཚེ་འདི་དོན་གཉེར་དེ་དག་ཉིད། །ཐར་བར་བྱ་ཕྱིར་ཚེ་འདི་བློས་བཏང་ནས། །ཟབ་མོའི་ལམ་ལ་འབད་པར་བྱ་དགོས་པས། །དེ་དག་དོན་དུ་དེ་དག་རབ་སྤངས་ནས། །དབེན་པར་སྒྲུབ་ལ་བརྩོན་པ་ཤིན་ཏུ་གཅེས། །གསུངས། སྐྱེས་མཆོག་པའི་ཞལ་ནས། ཡུལ་ཕ་ཡུལ་གྱི་སྟེང་ནས་ཆགས་སྡང་འབྱུང་། །ཕོ་སྐྱོ་ཤས་ཅན་ཡོད་ན་ཧུར་ཐོན་མཛོད། །གཉེན་ཉེ་འབྲེལ་གྱི་སྟེང་ནས་གདུང་སེམས་འབྱུང་། །ཕོ་ཆོས་མཛད་པ་ཡོད་ན་འདོད་ཆུང་མཛོད། །ནོར་དངོས་པོའི་སྟེང་ནས་བསོག་འཇོག་འབྱུང་། །ཕོ་ཞེན་ལོག་ཅན་ཡོད་ན་ནང་ཡན་མཛོད། །ཟས་ཞིམ་མངར་གྱི་སྟེང་ནས་འདོད་སྲེད་འབྱུང་། །ཕོ་ཞེ་བཅད་ཅན་ཡོད་ན་དཀའ་ཐུབ་མཛོད། །མགུ་བ་མེད་པའི་ཉེ་འབྲེལ་འདི། །སྐྱོང་གིན་སྐྱོང་དགོས་ཇེ་མང་འགྲོ །གདུང་སེམས་འབྲེལ་ཐག་བཅད་ན་ལེགས། །སྙིང་གཏམ་ཡིན་གྱིས་སེམས་ལ་ཞོག །གསུངས། རྒྱལ་བ་ཡང་དགོན་པའི་གསུངས་ལས། ཚེ་འདི་རླུང་ལ་བསྐུར་བའི་སྙིང་ཁམས་དང་གཅིག །བློ་སྣ་མི་དང་མི་བསྟུན་པའི་ལོང་མེད་དང་གཉིས། དགོས་མེད་ཕྱི་ཚིས་བོར་བའི་ཕྲལ་ཕྱིད་དང་གསུམ། འདོད་ཡོན་
འཁྲི་བ་ཆོད་པའི་ཞེན་ལོག་དང་བཞི། ཚེ་འདི་བློ་ཡིས་གཏོང་ན་དགོས་པ་ལགས། །ཞེས་དང་། སྤྱིར་ཆོས་མཐོན་པོ་ཁོ་ན་ལ་དགའ། དམའ་མོ་ཚོས་བློ་མི་ཁེངས། སྟོང་སྟོང་པོ། མེད་མེད་པོ། མཐོ་མཐོ་པོ་ཞིག་ཁོ་ན་ལ་དགའ་སྟེ། ཆོས་ཀྱི་ཕོ་སྒོ་གང་ཟག་གི་རྟོགས་ཚད་དུ་མ་འདོད། ཆོས་རྫོགས་པ་ཆེན་པོ་ཡིན་པས་མི་ཕན། གང་ཟག་རྫོགས་པ་ཆེན་པོར་འགྲོ་དགོས། ཆོས་སྐད་ལ་རྟ་རི་བ་མང་པོ་བྱས་ནས། གང་ཟག་ལ་ཁྱི་མི་རི་བ་མང་པོ་མཐོང་། ཆོས་ཚིག་རྐྱང་དུ་སོང་ནས། ལག་ལེན་ལ་མི་འདེབས་པ་དེ་བག་ཤིའི་གླུ་སྐད། ནེ་ཙོའི་འདོན་པ་དང་ཁྱད་པར་མེད། ཆོས་གཅིག་གོ་གཉིས་གོ་ལག་ལེན་ལ་འདེབས། གཅིག་ཤེས་གཉིས་ཤེས་རང་རྒྱུད་ལ་སྦྱོར་བ་ཞིག་དགོས། ཆོས་རང་གི་རྒྱུད་ཐོག་ཏུ་མ་བྱོན། སེམས་དང་ཆོས་ཀྱི་ཕྱེ་ཆུ་མ་འདྲེས་པར་ཆོས་དང་གང་ཟག་གི་བར་ན་ཧར་བ་མི་ཤོང་བ་ཙམ་བྱས། ཆོས་གློ་བའི་ཚོས་མ་བཞིན་ཁ་ལ་ཅ་ལེ་བྱས་པ་དེ་ཆོས་ཀྱིས་དོན་བྱེད་མ་ནུས་པ་ལགས་མོད། ཚ་འབལ་ལེ། ཀ་ཀེ་རེ་བྱས་ནས་མི་ཉན་པ་མང་པོ་གདའ་སྟེ། དེ་ཙ་ན་ཆོས་ཀྱི་དགོས་པ་མ་
འགྲུབ་པ་ལགས་མོད། ངས་ནི་ཚེ་བློས་གཏོང་བ་ལ་སྒྲུབ་པའི་མཐིལ་དུ་བྱས་པ་ཡིན་ནོ་སྐྱེས་བུ་ཀུན་གསུངས། རིག་འཛིན་གང་ཤར་རང་གྲོལ་གྱི་ཞལ་ནས། ལར་ད་ལྟའི་གཉེན་གྲོགས་ཀུན་གྱིས་བསླུ། །ཚེ་འདི་ནི་ཡུད་ཙམ་ཟད་ནས་འགྲོ། །ནོར་ཟས་གོས་སོགས་ལ་མ་ཆགས་པར། །ད་ཀུན་སྤངས་གྱིས་ཤིག་སྙིང་གི་བུ། །སྔོན་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་ཀྱང་། །དུས་ལན་གཅིག་མིན་པར་ཐོབ་མོད་ཀྱང་། །ཆོས་ཟབ་མོ་ཉམས་སུ་མ་བླངས་ན། །ད་སྙིང་པོ་འདུག་གམ་སྙིང་གི་བུ། །ང་རྒྱལ་དབང་མཚོ་སྐྱེས་རྡོ་རྗེའི་བུ། །ཆོས་རྫོགས་ཆེན་ཉམས་སུ་ལེན་མཁན་ཡིན། །ད་མི་ནོར་ཟས་གསུམ་ཅི་ཡོད་ཀུན། །ཕཊ྄་དྲག་པོ་རྒྱབ་ནས་བསྐྱུར་སྙིང་འདོད། །དོན་དེ་སྐད་སྨྲས་པའི་སྙིང་གཏམ་འདི། །ཁྱེར་འདིར་ཚོགས་རྣམས་ཀྱི་ཐུགས་ལ་ཞོག །ཅེས་དང་། ལྷ་མཐོང་དང་འདྲེ་མཐོང་མངོན་ཤེས་དང་། །རྨི་ལམ་གྱི་ལུང་བསྟན་ལ་སོགས་པ། །རྫུན་ཚིག་གིས་མི་མགོ་མི་བསྐོར་བར། །གཡོ་སྒྱུ་དང་བྲལ་བ་ཆོས་པ་རབ། །དོན་མེད་ཀྱི་ལང་ཤོར་གནས་བསྐོར་དང་། །གྲོང་གསེབ་ཀྱི་འདྲེ་འདུལ་ལྷ་མཆོད་དང་། །མི་ཐུབ་
པའི་ནད་པའི་སྔས་བསྲུང་རྣམས། །སྒོམ་ཆེན་གྱི་བདུད་ཡིན་དུག་བཞིན་སྤོངས། །གསུངས། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། ཕ་ཡུལ་བདུད་ཀྱི་བཙོན་རར། །ཧ་ཅང་འདུག་ཡུན་མ་རིང་། །ཆགས་སྡང་ངང་གིས་འབྱུང་བས། །ད་ལྟ་འབྱོན་གྲབ་མཛོད་ཅིག །སྒོམ་པ་ཡུལ་དུ་ལུས་ན། སེངྒེ་ལྕགས་ཀྱིས་བཅིངས་འདྲ། །སྐྱོ་ཤས་རྩལ་སྟོབས་བསྐྱེད་ལ། །ད་ལྟ་ཡུལ་ནས་བྲོས་ཤིག །གསུངས། རྒྱལ་སྲས་རིན་པོ་ཆེའི་ཞལ་ནས། དམ་ཆོས་ཐར་པའི་ལམ་དུ་འགྲོ་བ་ལ། །ཚེ་འདིའི་ཕུན་ཚོགས་སྒྲུབ་ལ་རྩེ་གཅིག་པའི། །བློ་ངན་འདི་ལས་བར་ཆད་ཆེ་བ་མེད། །དེ་ཕྱིར་རྣམ་པ་ཀུན་ཏུ་འདི་སྤང་བྱ། །ཐོས་བསམ་སྒོམ་གསུམ་དགེ་བ་གང་བྱེད་ཀྱང་། །བློ་ངན་འདི་དང་འདྲེས་ན་རོ་བརྒྱའི་ཟས། །ངན་སྐྱུག་དག་དང་འདྲེས་པ་ཇི་བཞིན་དུ། །བཟང་པོ་ངན་པར་བྱེད་པར་གདོན་མི་ཟ། །དཔོན་སློབ་མཆེད་གྲོགས་གཉེན་རྣམས་རྩོད་བྱེད་ཅིང་། །སྡིག་སྡུག་གཏམ་ངན་ཀུན་ལ་མི་འཛེམ་པར། །ངལ་བ་ཆེན་པོས་ལོངས་སྤྱོད་སྒྲུབ་བྱེད་པ། །བློ་ངན་འདི་ཡིས་དབང་མེད་བསྐུལ་བར་ཟད། །གཞན་གྱི་དཔལ་
འབྱོར་གཞོམ་ཕྱིར་ལུས་སེམས་ཀྱི། །འབད་པ་དྲག་པོས་འཐབ་དང་རྩོད་བྱས་ནས། །རང་གཞན་འདི་ཕྱི་གཉིས་ཀར་འཕུང་བྱེད་པ། །དེ་ཡི་སྙིང་དུ་བློ་ངན་གདོན་འདི་ཞུགས། །གསུང་རབ་སྒྲོན་མེ་ལག་ཏུ་ཐོགས་ནས་ཀྱང་། །རྙེད་བཀུར་འཁོར་སྡེའི་དོན་དུ་འཐབ་རྩོད་སོགས། །སྡིག་པའི་གཡང་སར་གོམ་པ་འདོར་བའི་མིག །བློ་ངན་རབ་རིབ་འདི་ཡིས་བསྒྲིབས་པར་ཟད། །ནོར་མང་བྱིན་ཡང་གྲགས་དང་འཁོར་ལ་སོགས། །དོན་དུ་གཉེར་ཕྱིར་སྦྱིན་པ་ཆེན་པོ་ལས། །འབྲས་བུ་ཆུང་ཞིང་ངན་པར་སྒྱུར་བྱེད་པ། །བློ་ངན་བ་མོ་འདི་ཡིས་བཅོམ་པར་ངེས། །འབད་པས་ཚུལ་ཁྲིམས་བསྲུངས་ཀྱང་རྙེད་སོགས་ཀྱིས། །འཆིང་བས་བཅིངས་ནས་ཐར་ལམ་མི་བགྲོད་ཅིང་། །འཁོར་བའི་བཙོན་རར་འཆིང་བྱེད་ལྕགས་སྒྲོག་དེ། །བློ་ངན་འདི་ཡི་ལག་ན་ངེས་པར་གནས། །ཡུན་རིང་བསམ་གཏན་བསྒོམས་ཀྱང་ཆགས་སྡང་གིས། །བདག་བསྟོད་གཞན་སྨོད་བྱེད་ཅིང་འཐབ་རྩོད་བྱེད། །ཞི་གནས་བསྒོམས་པས་མ་ཞིའི་བློ་སྐྱེས་པ། །བློ་ངན་ཡུར་མའི་རྩ་བ་ཡོད་པས་ལན། །ནད་གདོན་ཆོམ་རྐུན་དགྲ་སོགས་དམ་ཆོས་ཀྱི། །བར་
ཆད་ཡིན་ཞེས་གྲགས་ཀྱང་རང་གི་བློ། ལས་སུ་རུང་ན་དེ་ཀུན་གྲོགས་སུ་འགྱུར། །བློ་ངན་འདི་ནི་དམ་ཆོས་གེགས་སུ་ངེས། །ཚེ་འདིའི་ཕུན་ཚོགས་བསྒྲུབས་པས་འགྲུབ་པ་དཀའ། །གྲུབ་ཀྱང་རང་དབང་སྤྱོད་པའི་ངེས་པ་མེད། །བདག་ལ་ངེས་པར་འོང་བ་འཆི་བ་ཡིན། །དེ་ཚེ་ནོར་དང་འཁོར་སོགས་ཀྱིས་མི་ཕན། །དེ་དང་བྲལ་བས་ལྷག་པར་སྡུག་བསྔལ་འགྱུར། །དེ་ལྟར་བསམས་ནས་ཚེ་འདིའི་ཆེ་ཐབས་སྤོངས། །ཞེས་དང་། ཆོས་པའི་གོལ་ས་ཡིན་པས་ཚེ་འདིའི་ཆེ་ཐབས་སྤོངས། །རྙེད་བཀུར་འཆིང་བྱེད་ཡིན་པས་འདོད་ཡོན་འཁྲི་བ་ཆོད། །སྙན་གྲགས་སྙིང་པོ་མེད་པས་དེ་ལ་ཞེན་པ་སྤོངས། །གང་བྱུང་ཙམ་གྱིས་ཆོག་ཤེས་བློ་མེད་ན། །ལོངས་སྤྱོད་བསགས་པ་སྡུག་བསྔལ་འཕེལ་བའི་རྒྱུ། །བདེ་དང་དགེ་བ་ངང་གིས་འཕེལ་བྱེད་ན། །ཆོག་ཤེས་བློ་སྣ་བརྟེན་པ་མན་ངག་ཡིན། །དེས་ན་རྙེད་བཀུར་གྲགས་སོགས་ཚེ་འདི་ཡི། །ཕུན་ཚོགས་སྒྲུབ་པའི་བསམ་སྦྱོར་ཡོངས་སྤངས་ནས། །འཆི་ཚེ་ངེས་པར་ཕན་པའི་དམ་ཆོས་ལ། །གཡེལ་བ་མེད་པར་རྟག་ཏུ་འབད་པར་བྱ། གསུངས།
འགྲོ་བའི་མགོན་པོའི་ཞལ་ནས། ཚེ་འདིའི་མཁས་བཙུན་བསྒོམ་ཆེན་ཡང་། །ཚེ་འདིའི་མཁས་ལོ་བཙུན་ལོ་འདོད། །མཚམས་བཅད་ཡ་ཐེམ་ཡི་གེ་བྲིས། །མི་དང་མ་འཕྲད་བསྒོམ་ཆེན་ཡང་། །ཚེ་འདིའི་བསྒོམ་ཆེན་བཟང་པོ་འདོད། །སྦྱིན་གཏོང་བྱས་ཀྱང་ཚེ་འདི་ཡི། །བྱས་ལོ་གཏད་ལོ་ཁོ་ན་འདོད། །དཔེར་ན་ཆུ་ལ་ཕྱེ་བཏབ་འདྲ། །ཐ་ན་དཀོན་མཆོག་མཆོད་པ་རེ། །བྱས་ཀྱང་མི་ཡིས་མཐོང་དུ་རེ། །རྣམ་རྟོག་མི་དྲན་དགུ་དྲན་འདི། །ཅི་བྱེད་རྣམས་ལ་འདིས་སླེབས་པས། །དགེ་སྦྱོར་ཅི་བྱེད་ལོ་ལོར་ཤོར། །ཐམས་ཅད་ལོག་པའི་རྟ་པས་འཁྱེར། །དེས་ན་ཚེ་འདིའི་རྣམ་རྟོག་ལ། །མདུང་རེ་འདེབས་དགོས་སྐྱེས་བུ་ཀུན། །འདི་ལ་མདུང་རེ་མ་ཐེབས་ན། །མཁས་བཙུན་བཟང་སྒོམ་ཐམས་ཅད་ཀྱིས། །ངན་སོང་གསུམ་གྱི་སྒོ་མི་ཁེག །ངན་སོང་སྡུག་བསྔལ་མ་བཟློག་པའི། །མཁས་པ་བཙུན་པ་བསྒོམ་ཆེན་གྱི། །དགོས་པ་ཅི་ཡོད་མདོ་དོན་ཤོར། །མི་ཚེ་ཧྲིལ་གྱིས་གྲྭ་སར་བསྡད། །རྒས་ཁར་ཚེ་འདི་མ་སྤངས་པས། །གནས་གཞི་དགོན་པའི་ཞེན་པ་བྱས། །སྡེ་འཁྲུགས་ལ་སོགས་སྡིག་པ་རྣམས། །བྱས་ནས་སྡེ་དགོན་ཤུལ་དུ་
བཞག །རང་ཉིད་མནར་མེད་མེ་ནང་དུ། །འགྲོ་བ་ཐམས་ཅད་མི་རྟག་པ། །མ་བསམས་པ་ཡིས་ལན་པ་ཡིན། །མདོར་ན་འཆི་བ་མི་རྟག་པ། །བདག་གི་རྒྱུད་ལ་མ་སྐྱེས་ན། །གསང་བ་འདུས་པ་མི་ཟབ་སྟེ། །འཆི་བ་རྒྱུད་ལ་སྐྱེས་པ་ཡི། །སྐྱབས་འགྲོ་ཚིགས་གསུམ་ཟབ་པ་ཡིན། །མཐོན་པོའི་ཆོས་ལ་བསྙེགས་བསྙེགས་ནས། །གཡང་དུ་ལྷུང་ངོ་སྐལ་ལྡན་ཀུན། །དེ་ཚེ་ཟབ་མོའི་གདམས་ངག་ཀྱང་། །ཕྱི་ནང་ལོག་པ་ཉིད་དུ་འགྱུར། །ཞེས་དང་། མཁས་གྲུབ་ར་ག་ཨ་སྱེའི་ཞལ་ནས། ཚེ་འདིའི་བྱ་བ་བློས་བཏང་ནས། །ཕ་ཡུལ་སྤངས་པའི་གནས་རི་རུ། །མི་རྟག་འཆི་བའི་སེམས་དུང་སྟེ། །ལྟོ་གོས་གཏམ་ལ་གྱོང་བསྐུར་ནས། །ཆུ་ཐུང་རྡོ་མུར་རོ་གོས་གྱོན། །ཅེས་དང་། དད་འདུན་ཡོན་བདག་བྱུང་སྲིད་ན། །རི་དྭགས་རྨས་མ་མི་མཐོང་བཞིན། །ལུང་སྟོང་མི་སྐད་མེད་པར་བྲོས། །བཀའ་བརྒྱུད་གོང་མའི་རི་ཆོས་ཡིན། གསུངས། ཐོག་མའི་བློ་སྦྱོང་ལས། སྙིང་ནས་ཆོས་ཤིག་དོན་དུ་གཉེར་བ་ཡོད་ན། དང་པོ་ཚེ་འདིའི་བྱ་བ་དཀར་ནག་ཁྲ་གསུམ་འདི་བློས་གཏོང་བ་རང་གལ་ཆེ།
དེ་ཡང་། མི་ཐབས་སྡུག་ཤོས་རང་ཡིན་ན་མ་གཏོགས་བྱ་བ་ནག་པོ་སྲོག་གཅོད་པ་དང་། རྐུ་བ་ལ་སོགས་པ་རྣམས་བྱ་བ་མི་རིགས་པ་ཡིན་པ་གོ་ཡང་སླ། སྤོང་ཐུབ་པ་ཡང་དེ་མང་ཙམ་ཡོང་བར་སྣང་སྟེ། བྱ་བ་དཀར་པོའམ་ཁྲ་བོའི་རིགས་དབང་བསྐུར་ཆོས་བཤད། ལྷ་བཞེངས་དང་། སྦྱིན་གཏོང་། གྲོང་ཆོག་དང་། ཚ་ཚ། བསྲུང་བ་འབྲི་བའམ། འདྲེ་འདུལ་སྔགས་འདེབས་སམ། ཉིན་ཀློག་ལ་སོགས་པ་ཚེ་འདིའི་ཞེན་པ་རེ་མ་སྤངས་པའི་ཙབ་ཙུབ་འདི་རྣམས་སྤོང་ནུས་པ་རང་ཉུང་བར་སྣང་། སེམས་ཚེ་འདིའི་ཞེན་པ་དང་མ་བྲལ་བའི་བྱ་བ་ཅི་ལེགས་ཀྱང་དགོས་པ་རང་མེད་གསུངས། དེང་སང་འགའ་རེས་འདྲེ་འདུལ་གྲོང་ཆོག་སོགས་བྱས། ལོ་འགའ་མཐུན་རྐྱེན་བསྒྲུབས་ནས་དེ་ནས་ཆོས་བྱེད་རྒྱུ་ཡིན་ཟེར་ཏེ། འདོད་ཡོན་གྱི་ཉེས་དམིགས་ཤེས་པའི་ཆོས་པ་དགའ་མོ་ཞིག་གིས་བསམ་ན། ཁོས་སྔོན་དུ་དུག་བསགས་ནས་ཕྱིས་བདུད་རྩི་དང་བསྲེས་ནས་འཐུང་རྒྱུ་ཡིན་ཞེས་སྨྲ་བ་དང་མཚུངས་པས་བཞད་གད་ཀྱི་གནས་ཡིན་པས་གཞན་མ་སེམས། ཆོས་རྣམ་དག་ཅིག་བྱེད་ན་རང་ལ་ཅི་ཡོད་བློས་གཏོང་དགོས་ན། གཞན་
ཚུར་ལེན་མི་རུང་བ་སྨོས་ཅི་དགོས། བླ་མ་ཞང་རིན་པོ་ཆེས། ལ་ལ་ན་རེ། ང་ཡང་སྒོམ་འདོད་དེ། ང་སྒོམ་པ་ལ་རྒྱགས་དང་མཐུན་རྐྱེན་དགོས། ལོ་འགའ་མཐུན་རྐྱེན་བསོག་ཟེར་བ་ཡོད་དེ། དེ་ནི་མིག་ཅེ་རེ་བདུད་ཀྱིས་འཁྱེར་བའི་རྨོངས་པ་བྱ་བ་ཡིན། སྐྱག་གཏད་དེ་ལ་མེད། ཡོ་བྱད་ཡོད་པ་ཀུན་ཀྱང་སྤོང་དག་བྱ་བར་གསུངས་པ་ལ་ཁོའི་སྙིང་ལ་ཅི་དྲན་གསུངས། དེས་ན་སྐྱེས་བུ་དམ་པ་རྣམས་ཀྱིས། ཚེ་འདི་དང་ཕྱི་མ་གཉིས་མེ་ཆུ་ཚ་གྲང་ལྟར་འགལ་བས་མཉམ་དུ་མི་འོང་གསུངས་པ་མ་གོ་འམ། དེ་ཡིན་ཡང་ཆོས་ཀྱི་མཐུན་རྐྱེན་ཡིན་པས་འགལ་བ་མེད་སྙམ་ན། དེ་མཐུན་རྐྱེན་དུ་འགྲོའམ་འགལ་རྐྱེན་དུ་འགྲོ་སུས་ཤེས། གཅིག་གིས་དེ་ལ་བཅའ་ལག་བཟང་གི་བཤད་ན། རྐུན་མ་ཧམ་ཅན་ཚོ་ནུབ་ནམ་གུང་འོང་ནས་ཁ་ཟུམ་མགོ་ཚོ་རྡོ་བཅོམ་བྱས་ཁྱེར་སོང་ནས་ཟ་མ་ཟོས་ནས་ཆོས་བྱེད་མི་དགོས། ཁ་རུ་ཆུ་ཡང་མི་འགྲོ་བར་སྡུག་བསྔལ་མྱངས་ནས་འཆི་མི་ཐུབ་པ་ཚོ་འབྱུང་། དེ་འདྲ་སྔར་བྱུང་བ་མང་། དེས་ན་འདོད་ཡོན་ཤིག་ཙམ་རེའི་རྩ་ན། སྡུག་བསྔལ་རི་ཙམ་པ་རེ་ཡོད་པ་མཐོང་
ནས། སངས་རྒྱས་ཐུགས་རྗེ་ཅན་གྱིས། ཕྱི་རབས་རྗེས་འཇུག་ཡོངས་ལ་རྒྱུ་ནོམ་གྱི་གསོག་འཇོག་ཕར་ཞོག །ཐ་ན་གསེར་དངུལ་ལ་རེག་མི་རུང་ཞེས་བཅས་པ་མཛད་པ་མ་གཏོགས། ཆོས་བྱེད་ན་བསོག་འཇོག་བྱས་ན་སྐྱོན་མེད་རེམས་གསུངས་པ་ཞིག་ད་སྔ་ཕན་ཆད་ལ་སུའི་ཁ་ནས་གོ་མ་མྱོང་། རང་ལེགས་པར་འདོད་ན་སངས་རྒྱས་ཀྱི་གསུང་བཞིན་བྱས་ན་བཟང་། འོ་ན་དེ་ཡིན་ན་དེང་སངས་རྒྱས་ཀྱི་རྗེས་འཇུག་བླ་མ་རྣམས་ཀྱིས་རྒྱུ་ནོམ་པ་མང་པོ་བསོག་གི་འདུག །འདི་སངས་རྒྱས་ཀྱིས་བཅས་པ་དང་འགལ་བ་མ་ཡིན་ནམ་ཟེར་ན། སངས་རྒྱས་ཀྱིས་འཚོ་བར་ཆགས་ཞེན་ཆེ་བ་བསྟན་འགྲོའི་དོན་མི་འོང་བ་རྣམས་ལ་བཅས་པ་མཛད་པ་མ་གཏོགས། ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཆགས་ཞེན་གཏན་ནས་མེད་པ་བསྟན་འགྲོའི་དོན་རྒྱ་ཆེན་མཛད་པ་རྣམས་ལ་བཅས་པ་མཛད་པ་མིན། དཔེར་ན་ལྷའི་མདུན་དུ་མཆོད་རྫས་བཞག་པ་ལྟར། འདོད་སྲེད་ཆགས་ཞེན་སྤུ་ཙམ་མེད་ན་སྐྱོན་གྱིས་གཏན་ནས་མི་གོས། སྔོན་སངས་རྒྱས་ཀྱིས་འགྲོ་ལ་ཆོས་འཁོར་བསྐོར་དུས་ཐོག་མར་བཟའ་བཏུང་སོགས་ཟང་ཟིང་གིས་ཚིམ་པར་མཛད།
དེ་ནས་ཆོས་གསུངས་པ་ལྟར། བླ་མ་རྣམས་ཀྱིས་ཀྱང་ཐབས་མཁས་བསྡུ་བཞིའི་སྒོ་ནས་སངས་རྒྱས་ཀྱི་བསྟན་པ་བཟུང་བ་ཡིན། འགལ་བ་མེད་པ་མ་ཟད་ཕན་ཡོན་ཆེ། དེ་ལྟར་མ་ཡིན་པར་ཞེན་ཆགས་ཡོད། བསྟན་འགྲོའི་དོན་མ་བྱས་ན། བླ་མ་ཡིན་ཡང་ཆུ་འགོ་ནས་རྙོག་པ་ཡིན་པས་བཅས་པ་དང་འགལ་ངེས། ཡང་འགའ་རེས་སྔོན་ནས་ཆོས་ཤིག་བྱས་ན་བསམས་ཏེ། ཕ་མ་ཡོད་པ་བསྐྱུར་ནས་འགྲོ་མ་ཕོད། ད་བསམ་ཐོག་ཏུ་འགྲོ་དཀའ་འི། ཐ་ན་ཨེ་འཆི་སྙམ་ན་འཆི་རྒྱུ་ཡང་མེད་གི་ཟེར། ཕ་མ་བློས་མ་ཐོངས་པར་དེ་ལ་ཐོགས་ནས་འདུག་པ་དེ་ནམ་འཆི་ཆ་མེད་མ་དྲན། འགྲོ་ཀུན་ཕ་མར་མ་ཤེས། ཆོས་བྱས་ན་ཕ་མ་ལ་ཚེ་འདི་ཕྱིར་ཕན་རྒྱ་ཆེན་ཐོགས་པ་མ་ཤེས་པས་ལན་པ་ཡིན་ཏེ། སྙིགས་དུས་ཚེ་ལ་ངེས་པ་མེད་པས། རྫ་མ་ཆག་གམ་ལུང་བུ་འབུད་མི་ཤེས་པ་ལྟར། སྔོན་དུ་གང་འཆི་མི་ཤེས། ཕ་མ་གཉིས་ཀྱི་སྔོན་དུ་རང་ཤི་སོང་ན་རང་ལ་ཆོས་མེད། ཕ་མར་བུ་མེད། ཕྱིར་འོང་ནས་སྐྱོང་ཚུལ་མེད། མེད་གསུམ་གས་འགྲོ། ཁོ་མེད་ན་བཟའ་ཚང་གི་ཁ་མི་སོས་རྒྱབ་མི་ཁེབ་སྡུག་མྱོང་སྙམ་པ་རང་
འཁྲུལ་བ་ཡིན། ཤི་སོང་ན་མྱ་ངན་ཆེན་པོ་བྱས་དགེ་བ་བཟང་པོ་བཅོས། ད་དུང་སོས་པས་མི་ཚད། ལྷག་པར་ཇེ་བཟང་དུ་འགྲོ། ཤི་པོས་མེད་མུག་ཚང་མ་འཁུར་སོང་བ་ཞིག་དང་རིག་ཀ །དེ་འདྲ་ངས་ཀྱང་མཐོང་། ཁྱོད་ཚོས་ཀྱང་སོམས་དང་ཡོད། དེ་བས་མ་ཤིའི་གོང་དུ་ཆོས་བྱེད་སོང་ན། ཕ་མས་བུ་ཤི་བ་ལྟ་བུའི་མྱ་ངན་བྱེད་མི་དགོས། དགེ་རྩ་གཏོང་མི་དགོས། ཆོས་རྣམ་དག་བྱས་ན། རང་ལ་ཆོས་ཡོད། ཕ་མ་ལ་བུ་ཡོད། ཕྱིར་འོང་ན་འཕྲད་རྒྱུའི་སྐལ་བ་ཡོད། ཡོད་གསུམ་ཡིན། སྡེ་གཞན་གྱིས་ཕ་མ་དེ་གཉིས་ཀྱི་སྐྱིད་ལ་ཟེར་སྨོན་གནས་སུ་འགྱུར། ཕ་མ་ལ་ཆགས་ནས་ཐག་ཉེར་བསྡད། ཆོས་མི་བྱེད་པར་ཕ་མ་ཨེ་འཆི་བལྟ་བ་དེ་བས་གནོད་སེམས་ཞིག་ཀྱང་མེད། སྔོན་བྱོན་རྒྱལ་བ་རྣམས་དང་། རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་དང་ཡང་འགལ་སྟེ། སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱིས་ཀྱང་གཞོན་དུས་ཡབ་ཡུམ་བློན་འབངས་བསྐྱུར་ནས་དབེན་པར་ཕེབས་པ་མ་གཏོགས། ཡབ་སོགས་གཤེགས་རག་བར་བཞུགས་ནས། དེའི་འཕྲོར་ཕེབས་པ་མེད། ཇོ་བོ་རྗེ། རྗེ་ཙོང་ཁ་པ། ལྷོ་བྲག་མར་པ།
རྗེ་བཙུན་མི་ལ་རྣམས་ཀྱིས་ཀྱང་། ཕ་མ་གཤེགས་རག་བར་དུ་བསྡད། གཤེགས་འཕྲོར་ཆོས་བྱས་ཞེས་རྣམ་ཐར་ན་མི་སྣང་། ལྷོ་བྲག་མར་པ་དང་རྗེ་མི་ལ་གཉིས་ཀྱིས་ཕ་མ་བསྐྱུར་ནས། ཆོས་བྱེད་དུ་སོང་། ཕྱིས་ལན་གཅིག་ཀྱང་མ་ཐུག་པར་ཕ་མ་འདས་སོང་། དེས་ན་ཕ་མ་གཉིས་ཡོད། རང་ན་སོ་གཞོན་ཐོག་ལ་ཆོས་རེ་བྱེད་མ་ནུས་ན། ཕ་མ་ཤི་རང་སྒྱུ་ལུས་རྒས་ནས་ལུས་ཀྱི་སྟོབས་ཟད་སེམས་ཀྱི་དཔའ་ཞུམ་དུས་ཆོས་བྱས་ནི་འདོད་ཀྱང་ཆོས་མི་འོང་བས་ཨ་ཧོ་སྔོན་གཞོན་དུས་ཆོས་ཤིག་བྱས་ན་འོང་ཟེར་འགྱོད། གཞན་གཞོན་ནུ་ཚོ་ལ་བལྟས་ནས་ཡིད་སྨོད་བྱེད་པ། སྐལ་པ་ཆད་ནི་ཡིན། འོ་ན་སངས་རྒྱས་དང་ས་ཐོབ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་མ་བསྐྱུར་ཀྱང་ཚེ་ཕྱི་མར་ཕན་ཐོག་པ་རེད། ང་དེ་དང་མི་འདྲ། ཚེ་འདིར་དྲིན་གཟོ་ཞིག་བྱེད་དགོས་ཟེར་ན། ཆོས་བྱས་ནས་ཚེ་འདི་ཕྱིར་དྲིན་གཟོ་ཞིག་མ་འོངས་ན། ཕ་མས་ཐག་ཉེ་ནས་སྡད། དཀོར་ནག་དུག་གི་ཆུ་ཁྱེར་འོང་ནས་ཕ་མའི་ཁར་བླུད་ན་ཕན་ལས་གནོད་ཆེ། དཔེར་ན་ཁྱི་རྒན་སྔས་ཀྱི་རུས་ཁོག་ལྟར་ཕ་མ་བསྲུངས་ན། ཁྱིའི་
རུས་པ་དེ་གཞན་གྱིས་ཁྱེར་གྱི་དོགས་ནས། ཆགས་སྡང་དྲག་པོ་སྐྱེས། སྐད་དྲག་པོ་བཏོན་ནས་ཟུག་པ་བཞིན། ཕ་མ་ལ་གཞན་གྱིས་གནོད་ཀྱི་དོགས། ཁོང་ཁྲོ་ལངས་ཚིག་ངན་སྨྲས་བརྡེག་རྡུང་བྱས་ནས་ཕ་རོལ་པོར་གནོད། རང་གིས་སྡོམ་པ་འཆོར། དཀོར་ནག་དུག་གི་ཆུ་འདྲ་བ་ཕྱོགས་ཕྱོགས་ནས་འཁྱེར་འོང་ནས་ཕ་མར་བླུད་ནས། ཚེ་འདིར་ཕ་མ་གཉིས་དཀོར་གྱིས་བསྒྲིབས་ནས། ཆོས་བྱེད་པ་ཕར་ཞོག །ཉོན་མོངས་ཇེ་རག་ཏུ་སོང་། དཀོར་ཁར་བབ་ན་མི་བཤད་དགུ་བཤད་ཟེར་བ་ལྟར། ཁ་ནས་ངག་འཁྱལ་རྐྱང་སྨྲ། ཐ་ན་མ་ཎི་བརྒྱ་སྐོར་གཅིག་ཀྱང་མི་འདོན། ཚེ་ཕྱི་མར་ཆོས་མེད་དཀོར་གྱི་རྣམ་སྨིན་ཁུར་ནས་དམྱལ་བར་འགྲོ་བས་ཕན་བཏགས་པ་ཨེ་རེ། ཕ་མའི་ཐག་ཉེར་སྡད་ནས་ཕན་མི་ཐོགས་ཏེ། ཕ་མ་ན་དུས་ནད་ལ་བགོ་བཤའ་བྱ་ཚུལ་མེད། ཤི་དུས་བསྐྱལ་ནས་ཡར་བདེ་ས་ཞིག་ཏུ་སྐྱེལ་མི་ཐུབ། དེ་ཐུབ་ན་འདུག་དགོས་ཟེར་ཡང་དྲག །ཐ་ན་ཕ་མ་ནད་ཡུན་རིང་ན། ནད་གཡོག་ཀྱང་སུན་ལེགས་པོ་ཞིག་བྱེད་མི་ཐུབ། ཡུན་རིང་འགྲོགས་ན་ཆགས་སྡང་ལས་ངན་པ་བསོག་ནས་སྤྱིར་འཁོར་བ་དང་། ཁྱད་པར་ངན་
སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་མྱོང་བ་ཡིན་པས། ཕ་མའི་དྲིན་གཟོ་དེ་ལ་ཟེར་ནི་ཨེ་ཡིན་སོམས་དང་། དེས་ན་ཁྱེད་ཆོས་ངོ་ཤེས་པ་རྣམས་ཀྱིས་སྐྱེ་བོ་མི་ནག་པོ་ཚོའི་ལད་མོ་བྱས་ཐབས་སྡུག་དེ་མ་བཅའ། མའི་བློ་ནས་ད་ཨེ་འཆི་ཤི་ན་རོ་ཁུར་ཟེར་བ་ལྟར་སྡད་ནས་ཚེ་འདིར་ཕན་ནམ། ཕྱི་མར་ཕན་གྱི་བྲང་ཁར་ལག་པ་ཞོག་སེམས་རྣལ་དུ་ཕོབ་ལ་ཞིབ་ཏུ་གཅིག་སོམས་དང་། ཕ་མར་དྲིན་གཟོ་བཟང་པོ་གཅིག་བྱེད་ན། སྔོན་གྱི་རྒྱལ་བ་སྲས་བཅས་ཀྱི་རྣམ་ཐར་ལྟར། ཚེ་འདིའི་ཕ་མས་གཙོ་བྱས་ཕ་མ་སེམས་ཅན་ཐམས་ཅད་སེམས་ཀྱི་ཕུགས་སུ་བཟུང་། དེ་ཀུན་སྡུག་བསྔལ་བསལ་ནས་གཏན་བདེའི་གོ་འཕང་ལ་འགོད་པའི་ཕྱིར། རང་ཉིད་མྱུར་དུ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་ཐོས་བསམ་སྒོམ་གསུམ་བྱས་ན་བཟང་། ཕ་མ་འཆི་རག་བར་ལ་བལྟ་མི་དགོས། མ་ཤི་གོང་དུ་རེ་ཞིག་གི་བར་དུ་རྒྱང་བསྲིངས་ན་སྐྱོན་དོགས་མེད། ཕ་མ་ཡིན་ཡང་རང་གི་ཆོས་ཀྱི་གེགས་བྱས་ན་བདུད་ཡིན་པས། གནང་བ་མི་སྟེར་གི་ཞེས་དབང་དུ་གཏོང་མི་རུང་སྟེ། བླ་མ་ཞང་རིན་པོ་ཆེས།
ཕ་མ་དང་མཁན་སློབ་ལ་སོགས་པས། བྱམས་པ་སྐད་ཤ་ཚ་སྐད་ཟེར་ཞིང་། སྒོམ་པ་དང་བྱ་བ་གཏོང་དུ་མི་སྟེར་ན། དེ་ཀུན་བདུད་ཡིན་པས་མ་ཉན་ཅིག །གསུངས། བྱེ་ཚང་པ་རིན་ཆེན་དཔལ་འབྱོར་གྱིས། སྒྲུབ་པའི་བར་ཆད་དུ་འགྲོ་ན་ས་ཁང་ས་གཞིས། གཉེན་ཉེ་རིང་བུ་བུ་མོ། གྲོགས་དགོས་མཛའ། ནོར་ལོངས་སྤྱོད། གྲྭ་རོགས་གྲོགས་མཆེད། དེ་རྣམས་ཐམས་ཅད་བདུད་ཡིན་པས། བདུད་བདུད་དུ་ངོ་ཤེས་པར་བྱས་ནས། ངོ་བསྲུང་གི་ཐག་པ་བཅད། རང་གི་སྣ་ཐག་མི་ལ་མ་ཤོར་གསུངས། འབའ་ར་བས། དྲིན་ཅན་ཕ་མ་ཡིན་ཀྱང་། །དགེ་སྦྱོར་བར་ཆད་བྱེད་ན། །བདུད་ཀྱི་ཕོ་ཉ་ཡིན་པས། །ཞེན་ཆགས་འཁྲི་བ་ཆོད་ཅིག་གསུངས། དཔེར་ན་ཚེ་འདིའི་མ་གདོན་ཞིག་གིས་སྨྱོས་རྣམ་ཤེས་ངོས་མ་ཟིན་པར། བུ་ཡི་ལག་མགོ་བཟུང་ནས་ངེད་མ་བུ་གཉིས་གཡང་ས་ཆེན་པོ་ལ་མཆོང་དགོས། གཞན་དུ་འགྲོ་ས་མེད་ཅེས་འཇུས་ན། བུ་ཡིས་རང་ཉིད་མཆོང་བ་ཕར་ཞོག་མ་འདི་ཡང་མཆོང་རྒྱུ་རེད་སྙམ་ལྷག་པར་སྙིང་རྗེའི་མ་གདོན་དེ་དང་བྲལ་ཐབས་དང་གཡང་ལ་མི་ལྷུང་ཐབས་བྱེད་པ་ལྟར། ཚེ་འདིའི་ཕ་མ་གཉིས་
ཉོན་མོངས་པ་འདོད་ཆགས་གདོན་ལྟ་བུས་སྨྱོས་ནས། ངེད་ཕ་མ་བུ་གསུམ་མི་དགེ་བ་བྱེད་ལ་དམྱལ་བར་འགྲོ །གཞན་དུ་འགྲོ་ས་མེད་སྨྲ་བ་ཡིན་པས། རང་ཉིད་ཀྱིས་མི་དགེ་བ་བྱས་ན་དམྱལ་བར་འགྲོ་བ་ཕར་ཞོག །ཕ་མ་གཉིས་ཀྱང་དམྱལ་བར་འགྲོ་རྒྱུ་རེད་སྙམ་ནས་ལྷག་པར་ཕ་མར་སྙིང་རྗེ་བསྐྱེད། ཕ་མ་གཉིས་ཀྱི་རྒྱུད་ཀྱི་དུག་གསུམ་སེལ་བ་དང་། དམྱལ་བར་མི་ལྷུང་བའི་ཐབས་སུ་དམ་པའི་ལྷ་ཆོས་རྣམ་པར་དག་པ་བྱེད་དགོས། ལྷ་ཆོས་རྣམ་དག་བྱེད་ན་ཕ་མ་རྒྱུ་ནོམ་མཁར་ཁང་སོགས་བློས་བཏང་ནས་ཕྱོགས་གཞན་གྱི་མཚན་ལྡན་བླ་མ་བསྟེན། མདོ་སྔགས་ལྷ་ཆོས་ཉན། རི་ཁྲོད་དབེན་པ་བརྟེན། རྩེ་གཅིག་ཉམས་སུ་ལེན་དགོས་པས། ཕ་མར་སྙིང་ནས་དྲིན་གཟོ་བྱེད་ན་དེ་འདྲ་བྱེད་དགོས། སྔོན་གྱི་རྒྱལ་བ་སྲས་བཅས་རྣམས་ཀྱིས་ཀྱང་ཕ་མ་ཡལ་བར་དོར་ནས་སོང་བ་མ་ཡིན། ལྷག་པར་སྙིང་རྗེ་ནས་སོང་བ་ཡིན། བཀའ་གདམས་བུ་ཆོས་ན། སྔོན་རྒྱ་གར་གྱི་རྒྱལ་པོ་ཞིག་གི་སྲས་ཀྱིས་ཡུམ་ལ་ཁྱོད་ཚེ་རབས་གཏན་གྱི་མ་བུ་འདོད་དམ། ཚེ་འདིར་ཡུད་ཙམ་གྱི་མ་བུ་འདོད་དྲིས་པས།
ཡུམ་གྱིས་ཚེ་རབས་གཏན་གྱི་མ་བུ་བྱས་ན་འདོད་སྨྲས་པས། སྲས་ཀྱིས་དེ་ཡིན་ན་ཚེ་འདིར་འབྲལ་དགོས་ཞེས། ཡབ་ཡུམ་རྒྱལ་སྲིད་སྤངས་ནས་རྒྱང་རིང་གི་བླ་མ་ཞིག་གི་དྲུང་དུ་སོང་ནས་ཆོས་བྱས་གསུངས། དེས་ན་སྤྱིར་འདུས་པའི་ཐ་མ་འབྲལ་བ་ཡིན་ལ། སྔ་ཕྱི་ཁྱད་ཆེན་པོ་མེད། ནམ་ཡང་མི་འབྲལ་བར་སྡོད་རྒྱུ་ཞིག་ཡིན་ན། ཨ་ཧོ་རང་གིས་འབྲལ་གི་བཅུག་ནས་མ་བཟང་ཟེར་མོད། དེ་མིན་འབྲས་དགོས་ཕྱིན་ཆད། ཤི་བྲལ་བྱས་ན་ཕ་མ་བུ་གསུམ་པོ་ཆོས་མེད། ཚེ་འདི་མེད། ཕྱི་མེད། མེད་གསུམ་བྱེད་པ་ལས། ད་ལྟ་ཆོས་ཕྱིར་གསོན་བྲལ་བྱས་ན། ཕ་མ་བུ་གསུམ་ལ་འདི་ཕྱིར་བདེ་སྐྱིད་སྙན་གསུམ་འབྱུང་བས། ཚེ་འདིར་མཉམ་དུ་འགྲོགས་པ་ལས། ཆོས་ཕྱིར་མྱུར་དུ་བྲལ་ན་དགའ། མི་འབྲལ་བར་བསྡད་ནས་ཅི་བྱ། འབྲལ་དགོས་པས་མི་ཚད་ཕྱིས་ཕྱིས་འདྲ། ང་ད་བར་དོན་མེད་དུ་སྡད་པ་མ་བཟང་སྙམ། ཕ་མ་འབྲལ་བ་ལ་སའི་རྩྭ་ཙམ་ཡང་མི་ཆགས་པར། གནང་བ་མ་བྱིན་ཀྱང་སྨྱོན་པ་སྨྱོ་ལངས་པ་བཞིན་སུས་ཀྱང་མ་ཚོར་བར་འགྲོ་དགོས་ཏེ། བླ་མ་ཞང་རིན་པོ་ཆེའི་ཞལ་ནས་ཀྱང་། ཡོ་བྱད་དང་ཕ་མ་ལ་
སོགས་པར་ཆགས་ནས། ང་སྒོམ་མི་ཁོམ། ལོ་གཉིས་གསུམ་ཙམ་ལ་མ་རྒན་སྐྱོང་དགོས། བུ་སྨད་སྐྱོང་དགོས། ཡོ་བྱད་འདི་ཚོ་ཆུད་མ་ཟོས་པར་ཆོས་ཕྱོགས་སུ་སོང་ངེས་ཤིག་བྱེད་ཟེར་ཞིང་། བྱ་བ་གཏོང་མ་ནུས་པས་ཆོས་པ་གཤའ་མ་མ་བྱུང་བ་ཡིན། བུ་སྨད་ལ་སོགས་པར་ཁྲ་དང་སྤྱང་ཀི་ལ་སོགས་པས་ཀྱང་སྐྱོང་གིན་འདུག་སྟེ། དེས་མི་འོང་། རང་གིས་བྱ་བ་གཤའ་མར་བཏང་ནས་སྨྱོ་བ་འདྲ་བ་ཞིག་བྱས་ན་ཆོས་གཤའ་མ་ཞིག་འོང་བ་འདྲ་གསུངས། དེང་སང་འོ་སྐོལ་ཚོས་ཆོས་ཤིག་བྱས་ན་གང་གི་ས་ནས་ལམ་སྣ་ཞིག་ཟིན་གི་སྙམས་པས། ཆོས་པ་དགའ་མོ་ཚོ་ཡང་ཕ་མ་ལ་ཆགས་ནས། ཕ་ཡུལ་བདུད་ཀྱི་བཙོན་ར་ལྟ་བུར་བསྡད། མཐར་ཁྱི་རྒན་འཆི་འཆི་བྱས་སོང་བ་མང་། ཕ་མ་དྲིན་ཅན་ཡིན་ཡང་བུ་ལ་གྲིབ་མ་ངན་པ་གནག་པས་ཡིན། དེས་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་ཕྱིར་ལྷ་ཆོས་རྣམ་དག་བྱེད་པའི་བགེགས་ཕ་མ་ཡིན་པས་བློས་གཏོང་བ་འདི་ཤིན་ཏུ་གལ་ཆེ། ཞེས་ཆོས་པ་དགའ་མོ་ཚོར་སྙིང་གཏམ་སྨྲས་པ་ཡིན་པས་ཐུགས་ལ་ཤོང་ནི་གྱིས། འོ་ན་ཕ་མས་གནང་བ་མ་བྱིན་
པར་ལ་ཡོག་ནས་བུད་སོང་ན། ཆོས་མགོ་མཐར་ཨེ་འཐོན། བླ་མ་འགའ་རེས་དེ་མི་རུང་གསུང་བ་དེ་ཅི་ཡིན་ནམ་ཟེར་ན། སྤྱིར་འཆི་བ་མི་རྟག །དེའི་ནང་ནས་ནམ་འཆི་ཆ་མེད་ཤེས། འཁོར་བའི་སྡུག་བསྔལ། དེའི་ནང་ནས་ངན་སོང་སྡུག་བསྔལ་ཤེས། ཐར་པའི་ཕན་ཡོན། དེའི་ནང་ནས་ཀྱང་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་ན་ཡོན་ཏན་ཆེ་ཚུལ་ཤེས། རང་གི་ཚེ་སྔོན་སེམས་ཅན་ཐམས་ཅད་ཀྱིས་ཕ་མ་སྤུན་གྲོགས་བྱས་ཚུལ་དེའི་ནང་ནས་མ་བྱས་དྲིན་ཆེ་ཚུལ་བསམ། ད་སེམས་ཅན་ཐམས་ཅད་ལ་དྲིན་གཟོ་ཞིག་བྱེད་ན། སངས་རྒྱས་ཀྱི་གོ་འཕང་དེ་ད་ལྟ་ཆོས་རྣམ་དག་བསྒྲུབས་ན་ཐོབ་པར་གོ །ཆོས་རྣམ་དག་སྒྲུབ་པ་ལ། ཚེ་འདི་བློས་མ་བཏང་ན་མི་འོང་བར་ཤེས་ནས། རང་ཉིད་གཅིག་པུ་ཕྱི་མར་བདེ་བའི་དོན་དུ། ཚེ་བློས་བཏང་ནས་ཆོས་བྱེད་འདོད་པ་མ་ཡིན་པར། ཚེ་འདིའི་དྲིན་ཅན་ཕ་མས་ཐོག་དྲངས་པའི་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་གོ་འཕང་ལ་འགོད་པའི་སླད་དུ། ཐོག་མར་རང་ཉིད་སྐྱོན་ཀུན་ཟད། ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་
རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་མྱུར་དུ་འཐོབ་པར་བྱ། དེ་ཡི་ཕྱིར་ཆོས་སྒྲུབ་ཏུ་འགྲོ་སྙམ་ནས་ཕ་མར་གནང་བ་མ་བླང་པའམ། བླངས་ཀྱང་མ་གནང་ན་གདོང་མཆི་མ་ཁྲལ་ལེ་བཏང་ནས་ལ་ཡོག་ནས་བྲོས་བུད་སོང་ཡང་། སངས་རྒྱས་ཀྱིས་ཡབ་ལ་གནང་བ་ཞུས་ཀྱང་མ་གནང་དམག་མང་པོས་ཉིན་མཚན་བར་བསྲུངས་ཀྱང་མ་ཁེགས་པར་ཡབ་དང་བློན་འབངས་ཀྱི་གདོང་མཆི་མས་གང་བཞིན་བསྐྱུར་ནས་མཚན་མོ་ཞིག་ལ་གཞན་གྱིས་མ་ཚོར་བ་བྱས་ཏེ་ཕེབས་སོང་ནས་མཐར་སངས་རྒྱས་པ་ཡིན་པས། རྟེན་འབྲེལ་གྱི་ཆེ་བ་ཡིན་པས་ལྷག་པར་གང་ཟག་དེས་ཆོས་འགོ་མཐར་ཐོན་ཞེས་བླ་མ་དམ་པ་གོང་མ་མང་པོས་གསུངས། བླ་མ་འགའ་རེས་ཕ་མས་གནང་བ་མ་བྱིན་ན་ཆོས་འགོ་མཐར་མི་ཕྱིན་པས་མི་རུང་གསུངས་པ་དེ། གང་ཟག་དབང་པོ་རྟུལ་པོ་ཆོས་ལེགས་པོ་མི་འོང་བ་དང་ཕ་མ་རྒྱུ་ནོམ་ཅུང་ཟད་ཙམ་ཡང་མེད་པའི་བུ་སོང་ན། ཕ་མ་མུ་གེར་འཆི་ངེས་པ་དང་། ཕ་མ་ལ་ནད་དྲག་པོས་ཟིན་པའི་བུད་སོང་ན་བདག་པོ་མེད་པར་འཆི་བ་དང་། ཀུན་སློང་བཟང་པོ་མེད་པར་རང་ཉིད་གཅིག་པུ་ཕྱི་མར་བདེ་
ཐབས་བྱེད་སྙམ་ནས་ཕ་མས་གཙོ་བྱས་སེམས་ཅན་ཐམས་ཅད་སྙིང་ནས་ཡལ་བར་དོར་ནས་འགྲོ་བ་རྣམས་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་པས། ཕ་མས་གནང་བ་མ་བྱིན་པ་ཐམས་ཅད་ཀྱིས་ཆོས་འགོ་མཐར་མི་ཐོན་གསུངས་པ་མིན། དེ་ཡིན་ན་སངས་རྒྱས་ནས་བཟུང་། སྔོན་བྱོན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཕལ་ཆེར་གྱིས་ཕ་མར་གནང་བ་བླངས་ཀྱང་མ་བྱིན་ཚེ་ལ་ཡོག་ནས་སུས་མ་ཤེས་པ་བྱས། ཆོས་བྱེད་དུ་ཕེབས་ནས་མཆོག་ཐུན་གྱི་དངོས་གྲུབ་ཐོབ་པ་ཤིན་ཏུ་མང་བས། དེ་རྣམས་ཀྱིས་ད་དུང་ཆོས་འགོ་མཐར་མ་ཐོན་ནས་ཡོད། ཅེས་ཁ་ནས་མ་སྨྲས་པ་མ་གཏོགས་དོན་གྱིས་ཆོས་འགོ་མཐར་མ་ཕྱིན་ཞེས་སྐུར་པ་བཏབ་པར་འགྱུར་བས་དེ་མི་འགྲིག །བསམ་པ་རྣམ་པར་དག་པའི་སྒོ་ནས་ཚེ་བློས་བཏང་ནས་ཆོས་རྣམ་པར་དག་པ་བྱས་ནས། ཆོས་འགོ་མཐར་ཐོན་ན། ཚེ་འདིར་ཡང་ཕ་མས་གཙོར་བྱས་མཐོང་ཐོས་དྲན་རེག་ལ་ཕན་ཐོགས་པར་འགྱུར། ཕར་དེད་ན་ཚེ་བློས་བཏང་བ་འདི་རང་གཞན་གཉིས་འཚེངས་པའི་ཐབས་ཀྱི་མཆོག་ཅིག་ཡིན་པས་ངན་པར་མ་སེམས་ཤིག །ཡང་དེང་སང་བླ་མ་སྐྱེས་ཆེན་དམ་པ་
འགའ་རེས་དཀའ་ལས་མྱངས་ཀྱང་སྐྱོ་ངལ་མེད་པར། སློབ་མར་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་ལོ་ཟླ་བ་བྱས་གནང་ནས། ད་ཚེ་བློས་ཐོངས་རི་ཁྲོད་དབེན་པ་ཞིག་ཏུ་སོང་ལ་གཅིག་པུར་རྩེ་གཅིག་ཏུ་སྒོམས་ཞེས་གསུངས་ན་འཐད་མི་འཐད་ཅི་ལགས་ཟེར། འགྲོ་དུས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་འདོད་བློ་ཕུག་ཏུ་བཟུང་། དེ་ཐོབ་པའི་ཐབས་བླ་མས་གདམས་ངག་གནང་བ་ད་དུང་མི་ཤེས་པར་ཐེ་ཚོམ་ཟ་བའི་དོགས་པ་འདྲ་ཨེ་ཡོད་མི་བལྟ། སོང་ནས་དབེན་པར་བསྒོམས་ན་གེགས་དང་གོལ་ས་བྱུང་ཨེ་འཇོག་སྙམ། གེགས་སེལ་བོགས་འདོན་གྱི་གདམས་པ། ཆོས་འགོ་མཐར་ཐོན་པའི་སྐྱབས་འཇུག་མི་ཞུ། དང་པོ་ནས་ལྟོག་གྲང་ཨེ་འཇོག་སྙམ། ཟ་རྒྱུ་འཐུང་རྒྱུ་དེ་ཡིད་ལ་བཅངས། མི་ལྟོག་པའི་ཐབས་མཐུན་རྐྱེན་ཡོ་བྱད་ཅི་ཡོད་གི་དེ་བལྟས། རི་ཁྲོད་ལ་སོང་ན་འདི་དགོས་སྙམ། བླ་མས་གདམས་པ་གནང་བས་མི་ཆོག །ཁོ་བོ་དེ་མཁོ་གི །འདི་འདྲ་ཨེ་ཡོད་ཅེས་བླ་མའི་ཕྱག་ནས་མཁོ་ཚད་བླངས། ད་དུང་དེའི་སྟེང་དུ་ཡོན་བདག་དེ་པ་ཚང་ལ་ཁོ་བོ་ཁྱེད་
ཀྱིས་བཅོལ་དམ་ཡི་གེ་ཞལ་གསུང་རེ་གནོངས་ཟེར་ནན་ཞུས་བྱས། ཁལ་ཟང་ཟིང་རེ་བཀལ། ཁུར་པོ་ཆེ་ཆེ་རེ་ཁུར་ནས་འགྲོ་དགོས་པ་དེ། འཇིག་རྟེན་ཆོས་བརྒྱད་བློས་མ་ཐོངས། ཆོས་རྣམ་དག་ཅིག་མི་འོང་བའི་ལྟས་ངན་ཨ་ཝ་པོ་ལྷང་ངེར་བུད་པ་ཡིན་པས། སྔོན་བླ་མ་ཞིག་གིས་ཡོན་བདག་གཅིག་ལ། ཁྱེད་ཀྱི་བུ་རྣམས་ཀྱི་མིང་ལ་ཅི་ཟེར་གསུངས་པས། ཡོན་བདག་གིས་བུ་ཆེ་བའི་མིང་ལ་མགོ་རུལ་ཟེར་ལགས་ཞུས་པས། བླ་མ་གཅིག་འཛུམ་ནས་ཡ་ཡ། ད་དེས་ཆོག་གཞན་བཤད་མི་དགོས་གསུངས་པ་ལྟར། སློབ་མ་དེའི་ཆོས་འགོ་ནས་རུལ་བ་ཡིན་པས། དེའི་མིང་ལ་སློབ་མ་འགོ་རུལ་ཟེར་དགོས། རྗེ་སྐལ་ལྡན་རྒྱ་མཚོས། ཁ་ཞིམ་པའི་ཟས་ལ་དགའ་བ་དང་། །རྒྱབ་འཇམ་པའི་གོས་ལ་དགའ་བ་ཡིས། །ཆོས་བཟང་པོ་ཞར་དང་ཞོར་ལ་སྡུས། །གསུངས་པ་ལྟར། ཉིན་གཅིག་ལ་ཇ་ཐུག་བཞི་ལྔ་བསྐོལ་ན་ཉི་མ་ནམ་ཚ་ཤོར་འགྲོ་བས་དེར་དགེ་སྦྱོར་མང་པོ་ཆག །དེ་རིང་ཅི་བྱུང་དགེ་སྦྱོར་ཆག་ཟེར་དུས་མང་པོ་འོང་། རིག་འཛིན་གང་ཤར་རང་གྲོལ་གྱིས། དལ་འབྱོར་མི་ལུས་ནི་ཐོབ་ཀྱང་འཆི་བ་ནི་མ་དྲན། །
དམ་ཆོས་ཟབ་མོ་འདྲ་ཞུས་ཀྱང་སྙིང་རུས་ནི་མ་བྱས། །ཟ་དགའ་འཐུང་སྐྱིད་ལ་དགའ་བའི་ང་འདྲ་ཡི་ཚོགས་རྣམས། །འཆི་བདག་བདུད་པོ་ཁོ་བྱུང་དུས་ག་འདྲ་རང་མཛད་དམ། །གསུངས་པ་ལྟར་མི་ཚེ་ཡུན་ཐུང་། ནམ་འཆི་ངེས་པ་མེད་པས་འཆི་བདག་བདུད་པོ་ཁོ་འོང་དུས་མི་འགྱོད་པ་ཞིག་བྱེད་དགོས། དེས་ན་ཟ་དགའ་འཐུང་སྐྱིད་ལ་མི་དགའ་བར་བཟའ་བཏུང་ངན་ངོན་ཅུང་ཟད་ཙམ་རེ་བརྟེན་ནས་འཆི་བྲོད་དམ་པའི་ཆོས་སྒྲུབ་པ་ཤིན་ཏུ་གལ་ཆེ། ཉིན་གཅིག་དཀའ་བ་སྤྱད་ཀྱང་སྡིག་སྒྲིབ་རི་རབ་ཙམ་འདག །ལོག་འཚོ་དང་དཀོར་སྒྲིབ་མི་གསོག །ལུས་ལ་ན་ཟུག་མི་འབྱུང་། རིག་པ་མཁའ་ལྟར་དྭངས། ཉམས་རྟོགས་ཟླ་ལྟར་རྒྱས། བདེ་སྐྱིད་ཀྱི་ཉི་མ་འཆར། སྙན་གྲགས་ཀྱི་བ་དན་གཡོ་ངེས། རྗེ་མི་ལས། ཆོས་ཕྱིར་དཀའ་བ་སྤྱོད་པ་ལ། །བསོད་ནམས་དཔག་ཏུ་མེད་པ་ཡོད། །དེ་ལ་འཇུག་ཅིང་བསྐུལ་བ་ལ། །བཀའ་དྲིན་དཔག་ཏུ་མེད་པ་ཡོད། །གསུངས། ཚེ་བློས་བཏང་གི་ཆོས་འདི་སྐལ་ལྡན་ལས་འཕྲོ་ཅན་རེ་རེ་མ་གཏོགས་ཀུན་གྱི་བློར་ཤོང་དཀའ་སྟེ། སྤྱན་སྔ་བའི་ཞལ་ནས།
ཚེ་བློས་བཏང་གི་ཆོས་འདི་ནི་ཟབ་པ་བས་ཀྱང་ཆེས་ཟབ་པ་ཞིག་ཡིན་ཏེ། ཟབ་མོ་ཞེས་བྱ་བ་ནི། བློས་གཏིང་དཔག་དཀའ་ཞིང་རྟོགས་དཀའ་བ་དང་། སྡུག་བསྔལ་སེལ་བ་དང་། བདེ་བ་སྒྲུབ་པའི་ཐབས་གནད་ཅན་གཞན་མེད་པ་ཡོད་པ་ལ་ཟབ་པ་ཞེས་ཟེར་ལ། ཚེ་བློས་བཏང་གི་ཆོས་འདི་ནི་གཏིང་དཔག་དཀའ་ཞིང་རྟོགས་དཀའ་སྟེ། རྒྱ་གར་དུ་ཡིན་ན་དངོས་སྨྲ་བ་སེམས་ཙམ་པ་མན་ཆད་སུའི་མདུན་དུ་ཡིན་ཡང་། ཆོས་ཐམས་ཅད་བདེན་པར་མེད་སྟོང་ཉིད་ཡིན་བྱས་ན། ཨ་ཕ་འདི་འདྲའི་ཁ་འཆལ་ཟེར་བ་སྨྱོ་བ་ཡིན་ནམ་སྙམ་པ་ཡོང་བ་ཡིན་པར་སྣང་། དེ་བཞིན་དུ་ཚེ་འདི་ལ་ཞེན་པའི་དགེ་བཤེས་བཀའ་བཅུ་འཛིན་པའམ། བླ་མ་སྐྱེ་བོ་བརྒྱ་སྟོང་གིས་ཕྱག་བྱེད་ས་འམ། རྒྱུད་སྡེ་བཞི་ལ་ཁ་ཏོན་བྱེད། དཀྱིལ་འཁོར་བརྒྱའི་ཞལ་ཕྱེ་བའམ། མཚམས་འདག་སྦྱར་གྱིས་དུས་འདའ་ཞིང་ལྷ་དང་རྩ་རླུང་སྒོམ་པ་འམ། ཕྱག་ཆེན་དང་ཞི་བྱེད་རྫོགས་ཆེན་ཉམས་སུ་ལེན་པ་ཁ་ཕོ་འབྲུག་ལྟར་སྒྲོག་པས་ཀྱང་། ཆོས་འདི་མི་གོ་མི་རྟོགས་པར་ཚེ་འདིའི་ཕུན་ཚོགས་དང་བདེ་སྐྱིད་ཐམས་ཅད་པོ་བློས་གཏང་དགོས་བྱས་ན། ཨ་པ་འདི་འདྲ་བའི་ཁ་འཆོལ་
ཟེར་བ་སྙམ་ནས་བློར་མི་ཤོང་། ཆོས་འདི་ལ་དངངས་པ་དང་སྐྲག་པ་དང་སྤ་བཀོང་བ་སྐྱེ། གཞན་ཚེ་འདིའི་ཕུན་ཚོགས་བློས་བཏང་བ་མཐོང་ནའང་། དེ་ལྐུག་པ་དང་། ཕ་མ་གཉེན་བཤེས་ལ་སོགས་པ་སུའི་ཁ་ལ་ཡང་མ་ཉན་པར་སྤྲང་འཁྱམས་ལ་འགྲོ་བ་ཟེར་ནས། གླེན་པ་གོ་མི་ཆོད་པར་རྩི། བྱ་བ་ཐོས་བསམ་སྒོམ་གསུམ་སོགས་ཅི་བྱེད་ཀྱང་ཚེ་འདིར་སྡུག་པོ་སོགས་མི་ཡོང་བ་དང་། མི་གྲལ་དུ་ཚུད་ནས་སྐྱིད་པོ་བྱེད་པ་རྣམས་སུ་ཚུད་པ་དང་། མི་མཐོང་ཆ་འཇོག་ཡོད་པ། དངོས་པོ་ཕྱུག་པ། མི་ལ་རེ་མ་དགོས་པ། ལག་པ་གདེངས་མི་དགོས་སྤྲང་མི་དགོས། ཇ་དཀར་ནག་ཤ་མར་ཐུད་གསུམ་ཆིལ་ལེ་ལོངས་སྤྱོད་རྒྱུ་ཡོད་པ། ཁྱེད་ཆོས་པའམ་མཁས་པ་ལ་སོགས་པ་ཡིན་ཟེར་ནས། མིས་བསྟོད་པ། སྐྱིད་པ་ཞིག་བྱ་དགོས་སྙམ་ནས། རང་ཡང་དེ་ལྟར་འབད། གཞན་ལ་ཡང་དེ་ལྟར་སློབ། དེ་ལྟར་ཤེས་ན་ཤོ་རྒོད་པ་དང་། ཤེས་ཆེ་བར་བྱེད་པར་སྣང་ན། གཞན་ཁྱིམ་པ་ལ་སོགས་པའི་བློར་ཆོས་ཟབ་མོ་འདི་མི་ཤོང་བ་ལྟ་ཡང་ཅི་སྨོས། ད་ལྟ་རྩ་རླུང་ངམ། སྟོང་པ་ཉིད་ལ་སོགས་པའི་
ཆོས་ལ་ཐམས་ཅད་དགའ་ཚོར་བྱེད། གྲོགས་གཉིས་གསུམ་དུ་ཚོགས་ནའང་དེའི་གླེང་མོ་ཁོ་ན་གླེང་། དེའི་ཉམས་ལེན་ལ་འབད་འབུངས་འདོན་པ་ནི་ཤིན་ཏུ་མང་བར་སྣང་ཡང་། ཚེ་བློས་བཏང་གི་ཆོས་ལ་དགའ་ཚོར་བྱེད་མཁན་རང་དཀོན། ཚེ་འདིའི་གཉེན་དང་ཉེ་འབྲེལ་ཞིང་ཁང་དང་ནོར་རྫས་སོགས་ཚེ་འདིའི་ཕུན་ཚོགས་འདི་བློས་ཐོངས་ཤིག་བྱ་བའི་ཆོས་བཤད་ན། བོང་བུའི་མགོ་ལ་དབྱུག་པ་རྒྱབ་པ་ལྟར་ནག་ཐོམ་གྱིས་འགྲོ །རྣའི་བུག་གར་ན་ཏིང་ངེ་ཉན་ཡེ་མི་འདོད། ཉམས་སུ་ལེན་ཡེ་མི་འདོད་པ་ཡོང་གསུངས། འོ་ན་གང་དང་གང་བློས་གཏོང་དགོས་ཟེར་ན། སྔར་དམ་པ་རྣམས་ཀྱིས་གསུངས་པ་ལྟར། ཕ་ཡུལ་དང་། ཉེ་དུ་དང་། འཁོར་གཡོག་དང་། ལུང་ཁྲིད་སོགས་གཞན་དོན་ལྟར་སྣང་། ཡོ་བྱད་གསོག་རུམ་དང་། བཟའ་བཏུང་གི་ཞེན་པ་དང་། ལོངས་སྤྱོད་འབད་མེད་དུ་འབྱུང་བ་དང་། མཐུན་འཇུག་ངོ་སྲུང་དང་། ཚེ་འདིའི་བསོད་ནམས་འདུ་ལོང་དང་། འཇིག་རྟེན་ཆོས་བརྒྱད་རྣམས་སྤོང་དགོས། གཞན་རྣམས་གོ་སླ་བ་སྤོང་ནུས་པ་རེ་གཉིས་སྣང་། འཇིག་རྟེན་ཆོས་བརྒྱད་ཅུང་གོ་ཡང་དཀའ་ལ་
སྤོང་ནུས་པ་སུ་གཅིག་ཀྱང་མི་གདའ་བས། ཆོས་བརྒྱད་གང་ལ་ཟེར་ན། རྙེད་མ་རྙེད། བདེ་མི་བདེ། སྙན་མི་སྙན། བསྟོད་དང་སྨད་པ་འདི་བརྒྱད་ཡིན། རང་གི་འདོད་ཕྱོགས་རྙེད་པ་དང་། བདེ་བ་དང་། སྙན་པ་དང་། བསྟོད་པ་བཞི་པོ་སྒྲུབ་པའི་ཕྱིར་དང་། རང་གི་མི་འདོད་པའི་ཕྱོགས་མ་རྙེད་པ་དང་། མི་བདེ་བ་དང་། མི་སྙན་པ་དང་། སྨད་པ་བཞི་པོ་སྤོང་བའི་ཕྱིར། ཆོས་འཆད་དབང་བསྐུར། ལྷ་སྒོམ་སྔགས་བཟླ། མཆོད་སྦྱིན་གཏོང་བ་སོགས་བྱས་ན་ཆོས་བརྒྱད་དཀར་པོ་ཟེར། ཡང་ཆོས་བརྒྱད་ཀྱིས་རང་གི་འདོད་ཕྱོགས་བཞི་སྒྲུབ་པ་དང་། མི་འདོད་པའི་ཕྱོགས་བཞི་པོ་སྤོང་བའི་ཕྱིར། སྲོག་གཅོད་རྐུ་འཕྲོག་རྫུན་སོགས་མི་དགེ་བ་བྱས་ན་ཆོས་བརྒྱད་ནག་པོ་ཟེར། ཆོས་བརྒྱད་སྤང་བླང་གི་ཕྱིར། ཆོས་འབྲི། ལྷ་བཞེངས། མོ་སྨན་རྩིས་གསུམ། གཏོར་མདོས་གླུད་གསུམ། ཁེ་ཚོང་ཞིང་ལས་འཚོ་སྐྱོང་སོགས་དགེ་སྡིག་འདྲེས་མ་བྱས་ན་ཆོས་བརྒྱད་ཁྲ་བོ་ཟེར། རྒྱལ་དབང་ལྔ་པ་རིན་པོ་ཆེས། ཆོས་བརྒྱད་དཀར་ནག་ཁྲ་གསུམ་གདོན་ཆེན་པོ། །སྙིང་ལ་ཞུགས་པའི་སྡུག་
བསྔལ་བདེ་བ་རུ། །བཟུང་ནས་གཏན་གྱི་འདུན་མ་རླུང་ལ་བསྐུར། །གསུངས། འབྲོམ་སྟོན་པ་རིན་པོ་ཆེས། འཇིག་རྟེན་གྱི་བྱ་བ་ཐམས་ཅད་ཐུགས་ཀྱིས་སྤངས་ནས་ཡོད་པ་ལ། རོང་དུ་གསེར་འདུན་ལ་སྤྱན་དྲངས་པས། དཔལ་གྱི་དབང་ཕྱུག་བྱ་བ་ལ་འབོད་པ་མཛད་ནས། ད་ལན་འདི་ལ་ཁྱོད་སོང་དང་། ངས་འཇིག་རྟེན་བློས་གཏོང་ལོ་བྱས་པས་མི་ཡོང་བ་འདུག་གསུངས་ནས། ན་བཟའ་རེ་རལ་རྙིང་པ་ཞིག་གསོལ། རས་བེམ་ཞིག་གསོལ། ཕྲག་པ་གཉིས་ཕུད། ཕུ་ཐུང་གཉིས་ཕྲག་པ་གཡས་གཡོན་ལ་བཀལ་ནས། རེས་འགའ་ཤུག་གསེབ་ནས་ཕར་གཤེགས། རེས་འགའ་སྦ་མཁར་གཅིག་ཡོད་པ་ལ་ཨོཾ་ཚུགས་མཛད་ནས། སློབ་དཔོན་ཀླུ་སྒྲུབ་ཀྱི་བཤེས་སྤྲིངས་ལས། འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་དང་། །བདེ་དང་མི་བདེ་སྙན་དང་མི་སྙན་དང་། །བསྟོད་སྨད་ཅེས་བགྱི་འཇིག་རྟེན་ཆོས་བརྒྱད་པོ། །བདག་གི་ཡིད་ཡུལ་མིན་པར་མགོ་སྙོམ་མཛོད། །ཅེས་དང་། རེས་འགའ། བདག་ནི་གྲོལ་བ་དོན་གཉེར་ལ། །རྙེད་དང་བཀུར་སྟིའི་འཆིང་མི་དགོས། །ཞེས་པ་དེ་ཚང་བ་རེ། རེས་འགོ་འབུད་ཙམ་རེ།
རེས་ཕྱེད་ཙམ་རེ་གསུང་གིན་རྡོག་རྡོག་བཞུགས། ཁོང་ལ་དེ་དགོས་ཆེད་མི་གདའ་སྟེ། རྗེས་འཇུག་ལ་སློབ་པ་ཡིན་གསུངས། སྤྱན་སྔ་བས་ཀྱང་ཚིགས་བཅད་དེ་གསུང་གིན་ཆོས་བརྒྱད་མགོ་སྙོམས། གྱེར་སྒོམ་ཆེན་པོས་ཀྱང་། སྔར་དགེ་བཤེས་སྟོན་པས་མཛད་པ་བཞིན་འོ་ཅག་ཀྱང་ཚིགས་བཅད་དེ་འདོན་གྱིན་མ་མཐའ་ཚིག་ཙམ་གྱི་སྒོ་ནས་ཀྱང་གཉེན་པོ་བརྟེན་ལ་ཆོས་བརྒྱད་སྤོངས་གསུངས། རྗེ་རྒོད་ཚང་པས། འཇིག་རྟེན་བློས་གཏང་བྱ་བ་དེ། ཆོས་བརྒྱད་ཀ་བློས་བཏང་བ་གཅིག་ལ་ཟེར་བ་ཡིན། བཟང་འདོད་བྱེད་པའི་བློས་བཏང་དེས་ཅི་ཡང་མི་བཏུབ་གསུངས། རིག་པའི་དབང་ཕྱུག་གིས། འཇིག་རྟེན་ཆོས་བརྒྱད་དོན་དུ་གཉེར། །བསྟོད་དང་སྨད་དང་གྲགས་མི་གྲགས། །རྙེད་དང་མ་རྙེད་བདེ་དང་སྡུག །དེ་རྣམས་ལ་ནི་དགའ་མི་དགའི། །རྣམ་པར་རྟོག་པ་ཡོད་རིང་ལ། །ཆོས་པ་ཡིན་སྙམ་མ་སེམས་ཤིག །སྔར་བྱས་ཕྱིས་བྱེད་ད་ལྟའི་ལམ། །ཆོས་བརྒྱད་ཀུན་སློང་ཡོད་དམ་མེད། །རང་གིས་རང་ལ་དྲི་བར་གྱིས། གསུངས། འབྲི་གུང་ཆོས་རྗེའི་ཞལ་ནས། ཀ་ཅིས་ཀྱང་མི་ཕན་
འཆི་བ་ལ། །འཇིག་རྟེན་བྱ་བཞག་ཀྱང་མི་བདེན་རྫུན་པར་གདའ། །ཆོས་བརྒྱད་འཇའ་ཚོན་གྱི་རི་མོ་ལ། ཀ་བློ་གཏད་འདུག་གམ་མི་འདུག་ལྟོས། །གསུངས། དཔུང་བཟང་གི་རྒྱུད་ལས། གྲགས་དང་མ་གྲགས་རྙེད་དང་མ་རྙེད་དང་། །བདེ་དང་སྡུག་བསྔལ་དེ་བཞིན་བསྟོད་སྨད་བཅས། །སེམས་ཀྱིས་འཇིག་རྟེན་ཆོས་རྣམས་རབ་བཅོམ་སྟེ། །སྡིག་པའི་གནས་སུ་གྱུར་པ་སྤང་བར་བྱ། གསུངས། དེས་ན་སྤོང་བ་གལ་ཆེ། སྔོན་བྱོན་དམ་པ་རྣམས་ཀྱིས་འཇིག་རྟེན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་གྱི་ཕྱིར་ལུས་ངག་གི་བརྩོན་པ་ཕར་ཞོག །ཡིད་ལ་ཤར་ཡང་དེ་མ་ཐག་མགོ་ལ་རྡོག་པ་རྒྱབ་པ་ཡིན་ཏེ། བླ་མ་ཞང་གིས། འཇིག་རྟེན་ཆོས་བརྒྱད་མགོ་ལ་རྡོག་པ་རྒྱོབ། །གསུངས། གཙང་པ་རྒྱ་རས་ཀྱིས། ཆོས་བརྒྱད་གྲམ་པ་ཐང་ལ་བསྙལ། །གསུངས། དེ་ལྟར་ཚེ་འདིའི་བྱ་བ་ཐམས་ཅད་བློས་བཏང་ནས། མཚན་ལྡན་གྱི་བླ་མ་དམ་པ་བསྟེན་དགོས་ཏེ། སྙིང་པོ་ངེས་པར་བསྡུས་པ་ལས། རིགས་ལ་གནས་པའི་གང་ཟག་དེས། །བཤེས་གཉེན་དམ་པ་བསྟེན་བྱས་ལ། །ཞེས་དང་། སྡུད་པ་ལས། ནད་པའི་ཚོགས་ཀྱིས་གསོ་
ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་དང་། ཇོ་བོ་རྗེས། གྲོགས་དག་བྱང་ཆུབ་མ་ཐོབ་བར་དུ་བླ་མ་དགེ་བའི་བཤེས་གཉེན་དམ་པ་བསྟེན། །ཞེས་དང་། པོ་ཏོ་བའི་གསུང་སྒྲོས་དོལ་བོ་པས་བསྒྲིགས་པ་ལས། མན་ངག་ཐམས་ཅད་བསྡུས་པའི་མགོ་ནི། བཤེས་གཉེན་དམ་པ་མི་གཏོང་བ་ཡིན་གསུངས། བླ་མ་མ་བསྟེན་པར་འཁོར་བ་ལས་གྲོལ་མི་སྲིད་དེ། པོ་ཏོ་བའི་ཞལ་ནས། རྣམ་གྲོལ་སྒྲུབ་པ་ལ་བླ་མ་ལས་གལ་ཆེ་བ་མེད་དེ། ཚེ་འདིའི་བྱ་བ་བལྟས་ནས་བྱེད་ཆོག་པ་ལའང་སློབ་དཔོན་མེད་པར་མི་འོང་ན། ངན་སོང་ནས་འོང་མ་ཐག་པ་འགྲོ་མ་མྱོང་བའི་སར་འགྲོ་བ་ལ་བླ་མ་མེད་པར་ག་ལ་འོང་གསུངས། ལུང་གཞན་ལས་ཀྱང་། བླ་མ་མེད་ན་སྲིད་ཐར་མིན། །རྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་ཕྱིན་མི་སྲིད། །གསུངས། འོ་ན་བླ་མ་ཇི་ལྟར་བསྟེན་དགོས་ཟེར་ན། རབ་ཏུ་དད་ཅིང་གུས་པས། ཟང་ཟིང་གི་འབུལ་བ་དང་། ལུས་ངག་གི་བསྙེན་བཀུར། བཀའ་བཞིན་སྒྲུབ་པ་གསུམ་གྱི་སྒོ་ནས་བསྟེན་དགོས་ཏེ། ཆོས་
བཅུ་པ་ལས། གང་གིས་འདྲེན་པ་ངེས་འབྱུང་ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་དད་དང་ལྡན་པའི་མི། །དད་པས་རྗེས་སུ་འབྲང་བས་བསྟེན། །ཞེས་དང་། དཀོན་མཆོག་སྤྲིན་ལས། སྟོན་པ་ལ་དགའ་བ་དང་དད་པ་ལྟར། མཁན་པོ་ལའང་དད་པ་དང་དགའ་བར་བྱའོ་གསུངས། དྲག་ཤུལ་ཅན་གྱིས་ཞུས་པ་ལས། སློབ་དཔོན་དེ་ལ་དེས་ཆོས་ཀྱིས་གུས་པར་བྱའོ། །གསུངས། རིག་འཛིན་གང་ཤར་རང་གྲོལ་གྱིས། ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མ་གུས་པས་བསྟེན་ཅིག་བྱ་བཏང་བ། །ཞེས་དང་། མདོ་སྡེ་རྒྱན་ལས། བཀུར་སྟི་རྙེད་པ་དག་དང་རིམ་གྲོ་དང་། །སྒྲུབ་པའི་སྒོ་ནས་བཤེས་གཉེན་བསྟེན་པར་བྱ། །ཞེས་དང་། ལྔ་བཅུ་པ་ལས། རང་གི་དམ་ཚིག་སློབ་དཔོན་ནི། །སྦྱིན་མིན་བུ་དང་ཆུང་མ་དང་། །རང་སྲོག་གིས་རྟག་བསྟེན་བྱ་ན། །ལོངས་སྤྱོད་གཡོ་བ་སྨོས་ཅི་དགོས། །ཞེས་དང་། མི་བཟད་དེ་ཉིད་འདོད་པ་ཡིས། །ཅུང་ཟད་ཡིད་འོང་གང་དང་གང་། ཤིན་ཏུ་ཁྱད་པར་འགྱུར་བ་ཉིད། །དེ་དང་དེ་ནི་བླ་མར་འབུལ། །གསུངས། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། །བླ་མ་
སངས་རྒྱས་བླ་མ་ཆོས། །བླ་མ་དཀོན་མཆོག་བསམ་པའི་ཡུལ། །བླ་མ་མི་སྤོང་བླ་མ་བཀུར། །ཞེས་དང་། སྡོམ་པ་རྒྱ་མཚོའི་རྒྱུད་ལས། དཔལ་ལྡན་བླ་མ་རྡོ་རྗེ་འཆང་། །འདིར་ནི་བླ་མེད་བྱེད་པོ་འོ། །བླ་མེད་འབྲས་བུ་འདོད་པ་ནི། །དེ་བཞིན་བླ་མར་བསྙེན་བཀུར་བྱ། །གསུངས། སྐྱེས་རབས་ལས། ཕན་པའི་ལན་དུ་མཆོད་པ་བྱ་བ་ནི། །བསྒོ་བའི་ཚིག་བཞིན་ཉམས་སུ་ལེན་པ་ཡིན། །གསུངས། མདོར་བསྡུ་ན། བླ་མའི་ཐུགས་གང་དགྱེས་བྱ་ཞིང་། མི་མཉེས་པ་ཐམས་ཅད་སྤང་དགོས་ཏེ། བླ་མ་ལྔ་བཅུ་པ་ལས། འདིར་མང་སྨོས་པ་ཅི་ཞིག་དགོས། །བླ་མ་དགྱེས་བྱེད་གང་ཡིན་བྱ། །མི་མཉེས་བྱེད་ཀུན་སྤོང་བ་ནི། །དེ་དང་དེ་ལ་འབད་དེ་བརྟག །དངོས་གྲུབ་སློབ་དཔོན་རྗེས་འབྲང་ཞེས། །རྡོ་རྗེ་འཛིན་པ་ཉིད་གསུངས་པར། །ཤེས་ནས་དངོས་པོ་ཐམས་ཅད་ཀྱིས། །བླ་མ་ཡོངས་སུ་མཉེས་པར་བྱ། །ཞེས་གསུངས། དེ་ལྟར་བསྟེན་ན་བསོད་ནམས་དཔག་མེད་ཐོབ་སྟེ། ཐལ་འགྱུར་ལས། སྟོན་པ་དེ་ལ་ཡོན་ཏན་ནི། །དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་
དང་འདྲ་བ་ཡིན། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །ཅེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། གང་གིས་བླ་མའི་བྱ་བ་ལ། །མཁས་པ་སྐལ་ལྡན་གང་ཡིན་དེས། །དུས་གསུམ་བཞུགས་པའི་སངས་རྒྱས་ལ། །བསྐལ་པ་བྱེ་བ་འབུམ་ཕྲག་ཏུ། །ཕྱག་བྱས་བས་ནི་འདི་དོན་ཆེ། །བླ་མས་བསྒོ་བའི་ལས་རྣམས་ལ། །གང་གིས་མཐར་ཕྱིན་ཚད་བསྐྱལ་ན། །འདིས་ཀྱང་གོང་མའི་བསོད་ནམས་འཐོབ། །བླ་མའི་རྫས་དང་ཡོ་བྱད་ལ། །རང་སྲོག་བཞིན་དུ་སུས་བྱས་པ། །འདིས་ནི་རང་གི་ལོངས་སྤྱོད་འཕེལ། །ལུས་དང་ངག་ཡིད་སྟོབས་ཀྱིས་ནི། །ཅི་ནུས་པ་ཡིས་བླ་མ་ཡི། །བྱ་བ་མ་ལོག་སུས་བྱས་པ། །འདིས་ནི་མཐུ་དང་ནུས་པ་ཉིད། །གང་ལའང་ཐོགས་པ་མེད་པར་འབྱུང་། །རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །
ཡེ་ཤེས་མཆོག་ཀྱང་ཐོབ་པར་འགྱུར། །ཞེས་དང་། སྤྱན་སྔ་བས། སངས་རྒྱས་ཐམས་ཅད་མངོན་སུམ་མཆོད་པ་བས། །བླ་མའི་བ་སྤུ་གཅིག་མཆོད་བསོད་ནམས་ཆེ། །དེས་ན་མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མར་བསྙེན་བཀུར་གྱིས་ཤིག་ཤཱཀྱའི་སྲས། །ཞེས་པ་ལ་སོགས་པ་མདོ་རྒྱུད་བསྟན་བཅོས་ནས་ཕན་ཡོན་མཐའ་ཡས་པ་གསུངས་སོ། །བླ་མ་ཚུལ་བཞིན་བསྟེན་ནས་ཐོས་བསམ་བྱ་དགོས་ཏེ། མདོ་ལས། བསྟེན་འོས་བླ་མར་རིམ་གྲོ་བསྙེན་བཀུར་ཏེ། །ཤེས་རབ་སྒྲུབ་ཕྱིར་ཐོས་པ་བཙལ་བར་བྱ། །ཞེས་དང་། འོད་སྲུངས་ཀྱི་ལེའུ་ལས། ཐོས་ལས་ཤེས་རབ་འབྱུང་བ་དེ་རིག་ནས། །མགོ་ལ་མེ་འབར་བཞིན་དུ་ཐོས་པ་ཚོལ། །ཅེས་དང་། སྲེད་མེད་ཀྱི་བུས་ཞུས་པ་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་བསོད་ནམས་ཆེན་པོ་བརྩོན་འགྲུས་བརྩམས་པ་རྣམས་ཀྱིས་ཐོས་པའི་ཚོགས་ལ་བརྩོན་པར་བྱའོ། །ཞེས་དང་། དཔལ་ལྡན་དཔའ་བོས། ཐོས་ཉུང་དམུས་ལོང་སྒོམ་པའི་ཚུལ་མི་ཤེས། །དེ་མེད་དེ་ཀོས་ཅི་ཞིག་བསམ་པར་བྱ། །དེ་བས་ཐོས་ལ་བརྩོན་བྱ་
དེའི་རྒྱུ་ལས། །བསམ་ཞིང་བསྒོམ་པའི་ཤེས་རབ་ཡངས་པ་འབྱུང་། །ཞེས་དང་། རྗེ་བཙུན་བྱམས་པས་རྒྱུད་བླ་མ་ལས། འཁོར་གསུམ་རྣམ་པར་རྟོག་པ་གང་། །དེ་ནི་ཤེས་བྱའི་སྒྲིབ་པར་འདོད། །སེར་སྣ་ལ་སོགས་རྣམ་རྟོག་གང་། །དེ་ནི་ཉོན་མོངས་སྒྲིབ་པར་འདོད། །ཤེས་རབ་ལས་གཞན་དེ་དག་ནི། །སྤོང་རྒྱུ་གཞན་མེད་དེ་ཡི་ཕྱིར། །ཤེས་རབ་མཆོག་ཡིན་དེ་དག་ནི། །ཐོས་པ་དེ་ཕྱིར་ཐོས་པ་མཆོག །ཅེས་དང་། བསླབ་བཏུས་འགྲེལ་པ་ལས། ཐོས་པ་དང་མི་ལྡན་པས་ནི། བསམ་གཏན་གྱི་ཐབས་དང་། ཉོན་མོངས་པ་རྣམ་པར་སྦྱོང་བའི་ཐབས་ཀྱང་མི་ཤེས་ཏེ། དེ་བས་ན་སྐྱོ་བ་མེད་པར་ཐོས་པ་བཙལ་བར་བྱ། །ཞེས་དང་། ཇོ་བོ་རྗེས། གནས་ལུགས་མ་རྟོགས་བར་དུ་ཐོས་པ་དགོས་པས་བླ་མའི་གདམས་ངག་ཉོན། །ཅེས་དང་། རྗེ་རིན་པོ་ཆེས། ཆོས་ཚུལ་བཞིན་སྒྲུབ་པར་འདོད་པ་རྣམས་ལ་ལམ་གྱི་སྲོག་དམ་པ་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་སྐྱེད་པའི་རྒྱུ་བླ་ན་མེད་པ། དྲི་མ་མེད་པའི་གསུང་རབ་དང་། བསྟན་བཅོས་ལ་མང་དུ་ཐོས་པ་དགོས་སོ། གསུངས། མདོ་སྡེ་རྒྱན་ལས། འདི་ན་དང་པོར་ཐོས་ལ་
བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་། །ཚུལ་བཞིན་ཡིད་ལ་བྱེད་པ་གོམས་ལས་ཡང་དག་དོན་ཡུལ་ཡེ་ཤེས་འབྱུང་། །ཞེས་དང་། རིམ་ལྔའི་འགྲེལ་པ་དོན་གསལ་ལས། ཐོག་མར་ཐོས་པའི་དོན་ལ་འབད་པ་ཡིས། །རྟག་ཏུ་བརྩོན་པར་བྱེད་པ་གང་ཡིན་པ། །དེ་ཡི་ལག་ཏུ་དངོས་གྲུབ་ངེས་པར་ཐོབ། །ཅེས་དང་། སྲེད་མེད་ཀྱི་བུས་ཞུས་པ་ལས། འདི་ལྟར་རིགས་ཀྱི་བུ། ཐོས་པ་དང་ལྡན་ན་ཤེས་རབ་འབྱུང་བར་འགྱུར་རོ། ཤེས་རབ་དང་ལྡན་ན་ཉོན་མོངས་རབ་ཏུ་ཞི་བར་འགྱུར་རོ། ཉོན་མོངས་པ་མེད་པ་ལ་བདུད་ཀྱིས་གླགས་མི་རྙེད་དོ། །ཞེས་དང་། ཐོས་པའི་ཚོམས་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་བྱེད། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཞེས་དང་། ཇི་ལྟར་ཁྱིམ་ནི་ལེགས་གཡོགས་པ། །མུན་པས་ཁེབས་པའི་ནང་ཞུགས་ན། །གཟུགས་རྣམས་ཡོད་པར་གྱུར་ཀྱང་ནི། །མིག་ལྡན་བཞིན་དུའང་མི་མཐོང་བ། །དེ་བཞིན་འདི་ན་རིག་སྐྱེས་པའི། །མི་ནི་བློ་གྲོས་ལྡན་གྱུར་ཀྱང་། །སྡིག་པ་
དང་ནི་དགེ་བའི་ཆོས། །མ་ཐོས་བར་དུ་ཤེས་མི་འགྱུར། །མིག་ལྡན་མར་མེ་ཡོད་པ་ཡིས། །གཟུགས་རྣམས་མཐོང་བ་ཇི་ལྟ་བར། །དེ་བཞིན་དགེ་དང་སྡིག་པའི་ཆོས། །ཐོས་པས་རྣམ་པར་ཤེས་པར་འགྱུར། །ཞེས་དང་། སྐྱེས་རབས་ལས། གང་ཞིག་ཐོས་པས་ཡིད་ནི་དད་གྱུར་ནས། །ལེགས་པར་དགའ་བ་བརྟན་པ་ཉིད་དུ་འགྱུར། །ཤེས་རབ་སྐྱེ་ཞིང་གཏི་མུག་མེད་པར་འགྱུར། །རང་གིས་ཤེས་ཀྱང་དེ་ནི་ཉེ་བར་རིགས། །ཐོས་པ་གཏི་མུག་མུན་སེལ་སྒྲོན་མེ་ཡིན། །རྐུན་པོ་ལ་སོགས་མི་འཁྱེར་ནོར་གྱི་མཆོག །ཀུན་ཏུ་རྨོངས་པའི་དགྲ་འཇོམས་མཚོན་ཆ་ཡིན། །ཐབས་ཚུལ་མན་ངག་སྟོན་པའི་གྲོགས་ཀྱི་མཆོག །ཕོངས་པར་གྱུར་ཀྱང་མི་འགྱུར་མཛའ་བོ་ཡིན། །གནོད་པ་མེད་པ་མྱ་ངན་ནད་ཀྱི་སྨན། །ཉེས་པ་ཆེན་པོའི་དཔུང་འཇོམས་དཔུང་གི་མཆོག །གྲགས་དང་དཔལ་གྱི་གཏེར་གྱི་མཆོག་ཀྱང་ཡིན། །ཡ་རབས་རྣམས་དང་འཕྲད་ན་སྐྱེས་ཀྱི་མཆོག །ཚོགས་ཀྱི་ནང་ན་མཁས་པ་མགུ་བར་འགྱུར། །ཞེས་དང་། ཀྱེ་རྡོར་གྱི་དཀའ་འགྲེལ་མུ་ཏིག་ཕྲེང་བ་ལས། བློ་གྲོས་མེད་ལ་ཐོས་མེད་མ་ཐོས་པ་ལ་བསམ་པའང་མེད། །
གཉིས་བྲལ་རྣལ་འབྱོར་མེད་ཅིང་རྣལ་འབྱོར་མེད་ལ་དངོས་གྲུབ་མེད། །ཅེས་དང་། སོ་སོར་ཐར་པ་ལས། ཤཱ་རིའི་བུ་བྱང་ཆུབ་ཏུ་སེམས་བསྐྱེད་ནས། ཐོས་པ་མང་པོ་ལ་མི་བརྩོན་པ་གང་ཡིན་པ་དེ་ནི། བདུད་སྡིག་ཅན་གྱི་བྱིན་གྱིས་བརླབས་པ་ཉིད་ཡིན་ནོ། །ཞེས་གསུངས་པས། དེས་ན་ཐོས་བསམ་གལ་ཆེ། འོ་ན་ཐོས་བསམ་ཇི་ལྟར་བྱེད་ཟེར་ན། བླ་མས་མདོ་སྔགས་ཀྱི་གདམས་པ་གང་སྟོན་ཡང་། གདུལ་བྱའི་ཚད་ལ་བལྟས་ནས་མང་ཉུང་རན་པར་བསྟན། སློབ་མས་ནད་པས་སྨན་པའི་ཚིག་ལ་ཉན་པ་ལྟར་ཡིད་གཏད་ཅིང་རྣ་བས་ལེགས་པར་ཉན། ཉན་པ་ཙམ་དུ་མ་ཟད། རབ་ཚིག་མ་ནོར་བར་བློར་བཟུང་། དེ་མ་བྱུང་ཡང་དེའི་དཔེ་ལ་ངོ་འདྲིས་བཏང་ནས་ཚིག་མ་ནོར་བར་འཛིན་པ་ལ་ཐོས་པ་ཟེར། དེ་དོན་བརྟགས་དཔྱད་བྱས་ནས་ཡིད་གཉིས་ཐེ་ཚོམ་ཡོད་པ་རྣམས་བླ་མ་ལ་སླར་འདྲི། མ་རྟོགས་པ་དང་ལོག་པར་རྟོགས་པའི་དྲི་མ་གང་ཡང་མེད་པར་ཤིན་ཏུ་ངེས་པར་བྱེད་པ་ལ་བསམ་པ་ཟེར་ཏེ། སྤྱན་སྔ་བས། ཐོས་དང་བསམ་པ་སྒོམ་པ་གསུམ། །རིམ་པ་བཞིན་དུ་བྱ་བའི་ཕྱིར། །
དམིགས་སྐོར་དང་པོའི་ཁྲིད་དཔེ་འདི། །ཁྱོད་ཀྱིས་ལེགས་པར་གཟུང་བར་བྱ། །འདི་ནི་ལེགས་པར་ནམ་ཟིན་ཚེ། །དེ་ནས་ཆོས་ར་ལ་བྱོན་ཞེས། །དེ་ལ་ལེགས་པར་བསྒོམ་བྱ་གསུངས། །སྔོན་ཆད་བློ་ཡུལ་མ་བྱུང་བའི། །ཆོས་གང་ཐོས་ནས་བློར་བཟུང་བ། །དེ་ལ་ཐོས་པ་ཞེས་བྱར་བཤད། །ཅེས་དང་། ཐོས་ཤིང་བཟུང་བའི་ཚིག་དོན་ལ། །མཁས་པ་རྣམས་ནི་གསུང་ངོ་ཞེས། །མོས་བློ་ཙམ་ལ་མི་འཇོག་པར། །འདི་ལ་སྒྲུབ་བྱེད་ཅི་ཡོད་ཅིང་། །འདི་ལ་གནོད་བྱེད་ཅི་ཡོད་ཅེས། །ཇི་སྲིད་ངེས་ཤེས་མ་སྐྱེས་བར། །དེར་ནི་རྟོག་ཅིང་དཔྱོད་པ་ལ། །མཁས་པས་བསམ་པ་ཞེས་པར་བཤད། །གསུངས། དེ་ལྟར་ཐོས་བསམ་གྱིས་ཕུ་ཐག་བཅད་ནས། དེ་དོན་ཚུལ་བཞིན་བསྒོམ་དགོས་ཏེ། མཛོད་ལས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། ཞེས་དང་། རྗེ་རིན་པོ་ཆེས། ནད་པས་སྨན་པས་སྦྱར་བའི་སྨན་མ་འཐུང་ན། ནད་ཞི་བར་མི་ནུས་པར་མཐོང་ནས་འཐུང་བ་ལྟར། ཆོས་སྨྲ་བས་བསྟན་པའི་གདམས་པ་ཉམས་སུ་མ་བླང་ན་ཆགས་སོགས་གཞོམ་མི་ནུས་པར་མཐོང་ནས་ནན་ཏན་གྱིས་ཉམས་སུ་
ལེན་པར་བྱེད་གསུངས། སྐྱེས་རབས་ལས། ཐོས་པའི་རྗེས་འཇུག་སྒྲུབ་པ་སྙིང་པོར་བྱེད། །སྐྱེ་བའི་རྫོང་ལས་ཚེགས་ཆུང་ཐར་བར་འགྱུར། །ཞེས་དང་། ཇོ་བོ་རྗེས། མན་ངག་ཡོད་པས་སྒོམ་པ་མིན་ནམ་ཅི་བྱེད་བླ་མའི་གསུང་བཞིན་སྒྲུབས། །གུས་པ་ཆེན་པོས་བསྒྲུབས་ན་རིང་པོར་མི་ཐོག་འབྲས་བུ་འཕྲལ་དུ་འབྱུང་། །ཞེས་གསུངས། ཀློང་ཆེན་རབ་འབྱམས་པས། ཨེ་མ་དད་ལྡན་ཐར་པ་འདོད་པ་དག །གསང་ཆེན་བླ་མེད་དོན་ལ་རབ་ཞུགས་ནས། །གཅིག་པུར་དབེན་པར་སྒྲུབ་པ་སྙིང་པོར་མཛོད། །ཚེ་འདིས་ཆོས་སྐུའི་གཏན་སྲིད་ཟིན་པ་ལགས། །ཞེས་གསུངས། ནད་པས་སྨན་བླངས་ནས་མ་འཐུང་ན། ནད་ལས་མི་ཐར་བ་འདྲ་བས་ན་དོན་ཆེན་པོ་མི་འབྱུང་སྟེ། ཏིང་འཛིན་རྒྱལ་པོ་ལས། སྨན་མང་བཟང་ཞིང་ཕངས་པ་དེ་བླངས་ནས། །ན་བ་འཚོ་བར་འགྱུར་བའི་སྨན་མི་འཐུང་། །སྨན་པས་མ་ལན་སྨན་གྱིས་མ་ཉེས་ཏེ། །ནད་པ་དེ་ཉིད་ཀྱིས་ནི་ཉེས་པ་ཡིན། །དེ་བཞིན་བསྟན་པ་འདི་ལ་རབ་བྱུང་ནས། །སྟོབས་དང་བསམ་གཏན་དབང་པོ་ཀུན་རིག་ནས། །བསྒོམ་པ་ལ་ནི་མངོན་པར་
བརྩོན་མི་བྱེད། །རིག་པར་མི་བརྩོན་མྱ་ངན་ག་ལ་འདའ། །ཞེས་དང་། ངས་ནི་རབ་ཏུ་ཟབ་པའི་ཆོས་བཤད་ཀྱང་། །ཁྱོད་ཀྱིས་ཐོས་ནས་ཡང་དག་མ་སྤྱད་ན། །ནད་པ་སྨན་གྱི་རྐྱལ་པ་ཐོགས་པ་དག །བདག་གི་ནད་འདི་གསོ་བར་མི་ནུས་བཞིན། །ཞེས་དང་། སྤྱོད་འཇུག་ལས། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླག་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་དང་། ཐོས་པའི་ཚོམས་ལས། ལེགས་གསུང་ཐོས་པ་སྙིང་པོར་ཤེས་པ་དང་། །ཏིང་ངེ་འཛིན་དག་སྙིང་པོར་ཤེས་གྱུར་ཀྱང་། །གང་ཞིག་བག་མེད་བརླང་པོར་བྱེད་པ་དེས། །ཐོས་དང་ཤེས་པ་དོན་ཆེན་མི་འགྱུར་རོ། །ཞེས་དང་། ཕལ་ཆེན་ལས། ལ་ལ་སྟོབས་མེད་ཆུ་ཀླུང་གིས། །ནན་གྱིས་འཁྱེར་བར་གྱུར་པ་དག །སྐོམ་ཞིང་ཤི་བར་གྱུར་པ་བཞིན། །ཆོས་ལ་མ་བསྒོམས་དེ་བཞིན་ནོ། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། ཇི་ལྟར་དམུས་ལོང་རི་མོ་མཁན། །ཚོང་འདུས་དབུས་སུ་འདྲིར་བཅུག་ཀྱང་། །རང་གིས་དེ་ཉིད་མཐོང་བ་མེད། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། །
ཇི་ལྟར་འོན་པ་རོལ་མོའི་སྒྲ། །སིལ་སྙན་གླུ་ལ་མཁས་པ་ཞིག །གཞན་དག་དེ་ཡིས་དགའ་བྱེད་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། ཇི་ལྟར་འགྲོ་བ་མང་པོ་ལ། །ཟས་དང་སྐོམ་དག་བྱིན་ནས་ཀྱང་། །རང་ཉིད་བཀྲེས་ཏེ་འཆི་བ་ལྟར། །མ་བསྒོམས་ཆོས་ཀྱང་དེ་བཞིན་ནོ། ཞེས་དང་། ལྷག་བསམ་བསྐུལ་བ་ལས། བུ་རམ་ཤིང་ཤུན་སྙིང་པོ་ཅི་ཡང་མེད། །དགའ་བར་བྱ་བའི་རོ་ནི་ནང་ན་འདུག །ཤུན་པ་ཟོས་པའི་མིས་ནི་བུ་རམ་རོ། །ཞིམ་པོ་རྙེད་པར་འགྱུར་བ་མ་ཡིན་ནོ། །ཇི་ལྟར་ཤུན་པ་དེ་བཞིན་སྨྲ་བ་སྟེ། །རོ་ལྟ་བུ་ནི་དེ་ལ་དོན་སེམས་ཡིན། །དེ་ལྟ་བས་ན་སྨྲ་ལ་དགའ་སྤངས་ཏེ། །རྟག་ཏུ་བག་ཡོད་བྱོས་ལ་དོན་སོམས་ཤིག །ཅེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། བསྒོམས་ན་ཉམས་རྟོགས་འཆར་གྱི། །མ་བསྒོམ་ཁ་བཤད་རྐྱང་གིས། །ཕྱི་མར་ཕན་པར་དཀའ་བས། །མཛུབ་མོ་ནང་དུ་ཁུག་ཅིག །གསུངས། དེ་ལྟར་ཐོས་བསམ་བྱས་རྗེས་ཚུལ་བཞིན་སྒོམ་པར་འདོད་པའི་སྐལ་ལྡན་དབང་པོ་ཡང་རབ་རྣམས་ཀྱིས་འདུ་འཛི་སྤངས་ནས་རི་ཁྲོད་དབེན་པ་བརྟེན་དགོས་ཞེས་རྒྱལ་བ་སྲས་
བཅས་རྣམས་ཀྱིས་ཡང་ཡང་གསུངས་ཏེ། བསླབ་བཏུས་ལས། བཟོད་བྱ་ཐོས་པ་བཙལ་བར་བྱ། །དེ་ནས་ནགས་སུ་གནས་པར་བྱ། །མཉམ་པར་བཞག་ལ་བརྩོན་བྱ་ཞིང་། །ཞེས་དང་། སོ་སོར་ཐར་པའི་མདོ་ལས། མང་དུ་ཐོས་པ་ནགས་ཀྱི་ནང་དག་ཏུ། །ལང་ཚོ་ཡོལ་བ་རྣམས་ཀྱིས་གནས་པ་བདེ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གྲོང་དང་གྲོང་ཁྱེར་དག་ལ་དགའ་སྤོངས་ལ། །རྟག་ཏུ་དབེན་ཞིང་ནགས་ཁྲོད་བརྟེན་པར་གྱིས། །བསེ་རུ་ལྟ་བུ་རྟག་ཏུ་གཉིས་མེད་བྱོས། །རིང་པོར་མི་ཐོགས་ཏིང་འཛིན་མཆོག་ཐོབ་འགྱུར། །ཞེས་དང་། ཕར་ཕྱིན་བརྒྱ་པ་ལས། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་དབེན་པའི་ལམ་ལ་གནས་པར་བྱ། འདུ་འཛི་མེད་པ་ལ་དགའ་བར་བྱ། །ཞེས་དང་། ལྷག་བསམ་བསྐུལ་བའི་མདོ་ལས། ཕྱི་མ་ལྔ་བརྒྱའི་ཐ་མ་ལ། དམ་པའི་ཆོས་རྣམ་པར་འཇིག་པའི་ཚེ། མ་སྣད་ཅིང་མ་རྨས་པར་བདེ་བར་ཡོངས་སུ་ཐར་བར་འདོད་པ་དང་། ལས་ཀྱི་སྒྲིབ་པ་ཐམས་ཅད་བྱང་བར་འདོད་པས། འདུ་འཛི་མེད་པ་ལ་དགའ་བ་དང་། དགོན་པ་དང་། ནགས་མཐའ་དང་། བས་མཐར་གནས་པ་ལ་
བརྩོན་པར་བྱ། ཞེས་དང་། རྗེ་རིན་པོ་ཆེས་ཚ་ཁོ་དཔོན་པོ་ངག་དབང་གྲགས་པ་ལ་གདམས་པ། དེ་ལྟར་ལམ་གྱི་གཙོ་བོ་རྣམ་གསུམ་གྱི། །གནད་རྣམས་ཇི་བཞིན་རང་གིས་རྟོགས་པའི་ཚེ། །དབེན་པ་བརྟེན་ནས་བརྩོན་འགྲུས་སྟོབས་བསྐྱེད་དེ། །གཏན་གྱི་འདུན་མ་མྱུར་དུ་སྒྲུབས་ཤིག་བུ། །ཞེས་དང་། འཁོར་བ་ལ་སྐྱོ་བའི་གཏམ་ལས། སྣ་ཚོགས་འདམ་སྐྱེས་དཔག་མེད་གཅལ་དུ་བཀྲམ། །རྐང་དྲུག་ལྡན་རྣམས་དགའ་བའི་གླུ་ལེན་ཅིང་། །སྙན་པའི་དར་དིར་སྒྲོག་པར་བྱེད་པ་ཡི། །དབེན་གནས་དམ་པ་བརྟེན་དང་རྒྱལ་ཁམས་པ། །ཞེས་དང་། སྙན་ངག་ལམ་ལས་དྲངས་པའི་བློ་སྦྱོང་ལས། དགེ་སེམས་ངང་ནས་གསུང་རབ་ཚིག་དོན་དེ། །ཐོག་མར་ཐོས་དང་བསམ་པས་སྒྲོ་འདོགས་ཆོད། །ཕྱི་ནས་ཐོས་བསམ་སྒྲོ་འདོགས་གཅོད་བཞིན་དུ། །དབེན་པར་སོང་སྟེ་བསྒོམ་ན་དོན་ཡོད་དོ། །ཞེས་དང་། དྲན་པ་ཉེར་བཞག་ལས། གོས་ཧྲུལ་ཕྱག་དར་ཁྲོད་ཀྱི་མལ། །ལྷུང་བཟེད་གོག་པོ་གཅིག་དང་ནི། །འབྲས་བུ་རྩ་བས་ཆོག་ཤེས་པ། །དེ་ནི་བདེ་བར་སངས་རྒྱས་བཞེད། །བག་མེད་པ་ཡིས་
བཟུང་དཀའ་བའི། །དུར་ཁྲོད་དང་ནི་གནས་རྣམས་བརྟེན། །རྟག་ཏུ་ས་ཡི་མལ་སྟན་ཅན། །ཤིན་ཏུ་མྱ་ངན་འདས་རིང་མིན། །གསུངས། སློབ་དཔོན་དཔའ་བོས། རྒྱལ་པོས་ཆོས་སྤངས་ནོར་རྣམས་མཆོག་ཏུ་དོན་གཉེར་བུ་རྣམས་ཕ་མར་སྡང་། །ས་ལ་འབྲས་བུ་མི་སྐྱེ་རྒྱལ་པོ་འཁྲུག་བྱེད་རྒྱལ་བྱེད་མཚོན་གྱིས་རྣམ་པར་གནོན། །འཇིག་རྟེན་བུད་མེད་ལ་དད་བུད་མེད་རྣམས་ཀྱང་གཡེམ་ཞིང་བྲམ་ཟེ་རྣམས་ནི་འདོད་ཆེན་བཅས། །ཀྱེ་ཧུད་སྡུག་བསྔལ་རྩོད་པའི་དུས་ནི་ཉེར་གནས་བསོད་ནམས་གཉེར་བ་ནགས་སུ་སོང་། །གསུངས། ས་འཚོ་སྦྱིན་གྱིས། རབ་ཞིའི་བདེ་རོ་ཤེས་པས་འཁོར་ལོས་བསྒྱུར་བའི་དཔལ་འབྱོར་ཡང་། །ཡོངས་སུ་སྤྱད་པས་རྙིང་པའི་མེ་ཏོག་ཕྲེང་བཞིན་རྣམ་སྤངས་ནས། །ལང་ཚོ་རང་བཞིན་གྱིས་གཡོ་ངང་ཚུལ་ཅན་དག་ཡོལ་བྱས་ཏེ། །དགོན་པར་རི་དྭགས་འདྲར་མཆི་ཞི་བའི་སེམས་ནི་བརྟེན་པར་བྱ། །ཞེས་དང་། ཅི་སྟེ་གང་ཞིག་ནང་གི་དགྲ་ལས་ངེས་རྒྱལ་བྱ་བ་བྱས་པ་ཡི། །བདེ་གཤེགས་འཇིག་རྟེན་མཐའ་གཟིགས་དེ་ཡང་ནགས་དག་བརྟེན་མཛད་ན། །ཡང་དག་རྟོགས་མེད་སྐྱེ་བོ་མི་གཙང་
འདམ་དུ་བྱིངས་གྱུར་པའི། །སྡོམ་ཅན་ཞི་འདོད་བདེར་གཤེགས་རྗེས་སུ་ཅི་ཕྱིར་འཇུག་མི་བྱེད། །གསུངས། བློ་བཟང་ཆོས་ཀྱི་ཉི་མའི་གསུང་ལས། བྱེད་རྒྱུ་མ་མང་བྱེད་ན་ལྷ་ཆོས་གྱིས། །སྨྲ་བ་མ་མང་སྨྲ་ན་ཆོས་གཏམ་སྨྲོས། །བསམ་རྒྱུ་མ་མང་བསམ་ན་ལས་འབྲས་སོམས། །འགྲོ་འདུག་མ་མང་འགྲོ་ན་དབེན་པར་སོང་། །གསུངས། སྤྱན་སྔ་བས། དབེན་པ་མ་བརྟེན་སངས་རྒྱས་ལྟ་ཅི་སྨོས། །འཇིག་རྟེན་འདི་ལའང་བདེ་བར་ཡོངས་མ་མཐོང་། །དེ་བས་དབེན་པ་བརྟེན་ཅིག་ཤཱཀྱའི་སྲས། །གསུངས། ཁ་རག་སྒོམ་ཆུང་པའི་མཐོ་ཡིག་ལས། ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །དེ་བས་དམ་པའི་དགོངས་པ་ལོངས་མཛོད་ལ། །འདུ་འཛི་སྤངས་པའི་དབེན་གནས་ཞི་བ་བརྟེན། །བསེ་རུ་ལྟ་བུར་གཅིག་པུར་གནས་པར་བྱ། །ཞེས་དང་། བདག་གིས་བརྩིགས་པའི་ཁང་པ་རུ། །གཏན་དུ་སྡོད་དབང་མི་འདུག་གི །དགོས་མེད་མཁར་ལས་མི་བྱེད་པར། །རི་ཁྲོད་དགོན་པ་འགྲིམས་ཤིག་ཨང་། །གསུངས། གསང་བའི་བདག་པོའི་ཞལ་ནས། ལས་ཀྱི་རྡོ་རྗེ་ལུས་འདི་ནམ་ཡང་འཇིག་
པས་ན། ཚེ་ཚད་ཀྱང་སྔོན་ནས་བསྐོས་ཚད་རེ་ཡོད། རྒན་གཞོན་ལ་ངེས་པ་མེད། ཐམས་ཅད་འཆི་བ་ལས་མ་འདས་པ། གཟུགས་ལེགས་ཀྱང་དེ་ལ་ཆགས་པས་མ་ཤི་བར་འདུག་པ་ངས་མ་མཐོང་། ལུས་ཀྱི་གཅེས་འཛིན་ཐམས་ཅད་བློས་ཐོངས་ལ་རི་ཁྲོད་འགྲིམས་གསུངས། ཏེ་ལོ་པས། གཅིག་པུར་ནགས་ཀྱི་གསེབ་དང་རི་སུལ་དུ། །སྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཞེས་དང་། ཨ་ཏི་ཟབ་དོན་ལས། འདི་ལྟར་ཉམས་སུ་ལེན་པའི་གང་ཟག་ནི། །འཇིག་རྟེན་འདུ་འཛིའི་གནས་སུ་མི་འདུག་སྟེ། །རི་དྭགས་བཞིན་དུ་དབེན་པའི་གནས་སུ་འདུག །ཅེས་དང་། སློབ་སྤྲིངས་ལས། སྐད་ཅིག་ལ་འཇིག་ཟད་ཅིང་རྟག་ཏུ་འཁྲུག་པའི་ཡུལ་རྣམས་སྤོངས། །ཞི་བའི་བདེ་འབྲས་འཆི་བའི་འཚེ་མེད་གཅིག་ཏུ་དབེན་པ་བརྟེན། །ཅེས་དང་། སློབ་དཔོན་ཞི་བ་ལྷས། བདེ་ཞིང་ཉོན་མོངས་ཡིད་མེད་ཀྱིས། །གཅིག་པུ་དབེན་པར་གནས་པར་བྱ། །བྱིས་ལས་ཐག་རིང་བྱོལ་བར་བྱ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས་མྱང་བན་ཏིང་འཛིན་བཟང་པོ་ལ། རི་ཁྲོད་བརྟེན་ལ་དམ་བཅའ་ཡུན་བསྲིངས་གསུངས། ཡང་ལྷོ་ནུབ་སྲིན་
ཡུལ་དུ་བཞུད་དུས་རྗེ་འབངས་ཡོངས་ལ། དབེན་གནས་རི་ཐང་མཚམས་སུ་མི་བྱེད་པར། །ང་ཡིས་བསྒྲུབས་པའི་སྒྲུབ་གནས་ཀུན་ཏུ་གྱིས། །ཞེས་དང་། སུས་ཀྱང་མི་སྟོངས་གཅིག་པུར་འཆི་བ་སོམས། །ཤོམ་ར་བློ་སྣ་མ་མང་རི་ལ་བརྟེན། །ཅེས་དང་། ཇོ་བོ་རྗེས། སེམས་ལ་གནོད་པའི་ཡུལ་དང་ཐག་བསྲིངས་རྟག་ཏུ་དགེ་བ་འཕེལ་སར་སྡོད། །བརྟན་པ་མ་ཐོབ་བར་དུ་འདུ་འཛིས་གནོད་པས་དབེན་པའི་ནགས་ཁྲོད་བརྟེན། །ཅེས་དང་། ཡང་ལས་དང་པོ་ཡི་གང་ཟག་གིས། །ལུས་དབེན་པ་ལ་མ་བརྟེན་པར། །སེམས་དབེན་རྙེད་པར་དཀའ་བའི་ཕྱིར། །འདྲེ་སྤངས་ནགས་སུ་གནས་པར་བྱ། །གསུངས། རྒྱལ་དབང་ལྔ་པས། དེ་ཚུལ་བློ་དང་བརྩོན་པས་སྒྲུབ་པ་ལ། །ཡར་གྱི་དཔོན་དང་དམའ་བའི་འཁོར་གཡོག་འབངས། དགྲ་འདུལ་གཉེན་སྐྱོང་རེ་དོགས་ཀུན་སྤངས་ནས། །ལྟོ་གོས་གྱོང་བསྐུར་དབེན་པ་རྩེ་གཅིག་བརྟེན། །གསུངས། རིག་འཛིན་གང་ཤར་རང་གྲོལ་གྱིས། དོན་མེད་བྱ་བས་མི་ཚེ་སྟོང་པར་ཟད། །དབེན་པའི་རི་ཁྲོད་འགྲིམས་ཤིག་རང་གྲོལ་བ། །གསུངས། བླ་མ་
ཞང་གིས། སྙིང་ནས་བཀའ་བཞིན་བསྒྲུབ་འདོད་ན། ཆེ་ཞོག་ཆུང་ཞོག་དགོན་པར་རྒྱུག །བཟང་ཞོག་ངན་ཞོག་རི་ཁྲོད་འགྲིམས། །སྐྱིད་ཞོག་སྡུག་ཞོག་བྲག་ཕུག་སྙོགས། །གསུངས། རྗེ་སྐལ་ལྡན་རྒྱ་མཚོས། རི་ཁྲོད་དགོན་པ་བརྟེན་ན། །དགེ་སྦྱོར་ངང་གིས་འཕེལ་བས། །བསམ་བློ་དྲག་ཏུ་ཐོངས་ལ། །ད་ལྟ་སྒོམ་ལ་སོང་ཞིག །ཅེས་དང་། ཀུན་མཁྱེན་ཀློང་ཆེན་པས། རྣལ་འབྱོར་ངེད་ཀྱིས་རི་ཁྲོད་འགྲིམས། །སྐལ་ལྡན་ཀུན་ཀྱང་རི་ལ་གཤེགས། །རྟག་ཏུ་རི་ཁྲོད་དབེན་པ་བརྟེན། །གཏན་གྱི་དོན་ཆེན་སྒྲུབ་པར་འཚལ། །གསུངས། རྒྱལ་སྲས་ཐོགས་མེད་ཀྱིས། ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །རྣམ་གཡེང་མེད་པས་དགེ་སྦྱོར་ངང་གིས་འཕེལ། །རིག་པ་དྭངས་པས་ཆོས་ལ་ངེས་ཤེས་སྐྱེ། །དབེན་པར་བརྟེན་པ་རྒྱལ་སྲས་ལག་ལེན་ཡིན། །འབའ་ར་བས། མངའ་ཐང་རྒྱས་ཀྱིན་སྡུག་བསྔལ་ཆེ། །གོང་མའི་སེམས་འཛིན་འོག་མ་སྐྱོང་། །མཉམ་པའི་གཉའ་སྡོང་ནོར་གྱི་གཉེར། །སྡུག་བསྔལ་སྐྱོ་བ་སངས་དུས་མེད། །ཕུན་སུམ་ཚོགས་ཀྱང་བདེ་སྐྱིད་དཀའ། །སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་
འགྲིམས། །ཞེས་དང་། དུས་ངན་སེམས་ཅན་ཚོར་ངན་ཆེ། །ཁྱིམ་མཚེས་མཐོ་གནོན་ཅི་གནོད་བསྐྱེལ། །འཛུར་མེད་ཧོར་ཁྲལ་ཆེ་ལ་ཡང་། །སྣེ་མཁན་གོ་མཚམས་སྟང་དུས་མེད། །དུས་ངན་ཕ་ཡུལ་བཟུང་བར་དཀའ། །སེམས་སྐྱོ་བ་བསྐྱེད་ལ་རི་ཁྲོད་འགྲིམས། །གསུངས། དེས་ན་བླ་མའི་བཀའ་བཞིན་ཚེ་འདིར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཕྱིར་རི་ཁྲོད་དབེན་པ་བརྟེན་ལ་རྩེ་གཅིག་ཏུ་བསྒོམ་པར་བྱའོ་སྙམ་ནས་རི་ཁྲོད་ཅིག་ཏུ་གོམ་པ་བདུན་ཙམ་སྤོས་ཀྱང་བསོད་ནམས་དཔག་ཏུ་མེད་པ་ཐོབ་སྟེ། ཏིང་འཛིན་རྒྱལ་པོ་ལས། རབ་ཏུ་བྱུང་ནས་ཆོས་སྤྱོད་ཅི་འདྲ་བ། །ཟས་དང་སྐོམ་དང་དེ་བཞིན་གོས་རྣམས་དང་། །མེ་ཏོག་སྤོས་དང་ཕྲེང་བ་རྣམས་ཀྱིས་ནི། །ཐུབ་མཆོག་རྒྱལ་ལ་བསྙེན་བཀུར་བྱས་མི་འགྱུར། །གང་ཞིག་བྱང་ཆུབ་རབ་ཏུ་འདོད་བྱེད་ཅིང་། །འདུས་བྱས་ངན་ལ་ཡིད་འབྱུང་སེམས་ཅན་གྱི། །དོན་དུ་དགོན་པར་ཕྱོགས་ཏེ་གོམ་བདུན་བོར། །འདི་ནི་དེ་བས་བསོད་ནམས་ཁྱད་པར་འཕགས། །
ཞེས་དང་། འཇམ་དཔལ་ཞིང་བཀོད་ཀྱི་མདོ་ལས། བྱང་སེམས་ཁྱིམ་པ་གང་གིས་གངྒཱའི་ཀླུང་གི་བྱེ་མ་སྙེད་ཀྱི་སངས་རྒྱས་དགེ་སློང་དགེ་འདུན་དང་བཅས་པ། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་རྙེད་དུ་མགུ་བའི་ཡོ་བྱད་ཐམས་ཅད་ཀྱིས་མཆོད་པ་བས། བྱང་སེམས་རབ་བྱུང་གིས་དབེན་པ་འདོད་དེ་དགོན་པར་གོམ་པ་བདུན་བོར་ན་བསོད་ནམས་ཆེས་ཆེ་བར་གསུངས། །ཞེས་དང་། ཟླ་བ་སྒྲོན་མེའི་མདོ་ལས། བསྐལ་པ་གངྒཱའི་ཀླུང་གི་བྱེ་མ་རྙེད་དུ་ཚུལ་ཁྲིམས་བསྲུངས་པ་བས། བླ་ན་མེད་པའི་བྱང་ཆུབ་སྒྲུབ་པའི་དོན་དུ་དགོན་པའི་ཕྱོགས་སུ་གོམ་པ་བདུན་བོར་བ་བསོད་ནམས་ཆེ་གསུངས། མདོ་གཞན་ལས་ཀྱང་། དགོན་པ་བསམ་ནས་གོམ་པ་བདུན་བོར་བ། །དེ་ནི་ས་བདུན་བར་དུ་འཕགས་པར་འགྱུར། །ཞེས་གསུངས། དབེན་པར་བསྡད་ནས་ཉམས་ལེན་བྱས་ན་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་པར་འགྱུར་ཏེ། དཀོན་མཆོག་བརྩེགས་པ་ལས། སྔོན་གྱི་སངས་རྒྱས་འཇིག་རྟེན་མགོན། གང་དུ་མྱ་ངན་འདས་གྱུར་པ། །ཀུན་གྱིས་དགོན་པ་རབ་དབེན་དུ། །བླ་མེད་བྱང་ཆུབ་འཐོབ་པར་གྱུར། །ཅེས་དང་།
ཟླ་བ་སྒྲོན་མེའི་མདོ་ལས། རྒྱལ་སྲིད་མཆིལ་མའི་ཐལ་བ་བཞིན་སྤངས་ནས། །དབེན་པ་འདོད་དེ་དགོན་པར་གནས་བྱེད་པ། །ཉོན་མོངས་སྤངས་ནས་བདུད་ནི་བཅོམ་ནས་སུ། །བྱང་ཆུབ་རྡུལ་མེད་འདུས་མ་བྱས་འཚང་རྒྱ། །ཞེས་དང་། གྲུབ་ཆེན་རྒ་ལོས། མ་འདུག་དགོན་པར་སོང་། །ཐར་པ་དགོན་ན་འདུག །ཟླ་བ་སྒྲོན་མེ་བདེན། །འདི་གཞན་ངས་མ་ཤེས། ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། སྔོན་གྱི་རྒྱལ་བའི་ཡོན་ཏན་དང་། །གྲུབ་ཐོབ་གོང་མའི་ཡོན་ཏན་ཡང་། །དབེན་པ་བརྟེན་ནས་བྱུང་བར་གསུངས། །ཞེས་དང་། རྗེ་མི་ལས། བུ་གཅིག་གསོན་དང་རས་ཆུང་པ། །ཁྱོད་ཡུལ་ཆགས་སེམས་སྤངས་ནས་ནི། །རི་ཁྲོད་དགོན་པ་འགྲིམས་ནུས་ན། །རྩོལ་མེད་དངོས་གྲུབ་ཤུགས་ལས་འབྱུང་། །གསུངས། སྐྱབས་མགོན་རྒྱལ་དབང་ལྔ་པ་རིན་པོ་ཆེའི་ཞལ་ནས། ཆོས་བརྒྱད་འཁྲུལ་པའི་སྣང་བ་བཀྲག་པོ་ཆེ། །སྒྱུ་མས་ཉེར་སྤྲུལ་རྟ་གླང་ལྟར་རིག་ནས། །བས་མཐར་གཅིག་ཏུ་བྱང་ཆུབ་སྒྲུབ་གཞོལ་ན། །དུས་གསུམ་རྒྱལ་བ་དགྱེས་བསྐྱེད་མཆོད་པའི་གཙོ། །
གསུངས། སློབ་དཔོན་ས་འཚོ་སྦྱིན་གྱིས། ནགས་ཚིག་པ་ཡི་བྱ་དང་འདྲ་བར་སྡུག་བསྔལ་བརྒྱ་ཡི་གཞིར་གྱུར་པའི། །ཁྱིམ་གང་ཡིན་པ་ཡོངས་སུ་སྤངས་ནས་ནགས་སུ་འགྲོ་བྱེད་པ། །དེ་ནི་སྲིད་པའི་གཏིང་རབ་བསལ་བ་འགྲོ་བ་ཀུན་གྱི་མགོན། །སངས་རྒྱས་རབ་ཏུ་མཉེས་པར་བྱེད་པ་ཡིན་ཞེས་དེ་སྐད་གྲགས། །ཞེས་དང་། བྱེ་ཚང་པ་རིན་ཆེན་དཔལ་འབྱོར་གྱིས། གྲུབ་ཐོབ་གོང་མ་རྣམས་ཀྱིས་ཀྱང་ཚེ་འདིའི་རེ་ལྟོས་བཅད། རི་ཡི་བུ་བྱས། ན་བུན་གོས་སུ་གྱོན། བྲག་ཕུག་ཞྭ་ལྟར་གྱོན། སྐྱིད་སྡུག་གི་རྩིས་གདབ་ཐམས་ཅད་ལིངས་ཀྱིས་བསྐྱུར་ནས་ཕྱོགས་མེད་ཀྱི་རི་ཁྲོད་དུ་ཐུགས་དམ་མཛད་པས་གྲུབ་པ་བརྙེས་པ་ཡིན་གསུངས། རྗེ་རྒོད་ཚངས་པས། བླ་མ་ལ་མོས་གུས་ཐོབ། གདམས་པ་ལ་ངེས་ཤེས་སྐྱེས། ཕྱག་རྒྱ་ཆེན་པོ་ལ་རྡོ་རུས་ཐུག་ནས། ཚེ་འདི་བློས་ཐོངས་པ་ཞིག་གིས་རི་ཁྲོད་འགྲིམ་ན་ཁྲིད་ཐམས་ཅད་ཀྱི་དགོངས་པ་རྒྱུད་ལ་འཆར་གསུངས། དེས་ན་གཡུ་དང་གསེར་གྱི་མདངས་འཛིན་སྤང་རི་མཐོན་པོའི་སྟེང་ཕྱོགས་བཻཌཱུརྻ་ཡི་མདངས་འཛིན། འཆི་མེད་ལྷ་ལམ་ཡངས་པ་ན་དྲི་མེད་དུང་མདོག་སྤྲིན་དཀར་
ཡར་གྱེན་དུ་འཕྱུར་ནས་གདུགས་ལྟར་མཛེས་ཤིང་། ངོ་མཚར་ལྷ་ཡི་སྤྱན་གཟིགས་ལྟར་གཟི་བརྗིད་འོད་ཟེར་འཕྲོ་བའི་ཉི་ཟླ་སྐར་གསུམ་ཤར་བ། རི་རྩེ་ཕྲག་གོང་ན་ལྷའི་དབུ་རྒྱན་སྙན་རྒྱན་ལྟར་རབ་དཀར་གངས་ཡར་སྤུངས་པ་དང་མར་བཤམས་པ། དངུལ་གྱི་མདོག་འདྲ་སྨུག་པས་རྐེད་བཅིངས་དོ་ཤལ་ལྟར་གནས་པ་དང་། ལོ་མ་མེ་ཏོག་འབྲས་བུ་ཡོངས་མཛེས་ལྗོན་ཤིང་སྣ་ཚོགས་མུ་མེན་མུ་ཏིག་གི་དྲྭ་བ་དྭ་ཕྱེད་ལྟར་བྲེས་པ། ལྷའི་ཡན་ལག་བརྒྱད་ལྡན་གྱི་ཆུ་དང་མཚུངས་པའི་རྫ་ཆུ་བསིལ་བས་གཙང་གཙང་འཐུངས་འཐུངས་ཟེར་བ་བཞིན་སི་ལི་ལི་ལྷུང་ལྷུང་ལྷུང་སྒྲ་སྙན་མོ་སྒྲོག་བཞིན་འབབ་པ། འཆི་མེད་ལྷ་ཡི་འདུན་ས་དང་མཚུངས་པའི་སྤང་གཤོངས་བདེ་འཇམ་ཡངས་པར་མགོ་རྒྱན་འཛིན་པའི་ལྷའི་བུ་མོ་ལས་མདོག་མཛེས་མེ་ཏོག་སྣ་ཚོགས་ཀྱིས་རྩེ་དགའ་རྒོད་ཅིང་། དར་གོས་གྱོན་པའི་ལྷའི་བུ་ལས་གཟུགས་མཛེས་སྐད་སྙན་པའི་སྦྲང་བུ་མང་པོས་རྒྱང་གླུ་རིང་པོ་འཐེན་པ་གཡས་གཡོན་དུ་འཁོར་ནས་དགའ་བའི་གར་བྱེད་པ། ལྷའི་དཔག་བསམ་ལྗོན་ཤིང་དང་མཚུངས་པའི་སྔོ་ལྗང་ལྗོན་ཤིང་རྩེ་ན་ལྷ་
བྱ་ཁུ་བྱུག་འཇོལ་མོ་ལ་སོགས་བྱ་བྱིའུ་སྣ་ཚོགས་ཀྱིས་སྐད་སྙན་པ་སྒྲོག་བཞིན་དགའ་ཞིང་འཕྱོ་ལ་ལྡིང་བ། ལྷའི་འདོད་འཇོའི་བ་མོ་ཉལ་ལྡང་འགྲོ་བ་བཞིན་མདུན་གྱི་གཡས་གཡོན་ན་རི་དྭགས་དུ་མ་བག་ཕེབས་པར་རྒྱུ་ཞིང་ཕན་ཚུན་རྩེ་བ་ལ་སོགས་པ། མིག་མཛེས་རྣར་སྙན་ཡིད་འབབ་ཀྱི་ངོ་མཚར་མཐའ་ཡས་པ། བདེ་ལྡན་ལྷའི་ཡུལ་ལས་ལྷག་པའི་རི་ཁྲོད་དབེན་པའི་བསིལ་གྲིབ་དུ་གཅིག་པུར་དྲང་སྲོང་སྤྱོད་ཚུལ་གྱིས་གནས་པའི་མི་དེ་ལས་སྐྱིད་པ་ཞིག་འཇིག་རྟེན་གྱི་ཁམས་འདི་ན་ཡོད་པ་མ་ཡིན་ཏེ། རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། ཁྱེད་དབེན་པའི་རི་ལ་ཡིད་སྤྲོ་ན། །རི་ན་བུན་ཅན་གྱི་སྐྱིབ་ཤེད་ན། །གཡའ་རྫ་བྲག་གི་ཕུག་པ་རང་བྱུང་ཡོད། །གནས་དེ་འདྲ་བརྟེན་ན་འཕྲལ་ཕུགས་སྐྱིད། །ཁྱེད་དབེན་པའི་ནགས་ལ་ཡིད་སྤྲོ་ན། །ནགས་སྔོ་ལྗང་རྒྱས་པའི་ཁྲོད་ཅིག་ན། །ཤིང་ལྗོན་པའི་ལོ་མའི་བསིལ་ཁང་ཡོད། །གནས་དེ་འདྲ་བརྟེན་ན་དགའ་སྤྲོ་འཕེལ། །ཁྱོད་དབེན་པའི་གངས་ལ་ཡིད་སྤྲོ་ན། །གངས་དཀར་པོ་རི་ཡི་མགུལ་ཞིག་ན། །རང་གཅིག་པུར་སྡོད་སའི་སྒྲུབ་ཕུག་ཡོད། །གནས་དེ་འདྲ་བར་རྟེན་ན་དགེ་སྦྱོར་འཕེལ། །
ཁྱེད་དབེན་པའི་སྤང་ལ་ཡིད་སྤྲོ་ན། །སྤང་མེ་ཏོག་བཀྲ་བའི་ལྗོངས་ཤིག་ན། །རྩྭ་ལྗང་སྔོན་སྤྱིལ་ཆུང་ཉམས་དགའ་ཡོད། །གནས་དེ་འདྲ་བརྟེན་ན་ངང་གིས་བདེ། །ཁྱེད་དབེན་པའི་བྲག་ལ་ཡིད་སྤྲོ་ན། །བྲག་རྒོད་ཚང་ཅན་གྱི་ངོས་ཤིག་ན། །སྐྱིབས་རབ་མཛེས་ཕུག་པ་རང་གྲུབ་ཡོད། །གནས་དེ་འདྲ་བརྟེན་ན་རིག་པ་དྭངས། །ཁྱེད་དབེན་པའི་རྫ་ལ་ཡིད་སྤྲོ་ན། །རྫ་ཕྲ་མོ་སྤུངས་པའི་ཁྲོད་ཅིག་ན། །འཕྲལ་རྣམ་གཡེང་མེད་པའི་ཕུག་པ་ཡོད། །གནས་དེ་འདྲ་བརྟེན་ན་ཅི་བསམ་འགྲུབ། །ཁྱེད་དབེན་པའི་གཡའ་ལ་ཡིད་སྤྲོ་ན། །གཡའ་སྒོ་ལེབ་བརྩེགས་འདྲའི་འོག་ཤེད་ན། །སྤྲང་སྒོམ་ཆུང་སྡོད་སའི་རྡོ་ཁང་ཡོད། །གནས་དེ་འདྲ་བརྟེན་ན་ངང་གིས་དལ། །ཁྱེད་དབེན་པའི་གྲོགས་ལ་ཡིད་སྤྲོ་ན། །གྲོགས་བྱ་དང་རི་དྭགས་བལྟས་པའི་ཚེ། །འཕྲལ་རྣར་སྙན་ཡིད་དགའི་ལྟད་མོ་ཡོད། །གྲོགས་དེ་འདྲ་བརྟེན་ན་ཉམས་རེ་དགའ། །ཁྱེད་དབེན་པའི་མཚོ་ལ་ཡིད་སྤྲོ་ན། །མཚོ་རྦ་རླབས་ཅན་གྱི་ངོགས་ཤེད་ན། །ཆུ་ལྷུང་ལྷུང་སྐད་སྙན་འབྱིན་པ་ཡོད། །གནས་དེ་འདྲ་བརྟེན་ན་རྒྱུན་མར་སྤྲོ། །ཁྱེད་དབེན་པའི་ཟས་
ལ་ཡིད་སྤྲོ་ན། །ཟས་རང་གྲུབ་ཤིང་ཏོག་ཟ་ཚོད་ལ། །བཅུད་མྱངས་ན་ཞིམ་པའི་བྲོ་བ་ཡོད། །ཟས་དེ་འདྲ་བརྟེན་ན་ངོ་མཚར་ཆེ། །ཁྱེད་དབེན་པའི་གླུ་ལ་ཡིད་སྤྲོ་ན། །གླུ་རང་གི་རྒྱུད་ལ་ཕན་པ་ལ། །དུས་གསུམ་དུ་བསྒོས་པའི་བག་ཆགས་ཡོད། །གླུ་དེ་འདྲ་བླངས་ན་ངོ་མཚར་ཆེ། །གསུངས། ཀློང་ཆེན་རབ་འབྱམས་པས། དབེན་ཞིང་ཉམས་དགའ་རིག་པ་དྭངས། །སྨན་ལྗོངས་ནགས་དང་གངས་རིས་མཛེས། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །ཕུག་དང་བྲག་རིའི་ཁང་བཟང་ན། །སྨན་ཤིང་མེ་ཏོག་འབྲས་བུས་བརྒྱན། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །རྩ་དང་ལོ་མའི་ཁང་བཟང་དང་། །ཆུ་གཙང་ཡན་ལག་བརྒྱད་ལྡན་འབབ། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །ཡིད་འོང་བུང་བས་སྙན་སྒྲོག་ཅིང་། །བྱ་དང་རི་དྭགས་མང་པོས་གང་། །རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །ངང་གིས་ཆོས་འཕེལ་རིག་པ་དྭངས། །དུས་བཞིའི་འགྱུར་བས་བློ་སྣ་སྟུང་།
རི་ངོགས་དབེན་པར་སྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །དགྲ་གཉེན་གང་དང་མ་འབྲེལ་བས། །ཆགས་སྡང་ཟག་པ་ངང་གིས་མེད། །ཆེ་ཆུང་གང་དང་མ་འབྲེལ་བས། །ངོ་སྲུང་སེམས་འཛིན་སྡུག་བསྔལ་མེད། །སྐྱེ་བོ་གཞན་དང་མ་འབྲེལ་བས། །ཟོག་དང་ཚུལ་ཆོས་ངང་གིས་མེད། །གཅིག་པུར་རང་དབང་ཆོས་དབང་ཐོབ། །སུས་ཀྱང་ཚེ་འདིར་འཆིང་མཁན་མེད། །འཇིག་རྟེན་རྣམ་གཡེང་འདུ་འཛི་མེད། །ཆགས་སྡང་ཉོན་མོངས་ངང་གིས་འགྲིབ། །སྤྱོད་ལམ་དུས་དྲུག་ཐམས་ཅད་དུ། །ཉིན་མཚན་རྟག་ཏུ་ཆོས་ཀྱིས་འདའ། །མི་རྟག་འཆི་བ་རྗེས་སུ་དྲན། །དད་དང་ངེས་འབྱུང་སྐྱོ་ཤས་སྐྱེ། །ཚེ་འདིའི་ཆོས་དང་རྒྱང་བསྲིངས་པས། །རྟག་ཏུ་བྱ་རྒྱུ་ཆོས་ལས་མེད། །རྟག་ཏུ་ཆོས་ལ་དམིགས་པའི་ཕྱིར། །སྤྱོད་ལམ་ཐམས་ཅད་དགེ་བར་འགྱུར། །མཁས་གྲུབ་བླ་མ་མཆོག་ལ་བསྟེན། །རྟག་པར་ཆོས་མཛད་གྲོགས་དང་འགྲོགས། །སྙིང་ནས་མོས་གུས་གདུང་སེམས་སྐྱེ། །བླ་མ་མཁའ་འགྲོས་བྱིན་གྱིས་རློབས། །རྟག་ཏུ་སྒྲུབ་པ་སྙིང་པོར་བྱེད། །ཉམས་དང་རྟོག་པ་ངང་གིས་
འཆར། །བྱས་པ་གཅིག་ཏུ་དོན་ཆེ་བ། །མི་ལུས་རིན་ཆེན་དོན་དང་བཅས། །ཚེ་འདིར་བདེ་སྟེ་ཕྱི་མའང་བདེ། །གཏན་དུ་བདེ་ལ་སྤྱོད་པ་ཡིན། །གསུངས། རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས། འདུ་འཛིའི་དབེན་པའི་ས་འཛིན་མཐོན་པོའི་ངོས། །སྤང་ལྗོངས་ནགས་ཚལ་མེ་ཏོག་ཁོར་ཡུག་ཅན། །རྡོ་བའི་སྤྱིལ་ཆུང་རང་བྱུང་ཁང་བུ་རུ། །གྲིབ་མ་གཉིས་པའི་གྲོགས་དང་ལྷན་ཅིག་པར། །ལྷུང་ལྷུང་དལ་གྱིས་འབབ་པའི་ཉལ་འགྲོ་དང་། །བག་ཕེབས་རི་དྭགས་རྒྱུ་བའི་སྐད་གཉིས་ལས། །གཞན་དུ་དུག་གསུམ་བསྐྱེད་པའི་ལོང་གཏམ་གྱི། །བསམ་གཏན་ཚེར་མའི་བྱེད་པོ་དམིགས་སུ་མེད། །ཕྱག་དར་ཁྲོད་པའི་གོས་དང་བསོད་སྙོམས་ཀྱིས། །ཉེར་འཚོ་དཀོར་ནག་དུག་ཆུས་མ་སྦགས་པར། །རྣམ་དཀར་དགེ་ལ་བསྐུལ་ནུས་ལུས་ངག་ཡིད། །གཏན་གྱི་བདེ་སྒྲུབ་འདུན་མའི་ཡང་རྩེར་སོན། །ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱི་ཞལ་ནས། ཉམས་དགའ་དྭངས་བ་འདྲེན་པའི་གནས། །འདུ་འཛིའི་དབེན་པའི་རི་སུལ་ན། །དགེ་བ་སྤོས་ཆུས་བརླན་པ་ལས། །སྤོས་ངད་དྲི་བཟང་ཆིལ་ལི་ལི། །མཐའ་དབུས་
མེད་པའི་མཁའ་དབྱིངས་སུ། །བྱ་རྒོད་གཤོག་རྩལ་སྒོར་རོ་རོ། །དྲི་ཞིམ་ཚང་ཚིང་སྟུག་པོའི་ཁྲོད། །ལྷ་བྱ་སྐད་སྙན་ཀྱུ་རུ་རུ། །མདངས་ལྡན་མེ་ཏོག་གེ་སར་རྩེར། །བུང་བ་གླུ་ལེན་དི་རི་རི། །ནེའུ་གསིང་སྔོན་པོའི་སྨན་ལྗོངས་སུ། །རི་དྭགས་བང་རྩལ་ཤ་ར་ར། །འོད་གསལ་ཉི་ཟླའི་སྒྲོན་མ་ལས། །དྲི་མེད་འོད་ལྡན་གསལ་ལ་ལ། །ཆུ་འཛིན་དཀར་པོའི་གདུགས་མཛེས་ལས། །འཇའ་ཚོན་རི་མོ་ཡ་ལ་ལ། །ན་བུན་དར་དཀར་བཀྲམ་པ་ལས། །ཟིམ་པའི་སྦྲང་ཆར་སི་ལི་ལི། །རབ་དཀར་རྡོ་ཡི་འབབ་སྟེགས་ལས། །ངང་པའི་ཆུ་རྒྱུན་ཁྲོ་ལོ་ལོ། །དྲི་བཞོན་དལ་བུར་ལྡང་བ་ཡི། །ལྗོན་ཤིང་ལོ་འདབ་ཁྲིལ་ལི་ལི། །དེ་ལྟར་ངོ་མཚར་མཐའ་ཡས་ཤིང་། །མཚན་ཉིད་ཐམས་ཅད་ཚང་བའི་གནས། །ཡིད་འོང་དབེན་པའི་རི་ཁྲོད་ན། །སྣང་སྟོང་སྒྱུ་མའི་ཟློས་གར་མཁན། །གང་ཤར་རང་གྲོལ་རྣལ་འབྱོར་པ། །སྙོམས་ལས་མལ་དུ་ཉལ་ཉལ་ནས། །འཁོར་བའི་གནས་ཚུལ་བསམ་པའི་ཚེ། །གང་ལའང་སྙིང་པོ་མི་འདུག་པས། །རྣལ་འབྱོར་མི་ལའི་རྣམ་ཐར་དེ། །ཁ་ཙམ་མིན་པར་སྐྱོང་སྙིང་འདོད། །
གསུངས། རྗེ་མི་ལའི་ཞལ་ནས། མེ་ཏོག་སྣ་ཚོགས་སྐྱེས་པའི་གནས། །ལྗོན་ཤིང་གར་སྟབས་བྱེད་པའི་ས། །འཇོལ་མོས་གསུང་སྙན་སྒྲོག་པའི་རི། །སྤྲ་སྤྲེའུ་ཡང་རྩལ་སྦྱོང་བའི་ས། །དེ་ལྟ་བུ་ཡི་དབེན་གནས་སུ། །གཅིག་པུར་འདུག་ན་བདེ་བ་སྟེ། །འདུ་འཛི་སྤངས་ན་ཡོངས་སུ་བདེ། །ཞེས་དང་། ཡང་། མེ་ཏོག་སྣ་ཚོགས་སྐྱེས་པའི་ཡུལ། ཤིང་རྣམས་གར་སྟབས་བྱེད་པའི་ཁྲོད། །བྱ་སྐད་སྣ་ཚོགས་སྒྲོག་པའི་གླིང་། །སྤྲ་སྤྲེའུ་ཡང་རྩལ་སྦྱོང་བའི་ས། །དེ་ལྟ་བུ་ཡི་དབེན་གནས་སུ། །གཅིག་པུར་རི་ཁྲོད་འགྲིམས་པས་བདེ། །བླ་མ་སྤྱི་བོར་བསྒོམས་པས་བདེ། །གཏུམ་མོའི་བདེ་དྲོད་རང་འབར་བདེ། །སྒྱུ་ལུས་ཆོས་བརྒྱད་རང་གྲོལ་བདེ། །རྨི་ལམ་འཁྲུལ་པ་རང་སངས་བདེ། །འོད་གསལ་མ་རིག་མུན་བྲལ་བདེ། །འཕོ་བ་མ་བསྒོམ་སངས་རྒྱས་བདེ། །བར་དོ་ཆིག་ཆོད་འོང་ན་བདེ། །ཟག་མེད་བདེ་ཆེན་དབྱིངས་ན་བདེ། །ང་དེ་ལྟར་བདེ་བའི་ཕ་རྒན་ལ། །ཤིང་ཏོག་ཞིམ་མངར་ཆ་རྒྱུས་ཡོད། །རྫ་ཆུ་གྲང་དྲོའི་ཆ་རྒྱུས་ཡོད། །དོན་དེ་ལ་སོམས་ལ་གོ་བ་ལོངས། །ཞེས་དང་། ཨེ་མ་རི་ཁྲོད་དབེན་པའི་གནས། །
རྒྱལ་བས་བྱང་ཆུབ་བརྙེས་པའི་ས། །གྲུབ་ཐོབ་རྣམས་ཀྱིས་བཞུགས་པའི་ཤུལ། །མི་ང་རང་གཅིག་པུར་འདུག་པའི་ཡུལ། །བྲག་དམར་མཆོང་ལུང་ཁྱུང་གི་རྫོང་། །སྟེང་ན་ལྷོ་སྤྲིན་འཁོར་མ་འཁོར། །འོག་ན་གཙང་ཆབ་གྱ་མ་གྱུ། །བར་ན་རྒོད་པོ་ལང་མ་ལིང་། །རྩི་ཤིང་སྣ་ཚོགས་བན་མ་བུན། །ལྗོན་ཤིང་གར་སྟབས་ཤིགས་སེ་ཤིག །བུང་བ་གླུ་ལེན་ཁོ་རོ་རོ། །མེ་ཏོག་དྲི་ངད་ཆིལ་ལི་ལི། །བྱ་རྣམས་སྐད་སྙན་ཀྱུ་རུ་རུ། །དེ་འདྲའི་བྲག་དམར་ཁྱུང་ལུང་ན། །བྱ་དང་བྱིའུ་གཤོག་རྩལ་སྦྱོང་། །སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་། །རི་དྭགས་སྣ་ཚོགས་བང་རྩལ་སྦྱོང་། །ང་མི་ལ་རས་པ་ཉམས་རྩལ་སྦྱོང་། །ཉམས་རྩལ་བྱང་ཆུབ་སེམས་གཉིས་སྦྱོང་། །ཞེས་དང་། དབེན་གནས་རྐྱང་ཕན་ནམ་མཁའ་རྫོང་། །ནམ་མཁའ་རྫོང་གི་ཕོ་བྲང་ན། །སྟེང་ན་ལྷོ་སྤྲིན་སྨུག་པོ་འཐིབ། །འོག་ན་གཙང་ཆབ་སྔོན་མོ་འབབ། །རྒྱབ་ན་བྲག་དམར་ནམ་མཁའི་དབྱིངས། །མདུན་ན་སྤང་རི་མེ་ཏོག་བཀྲ། །ཟུར་ན་གཅན་གཟན་ངར་སྐད་འདོན། །ལོག་ལ་བྱ་རྒྱལ་རྒོད་པོ་ལྡིང་། །མཁའ་ལས་སྦྲང་ཆར་ཟིམ་
བུར་འབབ། །རྒྱུན་དུ་བུང་བས་གླུ་དབྱངས་ལེན། །ཤ་རྐྱང་མ་བུ་རྩེ་བྲོ་བརྡུང་། །སྤྲ་དང་སྤྲེའུ་ཡང་རྩལ་སྦྱོང་། །ལྕོག་ག་མ་བུ་འགྱུར་སྐད་མང་། །ལྷ་བྱ་གོང་མོས་གླུ་དབྱངས་ལེན། །རྫ་ཆབ་བསིལ་མས་སྙན་པ་བརྗོད། །དུས་ཀྱི་སྐད་རིགས་ཉམས་ཀྱི་གྲོགས། །གནས་འདིའི་ཡོན་ཏན་བསམ་མི་ཁྱབ། །ཅེས་དང་། །མོན་རི་ཤིང་རི་བདེ་བའི་མཁར། །སྤང་རི་མེ་ཏོག་བཀྲ་བའི་ཡུལ། །ལྗོན་ཤིང་གར་སྟབས་བྱེད་པའི་གསེབ། །སྤྲ་སྤྲེའུས་རྩེད་མོ་རྩེ་བའི་ས། །བྱ་སྐད་སྣ་ཚོགས་སྒྲོག་པའི་གནས། །བུང་བ་ལང་ལིང་འཕུར་བའི་ས། །ཉིན་མཚན་མེད་པར་འཇའ་རིས་འཁྲུག །དབྱར་དགུན་མེད་པར་སྦྲང་ཆར་འབབ། །སྟོན་དཔྱིད་མེད་པར་ན་བུན་འཁྲིགས། །དེ་ལྟ་བུ་ཡི་དབེན་གནས་ན། །རྣལ་འབྱོར་མི་ལ་རས་པ་དང་། །སེམས་སྟོང་ཉིད་སྒོམ་པའི་འོད་གསལ་བདེ། །འཆར་སྒོ་མང་ན་ཤིན་ཏུ་བདེ། །ཞེས་དང་། །ཡོལ་མོ་སྟག་ཕུ་སེངྒེ་རྫོང་། །སྟག་མོ་ཡི་ངར་སྐད་སྐྱི་ཤ་ཚ། །དེས་དབང་མེད་སྐུ་མཚམས་དམ་དུ་བཅུག །སྟག་ཕྲུག་གི་རྩེད་འཕྱོ་སྙིང་རྗེ་སྐྱེ། །དེས་དབང་མེད་དུ་བྱང་སེམས་བསྒོམ་དུ་བཅུག །སྤྲེའུ་ཡི་
རྩི་སྒྲ་ཞེ་ལ་བཅག །དེས་དབང་མེད་དུ་སྐྱོ་ཤེས་སྐྱེ་རུ་བཅུག །སྤྲེ་ཕྲུག་གི་ཀུ་སྒྲ་རྒོད་སྙིང་འདོད། །དེས་དབང་མེད་དུ་སེམས་བསྐྱེད་སྒོམ་དུ་བཅུག །ཁུ་བྱུག་གི་སྐད་ཀྱི་ཡིད་སྐྱོ་སྐྱེ། །དེས་དབང་མེད་དུ་མཆི་མ་འཆོར་དུ་བཅུག །ལྕོ་ཀའི་འགྱུར་སྐད་རྣ་བར་སྙན། །དེས་དབང་མེད་དུ་རྣ་བ་ཉན་དུ་བཅུག །བྱ་རོག་གི་སྒྲ་སྐད་སྣ་ཚོགས་པ། །རྣལ་འབྱོར་འདུག་གྲོགས་སེམས་ལ་ཕན། །གནས་འདི་འདྲར་བསྡད་ན་ངང་གིས་སྐྱིད། །གྲོགས་གཅིག་ཀྱང་མེད་ན་དེ་བས་སྐྱིད། །ཅེས་དང་། བྱང་ཆུབ་རྫོང་གི་དབེན་གནས་འདི། །ཕུ་ན་ལྷ་བཙན་གངས་དཀར་མཐོ། །མདའ་ན་ཡོན་བདག་དད་ལྡན་མང་། །རྒྱབ་རི་དར་དཀར་ཡོལ་བས་བཅད། །མདུན་ན་དགོས་འདོད་ནགས་ཚལ་སྤུངས། །སྤང་གཤོངས་ནེའུ་གསིང་ཆེ་ལ་ཡངས། །དྲི་ལྡན་ཡིད་འོང་པདྨ་ལ། །རྐང་དྲུག་ལྡན་པའི་དར་དིར་ཅན། །རྫིང་བུ་ལྟེང་ཀ་ཆུ་ངོགས་ལ། །ཆུ་བྱ་མགྲིན་པ་བསྐྱོགས་ནས་བལྟ། །ལྗོན་ཤིང་རྒྱས་པའི་ཡལ་ག་ལ། །མཛེས་པའི་བྱ་ཚོགས་སྐད་སྙན་བསྒྱུར། །དྲི་བཞོན་སེར་བུས་བཏབ་པ་ལས། །རྐང་ཐུང་ཡལ་གས་
གར་སྟབས་བྱེད། །མཐོ་ཞིང་གསལ་བའི་ལྗོན་ཤིང་རྩེར། །སྤྲ་སྤྲེའུ་ཡང་རྩལ་སྣ་ཚོགས་བྱེད། །སྔོ་ལྗང་ཡངས་པའི་གསིང་མ་ལ། །རྐང་བཞིའི་དུད་འགྲོ་ཟས་ལ་བཀྲམ། །དེ་དག་སྐྱོང་བྱེད་རྫི་བོ་རྣམས། །གླུ་དང་གླིང་བུའི་སྐད་སྙན་བསྒྱུར། །འཇིག་རྟེན་སྲིད་པའི་ཁོལ་པོ་རྣམས། །ཟང་ཟིང་ལས་བྱེད་ས་གཞི་ཁྱབ། །དེ་ལ་ལྟ་བའི་རྣལ་འབྱོར་ང་། །ཀུན་གསལ་རིན་ཆེན་བྲག་སྟེང་ན། །སྣང་བ་མི་རྟག་དཔེ་རུ་འདྲེན། །འདོད་ཡོན་མིག་ཡོར་ཆུ་རུ་བསྒོམ། །ཚེ་འདི་རྨི་ལམ་སྒྱུ་མར་བལྟ། །མ་རྟོགས་པ་ལ་སྙིང་རྗེ་བསྒོམ། །ནམ་མཁའ་སྟོང་པ་ཟས་སུ་ཟ། །ཡེངས་པ་མེད་པའི་བསམ་གཏམ་བསྒོམ། །སྣ་ཚོགས་ཉམས་ལ་ཅི་ཡང་འཆར། །ཨེ་མ་ཁམས་གསུམ་འཁོར་བའི་ཆོས། །མེད་ཅིང་སྣང་བ་ངོ་མཚར་ཆེ། །ཞེས་དང་། སངས་རྒྱས་ཕལ་ཆེན་ལས། ཡུལ་ལྗོངས་ཐང་ཆེན་མི་སྣང་ཡང་། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །བས་མཐའ་དགོན་པ་རི་ཁྲོད་དག །རྟོག་པ་མེད་པས་བག་རེ་ཡངས། །མཁར་དང་གྲོང་ཁྱེར་མི་སྣང་ཡང་། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །བླ་གབ་མེད་པའི་ཁང་བཟང་དག །གཟའ་སྐར་རྒྱན་
ཅན་ཉམས་རེ་དགའ། །སྦྲ་གུར་ཡོལ་ཐབས་མི་སྣང་ཡང་། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །གངས་རི་སྨན་རི་གནས་ལྗོངས་ན། །ན་བུན་འཁྱུད་བསྐོར་བྲེ་རུ་ལེགས། །སྣང་ཞུགས་མར་མེ་མི་སྣང་ཡང་། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །ཉི་ཟླ་འོད་ཆེན་འབར་བ་དག །སྣང་དྲོ་བརྗིད་པ་འོད་རེ་གསལ། །བྲོ་གར་གླུ་ཐབས་མི་སྣང་ཡང་། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །ལྗོན་ཤིན་རླུང་གིས་བསྐྱོད་པ་ཡི། །གར་སྟབས་སྣ་ཚོགས་སྡེབ་རེ་ལེགས། །རོལ་མོ་སིལ་སྙན་མི་གྲགས་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །བྱ་བྲན་སྣ་ཚོགས་སྐད་འབྱིན་པ། །རོལ་མོ་སྣ་ཚོགས་དབྱངས་རེ་སྙན། །གོས་དང་ལྷབ་ལྷུབ་རྒྱན་མེད་ཀྱི། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །མུ་སྟེགས་མཚན་མ་སྤངས་པ་ཡི། །སྣམ་སྦྱར་བཀྲ་བ་རྒྱན་རེ་མཛེས། །ལས་ཀྱི་གཉེན་དང་མི་འགྲོགས་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །དགེ་བཤེས་ཆོས་ཀྱིས་བསྡུས་པ་ཡི། །དྲང་སྲོང་ཚོགས་རྣམས་གྲོགས་རེ་བཟང་། །བརྩེ་བའི་འཁོར་གཡོག་མི་མངའ་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །ལྷ་ཀླུ་གནོད་སྦྱིན་སྨན་ལ་
སོགས། །དགེ་བཤེས་ཚོགས་ཀྱི་འཁོར་རེ་རག །འཇིག་རྟེན་གཙུག་ལག་མ་སྦྱངས་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །རིག་པའི་གནས་ལྔར་བློ་སྦྱངས་པས། །མཁས་པའི་ཕུལ་བྱུང་རླབས་རེ་ཆེ། །གསེར་དང་ནོར་དབྱིག་མི་བདོག་པས། །དབུལ་ཞེས་གདུང་བ་མི་བསྐྱེད་ཀྱི། །ཟད་མི་ཤེས་པ་གཏེར་གྱི་མཆོག །འཕགས་པའི་ནོར་བདུན་ཚོགས་རེ་མང་། །བློན་འདྲ་རྒྱལ་ས་མ་བཟུང་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །རྒྱལ་ཐབས་བཅུ་པ་ཤཱཀྱའི་སྲས། །རིགས་སུ་གྱུར་པ་དཔང་རེ་མཐོ། །གཡོས་ལེགས་ཁ་ཟས་མི་བདའ་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །རྩ་བ་འབྲས་བུ་རང་བྱུང་ཟས། །ཡིད་བཞིན་བདའ་བ་ཁོང་དུ་ཞིམ། །སྣ་ཚོགས་ཆང་དག་མེད་དོ་ཞེས། །ཡིད་ལ་གདུང་བ་མི་བསྐྱེད་ཀྱི། །ཡན་ལག་བརྒྱད་ལྡན་གཙང་མའི་ཆུ། །ཀླུ་ཡིས་སྦྱར་བ་མགུལ་དུ་བདའ། །འདོད་པའི་ཡོན་ཏན་ཀུན་སྤངས་པས། །ལོག་པའི་ལོངས་སྤྱོད་མི་སྣང་ཡང་། །ཏིང་ངེ་འཛིན་གྱིས་རོལ་པ་ཡི། །དགེ་བའི་ལོངས་སྤྱོད་དཔེ་ཟླ་མེད། །རིན་པོ་ཆེ་ཡི་གཏེར་རྙེད་ན། །ཕྱིར་ཞིང་ལོངས་སྤྱོད་འཕེལ་བ་ལྟར། །དེ་བཞིན་བདེ་
བའི་འབྱུང་གནས་ཀྱི། །དགོན་པར་ཡུན་བསྲིངས་དགེ་བ་འཕེལ། །གཞན་ཡང་རི་དགོན་དབེན་པ་ཡི། །ནགས་ཚལ་དག་ལ་ཕར་བལྟས་ན། །དུས་བཞིའི་དབང་གིས་སྤྲུལ་པ་ཡི། །ལྗོན་ཤིང་དག་ལ་དགེ་བ་མངའ། །དཔྱིད་ཀའི་མྱུ་གུ་འཐོན་པ་དག །རྗེ་དཔོན་སྐྱོབ་པས་དྲངས་པ་བཞིན། །སོས་ཀའི་ལོ་འདབ་གཡོ་བ་དག །མི་སྲིང་བྱམས་པས་བསྡུས་པ་བཞིན། །དབྱར་གྱི་མེ་ཏོག་རྒྱས་པ་དག །མཛའ་བོ་མདུན་ན་རྒོད་པ་འདྲ། །སྟོན་གྱི་འབྲས་བུ་སྨིན་པ་དག །ཕྱག་ཚང་འདྲེན་མཁན་སྟོབས་པ་འདྲ། །དགུན་གྱི་ལྕུག་མ་གུད་པ་དག །སློབ་མ་དུལ་བ་ཕྱག་འཚལ་བཞིན། །དགུན་སྨད་ཤུན་པ་བཅོམ་པ་དག །སྲུང་མ་གོ་ཆ་གོན་པ་འདྲ། །ཕྱེ་ལེབ་སྤུ་སྡུག་འཁོར་ལྡིང་བ། །གཉེན་བཤེས་འཁོར་བ་ཚོགས་པའི་ཉམས། །གཞན་ཡང་དགོན་པའི་གཡས་གཡོན་ན། །འཇོལ་མོ་ནེ་ཙོས་སྒྲ་འབྱིན་ཅིང་། །བུང་བ་ན་ཆུང་གླུ་ཡང་ལེན། །རྨ་བྱ་ཕོ་མོ་གར་ཡང་རྩེ། གཡའ་རྡོ་འབབ་ཆུ་ལྷུང་ལྷུང་སྒྲོག །ཆབ་སྒྲ་ལྷུང་ལྷུང་སྒྲ་སྒྲོག་པ། །རྒྱལ་འཁོར་པ་ཡི་ལྷ་མོ་བཞིན། །གཟུགས་དང་སྒྲ་ཡིས་དགའ་བར་བྱེད། །
རྩི་ཐོག་དྲི་ཡིས་བགོས་པ་ཡི། །སེར་བུས་བསིལ་གཡབ་ཀུན་ནས་གཡོབ། །ཆུ་སྐྱེས་ཐང་སྐྱེས་མེ་ཏོག་ཀྱང་། །མདོག་སྡུག་དབྱིབས་ལེགས་ཀུན་ནས་བཀྲ། །ནགས་ཚལ་འབྲས་བུ་རྒྱས་པ་དང་། །སྨན་ལྗོངས་འབབ་ཆུར་བཅས་པ་ཡི། །དགོན་པ་དག་ན་གླུ་གར་དང་། །ཡིད་བཞིན་ལོངས་སྤྱོད་བརྗོད་མི་ལངས། །ཡུལ་གྱི་རྣམ་པ་ཀུན་བཟང་ཡང་། །དམིགས་པས་གཡེང་བར་མི་འགྱུར་བའི། །ཞི་བའི་དཔལ་བཞེད་གྲོགས་པོ་དག །རི་དགོན་དབེན་པར་འདོང་ངོ་གཤེགས། །གསུངས། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། དགྲ་མེད་གཉེན་མེད་རེ་མེད་དོགས་མེད་དུ། །ནགས་ཚལ་དབེན་ཞིང་ཚེགས་ཆུང་བདེ་སྐྱིད་པར། །ཆོག་ཤེས་བདུད་རྩིའི་དཔལ་ལ་ལོངས་སྤྱོད་ཅིང་། །མཐོང་ཆོས་བདེ་བའི་དགའ་སྟོན་མྱང་བར་བྱ། །འདུ་འཛི་གཡེང་བའི་ཆོམ་རྐུན་སྒྲིབ་པའི་ཕྱིར། །ལྷ་ཡི་བཟོ་བོས་ཆེད་དུ་བཅོས་པ་བཞིན། །ལྗོན་པ་བཟང་པོའི་ཕྲེང་བ་ཚར་དུ་དངར། །འདབ་སྟོང་གེ་སར་དྲི་བཟང་ཀུན་ཏུ་འཕྲོ། །གསེར་བུ་རྒྱུ་བའི་ཤུགས་ཀྱིས་བསྐྱོད་པ་ན། །ལྗོན་ཤིང་ཡལ་ག་གར་སྟབས་བྱེད་པ་ནི། །རྩེ་གཅིག་བསམ་གཏན་སྒོམ་
རྣམས་འདིར་བྱོན་ཞེས། །དགའ་བས་བསྐྱོད་ནས་གཡབ་མོ་བྱེད་པ་འདྲ། །འབབ་ཆུའི་ན་ཆུང་མུ་ཏིག་དོ་ཤལ་ཅན། །ལྷུང་ལྷུང་སིལ་སིལ་གླུ་དབྱངས་བརྒྱུད་མར་སྒྲོག །དབང་པོའི་གཞུ་ལྟར་བཀྲ་བའི་འདབ་མ་ཅན། །གཉིས་སྐྱེས་མགྲིན་པའི་དྲིལ་ཆུང་འཁྲོལ་བ་ནི། །དྲི་ཟའི་གླུ་དབྱངས་དག་ལ་འགྲན་པ་བཞིན། །སྦྲང་རྩིའི་དོག་པས་ལག་པ་བརྒྱན་པ་ཡི། །བུང་བའི་ན་ཆུང་འཕུར་ལྡིང་གར་སྟབས་དང་། །བཅས་ཏེ་རྒྱུད་མང་གླུ་ཡིས་ཐོས་འཛིན་སིམ། །གསོག་སྲུང་སྤངས་ཏེ་འཕྲལ་ལ་ཟས་ཚོལ་ཞིང་། །གཞན་ལ་མི་གནོད་རྩ་དང་ཆབ་ཀྱིས་འཚོ། །བསམ་གཏན་པ་ལ་ཆོག་ཤེས་སྟོན་འདྲ་ཡི། །བག་ཕེབས་རི་དྭགས་མགྲིན་པ་བསྐྱོགས་ནས་བལྟ། །སྲིད་དང་ཞི་བའི་མཐའ་ལ་མི་ལྟུང་ཕྱིར། །ཐབས་ཤེས་ཡང་རྩལ་སྦྱོངས་ཞེས་བསྐུལ་འདྲ་བའི། །སྤྲ་སྤྲེལ་ལྗོན་ཤིང་གཅིག་ནས་གཅིག་གི་རྩེར། །མཆོང་པའི་ཡང་རྩལ་སྦྱོང་བ་ལྟད་མོ་ཆེ། །ཡན་ལག་བརྒྱད་ལྡན་བདུད་རྩིའི་བཏུང་བ་དང་། །ཚོད་མའི་ཁྱད་པར་རྣམ་པ་མང་པོ་དང་། །མ་རྨོས་འཁྲུངས་པའི་འབྲས་བུ་སྣ་ཚོགས་པ། །བསྟི་གནས་ཉེ་
འཁོར་ཀུན་ཏུ་ཚར་དུ་དངར། །ཤུག་འབྲུས་འཚོ་བའི་བྱིའུའི་ཚོགས་རྣམས་ཀྱིས། །ཤིན་ཏུ་རྙེད་སླའི་ཁ་ཟས་འདི་འདྲ་བ། །ཡོད་བཞིན་གྲོང་ཁྱེར་མྱུལ་བས་ཅི་བྱ་ཞེས། །ཟུར་གྱིས་འདོམས་པའི་ཅ་ཅོ་རྣམས་མང་སྒྲོག །གཉིས་སྐྱེས་འགའ་ཞིག་ལྗོན་པའི་རྩེར་འཁོད་ནས། །ཀྱེ་ཀྱེ་མ་ཡེངས་མ་ཡེངས་རྩེ་གཅིག་སྒྲུབས། །དལ་བའི་གནས་སྐབས་འདི་འདྲ་རྙེད་དཀའ་ཞེས། །ཡང་དང་ཡང་དུ་བོས་ཏེ་སྐུལ་བར་བྱེད། །འབབ་ཆུ་སྐད་ཅིག་མི་སྡོད་རྒྱུག་པ་དང་། །ཆུ་འཛིན་ལང་ལིང་གཡོ་བའི་ཟློས་གར་དང་། །ལོ་མ་མེ་ཏོག་འབྲས་བུའི་འགྱུར་ལྡོག་གིས། །འདུས་བྱས་མི་རྟག་བསྟན་ཏེ་སྐུལ་བར་བྱེད། །གདོད་ནས་གྲུབ་པའི་བྱ་སྐྱིབས་ཕུག་པ་འམ། །ཟླ་བ་ནོར་བུའི་རྡོ་ལེབ་བརྩེགས་འདྲ་བའི། །རང་ཤོང་སྤྱིལ་བུར་ཆོག་ཤེས་བདེར་གནས་པ། །འདི་འདྲ་ལྷ་དབང་གིས་ཀྱང་རྙེད་པར་དཀའ། །རྟ་བདུན་དབང་པོ་ནུབ་ཀྱི་ས་འཛིན་རྩེར། །གོས་དམར་གྱོན་ཏེ་མི་སྣང་ལམ་ཞུགས་ཚེ། །དཀར་ཕྱོགས་ལྷ་ཡིས་ཆེད་དུ་བྱས་པ་བཞིན། །དགུང་སྔོན་བཻཌཱུར་སྔོན་པོའི་བླ་བྲེ་ལ། །མཁའ་འགྲོ་དཀར་པོའི་དོ་ཤལ་མཛེས་པར་བཀྲམ། །བསིལ་ཟེར་འོད་
འབར་སྒྲོན་མེ་ལྷག་པར་གསལ། །ནགས་ན་གནས་པའི་གཅན་གཟན་ཁྲོ་བོ་རྣམས། །བསམ་གཏན་པ་ལ་འཚེ་བ་བྱུང་དོགས་ནས། །ཕྱོགས་དང་ཕྱོགས་སུ་འཕྱོ་ཞིང་མེལ་ཚེ་བྱེད། །དེ་ལྟར་བགྲང་ཡས་ཡོན་ཏན་ལྡན་གྱུར་པ། །ལྷ་ཡི་དགའ་ཚལ་འདྲ་བའི་དབེན་གནས་སུ། །སྤྲ་བའི་འབོལ་ཆུང་བསམ་གཏན་སྟེགས་བུ་ལ། རྒྱལ་བ་རྣམ་སྣང་མཛད་ཀྱི་བཞུགས་སྟངས་ལྟར། །གནས་ཏེ་རྩེ་གཅིག་བསམ་གཏན་བསྒོམ་པར་བྱ། །ཞེས་གསུངས། སློབ་དཔོན་ཞི་བ་ལྷས་མཛད་པའི་སྤྱོད་འཇུག་ལས། སྐལ་ལྡན་ཟླ་འོད་ཙནྡ་གྱིས་བསིལ་བའི། །ཡངས་པའི་རྡོ་ལེབ་ཁང་བཟང་ཉམས་དགའ་བར། །སྒྲ་མེད་ཞི་བའི་ནགས་ཀླུང་གཡོ་བ་ཡི། །གཞན་ལ་ཕན་དོན་སེམས་ཞིང་འཆག་པར་བྱེད། །ཁང་སྟོང་ཤིང་དྲུང་ཕུག་དག་ཏུ། །གང་དུ་ཇི་སྲིད་འདོད་གནས་ཤིང་། །ཡོངས་འཛིན་སྲུང་བའི་སྡུག་བསྔལ་སྤངས། །ལྟོས་པ་མེད་པར་བག་ཡངས་སྤྱད། །རང་དབང་སྤྱོད་ཅིང་ཆགས་མེད་ལ། གང་དང་ཡང་ནི་འབྲེལ་མེད་པའི། །ཆོག་ཤེས་བདེར་སྤྱོད་གང་ཡིན་པ། །དབང་པོས་ཀྱང་ནི་རྙེད་པར་དཀའ།
ཞེས་དང་། སློབ་དཔོན་ཙནྡྲ་གོ་མིས་སློབ་མ་ལ་སྤྲིངས་ཡིག་ལས། ཟླ་བའི་དཀྱིལ་འཁོར་རྒྱས་པས་ཉེ་བར་བརྒྱན་བྱས་ཤིང་། །རྐེད་ཆིངས་ཆར་ཆེན་སྤྲིན་གྱིས་འཁྲིགས་པས་འཁྱུད་གྱུར་པ། །རི་རྩེ་ནགས་ཀྱི་མཐོངས་དེར་ཆགས་པ་མེད་པར་ནི། །རླུང་ལྟར་གཡོ་བའི་རང་བཞིན་ཚེ་གཏུགས་སྐལ་པ་ཆེ། །ནགས་མཐོངས་རི་དྭགས་དཀྱུ་བའི་ཚོགས་ཀྱིས་བརྟེན་བྱས་ལ། །ཀུན་ནས་ཉམས་དགའ་བཟང་པོ་དེ་ནི་སྐྱིད་པ་གང་། །དེ་ཅི་དགའ་བའི་ནགས་ཚལ་ལྷ་མིའི་ཉམས་བག་ཏུ། །ཐེལ་གྱིས་འབེབ་པའི་རྡོ་ལེབ་ཅན་ལ་ཡོད་འགྱུར་རམ། །ནགས་ཀླུང་ཆུ་གཙང་ངོགས་བདེ་དབེན་པར་སྐྱིད་པ་གང་། །དེ་ཅི་ལྷ་ཡི་བུ་མོ་དྲི་ཞིམ་བྱུག་པ་ཡི། །ལན་བུའི་རྒྱན་དུ་ཐོགས་པའི་རྒྱུན་ལྡན་མེ་ཏོག་ཐོགས། །མཛེས་པའི་ཟིལ་གནོན་ལྷ་ཡི་ཆུ་ལ་ཡོད་འགྱུར་རམ། །རྩ་བ་འབྲས་བུ་ཤུན་པ་ལོ་མ་ཕུན་སུམ་ཚོགས་པའི་ལྗོན་ཤིང་ལྡན། །ནགས་ཚལ་ལྟོས་མེད་རི་བོའི་ཆུ་རྒྱུན་བསིལ་འབབ་ཆགས་པ་མེད་པར་གནས། །ཆུ་ཀླུང་ཡངས་པའི་མཐའ་རྒྱུ་འབྲས་བུ་མེ་ཏོག་ལྷུང་བས་བརྒྱན་པ་ཡི། །ཉམས་དགའ་བས་མཐར་ཅི་ཞིག་བདེ་དེ་དམྱལ་དོང་ཁྱིམ་གྱིས་བསླུས་
ཏེ་སྡོད། །རི་སུལ་ཡངས་པར་སྐྱེ་བོ་བུན་ལོང་མེད་པས་རབ་བདེ་བ། །ཉེར་སྤྱོད་རྒྱ་ཆེན་ཁོར་ཡུག་ནགས་ཚལ་སྔོ་འཁྲུངས་ཕྲེང་བས་སྦྲེང་། །ཆུ་ངོགས་བསྙེན་པ་ཕུ་ཆུའི་རྒྱུན་སྒྲ་རྔ་ལྟར་སྙན་པ་ཡིས། །བདག་ཅག་ཉོན་མོངས་ཡུལ་མ་ཡིན་ཞེས་མགྲོན་ལ་སྒྲོག་པ་བཞིན། །ཞེས་དང་། སློབ་དཔོན་ས་འཚོ་སྦྱིན་གྱིས་དབེན་པའི་གཏམ་ལས། མཚན་མོ་ཟླ་བའི་སྣང་བ་རབ་གསལ་བའི། །སྐར་མའི་མེ་ཏོག་བཀྲམ་པ་ཉེར་མཆོད་པ། །དགོན་པ་བརྟེན་པའི་ཡིད་ནི་དེས་ཞི་བའི། །ལྷག་པར་དགའ་བ་དག་ནི་སྐྱེ་བར་འགྱུར། །གང་དུ་དགེ་སློང་དབེན་པའི་རྒྱུ་མཚན་གྱིས། །ཁ་ན་མ་ཐོ་མེད་པ་ཞི་འགྱུར་བདེ། །གང་དུ་ཡོ་བྱད་ཡང་དག་བརྟེན་ཆགས་པས། སེམས་ནི་སྣ་ཚོགས་ཕོངས་པས་གདུང་བར་འགྱུར། །ས་ཡི་རྡུལ་གྱི་གོས་པས་རི་དྭགས་དག །རྩྭ་དང་འདབ་མ་ཙམ་གྱིས་སྒྲུབ་བྱེད་ལྟར། །སེམས་ནི་དབེན་པར་གཞོལ་བ་འདོད་འགྱུར་གྱི། །གླིང་བཞིའི་ཕུན་ཚོགས་རྒྱ་ཆེན་དགའ་ལའང་མིན། །ཤིང་དྲུང་འབབ་ཆུ་བརྟེན་པའི་དཀའ་ཐུབ་དག །ཡོངས་སུ་འཛིན་པ་དག་ནི་རྣམ་སྤངས་ནས། །རང་སེམས་ཙམ་
དང་རབ་ཏུ་འབྲེལ་པ་ཡི། །བདེ་འབྱུང་གང་དེ་རྒྱལ་པོ་རྣམས་ལ་མེད། །ཅེས་དང་། ཞང་གཡུ་བྲག་མགོན་རིན་པོ་ཆེས། འཇག་སྤྱིལ་ལྷ་ཡི་གཞལ་ཡས་ཁང་། །མལ་ཆུང་ཨ་མོ་ལི་ཀའི་གདན། །རས་གོས་ཡངས་འཇམ་ལྷ་ཡི་གོས། །བསིལ་བུ་ལྷ་ཡི་བསིལ་གཡབ་སྟེ། །ནེའུ་སིང་ལྗང་ཁུ་ས་གཞིའི་རྒྱན། །ཉི་ཟླ་འོད་འབར་བར་སྣང་རྒྱན། །དེ་ལྟ་བུ་ཡི་རི་ཁྲོད་འདིར། །མི་ཆེན་གྱི་ཚུལ་འཆོས་བྱ་མི་དགོས། །ཁ་གསག་གཡོ་སྒྱུ་བགྱིད་མི་འཚལ། །ངོ་སྲུང་སེམས་ཁྲལ་བྱ་མི་དགོས། །གཞན་གྱི་སྡིག་རྟེན་བྱ་མི་དགོས། འགྲོ་འདུག་གི་སྡུག་བསྔལ་བྱ་མི་དགོས། །ཞེས་དང་། དྲན་པ་ཉེར་བཞག་ལས། གང་ཞིག་རྟག་ཏུ་ཡིད་ཞི་ཞིང་། །ཚལ་དུ་རྣལ་འབྱོར་བསམ་གཏན་པ། །དེ་དག་རྟག་པར་ཚལ་དུ་དགའ། །འདོད་པ་འཚོལ་བ་མ་ཡིན་ནོ། །ཚལ་རྣམས་སུ་ནི་སྒོམ་པའི་སེམས། །སྲོག་དག་དུ་ཡང་གཡོ་མི་འགྱུར། །དེ་ནས་རྟག་ཏུ་ཚལ་བརྟེན་བྱ། །གྲོང་ཁྱེར་གྱིས་ནི་གནོན་མི་འགྱུར། །མི་ཡི་འདོད་ཆགས་ལ་སོགས་ཡིད། །གྲོང་ཁྱེར་དག་ཏུ་རྣམ་པར་གཡེང་། །རྨོངས་པའི་མི་བརྟན་གཡེང་བ་དེ། །ཚལ་དུ་ཕྱིར་
ཞིང་དྭངས་པར་བྱེད། །གང་ཕྱིར་སྡིག་དང་བྲལ་བ་ཡི། །བྲལ་བས་ཡིད་ཀྱིས་བརྟེན་བྱ་སྟེ། །དེ་བས་མཆོག་ཏུ་ཞི་བའི་ཚལ། །རྣལ་འབྱོར་རྣམས་ཀྱི་གནས་ཆེན་ཡིན། །སེམས་དང་དབང་པོ་རབ་ཞི་བ། རྣལ་འབྱོར་སྙིང་ལ་དགའ་བ་གང་། །དེ་ནི་བརྒྱ་བྱིན་སྟོང་ཉིད་ཀྱིས། །ཤིན་ཏུ་དགའ་བ་མི་འགྱུར་རོ། །ཐམས་ཅད་དུ་ནི་རྣམ་བྱང་བ། །རྣལ་འབྱོར་པ་ཡིས་དགའ་མཐོང་གང་། །རྟག་ཏུ་འདོད་ཆགས་རྗེས་འགྲོ་བ། །འཐབ་བྲལ་བའང་དེ་མ་མཐོང་། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། མ་མཁའ་འགྲོ་མི་མེད་ས་ཆར་འབྱོན། །ཆོས་གང་བྱེད་དེ་ལ་མགོན་སྐྱབས་བྱེད། །དཔལ་ཆོས་སྐྱོང་སྲུང་མ་སྤྲིན་བཞིན་འདུ། །ཆོས་བྱེད་མཁན་དེ་ཡི་བར་ཆད་སྲུང་། །དགོང་ཉི་མ་ཟེར་ཟེར་བྱུང་ཙ་ན། །སྐྱོ་ཕྱེད་དེ་བློ་སྣ་ཐུང་ཐུང་འབྱུང་། །ནངས་སྔ་བར་ཡར་ལ་ལང་ཙ་ན། །ལྷ་བླ་མ་ཡི་དམ་ཝལ་ལེར་འཆར། །དགེ་སྒྲུབ་འདོད་ཀྱི་འདོད་པ་ལྷང་ལྷང་སྐྱེ། །ཆོས་གང་བྱེད་ཀྱི་འདུན་པ་བཏང་བཞིན་འགྲུབ། །སྡིག་ལྟུང་བའི་ཕྱོགས་ལ་འགྱོད་ཅིང་སྡོམ། །ཉིན་ཕལ་ཆེར་དགེ་སྦྱོར་བྱ་བས་འདའ། །མཚན་
གཉིད་ཆུང་དགེ་སྦྱོར་རིམ་པར་སྦྱོང་། །ལས་དེ་འདྲས་དལ་འབྱོར་དོན་ལྡན་བྱེད། །མི་དེ་ལ་སྐྱིད་པའི་ཉི་མ་འཆར། །ཞེས་གསུངས། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྐྱོན་གྱིས་གཟིངས་པ་མཐའ་ཡས་ལྡན་པའི་ཁྱིམ་སྤངས་རྟག་ཏུ་ནོར་མི་བལྟ། །ཡོན་ཏན་ལྡན་པ་ངེས་པ་དེ་དག་དགོན་པར་དགའ་ཞིང་དབང་པོ་ཐུལ། །དེ་དག་གང་དུ་བུ་མེད་རྣམས་དང་སྐྱེས་པ་རྣམས་དང་འདྲིས་མི་བྱེད། །བསེ་ལྟར་གཅིག་པུར་གནས་ཤིང་བསམ་པ་དྲི་མེད་དག་ལ་དྲི་མ་བྲལ། །དེ་དག་ཐོབ་པ་རྣམས་ཀྱིས་དགའ་བར་མི་འགྱུར་མ་ཐོབ་ཡིད་ནི་ཞུམ་པ་མེད། །འདོད་པ་ཆུང་སྟེ་ངན་ངོན་ཙམ་ལ་དགའ་ཞིང་སྒྱུ་དང་ཚུལ་འཆོས་སྤངས། །སེམས་ཅན་དོན་ཕྱིར་བརྩོན་འགྲུས་ཡིད་ལྡན་སྦྱིན་དང་དུལ་བ་ལ་ཡང་གནས། །སངས་རྒྱས་ཡེ་ཤེས་དོན་གཉེར་བསམ་གཏན་བརྩོན་འགྲུས་ཕ་རོལ་ཕྱིན། །ལུས་དང་དེ་བཞིན་སྲོག་ལ་མི་བལྟ་སྡུག་པའི་རྩ་ལག་རྣམས་སྤངས་ཏེ། །བསམ་པ་རྡོ་རྗེ་ལྟ་བུར་རབ་བརྟན་རྟག་ཏུ་བྱང་ཆུབ་ལམ་ལ་སྦྱོར། །ལུས་ནི་དུམ་བུ་དུམ་བུར་བཅད་ཀྱང་དེ་ཡི་སེམས་ལ་གཡོ་བ་མེད། །ཐམས་ཅད་མཁྱེན་ཉིད་རེ་བ་ཕྱིར་ཞིང་
བརྩོན་འགྲུས་ཤིན་དུ་བརྟན་ཅིང་རྩོམ། །ཞེས་དང་། ལྷོ་བྲག་མར་པའི་ཞལ་ནས། འཁོར་བ་ངུ་བྲོ་སྒྱིད་ལུགས་བསྐྱུར། །མི་མེད་ཀྱི་རྫ་བྲག་ཕ་ཡི་མཁར། །གྲོགས་མེད་གཅིག་པུ་ལྷ་ཡི་ཡུལ། །སེམས་ལ་སེམས་ཞོན་ཚད་མེད་རྟ། །རང་ལུས་དགོན་པ་ལྷ་ཡི་ཁང་། །ཡེངས་མེད་ཀྱི་དགེ་སྦྱོར་སྨན་གྱི་མཆོག །ཅེས་དང་། མི་མེད་ལུང་པའི་བྲག་ཕུག་ན། །འཁོར་འདས་བརྗེ་བའི་ཚོང་འདུས་ཡོད། །སྙིང་རུས་ལུས་ཀྱི་དགོན་པ་ལ། །ལྷ་བདེ་གཤེགས་འདུས་པའི་མཆོད་ཁང་ཡོད། །ནད་མེད་ཟྭ་ཡི་ཚོགས་འཁོར་ལ། །མཁའ་འགྲོ་མཉེས་པའི་བདུད་རྩི་ཡོད། །ཅེས་དང་། མཚམས་དམ་པོ་མི་མེད་ཁྱི་མེད་ན། །རྟག་མྱུར་དུ་མཐོང་བའི་སྒྲོན་མེ་ཡོད། །ཟས་དཀོར་ཟས་མེད་པའི་རང་ཟས་ལ། །བདེ་བ་ལྷ་ཡི་ཕམ་ཕབ་ཡོད། །གསུངས། སྐྱེས་རབས་ལས། ཁྱིམ་ནི་འབྱོར་ན་ཕལ་ཆེར་རྒྱགས་པར་འགྱུར། །རིགས་བཙུན་ང་རྒྱལ་ཆེ་ཞིང་སྟོབས་ཀྱིས་སྙེམས། །སྡུག་བསྔལ་ཁྲོ་ཞིང་རྒུད་ན་ཞུམ་པར་འགྱུར། །དེས་ན་ནམ་ཞིག་རབ་ཏུ་ཞི་བར་འགྱུར། །སྐྱེ་བོ་ཆོག་ཤེས་རྣམས་ཀྱི་ཁྱིམ། །རབ་ཏུ་བདེ་
བ་དབེན་པའི་ཚལ། །ཇི་ལྟར་སེམས་ནི་དགའ་འགྱུར་བ། །དེ་འདྲ་ལྷ་ཡི་ཡུལ་ནའང་མེད། །དེ་བས་ཚལ་ན་ངན་པའི་གོས་གྱོན་ཏེ། །གཞན་གྱི་དྲིང་ལ་འཇོག་ཅིང་འཚོ་ཡང་རུང་། །བདག་ལ་ཕན་འདོད་དུག་ཆེན་མི་ཟ་བཞིན། །ཆོས་མིན་འདྲེས་པའི་བདེ་བ་མི་འདོད་དེ། །དེས་ན་རབ་ཏུ་དབེན་པའི་རོ་མྱངས་ན། །ཞེས་དང་། ནགས་ན་བྱ་བ་ངན་པ་མང་པོ་བཏང་། །ཡོངས་སུ་བཟུང་བའི་སྡུག་བསྔལ་སྤངས་ལ་གཙང་། །ཞི་བ་འབའ་ཞིག་བྱེད་ཅིང་ཡིད་ཀྱང་མགུ། །བདེ་དང་བསོད་ནམས་གྲགས་པ་ཐོབ་པར་འགྱུར། །ཞེས་དང་། སྔོན་གྱི་སྤྱོད་པས་དེ་བློ་ཡོངས་སུ་དག །འདོད་པ་རྣམས་ལ་སྐྱོན་མང་མཐོང་ནས་ནི། །ཁྱིམ་ན་གནས་པ་ནད་བཞིན་ཡོངས་སྤངས་ནས། །ནགས་ཚལ་གནས་ཤིང་རབ་ཏུ་བརྒྱན་པར་འགྱུར། །གསུངས། ཟླ་བ་སྒྲོན་མེའི་མདོ་ལས། གང་དག་ནགས་དང་རི་སུལ་ལ་དགའ་བ། །དགེ་སྦྱོར་ཉིད་ཀྱིས་རབ་བདེ་མྱོང་བར་འགྱུར། །ཞེས་དང་། དགོན་པར་གནས་པ་དེ་ཡི་ཡོན་ཏན་འདི། །དེ་ནི་རྟག་ཏུ་གུས་པས་ཡིད་འབྱུང་འགྱུར། །དེ་ནི་འཇིག་རྟེན་ཅི་ལ་འདོད་པ་མེད། །ཟག་པ་དག་ནི་རྣམ་པར་འཕེལ་མི་
འགྱུར། །ནགས་ལ་གནས་པ་དེ་ཡི་ཡོན་ཏན་འདི། །དེ་ནི་ནམ་ཡང་རྩོད་པར་མི་འགྱུར་ཏེ། །ཉེ་བར་ཞི་ཞིང་དགེ་བ་དབེན་པ་རུ། །ལུས་དང་ངག་དང་ཡིད་ཀྱང་རབ་བསྡམ་འགྱུར། །དགོན་པར་གནས་པ་འདི་ལ་ཡོན་ཏན་མང་། །དེ་ནི་ཐར་པའི་རྗེས་སུ་མཐུན་པ་ཡིན། །དེ་ནི་རྣམ་གྲོལ་ཞི་བ་འགྲུབ་པར་བྱེད། །ནགས་ལ་གནས་ཤིང་རྣམ་གྲོལ་བརྟེན་བྱེད་ན། །དགོན་གནས་དེ་ལ་ཡོན་ཏན་འདི་ཀུན་འབྱུང་། །ཞེས་གསུངས། ཨ་ཝ་དྷུ་ཏི་པས། སྔོན་ལ་ནགས་སུ་སོང་གྱུར་ཏེ། །རི་དྭགས་འཚོལ་བར་བརྩམས་པ་དང་། །དབེན་གནས་སྐྱིད་པ་དེ་མཐོང་བས། །འཚེ་བ་ཐམས་ཅད་སྤངས་ནས་ནི། །དེ་ཉིད་དུ་ནི་གནས་བཅས་འགྱུར། །ཞེས་དང་། རྒྱལ་བ་ཁྱུང་ཚང་པས། འདུག་ན་ཞེན་པ་མ་མཆིས་ཤིང་། །འགྲོ་ན་ཆགས་པ་མི་སྐྱེ་བའི། །རི་ཁྲོད་དབེན་པའི་སྤྱིལ་བུ་ལ། །བསྲུང་རན་མ་དགོས་བློ་རེ་བདེ། །ཞེས་དང་། ངང་པའི་སྐྱེས་རབས་སུ། ནགས་ཚལ་དགོན་པ་ན་ཆོས་བདེ་བར་སྒྲུབ་ནུས་ཀྱི། ཁྱིམ་ན་དེ་ལྟར་མི་ནུས་སོ། །ཞེས་དང་། ཚོམས་ལས། ལོགས་པར་ཉེར་ཞིའི་རོ་དང་ནི། །རབ་
ཏུ་དབེན་པའི་རོ་རྙེད་ནས། །རིམས་ནད་མེད་ཅིང་སྡིག་མེད་ལ། །ཆོས་ལ་དགའ་བའི་རོ་དག་འཐུང་། །ཞེས་དང་། གང་པོས་ཞུས་པའི་མདོ་ལས། རབ་ཏུ་བྱུང་ལ་རྟག་མོས་པས། །རྟག་ཏུ་རབ་ཏུ་བྱུང་བར་འགྱུར། །རི་དང་ནགས་ཚལ་གནས་མོས་པས། །ཡོན་ཏན་འབྱུང་གནས་འཕེལ་བར་བྱེད། །དབེན་པར་གནས་ལ་བརྟེན་བྱེད་དང་། །འདོད་ལྔའི་ཆགས་པ་ཡོངས་སུ་སྤོངས། །དེ་ན་འདུ་འཛི་མེད་པས་ན། །དགེ་ཆོས་རྐྱེན་གྱིས་ཉམས་མི་འགྱུར། །ཕན་ཚུན་དུལ་ཞིང་གཏམ་འདི་དང་། །ཚིག་གིས་སྨྲ་བར་བྱེད་པས་ན། །སྟོང་དབེན་ཉེར་ཞི་དབེན་པ་ལ། །སངས་རྒྱས་རྣམས་ཀྱིས་རབ་ཏུ་བསྔགས། །དེ་ཕྱིར་བྱང་ཆུབ་སེམས་དཔའ་རྣམས། །རྟག་པར་ཡོངས་སུ་བསྟེན་བྱ་ཞིང་། །གྲོང་ཁྱེར་ལ་ནི་ཆགས་མི་བྱ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། དབེན་པར་གནས་པའི་ཡོན་ཏན་བཅུ་གསུངས་པ་ནི་འདི་ལྟ་སྟེ། རྟག་ཏུ་བྱ་བ་ཉུང་བར་འགྱུར། །འདུ་འཛི་དག་ཀྱང་རིང་དུ་སྤོང་། །རྩོད་པ་དག་ཀྱང་དེ་ན་མེད། །གནོད་པ་མེད་པར་གནས་པ་དང་། །ཟག་པ་རྣམ་པར་འཕེལ་མི་བྱེད། །རྩོད་པའི་གཞི་མི་བྱེད་པ་དང་། །རྟག་ཏུ་
ཉེ་བར་ཞི་བར་སྤྱོད། །སྒོ་གསུམ་བསྡམས་པར་གནས་པ་དང་། །ཐར་པ་དང་ནི་མཐུན་འགྱུར་ཞིང་། །རྣམ་པར་གྲོལ་བ་མྱུར་དུ་རེག །གསུངས། གཞན་ཡང་དེ་ཉིད་ལས། མཁས་པས་རྟག་ཏུ་དགོན་གནས་ཤིང་། །སངས་རྒྱས་གཏེར་དང་ཆོས་ཀྱི་གཏེར། །ཡེ་ཤེས་གཏེར་དང་སྔོན་མཐའ་གཏེར། །མངོན་ཤེས་ལྔ་ཡང་མྱུར་དུ་འཐོབ། །གསུངས། གཞན་ཡང་། རྟག་ཏུ་དབེན་པ་བསྟེན་ན་རྫུ་འཕྲུལ་དག་ཀྱང་ཐོབ་པ་དང་། ཕྱོགས་བཅུའི་སངས་རྒྱས་གྲངས་མེད་དཔག་ཏུ་མེད་པ་མཐོང་བ་དང་། དེ་དག་དང་མི་འབྲལ་ཞིང་སངས་རྒྱས་དེ་དག་གིས་ཕྱོགས་བཅུ་ན་དམ་ཆོས་སྟོན་པ་ཡང་ལྷའི་རྣ་བས་ཐོས་པས་རྟག་ཏུ་ཆོས་ཉན་པ་དང་མི་འབྲལ། ཆོས་ཀུན་བློར་བཟུང་མི་བརྗེད་སེམས་ཅན་རྣམས་ལ་སྟོན་ནུས་དོན་གང་ཡིན་ཡང་རྟག་ཏུ་ཤེས། འདས་མ་འོངས་ད་ལྟར་གྱི་འགྲོ་བ་ཀུན་གྱི་སེམས་ཤེས་སྤྱོད་པ་ཤེས་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས། མདོར་ན་རི་ཁྲོད་དབེན་པར་གནས་ནས་ཉམས་ལེན་བྱས་ན། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་འཐོབ་པར་གསུངས། ཁྲིད་ཡིག་གཞན་ཕན་སྙིང་
པོ་ལས། དབེན་པ་བསྙེགས་ནས་མིས་མི་མཐོང་བར་སྡོད་པའི་རབ་བྱུང་ལ། མ་མཐའ་ལྐོག་སྨྲ་ཙམ་ཡང་འོང་ས་མེད་ན། བཙན་པོ་ཁ་དྲག་གི་རབ་བྱ་བ་འདི་ལ་ཟེར། མ་ཚར་བ་མེད། མ་གྲུབ་པ་མེད། ལྟོག་པའམ་འཁྱགས་དོགས་པ་མེད། རེ་རེ་བོ་མེད། དོགས་དོགས་པོ་མེད། ཟ་རེ་ཟི་རེ་མེད། ལབ་བེ་ལོབ་བེ་མེད། ཕྱིའི་དགྲ་མེད། ནང་གི་གཉེན་མེད། ཕར་བལྟས་དཔོན་མེད། ཚུར་བལྟས་གཡོག་མེད། ཐམས་ཅད་འཚུབ་རིལ་རིལ། ཐལ་བ་ལོང་ལོང་། རྒྱུག་འདུར་ཡཾ་ཡཾ། སྙིང་རྩ་ལོང་ལོང་སྣང་ཙར། ཕོ་སྐྱེས་པོ་ནི། སྟན་ཆུང་གྲུ་བཞིའི་སྟེང་ན། ཨོཾ་ཙོག་གེ་ལུས་དལ་ཁྱུག་གེ །སེམས་དལ་ཁྱུག་གེ །རྨོངས་པ་འདོད་པས་མགོ་འཁོར་བ་རྣམས་ལ། ཆིག་རྒོད་ཤིག་གེ །ཤ་མར་ཇ་ཐུད་ཀྱི་བཙོན་དོང་དུ་ཚུད་པ་རྣམས་ལ་སྙིང་རྗེ་དུང་ངེ་། རྒྱགས་ཚད་ཟ་དགོས་སྙམ་ཙར། ཚུག་ཚད་བསྲན་དགོས་པ་རྣམས་ལ་ཡིད་མུག་ལོང་ངེ་། བདེ་སྐྱིད་ཐང་ལ་འཁྱམས་པ་སྒུག་མ་ཤེས་པ་རྣམས་ལ་རྒོད་བྲོ་སེ། སྐྱིད་པའི་ཚད་དུ་མི་གདའ་འམ་སྐྱེས་བུ་ཀུན། རྒྱལ་སྲས་ཞི་བ་ལྷ་ལ་སོགས་པའི་སྐྱེས་བུ་དམ་པ་རྣམས་
ཀྱང་དེ་འདྲ་བའི་བདེ་སྐྱིད་ལ་ལོངས་སྤྱོད་པའི་ཕོ་སྐྱེས་པ་ཞིག་ནམ་ཡོང་ན་ཞེས་སྨོན་ལམ་མཛད་པར་གདའ། ཞེས་གསུངས་པ་ལྟར། ཚེ་བློས་བཏང་ནས་རི་ཁྲོད་དབེན་པར་གཅིག་པུར་དྲང་སྲོང་བསམ་གཏན་སྒོམ་བཞིན་སྡོད་རྒྱུའི་སྐལ་བ་ཞིག་བྱུང་ན། དབུལ་ཕོངས་དང་། གཞན་དབང་དུ་གྱུར་པ་དང་། ཁས་ཉེན་དང་ཕོ་མ་སྐྱེས་པ་དང་། བཀྲ་མི་ཤིས་པ་དང་། རླུང་རྟ་རྒུད་པ་དང་། བདེ་སྐྱིད་མེད་པ་དང་། མི་མཁས་པ་དང་། མི་བཙུན་པ་དང་། མི་བཟང་བ་དང་། ཆོས་མི་འཕེལ་བ་དང་། ཚེ་ཕྱི་མའི་སོ་ནམས་མི་འོང་བ་དང་། ཐར་པ་མི་ཐོབ་པ་དང་། ཉམས་རྟོགས་ཡོན་ཏན་མི་སྐྱེ་བ་དང་། ཉོན་མོངས་གཉེན་པོས་མི་ནོན་པ་དང་། དངོས་གྲུབ་མི་ཐོབ་པ་དང་། ཚོགས་གསོག་མི་ནུས་པ་དང་། གདམས་པ་མི་ཟབ་པ་དང་། རྒྱལ་བ་མི་མཉེས་པ་དང་། འགྲོ་དོན་མི་འོང་བ་དང་། གྲོགས་ཉེ་གནས་ངན་པ་འཕྲད་པ་དང་། བུ་སོགས་ཉེ་དུ་ངན་པ་འཕྲད་པ་དང་། རྙེད་པ་མི་ཐོབ་པ་དང་། སྦྱིན་གཏོང་མེད་པ་དང་། སྨོན་གནས་ངན་པ་དང་བཅས་ཉེས་སྐྱོན་ཉེར་ལྔ་པོ་འདི་མ་སྤངས་བཞིན་
རང་འགག་ལ་འགྲོ །ཕྱུག་པོའི་རབ་དང་། རང་དབང་ཐོབ་པའི་རབ་དང་། ཁ་དྲག་གི་རབ་དང་། ཕོ་སྐྱེས་པའི་རབ་དང་། བཀྲ་ཤིས་པའི་རབ་དང་། རླུང་རྟ་དར་བའི་རབ་དང་། བདེ་སྐྱིད་ཀྱི་རབ་དང་། མཁས་པའི་རབ་དང་། བཙུན་པའི་རབ་དང་། བཟང་པོའི་རབ་དང་། ཆོས་འཕེལ་བའི་རབ་དང་། ཕྱི་མའི་སོ་ནམ་གྱི་རབ་དང་། གཉེན་པོའི་རབ་དང་། ཐར་ལམ་གྱི་རབ་དང་། ཉམས་རྟོགས་ཡོན་ཏན་གྱི་རབ་དང་། གཉེན་པོའི་རབ་དང་། དངོས་གྲུབ་ཀྱི་རབ་དང་། ཚོགས་གསོག་གི་རབ་དང་། གདམས་ངག་གི་རབ་དང་། རྒྱལ་བ་མཉེས་པའི་རབ་དང་། འགྲོ་དོན་གྱི་རབ་དང་། གྲོགས་ཉེ་གནས་ཀྱི་རབ་དང་། བུ་སོགས་ཉེ་དུའི་རབ་དང་། རྙེད་པའི་རབ་དང་། སྦྱིན་པའི་རབ་དང་། སྨོན་གནས་ཀྱི་རབ་དང་བཅས་ཡོན་ཏན་ཉེར་ལྔ་པོ་འདི་སྒྲུབ་མི་དགོས་བཞིན་དུ་ཤུགས་ཀྱིས་འཐོབ། ཅེས་སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་རིན་པོ་ཆེས་གསུངས། གཞན་ཡང་ཚེ་བློས་བཏང་ནས་གཅིག་པུར་རི་ཁྲོད་དབེན་པར་བསྡད་ན། འདོད་ཆགས། ཞེ་སྡང་། གཏི་མུག ང་རྒྱལ། ཕྲག་དོག སེར་སྣ། གྱོད་དང་
གཏམ་ངན། བརྙས་དམོད། བརྡེག་རྡུང་། བཀའ་བཀྱོན། ཁྲལ་འཇལ། བུ་ལོན། འཚོ་སྐྱོང་། བསོག་སྲུང་། རྐུ་དང་། འཕྲོག་བཅོམ། དམག་ལས། དཀོར་ཟས། དུད་ཆང་། ཚུལ་འཆོས། གཡོ་སྒྱུ། ངལ་དུབ་ལུས་ནད། སེམས་སྡུག་དང་བཅས་ཉེས་སྐྱོན་ཉེར་ལྔ་པོ་འདི་ཡང་ཤུགས་ཀྱིས་འགག་ནས། ལུས་སེམས་བདེ། རྒྱུན་དུ་དལ། རིག་པ་དྭངས། ཉམས་དགའ་སྤྲོ། བླ་མ་དགྱེས། མཁའ་འགྲོ་ལྷ་ཡིས་བསྲུང་། སྙན་གྲགས་ཆེ། དད་གུས་དང་། དག་སྣང་དང་། མི་རྟག་པ་དང་། ངེས་འབྱུང་དང་། བྱམས་པ་དང་། སྙིང་རྗེ་དང་། སེམས་བསྐྱེད་དང་། སོ་ཐར་དང་། བྱང་སེམས་དང་། སྔགས་སྡོམ་དང་། སྦྱིན་པ་དང་། ཚུལ་ཁྲིམས་དང་། བཟོད་པ་དང་། བརྩོན་འགྲུས་དང་། བསམ་གཏན་དང་། ཤེས་རབ་འཕེལ་བ་དང་བཅས་ཡོན་ཏན་ཉེར་ལྔ་པོ་འདི་ཡང་ཤུགས་ཀྱིས་འོང་བ་ཡིན་ཞེས་བླ་མ་གོང་མ་མང་པོས་གསུངས། གཞན་ཡང་རི་ཁྲོད་དབེན་པར་སྡད་ན། སྲོག་གཅོད་པ་དང་། མ་བྱིན་ལེན། མི་ཚངས་སྤྱོད། རྫུན་ཕྲ་མ། ཚིག་རྩུབ།
ངག་འཁྱལ། བརྣབ་སེམས། གནོད་སེམས། ལོག་ལྟ་དང་བཅུ་པོ་འདི་ཡང་ཤུགས་ཀྱིས་འགག་འགྲོ། མི་དགེ་བཅུ་སྤངས་ན་དགེ་བཅུ་ཡིན་པས། བྱ་བཏང་རི་ཁྲོད་པས་སྐྱབས་འགྲོ་ཙམ་ལས་མ་བྱས་པར་ཉལ་བསྡད་ཀྱང་། ཤི་ནས་ངན་སོང་གསུམ་དུ་གཏན་ནས་སྐྱེ་མི་སྲིད། མངོན་མཐོ་ལྷ་མིའི་གོ་འཕང་ཞིག་ཐོབ་ན་མི་འདོད་ཀྱང་ཤུགས་ཀྱིས་ཐོབ་པས་དེ་ལ་དགོངས་ནས་སྤྱན་སྔ་བས། འདུ་འཛིར་དགེ་བ་དཔག་མེད་བསྒྲུབས་པ་བས། དབེན་པར་ཉལ་ནས་བསྡད་པ་ཆེས་དགའ་སྟེ། སྡུག་བསྔལ་རྒྱ་མཚོ་བདེ་བའི་རྒྱ་མཚོ་གཉིས། །འདམ་ཁ་མ་ནོར་དགོས་སོ་ཤཱཀྱའི་སྲས། གསུངས། འདི་ལྟར་ཉེས་སྐྱོན་དྲུག་ཅུ་ཐམ་པ་འགག་ནས། ཡོན་ཏན་དྲུག་ཅུ་ཐམ་པ་ངང་ངམ་ཤུགས་ཀྱིས་འོང་བར་ཤེས་ནས། སྔར་རི་ཁྲོད་ན་བསྡད་ཡོད་པ་རྣམས་ལ་གཞན་ཡོན་ཏན་ཏིལ་འབྲུ་ཙམ་མ་སྐྱེས་ཀྱང་འདི་ཀ་ཡོན་ཏན་གྱི་མཆོག་ཏུ་མཐོང་ནས་སྐལ་པ་བཟང་བསོད་ནམས་ཆེ་སྙམ་དགའ་ཞིང་སྤྲོ་བཞིན་ཇི་སྲིད་འཚོའི་བར་དུ་བརྟེན་འདོད་ཀྱི་བློ་ངམ་ངམ་ཤུགས་ཀྱིས་སྐྱེ། གྲོང་ཡུལ་དུ་སོང་ན་གཏན་ནས་མི་འདོད། གྲོང་ཡུལ་དུ་ལུས་པ་རྣམས་ཀྱིས་ཀྱང་
རི་ཁྲོད་དུ་འདུག་རྒྱུའི་སྐལ་པ་ཞིག་བྱུང་ན་ཅི་མ་རུང་སྙམ་ཡིད་སྨོན་བྱེད་ངེས། གྲོང་དང་རི་ཁྲོད་དབེན་པ་གཉིས་ལ། མེ་དོང་དང་བསིལ་ཁང་། དམྱལ་ཁམས་དང་། ལྷ་ཡུལ་གྱི་ཁྱད་ཡོད་པས། གྲོང་གསེབ་ན་རྔ་དྲིལ་དཀྲོལ་ནས་ཁ་ལག་གཉིས་ཀས་རེམ་ནས་གྲོང་ཆོག་བྱས་བདེ་བར་སེམས་པ་དེ། མེ་ཞིག་གི་ནང་དུ་བསྡད་ནས་རྐང་ལག་གི་རལ་ཁ་བྱས། ཁ་ནས་ཨ་ཙ་ཨ་ན་སྨྲ་བའི་མི་ཞིག་གིས་ཁོ་བདེ་སྙམ་པ་དང་འདྲ་སྟེ། འབའ་ར་བས། རྒྱལ་བས་བསྔགས་པའི་རི་ཁྲོད་དམ་པ་རུ། །བསེ་རུ་ལྟ་བུར་གཅིག་པུར་མི་འདུག་ན། །རྣམ་གཡེང་ནགས་ལ་མཆེད་པའི་མེ་ཆེན་འདྲ། །མང་པོའི་གསེབ་ཏུ་ཉོན་མོངས་རྣམ་པར་འཕེལ། །གསུངས། དེས་ན་རི་ཁྲོད་དབེན་པར་བསྡད་ན་འདི་འདྲའི་ཡོན་ཏན་དཔག་མེད་ཡོད་པ་ངོ་མ་ཤེས་པར། སྔར་རི་ཁྲོད་དུ་བསྡད་ཡོད་པ་རྣམས་ཀྱིས། ཏིང་འཛིན་ཕྲ་མོ་རེ་ཙམ་ལ་དམིགས་པ་གཏད་ནས་ལོ་ཟླ་ཞག་ཁ་ཤས་བསྡད་ནས་མ་སྐྱེས་ཚེ། ང་རི་ཁྲོད་དུ་བསྡད་ནས་ཡོན་ཏན་སྐྱེས་ནི་ཅན་པོ་མ་རེད་ཉིས་ཤོར་རེད་ཚེ་ཟེར་ནས་མར་གྲོང་གི་མེ་འོབ་ཏུ་མཆོངས་པ་མང་བས།
སྐྱིད་ངོ་ཤེས་པ་འདི་ཤིན་ཏུ་གལ་ཆེ། ཞེས་སྤྱན་སྔ་བ་སོགས་སྐྱེས་བུ་དམ་པ་མང་པོས་གསུངས་པས། རི་ཁྲོད་དུ་བསྡད་ཡོད་པ་རྣམས་ཀྱིས་ཐུགས་ཉམས་ཞོག རི་ཁྲོད་དུ་བསྡད་ནས་སྐྱབས་འགྲོ་ལན་གཅིག་བྱས་ཀྱང་། ནང་པ་སངས་རྒྱས་པའི་གྲལ་དུ་ཚུད། སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་གྱུར། སྔར་བསགས་ཀྱི་སྡིག་སྒྲིབ་འདག །བསོད་ནམས་རྒྱ་ཆེན་བསོག །ངན་སོང་དུ་མི་ལྟུང་། མི་དང་མི་མ་ཡིན་གྱི་གནོད་པས་མི་ཚུགས། ཡིད་ལ་ཅི་བསམ་ཐམས་ཅད་འགྲུབ། མྱུར་དུ་འཚང་རྒྱ་བ་སོགས་ཕན་ཡོན་མཐའ་ཡས་ཏེ། གང་ཞིག་སྐྱབས་སོང་འདི་ལ་གཟུགས་ཡོད་ན། །འཇིག་རྟེན་སྟོང་ཁམས་འདི་ཡང་སྣོད་དུ་ཆུང་། །གསུངས། དེ་བཞིན་དུ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཕར་ཕྱིན་དྲུག་བསྐྱེད་རྫོགས་སོགས་ཉམས་སུ་བླངས་པའི་ཕན་ཡོན་ནི་བསྐལ་པ་བརྒྱར་བརྗོད་ཀྱང་རྫོགས་པའི་ཡུལ་ལས་འདས། རྗེ་སྐལ་ལྡན་རྒྱ་མཚོས། ཡུལ་གྱི་དགེ་སྦྱོར་བརྒྱ་བས། །དབེན་པའི་དགེ་སྦྱོར་གཅིག་དགའ། །དེས་ན་རི་ལ་སོང་ལ། །གང་ནུས་དགེ་ལ་འབོད་ཅིག །གསུངས། བླ་མ་ཞང་རིན་པོ་ཆེས། རི་སྟོང་རེར་
ཕྱིན་ཙམ་ན་བོགས་རྒྱང་རྒྱང་འོང་བར་འདུག །དེ་ཡང་མིའི་རྒྱུ་འགྲུལ་མེད་ས་དང་། གནས་མཐོ་བ་རང་བོགས་ཆེ་བ་འདུག །ཅེས་དང་། གྲོང་དང་དགོན་པར་ལོར་བསྒོམས་པ་བས། རི་སྟོང་དུ་ཟླ་གཅིག་བོགས་ཆེ་གསུངས། ད་མདོར་བསྡུ་ན། དབེན་པའི་གཏམ་ལས། འདུ་འཛིའི་གནས་ལ་སྲེད་པ་རིང་སྤོངས་ལ། །སྲོག་བཞིན་དུ་ནི་དབེན་པ་བརྟེན་པར་བྱ། །དོན་རྣམས་ཉུང་ཞིང་བྱ་བ་ཤིན་ཏུ་ཉུང་། །རིག་པ་དྭངས་ཤིང་རྣམ་རྟོག་འཕྲོ་འདུ་ཉུང་། །དབེན་པའི་གནས་སུ་ཐོས་བསམ་སྒོམ་པ་དང་། །མདོ་འདོན་བཟླས་བརྗོད་འགྲུབ་པའི་བརྒྱ་ཆ་ཡང་། །རྣམ་རྟོག་གིས་གཡེང་དོན་མང་བྱ་བ་མང་། །གཉིད་རྨུག་གིས་ནོན་འདུ་འཛིའི་གནས་དག་ཏུ། འགྲུབ་མི་སྲིད་ཅིང་འདུ་འཛིའི་གནས་དག་ཏུ། །རྟེན་གསུམ་བཞེངས་དང་སྦྱིན་གཏོང་རྒྱ་ཆེན་སོགས། །བསོད་ནམས་རྒྱ་ཆེན་དཔག་མེད་འགྲུབ་གྱུར་ཀྱང་། །ཐོས་བསམ་སྒོམ་པ་མདོ་འདོན་བཟླས་བརྗོད་སོགས། །ཅུང་ཟད་ཙམ་གྱི་བསོད་ནམས་དཔེར་མི་ཕོད། །རྟེན་གསུམ་བཞེངས་དང་སྦྱིན་གཏོང་རྒྱ་ཆེན་ལ། །གསེར་དངུལ་ལ་སོགས་ནོར་
མང་དུ་མ་དགོས། །སོ་སོའི་སྐྱེ་བོས་འབད་རྩོལ་མ་བསྟེན་པར། །ཡིད་ཙམ་གྱིས་ནི་ནོར་མང་འབྱུང་མི་སྲིད། །ནོར་ཕྱིར་དུ་ནི་འབད་རྩོལ་བསྟེན་གྱུར་ན། །དགེ་རྣམས་འགག་ཅིང་ཉེས་སྐྱོན་ངང་གིས་འགོ །རྣ་བ་བཅད་ནས་འཕོང་ལ་ལྷན་པ་ལྟར། །ནོར་མང་བསྒྲུབས་ནས་སྦྱིན་པ་གཏོང་བ་ལ། །མཁས་པ་སུ་ཞིག་དགའ་བ་སྐྱེད་པར་བྱེད། །རྨིག་རྗེས་ཆུ་དང་རྒྱ་མཚོའི་ཆུ་འདྲ་བར། །སྦྱིན་དང་ཚུལ་ཁྲིམས་བསོད་ནམས་ཁྱད་པར་ཆེ། །ཚུལ་ཁྲིམས་ཉམས་ལེན་དབེན་པའི་གནས་དག་ཏུ། །འགྲུབ་འགྱུར་ལྟ་བུ་གཞན་དུ་འགྲུབ་མི་སྲིད། །སྦྱིན་དང་ཚུལ་ཁྲིམས་ལམ་གྱི་མཐུན་རྐྱེན་ཏེ། །བསམ་གཏན་ཤེས་རབ་ལམ་གྱི་དངོས་གཞི་ཡིན། འདུ་འཛི་ཅན་ལ་བསམ་གཏན་སྐལ་པ་ཆད། །ཁྱད་པར་འདི་དག་ལེགས་པར་རྟོགས་གྱུར་ན། །མཁས་པ་སུ་ཞིག་འདུ་འཛི་སྤོང་མི་བྱེད། །གསུངས། དེས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་རི་ཁྲོད་དབེན་པར་འདོད་ཆུང་ཆོག་ཤེས་ཀྱི་སྒོ་ནས་ཆོས་སྒྲུབ་པ་ལ་ཡིད་སྨོན་བྱེད་བཞིན་འགྲོ་བ་ཡང་ཡིན་ཏེ། སློབ་དཔོན་ཞི་བ་ལྷའི་ཞལ་ནས། ནགས་ན་རི་དྭགས་བྱ་རྣམས་དང་། །
ཤིང་དག་མི་སྙན་རྗོད་མི་བྱེད། །འགྲོགས་ན་བདེ་བ་དེ་དག་དང་། །ནམ་ཞིག་ལྷན་ཅིག་བདག་གནས་འགྱུར། །ཕུག་གམ་ལྷ་ཁང་སྟོང་པ་འམ། །ལྗོན་ཤིང་དྲུང་དུ་གནས་བཅས་ཏེ། །ནམ་ཞིག་རྒྱབ་ཏུ་མི་བལྟ་ཞིང་། །ཆགས་པ་མེད་པར་འགྱུར་བཞིན་དུ། །ས་ཕྱོགས་བདག་གིར་བཟུང་མེད་པ། །རང་བཞིན་གྱིས་ནི་ཡངས་རྣམས་སུ། །རང་དབང་སྤྱོད་ཅིང་ཆགས་མེད་པ། །ནམ་ཞིག་བདག་ནི་གནས་པར་འགྱུར། །ལྷུང་བཟེད་ལ་སོགས་ཉི་ཚེ་དང་། །ཀུན་ལ་མི་མཁོའི་གོས་འཆང་ཞིང་། །ལུས་འདི་སྦ་བར་མ་བྱས་ཀྱང་། །འཇིགས་མེད་གནས་པར་ནམ་ཞིག་འགྱུར། །དུར་ཁྲོད་སོང་ནས་གཞན་དག་གི །རུས་གོང་དག་དང་བདག་གི་ལུས། །འཇིག་པའི་ཆོས་ཅན་དག་ཏུ་ནི། །ནམ་ཞིག་མགོ་སྙོམས་བྱེད་པར་འགྱུར། །གསུངས། གཞོན་ནུ་མ་བདུན་གྱི་རྟོགས་བརྗོད་ལས། སྐྲ་རྣམས་བྲེག་པར་གྱུར་ནས་ནི། །ཕྱག་དར་ཁྲོད་ཀྱི་གོས་འཆང་ཞིང་། །དགོན་པའི་ཡུལ་དུ་འདོང་བར་ནི། །ནམ་ཞིག་དེ་ལྟར་འགྱུར་ཞིག་གུ། །གཉའ་ཤིང་གང་ཙམ་རྣམ་བལྟ་ཞིང་། །ས་ཡི་ལྷུང་བཟེད་ལག་
ཐོགས་ནས། །དཔྱད་མེད་ཁྱིམ་ནས་ཁྱིམ་དུ་ནི། །ནམ་ཞིག་སློང་མོར་སྤྱོད་པར་འགྱུར། །རྙེད་དང་བཀུར་སྟི་ཆགས་མེད་ཅིང་། །ཉོན་མོངས་ཚེར་མེའི་འདམ་རྫབ་དག །སྦྱོང་བར་བྱེད་ཅིང་གྲོང་ཁྱེར་གྱི། །སྦྱིན་པའི་གནས་སུ་ནམ་ཞིག་འགྱུར། །རྩ་ཡི་ཚོགས་ལས་ལངས་བྱས་ནས། །བ་མོའི་ལྕི་བའི་གོས་དག་དང་། །ཟས་སྐོམ་ངན་ངོན་ཙམ་གྱིས་ནི། །ནམ་ཞིག་ལུས་ལ་ཆགས་མེད་འགྱུར། །ཤིང་དྲུང་ནེ་ཙོ་ལྟར་ལྗང་བའི། །དུར་བ་འཇམ་པའི་གོས་ཅན་དུ། །མཐོང་ཐོས་བདེ་བའི་དགའ་སྟོན་དུ། །ནམ་ཞིག་བདག་ནི་ཉལ་བར་འགྱུར། །འདོད་བར་འགྱུར་བའི་ལུས་སྲོག་ལ། །ཆུ་དང་རྩ་ཡི་བསིལ་བ་ལྟར། །ལྟོས་མེད་ཡུན་རིང་གོམས་པ་ཡིས། །བདེ་བ་ཆེན་པོ་ནམ་ཞིག་ཐོབ། །ནམ་ཞིག་ཆུ་ངོགས་སྨན་ལྗོངས་སུ། །གནས་ནས་ཆུ་རླབས་འབྱུང་འཇུག་དང་། །འཚོ་བའི་འཇིག་རྟེན་གནས་འདྲ་བར། །ཡང་དང་ཡང་དུ་བལྟ་བར་འགྱུར། །ལྟ་བ་ཀུན་གྱི་མར་གྱུར་པའི། །འཇིག་ཚོགས་ལྟ་བ་འབྱིན་པ་དང་། །སྲིད་པའི་ལོངས་སྤྱོད་མི་འདོད་དང་། །བདག་ནི་ལོངས་སྤྱོད་མི་འདོད་པར། །བདག་ནི་ནམ་ཞིག་འགྱུར་ཞིག་གུ། །
རྨི་ལམ་སྨིག་རྒྱུ་སྒྱུ་མ་སྤྲིན། །དྲི་ཟའི་གྲོང་ཁྱེར་མཚུངས་པར་ནི། །རྒྱུ་དང་མི་རྒྱུའི་འཇིག་རྟེན་དག །ནམ་ཞིག་རྟོགས་པར་བྱེད་པར་འགྱུར། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གཅིག་པུར་གཉིས་སུ་མེད་པར་ནགས་གནས་ཤིང་། །རྟག་ཏུ་བསེ་རུ་ལྟ་བུར་འཚོ་བ་གཙང་། །ཁོར་མོར་བྱ་བ་ཉུང་ཞིང་སུ་དག་ནི། །ཁེ་ཕྱིར་ཚུལ་འཆོས་མེད་ལ་ཡི་རང་ངོ་། །ཞེས་དང་། རྒྱལ་བུ་གཞོན་ནུ་སྙིང་སྟོབས་ཆེན་པོས། ཐུབ་པས་བསྔགས་པའི་ནགས་ཁྲོད་དབེན་པ་འདིར། །བདག་ནི་མི་འཇིགས་མྱ་ངན་མ་མཆིས་ཀྱི། །ཤིན་ཏུ་རྒྱལ་མཆོག་དོན་ཆེན་རྙེད་དམ་སྙམ། །བདག་གི་སྙིང་འདི་རབ་ཏུ་དགའ་བར་འགྱུར། །ཞེས་གསུངས། རྗེ་རིན་པོ་ཆེའི་ཞལ་ནས། དམུ་རྒོད་གདུལ་དཀའི་སེམས་ཅན་འདི་རྣམས་ལ། །བཤད་པས་ཕན་ཐོགས་ཆེན་པོ་ག་ལ་འགྱུར། །དེ་བས་སྒྲུབ་པ་ལྷུར་ལེན་དབེན་པ་བརྟེན། །རང་གཞན་གཉིས་ཀ་འཚེང་བའི་ལམ་རྙེད་སྙམ། །གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞལ་ནས། ཡུལ་འདོད་ཡོན་འཆིང་བས་མ་བཅིངས་པའི། །གནས་ཉམས་སུ་དགའ་བ་དབེན་པའི་ཚལ། །དོན་
བསམ་བསྒོམ་རྣལ་འབྱོར་ལྷུར་ལེན་པར། །མི་ཁོ་བོས་སྙིང་ནས་ཡིད་སྨོན་འཆའ། །ཞེས་དང་། གཡག་སྡེ་པཎ་ཆེན་གྱིས། ངེས་མེད་དབེན་པའི་གནས་སུ་ཆགས་མེད་རྒྱུ། །བསོག་འཇོག་སྤངས་པའི་འཚོ་བ་གཙང་ལ་སྤྱོད། །རི་དྭགས་སྤྱོད་ཚུལ་འདི་ཡིས་བདག་ཡིད་འཕྲོག །ཅེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། རི་ཡིད་འོང་ཉམས་དགའ་མཐོང་བའི་ཚེ། །བདག་སྐལ་ལྡན་དབེན་པའི་ནགས་ཚལ་དྲན། །བྱ་སྣ་ཚོགས་སྐད་སྙན་སྒྲོག་ཐོས་ཚེ། །བདག་དབེན་པའི་གནས་ལ་ཡིད་རབ་གཡོས། །ཤིང་སྣ་ཚོགས་སྔོ་ལྗང་འདབ་རྒྱས་ཚེ། །བདག་དབེན་པའི་ནགས་ཚལ་དྲན་ཞིང་སྤྲོ། །རྫ་ཁྲ་ཁྲ་ལྡེམ་པ་མཐོང་བའི་ཚེ། །བདག་དེ་རུ་འགྲོ་སྙམ་འདུན་པ་ཤར། །གྲོགས་བཟང་པོ་འགའ་རེ་རི་ན་བཞུགས། །རི་ཤིན་ཏུ་དབེན་པའི་དགའ་ཚལ་ན། །རང་གཅིག་པུར་དྲང་སྲོང་སྤྱོད་ལ་གནས། །འདི་བསམ་ཞིང་བསམ་ཞིང་སྨོན་པ་སྐྱེས། །བདག་ཁྲིད་འབོག་བླ་མ་ཡིན་ན་ཡང་། །དུས་ད་དུང་སེམས་དང་ཁྲིད་མ་འདྲེས། །ད་དབེན་པའི་དགའ་ཚལ་ཉམས་དགའ་བར། །སེམས་ཁྲིད་དང་མཇལ་བར་བྱིན་གྱིས་རློབས། །
གསུངས། གཞོན་ནུ་བློ་གྲོས་ཀྱིས། ངང་པ་གཞོན་ནུས་འདབ་བརྒྱའི་ཚལ་མཐོང་ལྟར། །དབེན་པའི་གནས་ལ་ཁོ་བོ་ཡིད་རབ་ཆགས། །ཐོས་པའི་ཆོས་རྣམས་དོན་ཡོད་བྱ་བའི་ཕྱིར། །གཞོན་ནུ་བློ་གྲོས་དབེན་པའི་ནགས་སུ་འགྲོ། །གསུངས། འབའ་ར་བས། ཚོགས་གསེབ་བསྡད་ན་དྲེད་པོའི་རྒྱུ། །གཅིག་པུར་བསྡད་ན་ཉམས་རྟོགས་འཕེལ། །སྤྲང་པོ་དབེན་པའི་གནས་སུ་འདོང་། །ཞེས་དང་། ཕལ་ཆེན་ནས། སྐྱེས་བུ་ཆོག་ཤེས་རྣམས་ཀྱི་གནས། །རབ་ཏུ་བདེ་བ་དབེན་པའི་ཡུལ། །ཇི་ལྟར་སེམས་ནི་དྭངས་གྱུར་པ། །དེ་འདྲ་ལྷ་ཡི་ཡུལ་ན་དཀོན། །དབང་པོའི་སྤྱོད་ཡུལ་ཕུན་ཚོགས་ལ། །སེམས་ཀྱི་དགའ་བ་ཀུན་ཚོགས་པའི། །ལོང་སྤྱོད་སུ་འདོད་གྲོགས་པོ་དག །རི་ཁྲོད་དབེན་པར་འདོང་ངོ་གཤེགས། །གསུངས། སྔོན་རྒྱ་གར་གྱི་རྒྱལ་པོ་ཞིག་གི་མངའ་འོག་ན་རྒྱལ་ཕྲན་ཁྲི་ཕྲག་ཡོད་པ་ཞིག་ལ། སྲས་ཁྱེའུ་གང་ག་མ་ཞེས་བྱ་བ་ཞིག་ཡོད་པ་དེ། འདུ་འཛིའི་སྐྱོན་ལ་ཡིད་སུན་དབེན་པའི་ཡོན་ཏན་གྱིས་ཐུགས་འཕྲོག་ནས་རྒྱལ་སྲིད་སྤངས་ནས། ནགས་ཁྲོད་ཉམས་དགའ་ཞིག་ཏུ་
ཕེབས་ནས། ཡུལ་ཕྱོགས་དེ་ན་རྒྱལ་བ་ཀུན་ཏུ་དགེ་ཞེས་བྱ་བ་ཞིག་ཡོད་པ་དེ་འབོད་དུ་སོང་། ཁྱིམ་བཟང་དཔལ་དང་འདྲ་བ་བོར་ནས་ནི། །ནགས་ཀྱི་ཁྲོད་དུ་དབེན་པའི་གནས་བརྟེན་པ། །བདུད་ཀྱིས་བསླུས་སམ་ཡང་ན་སྨྱོས་པར་ངེས། །ཤིན་ཏུ་འཁྲུལ་པས་བདག་ལ་ཚུར་གསོན་དང་། །རྒྱལ་པོའི་སྲིད་བཟུང་ཆོས་ཀྱང་ཁྱིམ་ན་སྤྱོད། སྨྲས་པས། ལན་དུ་ཁྱེའུ་ཡི་ཞལ་ནས། ཁྱེད་ཀྱིས་གསུངས་པའི་ཚིག་རྣམས་ནི། །བྱམས་ནས་གསུངས་པ་ཡིན་མོད་ཀྱང་། །བདག་གི་དོན་དང་ཤིན་ཏུ་འགལ། །ནགས་ཁྲོད་དབེན་པར་གནས་མཐོང་ན། །འཁོར་མང་རྒྱལ་པོའི་ཕོ་བྲང་དག །གྲོག་ཚང་ཧྲུལ་པོ་དག་དང་མཚུངས། །གསུངས། ཡང་། རྒྱལ་སྲིད་འཛིན་པར་མི་བྱེད་ཀྱང་། །ཁྱིམ་དུ་སྡོད་ལ་ཆོས་གྱིས་ཤིག །སྨྲས། ལན་དུ། ཁྱིམ་གྱི་སོ་ནམ་བྱ་བ་ལ། །སྔ་མ་བྱས་པས་ཉོན་མོངས་ནས། །ཕྱི་མ་བྱེད་པས་ཤ་ཐང་ཆད། །ཁྱིམ་ནི་སྦྲུལ་གྱི་ཚང་དང་འདྲ། །གསུངས། ཡང་། འཁོར་འདབ་བརྟེན་ལ་བདེ་བར་མནོས། །ནོར་རྫས་ཟུངས་ལ་སྦྱིན་པ་ཐོངས། །སྨྲས། ལན་དུ། གསེར་གྱི་རི་ལ་གཡུ་ཡི་ཁྲོན་རྡོལ་ཡང་། །
ནོར་གྱི་འོས་སུ་རང་སེམས་ཆོག་ཤེས་བཟང་། །དཔལ་གྱི་རི་ལ་སྲིད་ཀྱི་ཆུ་འབྲུབ་ཀྱང་། །སེམས་ཀྱི་རྟེན་ས་བླ་མ་དཀོན་མཆོག་བཟང་། །གསུངས་པས། རྒྱལ་པོ་ངོ་མཚར་སྐྱེས། རྒྱལ་སྲིད་སྤངས་ནས་གཉིས་ཀ་ནགས་ཁྲོད་དེར་གནས་གསུངས། སྤྱིར་འཁོར་བའི་ཉེས་དམིགས། ཁྱད་པར་འདོད་ཡོན་དཀོར་གྱི་ཉེས་དམིགས་བསམས་ན། གྲོང་དུ་འདུག་པའི་སྐྱ་སེར་ཕོ་མོའི་ཐད་ཚོ་ན། བྱ་བཏང་རི་ཁྲོད་ལ་གནས་པའི་མི་དེ་སྐྱོན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་དང་མཚུངས་ཏེ། སྤྱན་སྔ་བས། དབེན་པ་རྩེ་གཅིག་བརྟེན་པའི་མི་དག་ལ། །བྱིས་དང་འགྲོགས་པའི་ཉེས་སྐྱོན་ནམ་ཡང་མེད། །འདུ་འཛིར་གནས་པའི་ཉེས་དམིགས་ལ་བལྟས་ན། །སངས་རྒྱས་མངོན་སུམ་ཡིན་ནོ་ཤཱཀྱའི་སྲས། །གསུངས་པས། དེས་ན་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྨོན་གནས་ཡིད་འོང་རི་ཁྲོད་དབེན་པའི་དགའ་ཚལ་དུ་འདུག་རྒྱུའི་སྐལ་བ་བྱུང་བ་ཨ་རེ་དགའ་སྙམ་དུ། ཇི་སྲིད་འཚོ་ཡི་བར་དུ་སྲོག་གི་ཕྱིར་ཡང་མི་གཏོང་དགོས་ཏེ། འཕགས་པ་ཆོས་བཞི་པའི་མདོ་ལས། དགེ་སློང་དག་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོས་ཇི་སྲིད་འཚོའི་བར་དུ་དགོན་པ་ལ་གནས་པ་སྲོག་གི་ཕྱིར་ཡང་མི་གཏོང་ངོ་། །ཞེས་གསུངས། དབེན་པར་སྡོད་དུས་གྲོང་དུ་འགྲོ་འདོད་སྐྱེ་ཚེ་ཆོས་ཀྱི་བར་ཆད་བྱུང་བར་བསམ་དགོས་ཏེ། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། གཡའ་སྤང་མཚམས་འདིར་ཕྱིན་ཕྱིན་ནས། །ད་རུང་གྲོང་དུ་འབབ་སྙམ་ཞིང་། །ད་རུང་འདུ་འཛི་བརྟེན་སྙམ་ན། །དམ་སྲི་སྙིང་དུ་ཞུགས་པ་ཡིན། །བདུད་ཀྱི་མཐུ་ཡིས་བརླབས་པ་ཡིན། །གྲོང་གི་འདྲེ་མོས་འཁྱེར་བ་ཡིན། །ཐེའུ་རང་དམག་གིས་ཚུགས་པ་ཡིན། །རྒྱལ་འགོང་བར་ཆད་བྱུང་བ་ཡིན། །མཁའ་འགྲོའི་བཀའ་ཆད་བྱུང་བ་ཡིན། །གདོན་གྱི་དབང་དུ་སོང་བ་ཡིན། །ཞེས་གསུངས། རྒྱལ་སྲས་རྣམས་ཀྱི་སྨོན་གནས་ཡོན་ཏན་དུ་མའི་འབྱུང་གནས། དབེན་པའི་རི་ཁྲོད་བློས་བཏང་ནས། རྒྱལ་སྲས་རྣམས་ཀྱིས་སྨད་པའི་གནས་ཉེས་སྐྱོན་དུ་མའི་འབྱུང་གནས་གྲོང་ཡུལ་དུ་རྒྱུག་པ་ནི། ཁྲི་སྙན་ས་ལེ་སོགས་རི་དྭགས་གླེན་པ་ཁ་ཅིག་རྔོན་པའི་གླུ་ལ་ཉན་དུ་རྒྱུག་པ་དང་མཚུངས་ཏེ། ས་འཚོ་སྦྱིན་གྱིས། མརྒད་སྔོན་པོ་དང་འདྲ་ནེའུ་སིང་ཚོགས་དག་གི་ཤིང་རྩ་ཉེ་བར་བཀོད་
དང་ཡལ་ག་མེ་ཏོག་གིས་བསྐོར་བའི། །ཞི་བའི་ནགས་མཐའ་ཀྱེ་མའོ་དགེ་སྦྱོང་མཆོག་གིས་སྤོང་བྱེད་པ། །བསད་ཕྱིར་རྔོན་པའི་གླུ་ཡིས་དྲངས་པར་གྱུར་པའི་རི་དྭགས་མཚུངས། །གསུངས། གལ་ཏེ་དགོས་པ་ཆེན་པོ་ཡོད་ནས་འགྲོ་དགོས་བྱུང་ན་ཡང་མྱུར་དུ་ལྡོག་དགོས་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་བདག་གལ་ཏེ་བྱང་ཆུབ་སེམས་དཔའ་དགོན་པ་བ། ཆོས་ཉན་པར་འདོད་དམ། མཁན་པོ་དང་། སློབ་དཔོན་ལ་བལྟ་བར་འདོད་ནས་ནད་དྲི་བའི་ཕྱིར་གྲོང་གི་གནས་སུ་སོང་ན། དེའི་དགོང་དུ་སླར་ལྡོག་པར་བྱ། ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། ཁྱིམ་པའི་ནང་དུ་ཡུན་རིང་ན། །རང་གི་རྣམ་ཐར་རང་གིས་སྟོན། །དེ་བས་ཡུན་རིང་མ་འདུག་པར། །དབེན་པའི་གནས་སུ་འཇུག་ཅིག་ཨང་། །ཞེས་དང་། བླ་མ་ཞང་རིན་པོ་ཆེས། བྱ་བ་བཏང་ཡང་རི་ཁྲོད་ལ་སོགས་པར་དགོན་པར་སྡོད་མི་ནུས་པར་གྲོང་ཐམས་ཅད་ན་ཡུ་རུ་རུ་བྱས་ནས་ང་བསོད་སྙོམས་བྱེད། སྒོམ་རྒྱགས་ཚོལ་བ་ཡིན་ཟེར་སྡོད་མ་ཟུག་པའི་སྙད་ཁ་རེ་མང་ན། དེ་བས་རི་ཁྲོད་ལ་
སོགས་པར་སོང་ཞིག་གསུངས། དེས་ན་གྲོང་ཡུལ་གྱི་ཉེས་དམིགས་དང་། དབེན་པའི་ཡོན་ཏན་བསམས་ནས། དུས་རྟག་ཏུ་རི་ཁྲོད་དབེན་པར་རི་དྭགས་བཞིན་གཅིག་པུར་བསྡད། རྒས་ཀྱིན་རི་ཁྲོད་ཇེ་མཐོར་གཏོང་དགོས་ཏེ། རྒྱལ་བ་རྒོད་ཚངས་པས། ཁོ་བོ་རྒྱལ་ཁམས་སྤངས་པ་འདི། །གོང་མའི་གདན་ས་བཟུང་བ་དང་། །སྒྲུབ་བརྒྱུད་བསྟན་པ་དར་བའི་ཕྱིར། །རྒས་ཀྱིན་རི་ཁྲོད་ཇེ་མཐོར་འགྲོ། །འཁོར་བའི་རྒྱ་མཚོ་བསྒྲལ་གྱུར་ནས། །ཐར་པའི་སྐམ་སར་སླེབ་པ་དང་། །བདེ་ཆེན་ཁང་བཟང་བཟུང་བའི་ཕྱིར། །རྒས་ཀྱིན་རི་ཁྲོད་ཇེ་མཐོར་འགྲོ །ཞེས་དང་། ཀློང་ཆེན་རབ་འབྱམས་པས། རྒས་ཀྱིན་རི་ཁྲོད་ཇེ་མཐོར་འགྲོ །སྐལ་ལྡན་ཀུན་ཀྱང་དེ་བཞིན་མཛོད། །རི་ཁྲོད་དབེན་པར་བསྒོམ་དུ་གཤེགས། །བདེ་སྐྱིད་རི་ཁྲོད་གནས་ན་ཡོད། །གསུངས། རྒས་ཀྱིན་རི་ཁྲོད་ཇེ་མཐོར་བཏང་ནས་སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་བཟུང་ན་སེངྒེ་དཀར་མོ་ལྟ་བུའི་སྒོམ་ཆེན་རབ་ཡིན་ཏེ། ས་སྐྱ་པཎ་ཆེན་རིན་པོ་ཆེས། ལྟ་བ་སྤྲོས་བྲལ་རྣམ་དག་ཤུགས་འཆང་ལུས། །ཡེངས་མེད་སྒོམ་པ་རྣམ་དག་ཡན་ལག་ལྡན། །
སྤྱོད་པ་རྣམ་དག་གཡུ་ཡི་རལ་པ་ཅན། །སེདྒེ་གངས་ལ་གནས་པའི་སྒོམ་ཆེན་ཡིན། །འགྲོ་དོན་དཔག་མེད་གོ་ཆ་རབ་བགོས་ཏེ། །ཚོགས་གཉིས་རྟ་ཞོན་བརྩོན་པའི་ལྕག་གིས་སྐུལ། །ཤེས་རབ་མཚོན་གྱིས་ཉོན་མོངས་དགྲ་ཚོགས་འཇོམས། །དཔའ་བོ་གཡུལ་དུ་ཞུགས་པའི་སྒོམ་ཆེན་ཡིན། །དྲི་མེད་བསླབ་གསུམ་རིན་ཆེན་བང་མཛོད་ལྡན། །འགྲོ་ལ་ཟང་ཟིང་མི་འཇིགས་སྦྱིན་གཏོང་མཛོད། །དམ་ཆོས་སྦྱིན་པས་ཐར་ལམ་འཇུག་བྱེད་པ། །བསྡུ་བའི་གཞན་དོན་མཛད་པའི་སྒོམ་ཆེན་ཡིན། །དེ་ལྟར་སྒོམ་ཆེན་རབ་གསུམ་བསྟན་པ་ཡིན། །ཞེས་གསུངས། དབེན་པར་སྡོད་མི་ཚུགས་པར་གྲོང་ཡུལ་དུ་སོང་ནས། ཚེ་འདིའི་བྱ་བ་སྤྲོ་བཞིན་བྱེད་པ་སྔོན་ལས་ངན་པའི་འབྲས་བུ་ཡིན་ཏེ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱི་ཞལ་ནས། སྐྱེ་བོ་ཕལ་ཆེར་ལས་ངན་པའི་དབང་གིས། དབེན་པའི་གནས་སུ་གཅིག་པུར་སྒྲུབ་པ་ལ་སྦྱར་ན་བཙོན་དུ་བཟུང་བ་ལྟ་བུར་མཐོང་ནས་སྡུག་བསྔལ་བ་དང་ཡིད་མི་བདེ་བ་ཁོ་ན་བྱེད་ཅིང་། སོ་ནམ་དང་དགྲ་འདུལ་བ་དང་། གཉེན་སྐྱོང་བ་དང་། ཚོང་དང་། བུན་སྐྱེད་
དང་། མཁར་ལས་སོགས་བྱེད་པ་ལ། ཉིན་མཚན་ཀུན་ཏུ་དཀའ་བ་ཅི་ཡོད་ཀྱང་དེ་ལ་སྡུག་བསྔལ་བ་དང་ཡིད་མི་བདེ་བ་མེད་པར། དགའ་ཞིང་སྤྲོ་བར་བྱེད་ན་གཞན་རྣམས་ལྟ་ཅི་སྨོས། ཚེ་སྟོད་ལ་ཐོས་པ་ཡུན་རིང་དུ་བྱས་ཤིང་ཆོས་སྒོར་ཞུགས་ནས་ལང་ཚོ་ཕལ་ཆེར་ཡོལ་བའི་རྒན་པོ་དག་ཀྱང་། ཚེ་འདིའི་བྱ་བ་རེ་ལ་ངལ་བ་ཅི་བྱེད་དགོས་ཀྱང་བཟོད་པ་དང་སྐྱོ་ངལ་མེད་ཅིང་། དབེན་པར་ཟླ་རེ་ཙམ་བསྒྲུབ་པ་ལ་བསྐུལ་ཡང་། མི་བཟོད་སྡུག་བསྔལ་ཆེས་ཆེར་བྱེད་པ་ཀུན་གྱི་མིག་ལ་སྣང་བ་འདི་ལྟར་ཡིན་པས། ལས་ངན་པའི་འབྲས་བུས་བཅོམ་པར་གདོན་མི་ཟའོ། །ཞེས་གསུངས། དེས་ན་སྔོན་ལས་ཀྱི་དབང་དུ་མི་གཏོང་བ་གལ་ཆེ། ཡང་རི་ཁྲོད་དབེན་པར་བསྡད་ནས་སྒོམ་བྱེད་དུས་རང་རྒྱུད་མ་སྨིན་པར་གཞན་ལ་སྨིན་བྱེད་ཀྱི་དབང་བསྐུར་བ་དང་། རང་མ་གྲོལ་བར་གཞན་ལ་གྲོལ་བྱེད་ཀྱི་ཁྲིད་འདེབས་པ་དང་། དོན་མེད་དཔེ་ཆ་ལྟ་བ། འཆད་རྩོད་རྩོམ་གསུམ། ཉམས་དབྱངས་ལེན་པ་སོགས་སྤོང་བ་ཤིན་ཏུ་གལ་ཆེ་སྟེ། སྤྱན་སྔ་བས། དགེ་བཤེས་སམ་སྒོམ་ཆེན་པ་སུ་ཡིན་ཡང་། ཡོན་ཏན་ཅུང་དྲག་ཏུ་སོང་བ་ན།
ཆོས་བཤད་བྱེད་འདོད་འདིས་བརླག་བཅུག་པ་ཕལ་ཆེར་ལ་འོང་བར་སྣང་གསུངས། འགྲོ་མགོན་གྱི་ཞལ་ནས། འོ་སྐོལ་སྒོམ་ཆེན་པ་རྣམས་ཀྱི་དབང་དུ་བྱས་ན། དུག་པོ་བཙེམ་བེར་རེ་གྱོན། ཨ་རུ་རའི་ཕྲེང་བ་ཐོགས། སྒོམ་ཁང་བྱིའུའི་རྗེས་བཀྲ་ལམ་མེ་སྒོམ་དུ་ཡོད་པའི་དུས་སུ། མི་ཕན་ངེས་པའི་བཙུན་ཆུང་རྣམས་ལ་ཆོས་བཤད་བྱེད་པ་འདི་ཡང་། དགེ་བཤེས་པ་གྱེར་སྒོམ་ཆེན་པོ་མི་གསུངས་ཏེ། ང་ནི་དེ་ཡང་སྨྱོ་བ་ཡིན་ནམ་སྙམ་གསུངས། གཙང་པ་རྒྱ་རས་ཀྱི་ཞལ་ནས། ས་བོན་མ་བཏབ་པར་སྟོན་ཐོག་རེ་བ་ལྟོག་འགོང་ཡིན། དུས་ལ་མ་བབ་པར་འགྲོ་དོན་རེ་བ་འོ་བརྒྱལ་ཡིན་གསུངས། པོ་ཏོ་བའི་གསུང་ལས། དེ་ལྟར་རང་རྒྱུད་ཡོངས་སུ་མ་སྨིན་པ། ལས་དང་པོ་ཡིས་གཙོ་བོ་དེ་བྱ། གཞན་དོན་གཙོ་བོ་བྱ་བར་མ་གནང་། སེམས་ཀྱིས་སེམས་ཅན་དོན་ལས་གཞན་མེད། ལུས་དང་ངག་གིས་དངོས་སུ་མི་འཇུག །ཅེས་དང་། འདོད་པའི་རྟ་ཁ་ཁྱེར་བའི་མི་ཤེས་དྲན་དྲན་ཟློ། །ལོང་བས་ལོང་བ་འཁྲིད་པས་མཉམ་པོར་གཡང་ལ་ལྷུང་། །གསུངས། ཁྲོ་ལོས། གཏན་གྱི་རང་འགྲོས་མ་
ཤེས་ན། །ཇི་ཙམ་གཞན་གྱིས་དཔོན་བཅོལ་ཡང་། །དོན་ལ་གླ་མེད་ཀྱི་འཁོལ་པོ་ཡིན། །མིང་སྟོང་སྐམ་པོ་འདི་ཨ་ཙ་མ། །གསུངས། ཀུན་མཁྱེན་ཆེན་པོའི་ཞལ་ནས། དེ་སང་དུས་ངན་སྐྱེ་བོ་མི་བསྲུན་པས། །དབེན་པར་རང་དོན་སྒྲུབ་པ་ཤིན་ཏུ་གཅེས། །འདབ་གཤོག་མ་རྫོགས་འཕུར་བར་མི་ནུས་ལྟར། །མངོན་ཤེས་མི་ལྡན་གཞན་དོན་མི་ནུས་པས། །རང་དོན་ལྷུར་བླངས་ཡིད་ཀྱིས་གཞན་ཕན་བསམ། །རྣམ་གཡེང་འདུ་འཛི་བདུད་ཀྱི་བསླུ་བྲིད་འདིས། །རང་སེམས་མ་བསླུས་སྒྲུབ་ལ་འབད་པ་གཅེས། །ཞེས་དང་། སྙིང་གཏམ་བདུན་ཅུ་པ་ལས། སློབ་མ་གཅིག་ཡོད་སྡུག་བསྔལ་དུ་མ་ཡོད། །སློབ་མ་བརྒྱ་ཡོད་སྡུག་བསྔལ་བརྒྱ་ཕྲག་ཡོད། །སྡུག་བསྔལ་མི་འདོད་བདེ་བ་འདོད་བཞིན་དུ། །བླང་དོར་ལོག་པར་མ་སྒྲུབས་ཤཱཀྱའི་སྲས། །ཇ་སོགས་ལྷག་ཚོས་སྡུག་བསྔལ་ཁོ་ན་ཡིན། །མེད་དུ་མི་རུང་རྩམ་པ་ཁོ་ན་སྟེ། །རྩམ་པ་བྲང་ཙམ་ཅི་ལྟར་བྱས་ཀྱང་ཕྱིད། །གདུལ་བྱ་སྡུད་ལ་མ་དགའ་ཤཱཀྱའི་སྲས། །གསུངས། ཇོ་བོ་རྗེས། རང་རྒྱུད་མ་ཐུལ་བར་དུ་གཞན་རྒྱུད་མི་ཐུལ་བས་ན་ཐོག་མར་རང་རྒྱུད་ཐུལ། །མངོན་ཤེས་
མེད་པར་གཞན་དག་སྨིན་པར་མི་ནུས་པས་ན་སྒྲུབ་ལ་བརྩོན་པར་མཛོད། །གསུངས། གང་ཤར་རང་གྲོལ་གྱིས། འགྲོ་དོན་གྱི་མཆོག་སྟེ་ཉིན་རེ་བཞིན། །སེམས་ལ་དམིགས་པའི་དགེ་སྦྱོར་ཡིན། །རང་སེམས་ལ་བརྟན་པ་མ་ཐོབ་བར། །དོན་མེད་ཀྱི་ཙབ་ཙུབ་མ་བྱེད་ཨང་། །གསུངས། རྗེ་སྐལ་ལྡན་རྒྱ་མཚོས། དབང་ཟབ་མོ་རྗེས་གནང་ལ་སོགས་པ། །དུས་དེང་སང་ནོར་གྱི་རིན་དུ་འཇལ། །ཚུལ་འདིས་ཀྱང་དབེན་པའི་གནས་མཆོག་ཏུ། །རྗེ་གོང་མའི་རྣམ་ཐར་སྐྱོང་དུ་འགྲོ །ཆོས་ཀུན་གྱི་སྙིང་པོ་ཟབ་ཁྲིད་རྣམས། །དུས་དེང་སང་ཁ་བཤད་ཙམ་དུ་བྱེད། །ཚུལ་འདིས་ཀྱང་དབེན་པའི་གནས་མཆོག་ཏུ། །རྗེ་གོང་མའི་རྣམ་ཐར་སྐྱོང་དུ་འགྲོ། །གསུངས། རིག་འཛིན་དཔལ་ལྡན་བཀྲ་ཤིས་ཀྱིས། མི་གཞན་ལ་དམ་ཆོས་འཆད་འཆད་ནས། །ཚུར་རང་ལ་ཉམས་ལེན་མེད་པ་དེ། །དཔེ་མཛེ་བོས་ཁྱུང་སྒྲུབ་བཤད་པ་དང་། །ཁྱད་ཨེ་འདུག་སོམས་དང་སྡོམ་བརྩོན་པ། །གསུངས། རྗེ་རེ་མདའ་བའི་ཞལ་ནས། ཐོས་པའི་གཏིང་དཔོག་ནས་ཚེ་བློས་བཏང་གི་སྒྲུབ་པ་སྙིང་པོར་བྱེད་པ་ལས་ལྷག་པའི་རྒྱལ་བ་
སྲས་བཅས་མཉེས་པར་བྱེད་པའི་མཆོད་པ་གཞན་ན་མེད། དེའི་ཐད་ན་དེང་སང་གི་འཆད་ཉན་འདྲ་བ་གཞན་དོན་ལྟར་སྣང་ཡིན། རྙེད་བཀུར་སྡུད་བྱེད་ཀྱི་ཐབས་དབང་བསྐུར་ལུང་ཁྲིད་སོགས། འཁོར་སྡུད་པའི་ཐབས་གཞན་དོན་ལྟར་སྣང་རྣམས་ལ་སྙིང་པོ་མེད། གསུངས། ཡང་། ཆོས་བརྒྱད་རྐྱེན་གྱིས་ནམ་ཡང་མི་གཡོ་བའི། །སེམས་ལ་བརྟན་པ་ཇི་སྲིད་མ་ཐོབ་བར། །གཅིག་ཏུ་རང་རྒྱུད་འདུལ་བ་མ་གཏོགས་པར། །གཞན་དོན་ཐབས་ཀྱིས་རང་དོན་ཉམས་མི་བགྱིད། །གསུངས། ཆོས་རྗེ་བུས། འདས་པའི་སངས་རྒྱས་རྣམས་ཀྱིས་མ་ཐུལ་ཞིང་། །མཐུ་ཆེན་རྒྱལ་སྲས་རྣམས་ཀྱིས་མ་ཐུལ་བ། །སྨད་ན་ཁོང་ཁྲོ་བསྟོད་ན་དྲེགས་པ་སྐྱེ། །མཐོ་ལ་ཕྲག་དོག་མཉམ་ལ་འགྲན་སེམས་ཅན། །དམའ་ལ་ང་རྒྱལ་རྩུབ་པའི་སེམས་འཆང་བ། །ཆོས་མཐུན་ཚིག་གིས་སྨྲས་ཀྱང་ཆགས་སྡང་བྱེད། །བྱིས་པའི་སྐྱེ་བོ་འདི་འདྲ་བདག་གིས་ནི། །ད་ལྟ་འདུལ་བར་མི་ནུས་རང་སེམས་ཐུལ། །གཞན་དོན་ཆོས་ཀྱི་གཙོ་བོར་གསུངས་པ་ཡང་། །གདུལ་བྱའི་དབང་པོ་ཁམས་དང་བག་ལ་ཉལ། ཚོགས་དང་སྔོན་དང་ཕྱི་མའི་མཐའ་ཤེས་
ཀྱང་། །རང་དོན་མ་ཆགས་གདུལ་བྱ་འདུལ་ལ་དགོངས། །རང་ཉིད་རྙེད་གྲགས་བདེ་འདོད་དོན་གཉེར་བས། །མངོན་ཤེས་མེད་པར་གཞན་དོན་བྱེད་པ་ནི། །གཤོག་པ་མེད་པས་མཁའ་ལ་འཕུར་བ་བཞིན། །གཞན་དོན་མི་འགྲུབ་རང་དོན་ཉམས་པའི་རྒྱུ། །འཆད་ཉན་བསྟན་པ་འཛིན་པར་གསུངས་པ་ཡང་། །ངེས་འབྱུང་རྣམ་དག་ཁྲིམས་ལ་བརྟེན་བྱས་ནས། །ཉན་པོ་གཟུར་གནས་དོན་གཉེར་བློ་ལྡན་ལ། །མཁས་པས་སྡེ་སྣོད་འཆད་ལ་དགོངས་པ་ཡིན། །ཚེ་འདིའི་རྙེད་གྲགས་འདོད་པའི་འཁོར་སྡུད་དེ། །མ་དད་མི་འདོད་བཞིན་དུ་ཆོས་འཆད་ཅིང་། །ཉམས་ལེན་མི་བྱེད་ཆགས་སྡང་སྐྱེད་པའི་རྒྱུ། །འཆད་ཉན་འདི་ཡང་འཁོར་བའི་ཞགས་པ་ཡིན། །ཞེས་གསུངས། སྟོང་གསུམ་ལྷ་ཆོས་ཀྱིས་གང་བའི་གཙུག་ལག་ཁང་འདུ་བྱས་པ་བས། ཚིག་བཞི་པ་ཙམ་འཛིན་པ་བསོད་ནམས་ཆེ་བ་དང་། འཛམ་གླིང་ཐོས་བསམ་བྱེད་པས་གང་བ་བས། ནང་དུ་ཡང་དག་འཇོག་པ་ལ་བརྩོན་པ་གཅིག་ཕུལ་དུ་བྱུང་ཞེས་ལྷག་བསམ་བསྐུལ་བའི་མདོ་ལས་གསུངས། སྟོང་གསུམ་སེམས་ཅན་དགེ་བ་བཅུ་སོགས་
བཀོད་པའི་འཆད་ཉན་བསྐལ་པར་བྱས་པ་བས། བྱང་ཆུབ་སེམས་གཉིས་ལ་སོགས་ལ་བསམ་གཏན་སྐད་ཅིག་ཙམ་བྱེད་པ་བསོད་ནམས་ཆེ་བར་མདོ་སྡེ་དུ་མར་གསུངས། བསྐལ་པ་བཅུར་བཤད་པ་བས། སེ་གོལ་གཏོགས་པ་ཙམ་བསྒོམས་ན་བསོད་ནམས་ཆེ་བར་ཡབ་སྲས་མཇལ་བར་གསུངས། སློབ་དཔོན་དཔའ་བོའི་ཞལ་ནས། འགའ་ཞིག་རང་ཉིད་མ་དུལ་བར་ནི་རིག་པར་ལྡན་པའི་ཚིག་སྨྲ་ཡང་། །རང་གིས་ཚིག་དང་འགལ་བར་སྤྱོད་པས་གཞན་དག་འདུལ་བར་མི་ནུས་ཞེས། །ཁྱེད་ཀྱིས་དགོངས་ཏེ་དེ་སླད་འགྲོ་བ་མཐའ་དག་ཐུགས་ལ་བཞག་མཛད་ནས། །རེ་ཞིག་རང་ཉིད་མ་དུལ་བ་ཉིད་དུལ་བར་མཛད་ཕྱིར་བརྩོན་པ་ལགས། །ཞེས་གསུངས། དཀོན་མཆོག་བརྩེགས་པ་ལས། མ་བརྒལ་བས་ནི་བསྒྲལ་མི་ནུས། །མ་གྲོལ་བས་ནི་སྒྲོལ་མི་ནུས། །ལོང་བས་ལམ་ཡང་སྟོན་མི་ནུས། གྲོལ་བས་སྒྲོལ་བར་བྱེད་པར་ནུས། །མིག་ལྡན་ལོང་ལ་ལམ་སྟོན་ནུས། །ཞེས་དང་། ལྷག་བསམ་བསྐུལ་བ་ལས། བདག་ནི་སྒྲུབ་ཉམས་ད་ནི་ཅི་བྱ་ཞེས། །འཆི་བའི་དུས་ཚེ་བྱིས་པ་མྱ་ངན་བྱེད། །གཏིང་རྙེད་མ་གྱུར་ཤིན་ཏུ་སྡུག་བསྔལ་
འགྱུར། །སྨྲ་ལ་དགའ་བའི་ཉེས་པ་འདི་དག་གོ །ཞེས་དང་། ཡུན་རིང་དུས་ནས་སྨྲ་ལ་དགའ་བས་ན། །དེས་ནི་བདག་ཉིད་དག་པ་མི་ཐོབ་བོ། །ཚིག་གང་དགའ་བ་མཐའ་ཡས་ཐོབ་འགྱུར་བ། །ཚིག་གཅིག་ཙམ་ཞིག་བསམས་ཀྱང་མཆོག་ཡིན་ནོ། །གསུངས། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱིས། །དབུལ་ཕོངས་རྣམས་ལས་ཁྲལ་ཆེན་བསྡུས་ནས་ནི། །རྟེན་ཆེན་བཞེངས་དང་ཡོ་ལང་འགྱེད་ལ་སོགས། །དགེ་ལ་བརྟེན་ནས་གཞན་སྡིག་གསོག་པའི་རྒྱུ། །རང་སེམས་དགེ་བ་ཁོ་བོས་སྙིང་གཏམ་ཡིན། །གསུངས། རྩེ་གཅིག་སྒྲུབ་ཚེ་ཉམས་དང་གོ་བསྡུར་དང་། །བསྟན་བཅོས་རྩོམ་དང་ཉམས་དབྱངས་ལེན་པ་སོགས། །རྩལ་སྣང་ཡིན་ཀྱང་རྣམ་རྟོག་འཕེལ་བའི་རྒྱུ། །བློ་བྲལ་སྐྱོང་བ་ཁོ་བོས་སྙིང་གཏམ་ཡིན། །གསུངས། དང་པོའི་བློ་སྦྱོང་ཡིད་བཞིན་ནོར་བུ་ལས། བློ་མ་སྦྱང་རིང་ལ། བཀའ་བཅུ་འཛིན་པའང་སྨྱོ་བ་རང་སོང་བས་ཕུག་འཆད་ཉན་བྱེད་འདོད་ནའང་རེ་ཞིག་ལ་དབེན་པ་བརྟེན་ནས་བློ་སྦྱངས་ན། དེ་རྟིང་ཕན་འདོགས་གཞན་དང་མི་འདྲ་བ་ནི་སྔར་གྱི་སྒྲུབ་བརྒྱུད་ཀྱི་བླ་
མ་རྣམས་དང་། མཚན་ཉིད་པའི་སློབ་དཔོན་རྣམས་ལ་ཁྱད་ཅི་འདུག་བལྟས་པས་ཀྱང་ཤེས་ཏེ། མཚན་ཉིད་པའི་སློབ་དཔོན་བཟང་པོར་ཐེ་བ་ཞིག་ཡིན་ནའང་། ཁོ་རང་འདས་ནས་མིང་ཚུན་ཆད་ནུབ་ནས་རྗེས་མེད་པ་ཞིག་འོང་། སྒྲུབ་བརྒྱུད་ཀྱི་བླ་མ་བཟང་བར་ཐེ་ན། དེའི་མཚན་བསྐལ་པར་ཡང་མི་ནུབ་ཅིང་ཐམས་ཅད་ཀྱིས་ཀྱང་ཕྱག་མཆོད་ཀྱི་ཡུལ་དུ་བྱེད་པ་རེ་འོང་གིན་སྣང་། ཁོང་གཉིས་ཕན་ཐོགས་ཀྱང་འཛོལ་ཏེ། མཚན་ཉིད་པ་དེས་དགེ་བཤེས་བརྒྱ་ཐམ་པ་ཐོན་པ་བས་གཞན་དེས་ཚེ་བློས་བཏང་གི་སྒྲུབ་པ་པོ་གཅིག་ཐོན་པ་ཕུན་སུམ་ཚོགས་གསུངས། རྗེ་རྒོད་ཚང་པས། ཚེ་ཐུང་བ་ཟས་ནོར་མེད་པ་འཁོར་ངན་པ་སོགས་ཕུན་སུམ་ཚོགས་མ་འཚོགས་པའི་འགྲོ་དོན་ལས། འགྲོ་དོན་གྱི་ས་བོན་མ་བརླགས་པ་ལ་བརྟེན་ནས་སྒྲུབ་པ་བྱས་ན་ཁེབས་ཆེ། ལམ་དུ་མ་སློང་ན་རང་གཞན་གཉིས་ཀ་ཕུང་བས་དེ་ལས་བར་ཆད་ཆེ་བ་མེད། དེ་ཙམ་རིངས་མི་དགོས་སྒྲུབ་པ་ནན་ཏན་བསྐྱེད་གསུངས། སློབ་དཔོན་ཆུང་ངུ་མ་བྱེད་སྙིགས་མའི་དུས་སུ་འགྲོ་དོན། ཆོས་པ་ཐམས་ཅད་སྤྱི་བོར་འཁུར་ནས་རང་གིས་འགྲོ་དོན་མ་བྱས་པར་སྒྲུབ་པ་ཚུལ་
བཞིན་བྱས་ན་འགྲོ་དོན་ཆེ་གསུངས། ཡང་། འགྲོ་དོན་ཆེ་ཆུང་གི་གོ་བ་ནི། འཁོར་གཅིག་ལས་མ་བྱུང་ཡང་གཅིག་སྨིན་ཅིང་གྲོལ་ན་ཕན་འདོགས་ཆེ་བ་ཡིན། གཅིག་པུ་དེས་ནམ་ཞིག་སེམས་ཅན་སྨིན་གྲོལ་ལ་འགོད་པ་ཞིག་འོང་། ཟང་ཟིང་ལས་འབྲེལ་གྱི་འཁོར་མང་ཡང་ཕན་ཐོགས་ཆེ་རྒྱུ་མེད། གསུངས། དཔེར་ན་སྨན་གྱི་སྡོང་པོ་རྒྱས་རག་བར་དུ་གཞན་ལ་མི་སྟེར་བར་རྟག་ཏུ་བསྲུངས་ནས་ཡར་རྒྱས་པའི་ཐབས་ལ་འབད་དགོས་པ་ལྟར། རང་རྒྱུད་ལ་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་རྒྱས་རག་གི་བར་དུ་ལུས་ངག་གིས་དངོས་སུ་གཞན་དོན་བྱེད་པའི་བསམ་སྦྱོར་ཐམས་ཅད་བོར་ནས། དེའི་བར་ལ་བདག་བས་གཞན་གཅེས་ཀྱི་བློས་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན་ལྟོ་གོས་གཏམ་གསུམ་བཏང་ནས་མི་མེད་པའི་གངས་དང་རི་སུལ་རྣམས་སུ་ཟབ་མོའི་སྒྲུབ་ལ་གཞོལ་ན་འགྲོ་དོན་དེ་ཀ་རང་ཡིན་སྟེ། དགེ་བའི་བཤེས་གཉེན་འབྲོམ་སྟོན་རིན་པོ་ཆེ་ལ། སྐུ་མཆེད་གསུམ་གྱིས། དབེན་པར་ཉམས་སུ་ལེན་པ་དང་། སེམས་ཅན་ལ་ཆོས་ཀྱིས་ཕན་འདོགས་པ་གཉིས་ཁེབས་གང་ཆེ་
ལགས་ཞུས་པས། སྟོན་པའི་ཞལ་ནས། རང་རྒྱུད་ལ་ཉམས་རྟོགས་ཅི་ཡང་མེད་པའི་ལས་དང་པོ་བའི་གང་ཟག་གིས་སེམས་ཅན་ལ་ཆོས་ཀྱི་ཕན་བཏགས་ཀྱང་མི་ཐོགས་ཏེ། བྱིན་རླབས་སྣོད་སྟོང་པ་བྱོ་བ་དང་འདྲ་སྟེ་བྱིན་རླབས་ལ་འོང་རྒྱུ་མེད། གདམས་ངག་སྦང་མ་མ་མནན་པར་བསིངས་པའི་ཆང་དང་འདྲ་སྟེ་གདམས་ངག་ལ་རོ་བཅུད་མེད། དྲོད་ཐོབ་ལ་བརྟན་པ་མ་ཐོབ་པའི་མོས་པས་སྤྱོད་པའི་གང་ཟག་གིས་སེམས་ཅན་གྱི་དོན་བྱར་མི་བཏུབ་སྟེ། བྱིན་རླབས་བུམ་པ་གང་བྱོ་དང་འདྲ་སྟེ་གཞན་གང་ཙམ་ན་རང་ཉིད་སྟོང་པར་འགྱུར། གདམས་ངག་སྒྲོན་མེ་ལག་བརྒྱུད་དང་འདྲ་སྟེ་གཞན་གསལ་ཙམ་ན་རང་ཉིད་འགྲིབ་པར་འགྱུར། ས་ཐོབ་ནས་མ་སེམས་ཅན་གྱི་དོན་འགྲུབ་ཚད་བྱ་བ་ཡིན་ཏེ་བྱིན་རླབས་བུམ་པ་བཟང་པོའི་དངོས་གྲུབ་དང་འདྲ། གཞན་ཐམས་ཅད་སྨིན་པར་བྱས་ཀྱང་རང་ལ་གང་སྟོང་མེད། གདམས་ངག་མར་མེའི་གཞི་མ་དང་འདྲ་སྟེ། གཞན་གསལ་བར་བྱས་ཀྱང་རང་ལ་འགྲིབ་པ་མེད་པ་ཡིན། དེས་ན་ད་ལྟ་སྙིགས་མའི་དུས་འདིར་སོ་སོའི་སྐྱེ་བོས་དབེན་པར་བྱམས་པ་དང་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་གོམས་
པར་བྱ་བ་མ་ཡིན་པར་སེམས་ཅན་ལ་དངོས་སུ་ཕན་གདགས་པའི་དུས་མ་ཡིན། རང་རྒྱུད་ཀྱི་ཉོན་མོངས་པ་བསྲུང་བའི་དུས་ཡིན། དཔེར་ན་སྨན་ཆེན་པོའི་ལྗོན་ཤིང་གི་མྱུ་གུ་དེ་བཅད་པའི་དུས་མ་ཡིན་བསྲུང་བའི་དུས་ཡིན་གསུངས། རྗེ་བཙུན་མི་ལ་རིན་པོ་ཆེ་ལ་བུ་སློབ་རས་པ་རྣམས་ཀྱིས། གཞན་དོན་དུ་འགྱུར་ན་སྤྲོས་པ་ཅུང་ཟད་བགྱིད་ན་ཆོག་ལགས་སམ་ཞུས་པས། རྗེ་བཙུན་གྱི་ཞལ་ནས། རང་འདོད་ཀྱི་འཁྲི་བ་ཡེ་མེད་ན་ཆོག་སྟེ་དེ་ཀ་དཀའ་མོ་ཡིན། རང་གི་ཚེ་འདིའི་འདོད་པ་དང་ལྡན་པས་འགྲོ་དོན་བྱེད་པ་དེས་གཞན་དོན་དག་ལྟ་ཅི་སྨོས་ཏེ་རང་དོན་ཡང་མི་འགྲུབ། སྟོབས་མེད་ཆུས་ཁྱེར་བས་ཆུས་ཁྱེར་གཞན་སྒྲོལ་ཟེར་བ་དང་འདྲ་བས། གནས་ལུགས་མ་རྟོགས་ཀྱི་བར་དུ་གཞན་དོན་ལ་མ་རིངས། ལོང་བས་ལོང་བ་འཁྲིད་པ་དང་འདྲ་ཞིང་། རང་དོན་དུ་ཤོར་ཉེན་ཡོད་དོ། །ནམ་མཁའ་མ་ཟད་བར་དུ་སེམས་ཅན་ལ་ཟད་པ་མེད་པས་ཉམས་ལེན་ནུས་ན་འགྲོ་དོན་བྱེད་ཆོག་པའི་དུས་གཅིག་འོང་གིས། དེ་བར་ཁྱེད་རང་རྣམས་བསམ་པ་བདག་བས་གཞན་གཅེས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་
རྒྱས་ཐོབ་འདོད་ཀྱིས། སྦྱོར་བ་དམན་པའི་ས་བཟུང་། ཧྲུལ་པོའི་གོས་གྱོན། གྱོང་ལྟོ་གོས་གཏམ་གསུམ་ལ་ཐོངས། ལུས་ལ་བབ་སྐུར། སེམས་ལ་ཁུར་སྐུར་ལ་ཉམས་སུ་ལོངས་ཤིག །སེམས་ཅན་གྱི་དོན་དེ་ཀ་ཡིན་ནོ། །གསུངས། ཁྱད་པར་སྙན་གྲགས་དང་སྐུ་བསོད་རྒྱས་ཆེད་དབེན་པའི་རི་ཁྲོད་དོར། གྲོང་གི་ཐག་ཉེ་ཞིག་ན་དགོན་གཞི་ཞིག་འཛིན་པ་བྱང་ཆུབ་སྒྲུབ་པའི་བར་ཆད་བདུད་ཡིན་པས་ངོ་ཤེས་པ་གལ་ཆེ། རྗེ་རྒོད་ཚང་པས། ཚེ་བློས་བཏང་ནས་གྲུབ་ཐོབ་གཅིག་བྱེད་པ་ཡིན། འཁོར་བ་མ་སྟོངས་བར་དུ་གཞི་དགོན་གྱི་བདག་འཛིན་མི་བྱེད། སོ་ནམ་མི་བྱེད་གསུངས། ཡང་བསོད་ནམས་ཀྱིས་ཅི་བྱེད། ཆོས་ཞེ་ནས་བྱེད་ན་འཚོ་བ་བསོད་སྙོམས་བྱས་ཀྱང་ཆོག །ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་དགོས་འདོད་ཐམས་ཅད་སྒོ་རྩར་འོང་བར་མཁྱེན་ནས་མཛད་པར་བསོད་སྙོམས་མཛད་པ་ལགས་མོད། དགོན་ཆུང་འཛིན་པ་ཀུན་བདུད་ཀྱིས་ཁྱེར་བ་ཡིན། གསུངས། བཀའ་གདམས་བླ་མ་འགའ་རེས། སྙིགས་མའི་དུས་སུ་དགོན་པ་ཞིག་བཏབ་པ་ལས། གང་ཟག་གཅིག་གི་རྒྱུད་ལ་ཕན་བཏགས་པ་བསོད་
ནམས་ཆེ་གསུངས། རྗེ་མི་ལས། གྲོང་ལྟག་གི་དགོན་ཆུང་ཁྲ་བོ་དེ། །མིང་དགོན་པར་བཏགས་ཀྱང་གྲོང་པ་ཡིན། གསུངས་པ་ཆ་གཅིག་ན་ཐུགས་མད་དོ། དེང་སང་དགོན་པ་བཏབ་པ་ཕལ་ཆེར་གྱི་ཆགས་སྡང་སོགས་ལ་ལྟོས་དང་ཧ་གོ་ཡོང་། ཡང་གཏེར་སྟོན་འགའ་རེའི་ལུང་བསྟན་ན། སྙིགས་མའི་དུས་སུ་བླ་མ་རེས་བདག་ཏུ་བཟུང་བའི་དགོན་པ་རེ་བཏབ། དགོན་པ་རེས་བདག་ཏུ་བཟུང་བའི་སྦྱིན་བདག་རེ་བཙལ། དགོན་པ་གཉིས་རེས་སྦྱིན་བདག་རེ་རེ་བརྩད་ནས་བསམ་ངན་སྦྱོར་རྩུབ་མཐུ་གཏད་འཁོན་འཛིན་སོགས་བྱས་བསྟན་པ་བཤིག་སྐད། དེ་ཡང་ཐུགས་མད་པར་གདའ། དེང་སང་དགོན་གཉིས་རེ་བརྒྱབ་འགྲེ་བརྒྱབས་ནས་མི་བསད་རྟ་དེད་ཟེར་བ་མཐོང་ཐོས་ཡོད་ལ། དེ་ལ་དགོངས་ནས་རྗེ་མི་ལས་བདག་ཏུ་བཟུང་བའི་དགོན་པ་མ་འདེབས་གསུངས། སྤྱན་སྔ་བས། ཆོས་དང་འཇིག་རྟེན་གཉིས་ཀ་མེད། །འོག་ནས་འོག་ཏུ་ལྷུང་སྲིད་པས། །དགོན་གོག་ཆགས་ཞེན་དགྲ་ལྟར་བལྟས། །གསུངས། གང་ཤར་རང་གྲོལ་གྱིས། དགོན་གནས་གྲྭ་ཚང་ལ་ཆགས་པའི་བླ་མ་ཡི་ཚོགས་རྣམས། །
ཚེ་མཇུག་དོན་མེད་དུ་ཟད་ཚེ་གང་འདྲ་རང་མཛད་དམ། །གསུངས། རྗེ་སྐལ་ལྡན་རྒྱ་མཚོས། སྔོན་རྒྱལ་པོས་བསྐྱོད་ཚེ་གྲྭ་ཚང་བཙུགས། །པེ་ཧར་དགྱེས་ཐབས་མི་བྱེད་པར། །ཁོང་སངས་རྒྱས་བྱང་སེམས་མཉེས་ཕྱིར་དུ། །བདག་འདི་རུ་མི་སྡོད་རི་ལ་འགྲོ། གསུངས། བཀའ་གདམས་གསུང་བགྲོས་ཐོར་བུ་ལས། རི་ཁྲོད་དགོན་པ་མི་འགྲིམས་པར། འཁོར་བའི་མུན་ཁང་བརྩིགས་པ་འདི་ཡང་འཁྲུལ། གསུངས། དེས་ན་ཐུགས་བསམ་ཞིབ་ཏུ་གཏོང་དགོས་ཏེ། གང་ཤར་རང་གྲོལ་གྱིས། ཕྱོགས་མེད་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །ལྟོས་མེད་སློང་ཞིང་རང་རྒྱུད་མི་འདུལ་བར། །སྐྱིད་མེད་དགོན་ཆུང་རེ་ལ་ཞེན་ནས་སྡོད། །སྙིང་མེད་པོ་ཚོ་ད་ནི་མནོ་བསམ་ཐོངས། །གསུངས། ངས་བསམ་ན། དེང་སང་བླ་མ་འགའ་རེས་དང་པོ་དགོན་པ་འདེབས་རྒྱུ་ཡིན་ཟེར། མི་ཕྱུགས་མང་པོས་ས་རྡོ་ཤིང་མང་པོ་བླངས། བྲན་གཡོག་མང་པོ་ངལ་དུ་བཅུག །ཁལ་རྟ་མང་པོ་རྒལ་རྨ་བཏོན། སྲིན་འབུ་མང་པོ་བཅུར། བར་དུ་དགོན་པ་སྐྱོང་རྒྱུ་ཡིན་ཟེར། མི་རྟ་མང་པོ་བཅས་ཡོན་བདག་མང་པོའི་སྒོར་སོང་།
དཀོར་མང་པོ་བསྡུས་འོང་། མཐར་འགྱེད་ཕོགས་མང་པོ་བརྒྱབ་ཀྱང་། བླ་མ་ལ་བསྟེན་ནས་གྲྭ་པ་མང་པོས་ངན་སྨྲས་མང་པོ་བྱས། དམྱལ་བར་འགྲོ་བ་མང་པོ་སྣང་། དེང་སང་སྙིགས་མའི་དུས་འདིར་བདེ་སྐྱིད་སྙན་གསུམ་འདོད་ནས་དགོན་པ་རྩིག་པ་སྡིག་སྡུག་གཏམ་ངན་གསུམ་གྱི་གཞི་མ་ཆུང་མ་བདུད་མོ་ཞིག་བླངས་པ་ལས་ཀྱང་ཐུ། དགོན་ངན་གྱི་ཕར་རེ་ཚུར་རེ་མ་སྦྱིན་ལེན་མི་ཆོས་བླ་མའི་རྫུན་སོགས་སྨྲས། རྩ་བ་བཞིའི་སྡོམ་པ་ཡན་ཆད་ཤོར་ནས། མཐར་ཐུག་གི་ཐོབ་བྱ་སྡིག་སྡུག་གཏམ་ངན་གསུམ་མ་གཏོགས་འདི་ཕྱིར་སྐྱིད་མ་མཆིས་པར་གདའ། དེས་ན་དགོན་ཁོག་མ་བཟུང་བར་སྤང་ན་སྐྱིད་ཆེ་སྟེ། སྐྱིད་པའི་རྒྱངས་གླུ་ལས། བདག་འཛིན་དགོན་པ་ནི་མི་འདུག །དངོས་པོའི་བསོག་བསྲུང་ནི་མི་སྣང་། །མི་ངན་ངོ་སྲུང་དང་བྲལ་བའི། །ཀུན་སྤངས་བློ་བདེ་ཚོ་སྐྱིད་པ། །གསུངས། གསུང་འདི་ཤེས་ན་འོ་སྐོལ་རྣམས་ལ་དམ་པ་གོང་མས་སྙིང་གཏམ་སྨྲས་པ་ཡིན་ཏེ། ཀུན་མཁྱེན་ཀློང་ཆེན་པས། ཀྱེ་ཧོ། །སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས། །མཐུན་རྐྱེན་འཛོམས་པའི་
དགོན་གཞི་འཛིན་པ་ཡང་། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །གསུངས། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་དམ་པ་གོང་མ་ཐམས་ཅད་ཀྱི་རྣམ་ཐར་དང་ཞལ་གསུང་འཁྲུལ་མེད་ཡིན་པས་གདམས་པའི་མཆོག་ཡིན་ཏེ། སྔོན་སངས་རྒྱས་ཀྱི་དགོན་པ་ཚ་ཁང་ཙམ་ཞིག་ཀྱང་མ་བརྩིགས་པར་སྐུ་ཚེ་གང་པོར་གནས་ཤིང་དྲུང་སོགས་བྱས། འཚོ་བ་བསོད་སྙོམས་བྱས་པ་ཡིན་ལ། དེ་ཁོང་གིས་མ་འཛོམས་པ་དང་མ་མཁྱེན་པ་མ་ཡིན་ཏེ། རྗེས་འཇུག་འོ་སྐོལ་རྣམས་ཀྱིས་ཁོང་གི་ལད་མོ་བྱས། གཞིས་དགོན་བདག་ཏུ་བཟུང་ཆགས་སྡང་བྱས། ཉེས་སྐྱོན་གྱིས་གོས་པར་མཁྱེན་ནས། དེ་ལ་ཕན་པར་དགོངས་ནས་མཛད་པ་དེ་འདྲ་གནང་བ་ཡིན་པས་བཀའ་དྲིན་ཆེ་ལ། སྔོན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་མཛད་པ་ཡང་འོ་སྐོལ་རྗེས་འཇུག་རྣམས་ལ་ཕན་པར་དགོངས་ནས་དེའི་སླད་དུ་བྱས་པ་ཡིན་པས་བཀའ་དྲིན་ཆེ་སྟེ། རྗེ་རྒོད་ཚང་པས། ངས་ལུས་ལོངས་སྤྱོད་གཞི་དགོན་ཡོན་བདག་ལ་སོགས་པ་བདག་འཛིན་མི་བྱེད་པ་འདི། ཁྱེད་སློབ་བུ་རྣམས་ལ་དྲིན་ཆེ་བ་
ཡིན། ང་ལ་གང་ཤར་ཆོས་སྐུར་འཆར་བ་འདུག་སྟེ། ཚེ་གང་སྒྲུབ་པ་བྱེད་པ་ཁྱེད་ཚོའི་དོན་ཡིན་གསུངས། འོ་སྐོལ་རྣམས་ལ་ཡང་སངས་རྒྱས་ཐུགས་རྗེ་ཅན་ཁོང་གི་རྣམ་ཐར་འདི་ལྟར། གནས་ཤིང་དྲུང་པ། ཟས་བསོད་སྙོམས་པ་གྱིས་གསུངས་པ་མ་གཏོགས། རྗེས་འཇུག་རྣམས་ཀྱིས་ཁོང་གི་འདི་ལྟར་བྱས་ན་མི་ཡོང་། གཞི་དགོན་རྒྱོབ། རྒྱུ་ནོམ་མང་པོ་སྡུས་དང་། རང་གཞན་བསྟན་འགྲོའི་དོན་ཡོང་ཞེས་ནམ་ཡང་མ་གསུངས། དེས་ན་དབེན་པའི་བསིལ་གྲིབ་དུ་ཟས་བསོད་སྙོམས་ལ་བརྟེན་ནས་ལྷ་ཆོས་རྣམ་དག་བྱེད་དགོས་ཏེ། ཀློང་ཆེན་རབ་འབྱམས་པས། མང་པོའི་ནང་དུ་འདུ་འཛིས་གཡེང་། །སྡེ་དགོན་ཡིན་ཡང་ཕན་པ་མེད། །ཕྱོགས་རིས་ཆགས་སྡང་ཟག་པ་འཕེལ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །གསུངས། བླ་མ་ཞང་གིས། ལར་སྒོམ་ཆེན་གཤའ་མ་ཞིག་བྱེད་ན་གྲོང་ལྟག་གི་དགོན་པ་དཀར་ཁྲ་ཤིག་གེ་བ་ཞིག་ལ་བློ་རྩེ་གཏད་པས་མི་ཡོང་། རི་ཁྲོད་དུ་རི་དྭགས་བཞིན་དུ་སྡོད་དགོས་པ་ཡིན་གསུངས། དེ་ལྟར་བྱས་ན་བསྟན་པ་བཟུང་འགྲོ་དོན་བྱས་པ་ཡིན་པས་དེ་
ལུགས་གྱིས་དང་བཟང་། ཡང་བྱ་བཏང་རི་ཁྲོད་པ་ལ་གཏད་པ་བཞི་དགོས། བློ་ཕུགས་ཆོས་ལ་གཏད། ཆོས་ཕུགས་སྤྲང་ལ་གཏད། སྤྲང་ཕུགས་ཤི་ལ་གཏད། ཤི་ཕུགས་བྲག་ལ་གཏད། འདི་ལ་གཏད་པ་བཞི་ཟེར། ཡང་བྱ་བཏང་རི་ཁྲོད་པས་བུད་བསྙེགས་ཐོབ་གསུམ་བྱེད་དགོས། མི་གྲལ་ནས་བུད། ཁྱི་གྲལ་བསྙེགས། ལྷ་གྲལ་ཐོབ། འདི་ལ་བུད་བསྙེགས་ཐོབ་གསུམ་ཟེར། ཁྱི་གྲལ་ཟེར་བ་དེ་དམན་ས་འཛིན་པ་ལ་ཟེར། བྱ་བཏང་རི་ཁྲོད་པ་ལ་རྡོ་རྗེ་གསུམ་དགོས། ཐེབས་མེད་རྡོ་རྗེ་སྔོན་ལ་གཏོང་། ཁྲེལ་མེད་རྡོ་རྗེ་རྗེས་ལ་འཇོག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། འདི་ལ་རྡོ་རྗེ་གསུམ་ཟེར། ཐེབས་མེད་རྡོ་རྗེ་ནི། ཚེ་བློས་བཏང་ནས་དབེན་པར་སྒྲུབ་པ་བྱེད་དུས་ཕ་མ་གཉེན་བཤེས་གང་གིས་བཤོལ་ཅི་བཏབ་ཀྱང་བཤོལ་མི་ཐེབས་ཅིང་། ཕྱི་ཐེབས་ཡེ་མེད་པ་ལྟར་བྱེད་པ་ཐེབས་མེད་རྡོ་རྗེ་དེ་སྔོན་དུ་གཏོང་དགོས། ཁྲེལ་མེད་རྡོ་རྗེ་ནི་ཚེ་འདིའི་ཕ་མ་གཉེན་བཤེས་རྣམས་མ་བསྐྱངས་ན་རྗེས་ཀྱི་མི་རྣམས་ཀྱིས་ང་ལ་ཁྲེལ་གཞུང་ངོ་ཚ་མེད་གི་ཨེ་ཟེར་སྙམ་འཛེམ་པ་ཅུང་ཟད་མི་བྱེད་པར་ཅི་བཤད་དང་བཤད་དུ་ཆུག་ཅེས་འཇིག་
རྟེན་འདིའི་ངོས་ནས་ཁྲེལ་མེད་བྱེད་པ་ཁྲེལ་མེད་རྡོ་རྗེ་དེ་རྗེས་ས་ལ་འཇོག་དགོས། ཡེ་ཤེས་རྡོ་རྗེ་ནི། ཆོས་མ་གཏོགས་བྱ་བ་གཞན་སྤངས་ནས་བྱར་མེད་བྱ་སྙམ་པ། གཟུང་འཛིན་ཐམས་ཅད་སྤངས་ནས་འཛིན་མེད་བྱ་སྙམ་པ། བྱ་བ་གཞན་བྱ་ལོང་མེད་ད་ལྟ་ཡིན་ཡང་འཆི་སྙམ་པ་གསུམ་ཡིད་ལ་བཅངས་པ་ཡེ་ཤེས་རྡོ་རྗེ་དེ་རང་དང་འབྲལ་མེད་དུ་འགྲོགས་དགོས་ཟེར་བ་རེད། གཏད་པ་བཞི། བུད་བསྙེགས་ཐོབ་གསུམ། རྡོ་རྗེ་གསུམ་དང་བཅུ་པོ་འདི་ལ་དམ་པ་གོང་མ་འགའ་རེས་ཕུགས་ནོར་བཅུ་ཡང་ཟེར། ནོར་འདི་བཅུ་པོ་ཡོད་པའི་བྱ་བཏང་རི་ཁྲོད་པས་འཇིག་རྟེན་གྱི་འཁྲུལ་པ་འཇོམས། ཆགས་ཞེན་གྱི་རྒྱ་མཚོ་སྐེམ། ཆོས་བརྒྱད་ཀྱི་རི་བོ་བསྙིལ། ཉོན་མོངས་ཀྱི་རྫོང་འགྱེལ། ལས་ངན་གྱི་གྲུ་འཇིག །གཉེན་པོའི་ཐང་བདེ་བ་ལ་སླེབ་ཅེས་སྤྱན་སྔ་བས་གསུངས། བླ་མ་དབུ་མ་བའི་ཞལ་ནས། ཐེབས་མེད་རྡོ་རྗེ་སྔོན་ལ་གཏོང་། །ཁྲེལ་མེད་རྡོ་རྗེ་ས་ལ་འཇོག །ཡེ་ཤེས་རྡོ་རྗེ་རང་དང་འགྲོགས། །ཐར་འདོད་བློ་ཕུགས་ཆོས་ལ་གཏད། །ཆོས་ཕུགས་རྒྱལ་ཁམས་སྤྲང་ལ་གཏད། །སྤྲང་
ཕུགས་ལྟོག་གྲིར་འཆི་ལ་གཏད། །འཆི་ཕུགས་གྲོག་ཕུག་ཞིག་ལ་གཏད། །རྡོ་རྗེ་གསུམ་དང་གཏད་པ་བཞི། །འདི་བདུན་ང་ཡི་ཕུགས་ནོར་ཡིན། །འཇིག་རྟེན་བྱ་བཏང་འདུན་མའི་ཡང་རྩེ་ཡིན། །གནས་གཞི་གྲྭ་སར་ཆགས་པའི་སྒོམ་ཆེན་གོལ། །སྙིང་ནས་བློ་ཕུགས་ཆོས་ལ་གཏོད་པ་རྣམས། ངེས་མེད་དབེན་པའི་རི་ཁྲོད་འགྲིམས་པ་གཅེས། །གསུངས། ཡང་བྱ་བཏང་རི་ཁྲོད་པ་འཕགས་པའི་རིགས་བཞིར་གནས་དགོས་ཏེ། གོས་ངན་ངོན་ཙམ་གྱིས་ཆོག་པ་དང་། བསོད་སྙོམས་ངན་ངོན་ཙམ་གྱིས་ཆོག་པ་དང་། མལ་ཆ་ངན་ངོན་ཙམ་གྱིས་ཆོག་པ་དང་། ན་བའི་གསོ་སྨན་སོགས་མཁོ་བའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་ཤེས་པ་ལ། འཕགས་པའི་རིགས་བཞི་ཟེར་ཏེ། སྙིང་རྗེ་པད་དཀར་དུ། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་རིགས་བཞི་ལ་ངེས་པར་གནས་པ་ཡིན་ཏེ། བཞི་གང་ཞེ་ན། འདི་ལ་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་གོས་ངན་ངོན་ཙམ་གྱིས་དགའ་ཞིང་ཆོག་ཤེས་པ། གོས་ངན་ངོན་ཙམ་གྱིས་ཆོག་ཤེས་པའི་བསྔགས་པ་བརྗོད་པར་བྱེད་ཅིང་། དེས་གོས་ཀྱི་ཕྱིར་
ཚུལ་དང་མི་མཐུན་པས་འཚོལ་བར་མི་བྱེད་ལ། གོས་མ་རྙེད་ན་ཡོངས་སུ་གདུང་བ་མེད་ཅིང་། གོས་རྙེད་ན་ཡང་ཆགས་པ་མེད་པ་དང་། ཞེན་པ་མེད་པ་དང་། འཁྲེན་པ་མེད་པ་དང་། མདུད་པ་བོར་བ་མེད་པ་དང་། བརྒྱལ་བ་མེད་པ་དང་། ཆགས་པ་མེད་པ་དང་། ལྷག་པར་ཆགས་པར་འགྱུར་བ་མེད་པར་ལོངས་སྤྱོད་ཅིང་། ཉེས་དམིགས་སུ་བལྟ་ལ། ངེས་པར་འབྱུང་བར་རབ་ཏུ་ཤེས་ཤིང་ཡོངས་སུ་སྤྱོད་པར་བྱེད་པ་སྟེ། དེ་ནི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པའི་རིགས་བཞི་ལ་གནས་པའི་དང་པོ་ཡིན་ཏེ། གོས་ལ་ཇི་ལྟ་བ་བཞིན་དུ་བསོད་སྙོམས་དང་། མལ་ཆ་ན་བའི་གསོ་སྨན་ལ་ཡང་སྔར་ལྟར་སྦྱར་ནས་གསུངས། དེས་པས་ཞུས་པའི་མདོ་ལས། རྒྱལ་པོ་ཆེན་པོ་བྱང་ཆུབ་སེམས་དཔའ་བདག་ཉིད་ཀྱང་འདོད་པ་སྤོང་བར་འགྱུར་ཞིང་། གཞན་ཡང་འདོད་པའི་སེམས་བསྐྱེད་པར་མི་འགྱུར་བ་དེ་ལྟ་བུའི་གོས་བཅང་བར་བགྱིའོ། །ཞེས་གསུངས་ཤིན་ཏུ་དབུལ་བའི་ཆ་བྱད་ཁོ་ནས་སེམས་ཅན་འདུལ་བར་གསུངས། རྗེ་སྤྱན་སྔ་བས། དེ་ལྟར་ཟས་སོགས་ལ་ཆགས་
པ། །ཉེས་སྐྱོན་མ་ལུས་ཀུན་གྱི་གཞི། །ངན་ངོན་ཙམ་གྱིས་ཆོག་ཤེས་པ། །ཕན་བདེ་ཀུན་གྱི་གཞིར་གཟིགས་ནས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོས་ཀྱང་། །ལོ་དྲུག་བར་དུ་དཀའ་ཐུབ་སྤྱད། བྲན་མོའི་རོ་གོས་གསོལ་ཚུལ་བསྟན། །རྗེས་འཇུག་སློབ་མའི་ཚོགས་ལ་ཡང་། །གནས་མལ་ཤིང་དྲུང་ཙམ་དག་དང་། །གོས་ནི་ཕྱག་དར་ཁྲོད་པ་སྟེ། །ཟས་ནི་བསོད་སྙོམས་ལས་བྱུང་དང་། །བཀུས་ཏེ་བོར་བའི་སྨན་ཙམ་དང་། །ཆོག་ཤེས་དམ་བཅའ་གྱིས་ཞེས་གསུངས། །ཞེས་གསུངས། བཅོམ་ལྡན་འདས་ཀྱིས་རྣམ་པ་ཐམས་ཅད་དུ་ཟས་གོས་ཉུང་ངུ་དང་ངན་པས་ལུས་འཚོ་བར་བྱེད་པས་དགང་སླ་བ་དང་། རང་གཅིག་པུ་མ་གཏོགས་གཞན་འཁོར་གཡོག་ཀྱང་སྦྱིན་བདག་སོགས་ཀྱིས་གསོ་དགོས་པའི་གསོ་དཀའ་བ་མེད་པས་གསོ་སླ་བ་དང་ལྡན་པར་བྱ་དགོས་པར་གསུངས་པ་གོ་དགོས། ལག་ལེན་ལ་ཡང་འདེབས་དགོས་ཀྱང་། དེང་སང་འགའ་རེས། ངས་རི་ཁྲོད་དབེན་པ་ཞིག་ནས་ཁོང་རྣམས་བཞིན་དགེ་སྦྱོར་བྱས་ན་འདོད་དེ། མཐུན་རྐྱེན་མི་འགྲིག་གི་ཟེར་སྡུག་གཏམ་མང་པོ་བཤད་པ་མང་། ཁྱོད་ལ་ཅི་མ་འགྲིག་དྲིས་ན།
རྒྱལ་བ་སྲས་བཅས་ཀྱིས་སྨད་པའི་གནས། ཇ་མར་སྣམ་རས་སོགས། ཟས་གོས་བཟང་པོ་མང་པོ་ཞིག་མ་འགྲིག་ཟེར། རྩམ་པ་སྔོ་ཚོད་ཤིང་འབྲས་གོས་ཧྲུལ་ངན་ངོན་གང་བྱུང་ཙམ་གྱིས་ཆོག་ན་འགྲིག་འོང་སྨྲས་ན། ཨང་དེ་སྔོན་གྱི་དམ་པ་དང་ཁྱེད་རྣམས་ཀྱི་སྤྱོད་ཡུལ་ཞིག་རེད་ལགས། ང་འདྲའི་དེ་གས་ཡོང་དོགས་མེད་ཟེར། རྒྱལ་བའི་རྣམ་ཐར་ཞལ་གསུང་ལ་རྒྱབ་བསྟན། ཁྱིམ་པ་ཕོ་མོའི་སྤྱོད་ངན་ཚིག་དེ་དང་དུ་བླངས། ཇ་མར་ཤ་ཐུད། གྲོ་ཕྱེ་རྩམ་པ། ཕྱུ་ར་ཚྭ་འབྲས་སོགས་ཆོས་ཀྱི་འགལ་རྐྱེན་མི་འདོད་སྣ་དགུ་པོ་ཚང་དགོས། དེ་འདྲའི་མི་ལ་མཐུན་རྐྱེན་འགྲིགས་ནས་ཆོས་ཤིག་འོང་བའི་དུས་མི་འབྱུང་། གལ་ཏེ་ཅུང་ཟད་བྱུང་ཡང་མཐར་མི་འཁྱོལ་སྟེ། རྗེ་འབའ་ར་བས། སེར་མོའི་གཟུགས་བརྙན། བྲེག་པ་ཁྱུར་རྒྱབ། ཉི་མ་གང་དྲོ། ལྟོ་གང་ཕྱིད། དད་རྫས་ཀྱི་རྐྱལ་བ། བཟའ་བཏུང་གང་རྙེད་དུ་འདོད་པའི་ཆོས་པས་མི་ཡོང་གསུངས། རྗེ་བྱེ་ཚང་པས། ཁབ་རྙེད་ན་ལྷ་གསོལ། སྙུང་བུ་ཆག་ན་བྲང་བརྡུང་། ལྟོ་འབྲང་གོས་དྲོ། རྐྱེན་མེད་པར་ཉི་མ་དྲོ་པོ་ལ་སྡོད་ཙ་ན།
ཕྲེང་བ་སྒྲིལ། མཆུ་ལྷེབས་ལྷེབ་བྱེད། མིག་རུ་ཟིང་ཟིང་བྱེད། ཆོས་ཡོད་ཡོད་འདྲ་པོ་ཞིག་འདུག་སྟེ། རང་ལ་ལྟོ་གོས་མེད་པའམ། ཉེ་རིགས་ལ་རྐྱེན་ངན། ལུས་ཐོག་ཏུ་ན་ཚ། རྣ་བའི་ཡུལ་ཏུ་གཏམ་ངན་ཞིག་བྱུང་ཙ་ན། དགེ་སྦྱོར་གནམ་གྱི་མཐའ་ལ་ཡར་ནས། རྐྱེན་དབང་དུ་འཆོར་བར་འཇུག་པས། དེ་འདྲས་ཆོས་རྣམ་དག་ཡོང་བའི་རེ་བ་ཆད། ཆོས་བྱེད་པ་ལ་སྐྱིད་རུང་སྡུག་རུང་། ཤི་རུང་གསོན་རུང་། རྐྱེན་བཟང་རུང་ངན་རུང་། གཏམ་སྙན་རུང་མི་སྙན་རུང་། མཐུན་རྐྱེན་འཛོམས་རུང་མ་འཛོམས་རུང་། ཞེན་ལོག་གི་ངང་ནས་གཉེན་པོ་དཔེར་ན་གཞུ་བདུང་པ་འདྲ་བའི་ཐང་བྲིང་ངེ་བ་དེས་རྐྱེན་ཐམས་ཅད་རང་གྲོལ་དུ་ཁྲོལ་ཁྲོལ་བ་ཞིག་དགོས་པ་ཡིན་མོད། རི་ལ་སྡོད་རུང་ཀླུང་དུ་འགྲོ་རུང་རང་གི་དགེ་སྦྱོར་གྱི་ངར་མ་ཤོར་བར། ཤི་སྐྱིད་རྒལ་རལ་བྱས་ནས་རྐྱེན་དབང་དུ་མི་གཏོང་པ་ཞིག་དགོས་པ་ཡིན་ཏེ། ཆོས་དེ་སྐྱིད་སྐྱིད་འདྲ་ན་བྱེད། སྡུག་བསྔལ་འདྲ་ན་བྱེད། སླ་སླ་འདྲ་ན་བྱེད། དཀའ་དཀའ་འདྲ་ན་འཇོག །དེ་འདྲ་ལ་དགེ་སྦྱོར་འཐོན་པ་ཡོང་བ་དཀའ། ཆོས་བྱས་པའི་རྗེས་ལ་ལྟོ་འགྲང་བ། གོས་དྲོ་བ།
མཐུན་རྐྱེན་འཛོམས་པ། ཟ་སྙིང་འདོད་ན་བཟས་པས་ཆོག་པ། འཐུང་སྙིང་འདོད་ན་བཏུང་བས་ཆོག་པ། ཉལ་སྙིང་འདོད་ན་ཉལ་བས་ཆོག་པ། དགའ་བའི་མི་དང་འགྲོགས་པས་ཆོག །སྡོམ་པ་དང་དམ་ཚིག་བསྲུང་མི་དགོས་པ། མཚམས་དང་འདག་འབྱར་སྒོམ་སྒྲུབ་བྱེད་མི་དགོས་པ། ཚེ་འདི་གང་སྐྱིད་དང་མི་གང་བདེ་ཆོས་ལ་བྱེད་ཅིང་། གང་དགའ་སྟབས་བདེ་རང་དབང་འདུས་འདུས་མོ་ཞིག་གི་ངང་ནས། འཆི་ཙ་ན་སངས་རྒྱས་ཐོབ་པ་ཞིག་འདོད་པར་འདུག་སྟེ། དེ་རང་ཅུང་དཀའ་ལས་ཆེ། ཆོས་དང་འཇིག་རྟེན་མི་མཐུན་ཅིང་ལོག་ཡིན་པས། སྐྱིད་པོ་ཞིག་འདོད་པ་ལ་སྡུག་པའི་ལས་ཤིག་བྱེད་དགོས། སངས་རྒྱས་བསྒྲུབ་པ་ལ་དཀའ་བ་དང་དུ་མ་བླངས་པར་སངས་རྒྱས་མི་འགྲུབ་པས། ཚེ་འདི་ཐེད་ལ་བོར་ཞིང་རྐྱེན་བཟང་ངན་གང་གི་དབང་དུ་མི་གཏོང་ཞིང་། རི་ཁྲོད་དབེན་པའི་གནས་སུ་སྒོམ་སྒྲུབ་འབའ་ཞིག་གིས་དུས་འདའ་བར་བྱེད་པ་ཞིག་དགོས་སོ། གསུངས། དཔེར་ན་བྱ་དང་བྱིའུ་ཆུང་ལ་ཡུལ་དང་ཉེ་འབྲེལ་བདག་ཏུ་བཟུང་བ་མེད་ཅིང་ནོར་ལོངས་སྤྱོད་ཀྱི་བསོག་འཇོག་སོགས་
གང་ཡང་མེད་པར་ཚེ་གང་པོ་ཉིན་རེ་བཞིན་གང་རྙེད་ཟ་ཞིང་། གང་འདོད་ཀྱི་གནས་སུ་སོང་། གང་བདེར་སྡོད་པ་བཞིན་དུ་ཆོས་རྣམ་དག་ཅིག་སྙིང་ཐག་པ་ནས་བྱེད་ན་དེ་འདྲ་ཞིག་བྱེད་དགོས། དེ་ལྟར་བྱས་ན་འཚོ་བ་གང་ཡང་རྙེད་སླ་སྟེ། སྐྱེས་རབས་ལས། ཆོག་ཤེས་ངེས་པས་བདག་ཉིད་ཀྱི། །འཚོ་བ་གང་ན་བཙལ་མི་དཀའ། །རྩ་དང་ལོ་མ་ཆུ་ཡི་གནས། །གང་ནའང་མེད་པ་མ་ཡིན་ནོ། །ཞེས་དང་། སྤྱན་སྔ་བས། འཚོ་བ་མི་རྙེད་དོགས་པ་མེད། །རྩམ་པ་ཕོར་རེས་དེ་དག་ཚིམས། །རྩམ་པ་ཕོར་རེ་མི་རྙེད་པའི། །གནས་དང་གྲོང་ཁྱེར་གང་ནའང་མེད། །གསུངས། དཔལ་གསང་བའི་བདག་པོས། ཐམས་ཅད་བློས་ཐོངས་རི་ཁྲོད་འགྲིམས། གོས་ནི་དུག་པོ་གྱོན་ཀྱང་ཆོག །ལྟོ་ནི་རྡོ་དང་ཆུས་ཀྱང་ཡོང་། མི་རྣམས་ཀྱིས་ཆོས་བྱེད་མ་ནུས་པ་ཡིན། གསུངས། བྱེ་ཚང་པས། ཚེ་འདིའི་ལྟོ་གོས་སྲོག་འཚོ་ཙམ་ཞིག་ནི། རྒྱལ་བ་གོང་མ་རྣམས་ཀྱིས་བཅུད་ལེན་གྱི་གདམས་པ་དཔག་ཏུ་མེད་པ་བྱུང་འདུག་པས་བཅུད་ལེན་བྱས་ཀྱང་ཆོག་མོད། བསོད་སྙོམས་ཉུང་བར་བྱས་ནས་དཀའ་ཐུབ་ལ་བརྟེན་ཀྱང་ཆོག །གོས་ཀྱང་བམ་
བེམ་དང་རོ་གོས་ཁྱི་ལྤགས་ལ་སོགས་པ་ལྷག་པ་ཐུབ་ཙམ་གྱོན་ཀྱང་ཆོག །སྐྱིད་སྡུག་གི་རྩོལ་སྒྲུབ་སྐྱུངས་གསུངས། དེ་འདྲའི་ཆོས་པ་ཞིག་བྱེད་ཨེ་ཐུབ་བལྟ་དགོས། གཞན་གང་ལྟར་བྱས་ཀྱང་བདེ་བ་མེད། འཁོར་བ་ཁབ་ཀྱི་རྩེ་མོ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཟག་བཅས་ཉེར་ལེན་ཕུང་པོ་འདི། །བདེ་བར་བསྒྲུབས་ཀྱང་སྡུག་བསྔལ་རྒྱུ། །ཞེས་སྐྱེས་བུ་དམ་པ་རྣམས་ཀྱིས་མ་གསུངས་སམ། ཆོས་པ་རྣམས་ཐུགས་བསམ་ལེགས་པར་ཐོངས། ཅིས་ཀྱང་དགོས་མེད་རྒྱུད་ལ་སྐྱེས་པའི་ཆོས་པ་ལ་ཟས་སྣ་རེ་ཙམ་འཛོམས་ཀྱང་ཐམས་ཅད་ཀྱི་གོ་ཆོད། མཐུན་རྐྱེན་གྱིས་ཕོངས་དུས་ཤིག་མི་འབྱུང་། དེས་ན་རྩམ་པ་སྤར་མོ་གང་ངམ། འབྲས་ཕོར་བ་གང་ལག་ཏུ་འོང་ན་མཐུན་རྐྱེན་ཀུན་འགྲིག་པ་ཞིག་དགོས། དེ་ལྟར་འཕགས་པའི་རིགས་བཞིར་གནས་པའི་གང་ཟག་དེ། འཕགས་པའི་རིགས་ཡིན་པས་ཕྱོགས་བཅུའི་རྒྱལ་བ་རྣམས་ཀྱིས་སྲས་གཅིག་པུ་ལྟར་ཐུགས་བརྩེ་བས་དུས་རྟག་ཏུ་སྐྱོང་ཞིང་དཀར་ཕྱོགས་སྐྱོང་བའི་ལྷའི་དབང་པོ་བརྒྱ་བྱིན་སོགས་བྱེ་བ་སྟོང་ཕྲག་ལྷ་དག་འོངས་ནས་འཕགས་
པའི་རིགས་ལ་གནས་པའི་གང་ཟག་ལ་ཕྱག་བྱེད་སྲུང་སྐྱོབ་བྱེད་པ་སྨོས་ཅི་དགོས། དེས་ཆོས་གོས་ངན་ངོན་ཞིག་བཞག་ཡོད་ཡན་ཆད་ལ་ཕྱག་བྱེད་པ་ཡིན་པས་འདུན་མ་རབ་རྣམས་ཀྱི་རྩེ་མོར་ཕྱིན་ཅིང་། དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ཀྱང་ཟིན་པ་ཡིན། མདོ་སྡེ་ལས། འདོད་པ་ཟད་ན་འཕགས་པ་དངོས་ཡིན་ཏེ། །འདོད་པ་ཆུང་ན་འཕགས་པའི་རིགས་ཡིན་ནོ། །གསུངས། དགེ་བའི་རྩ་བ་ཡོངས་སུ་འཛིན་པའི་མདོ་ལས། འོད་སྲུངས་ལ། བཅོམ་ལྡན་ཀྱིས་ན་བཟའ་ཤ་ནའི་རས་ཀྱི་སྣམ་སྦྱར་ངན་པ་གནང་། འཁོར་ལྔ་བརྒྱ་དང་བཅས་པ་ལུས་འཕགས་རི་ལ་གནས་ཏེ། ཐམས་ཅད་བསོད་སྙོམས་པ། སྦྱངས་པའི་ཡོན་ཏན་བཅུ་གཉིས་པ་ཤ་སྟག་གོ །འཁོར་དང་བཅས་པ་བཅོམ་ལྡན་འདས་ཀྱི་ཆོས་ཉན་དུ་བྱོན་པས། འོད་སྲུངས་ཁྱོད་ཚུར་ཤོག །ངའི་གདན་ཕྱེད་ལ་འདུག་ཅིག་ཅེས་གདན་ཕྱེད་གནང་གསུངས། བཅོམ་ལྡན་འདས་ཀྱིས་འོད་སྲུངས་ལ། ཁྱོད་ཀྱི་གོས་ཧྲུལ་པོའི་རྣམ་སྦྱར་དེ་ཕྱོགས་གཅིག་ཏུ་བཞག་ནས་འཆག་པ་ན། ལྷ་སྟོང་ཕྲག་འོང་ནས་གོས་དེ་ལ་ཕྱག་འཚལ། ང་ཡང་དུ་ཀུ་ལའི་རས་དང་། ཀོ་ཏམ་པའི་
རས་དང་། ངང་རིས་ཅན་གྱི་ཆོས་གོས་སྤངས་ནས། ཤ་ནའི་རས་ཀྱི་གོས་གྱོན་ཏོ། མི་གཏི་མུག་ཅན་ནི་ཁྱོད་དང་ངའི་རྗེས་སུ་མི་སློབ་པར། གོས་བཟང་པོ་ཚོལ། ཞེས་རིན་པོ་ཆེ་ཕུང་པོའི་མདོར་གསུངས། ལེགས་གདམས་ལས། དཔོན་པོ་ཞལ་ངོ་ནག་པའི་ཇ་ཆང་ལས། །གཡོག་པོ་ཐང་ཁ་ཡངས་པའི་ཆུར་ཁུ་སྐྱིད། །ཟེར་བ་བཞིན་དབེན་པ་བརྟེན་ནས་སྡོད་མཁན་ཡོད་པ་ཡིན་ན་ཤ་མར་ཟ་རྒྱུ་མེད་ཀྱང་། སྡིག་སྡུག་གཏམ་ངན་གྱིས་མི་གཟིར་བར་འདུག་པས། འདུན་མ་རབ་ཀྱི་རྩེ་མོར་སོང་སྣང་། གསུངས། བྱེ་ཚང་པས། དེ་ལྟར་བྱས་པས་གོང་མའི་རྣམ་ཐར་འཁྱོངས། ཞེན་པ་ནང་ནས་ལོག །འཇིག་རྟེན་གྱི་བྱ་བ་ཐོང་ཤིང་། སྒྲུབ་པའི་རྒྱལ་མཚན་ཚུགས། རང་གཞན་གྱི་དོན་གཉིས་འགྲུབ་པའི་བྱ་བཏང་གི་རྣལ་འབྱོར་པ་ཡོང་བ་ལགས་སོ། །དེ་ཙམ་ཞིག་ཐུགས་ལ་འཇོག་པར་ཞུ་གསུངས། ཡང་བྱ་བཏང་རི་ཁྲོད་པ། དགེ་སྦྱོང་གི་ཆོས་བཞིར་གནས་དགོས། གཞན་ཚུར་རང་ལ་ཁྲོ་ཡང་། ཕར་ལ་མི་ཁྲོ། གཞན་གྱིས་ཚུར་ལ་གཤེ་ཡང་ཕར་མི་གཤེ་བ། གཞན་གྱིས་ཚུར་ལ་མཚང་འབྲུ་
ཡང་ཕར་ལ་མཚང་མི་འབྲུ་བ། གཞན་གྱིས་ཚུར་བརྡུང་ཀྱང་ཕར་མི་བརྡུང་བ། བཞི་པོ་འདི་ལ་དགེ་སྦྱོང་གི་ཆོས་བཞི་ཟེར་ཏེ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། གཤེ་ཡང་སླར་མི་གཤེ། ཁྲོ་ཡང་སླར་མི་ཁྲོ། བརྡེག་ཀྱང་སླར་མི་བརྡེག །མཚང་བྲུས་ཀྱང་སླར་མཚང་མི་འབྲུ་བ། འདི་ནི་དགེ་སྦྱོང་གི་ཆོས་བཞི་ཡིན་གསུངས། དེ་ལྟར་དགེ་སྦྱོང་གི་ཆོས་བཞིར་གནས་པའི་བྱ་བཏང་རི་ཁྲོད་པ་ཆོས་དང་མཐུན་པས་ཀུན་གྱིས་ཕྱག་བྱ་བའི་གནས་ཡིན་ཏེ། མདོ་ལས། བཟོད་པ་དཀའ་ཐུབ་བཟོད་པ་དམ་པ་སྟེ། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །ཞེས་དང་། ཀློང་ཆེན་རབ་འབྱམས་པས། བདག་གཞན་གཉིས་མེད་འཕགས་པའི་གང་ཟག་འདྲ། །ཉོན་མོངས་རང་གྲོལ་ཆུ་ཡི་རྦ་རླབས་འདྲ། །ཅི་སྨྲས་འཛིན་མེད་བྲག་ཅའི་སྒྲ་དབྱངས་འདྲ། །གང་ལ་ཆགས་མེད་འདབ་ཆགས་མཁའ་ལྡིང་འདྲ། །སྤང་གཉེན་རང་གྲོལ་སྦྲུལ་གྱི་མདུད་པ་དང་། །ཐམས་ཅད་ཡེ་གྲོལ་མཁའ་ལ་སྤྲིན་དྭངས་འདྲ། །དེ་འདྲའི་སྐལ་བཟང་བདེ་གཤེགས་རིག་འཛིན་དངོས། །དད་བརྒྱས་སྤྱི་བོས་བཏུད་ནས་ཕྱག་བྱར་འོས། །ཡིད་བཞིན་ནོར་བུ་
བས་ཀྱང་ཆེས་ལྷག་པའི། བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །གསུངས། དེང་སང་འགའ་རེས། ཚུར་ལ་ཚིག་ངན་ཁབ་ཙམ་ཞིག་བྱུང་བ་མི་བཟོད་པར། ཕར་ལན་དུ་ཚིག་རྩུབ་རྡོ་ལོག་འདྲ་བ་འཕེན་པའི་སྙིང་སྟོབས་ཆེ་བའི་ཤེད་ཅན་མང་པོ་རྣམས་ཆོས་དང་བསྟུན་ན་རབ་བྱུང་ངམ་དགེ་སྦྱོང་མ་ཡིན་པས་སྤྱོད་ངན་དེ་རྒྱང་རིང་དུ་འདོར་བ་གལ་ཆེ་སྟེ། མདོ་ལས། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །གསུངས། བློ་སྦྱོང་དོན་བདུན་ལས། བདག་ལ་གཞན་གྱིས་མི་མང་སར་རྨ་ཕབ་པ་ལ་སོགས་པར་ལན་མི་བྱ་ཞིང་ཀོ་ལོང་མི་བྱའོ། །ད་ལྟ་འོ་སྐོལ་ཆོས་པ་རྣམས་ཀྱི་ཆོས། བདག་འཛིན་གྱི་གཉེན་པོར་མ་སོང་བས། བཟོད་སྲན་ཤའུ་བས་ཆུང་ཀོ་ལོང་གཙང་བཙན་བས་དམ་པར་གདའ་སྟེ། དེས་ཆོས་ཀྱི་གོ་མི་ཆོད་པས། ཆོས་བདག་འཛིན་གྱི་གཉེན་པོར་འགྲོ་བ་ཞིག་དགོས་གསུངས། ཡང་བྱ་བཏང་རི་ཁྲོད་པས་ཆོས་ཕྱིར་ལྟོག་གྲིར་འཁྱག་དྲིར་འཆི་ཡང་འཆི་རུ་འཇུག་པའི་གོ་ཆ་འཛིན་དགོས། དེ་ཇི་ལྟར་འཛིན་དགོས་ཟེར་ན། མ་གྱུར་ནམ་
མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་བསལ་ནས་བདེ་ལ་འགོད་པའི་དོན་དུ། འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཕྱིར། མཚན་ལྡན་བླ་མའི་མདུན་དུ་མདོ་སྔགས་ཀྱི་དབང་ལུང་ཁྲིད་གསུམ་ལེགས་པར་ཉན། བླ་མའི་བཀའ་བཞིན་རི་ཁྲོད་དབེན་པའི་གནས་སུ་ཚུལ་བཞིན་ཉམས་ལེན་བྱེད་དུས། ལྟོག་འཁྱག་གཅན་གཟན་ནད་གདོན་ཞིག་གིས་ཤི་སོང་ཡང་། སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱིས་སེམས་ཅན་དོན་དུ་འཚང་རྒྱ་བའི་ཕྱིར། སློབ་པ་ལམ་གྱི་གནས་སྐབས་སུ་བསམ་བཞིན་ཁོང་གི་དབུ་བཅད་ནས་སྟོང་ཕྲག་ཙམ་གཞན་ལ་སྦྱིན་པ་བཏང་ནས་སངས་རྒྱས། བདག་གི་ཚེ་འཁོར་བ་ཐོག་མ་མེད་པའི་སྔོན་ཆད་སའི་རྡུལ་སྙེད་ཀྱི་ལུས་བླངས་པ་དོར་བའི་ཤ་རུས་བསགས་རྒྱུ་ཡིན་ན་རི་རབ་ལས་མཐོ་ཡང་། དོན་གོ་སྤུ་ཙམ་མ་བྱུང་བར་ད་བར་འཁོར་བར་འཁྱམས་དགོས་པ་བྱུང་། ད་རེས་བསམ་བཞིན་ཆོས་ཕྱིར་ཤི་ན་སངས་རྒྱས་ཀྱི་རྣམ་ཐར་བཟུང་ནས་ཟིན་པ་ཡིན་པས་ཚེ་ཕྱི་མའམ། ཡང་ན་སྐྱེ་བ་བཟང་པོ་བརྒྱུད་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་ངེས་པ་ཡིན།
ཤིན་ཏུ་ལེགས་སྐལ་བ་བཟང་། དེས་ན་སྡོད་པ་ལས་ཆོས་ཀྱི་ཕྱིར་མྱུར་དུ་ཤི་ན་རྙེད་པ་ཆེན་པོ་འོང་བར་འདུག །མ་འཆི་བསྡད་ནས་ཅི་བྱ། སྤྱིར་སྐྱེས་པའི་ཐ་མ་འཆི་བ་ཡིན་པས་ནམ་འཆི་ཡང་སྔ་ཕྱི་ཁྱད་ཅི་ཡོད། ནམ་ཡང་མི་འཆི་བའི་འཆི་མེད་རྡོ་རྗེའི་སྐུ་ཞིག་ཡིན་ན་དཀའ་བ་སྤྱད་ནས་འཆི་རུ་བཅུག་པས་མ་བཟང་ཟེར་མོད། དེ་མིན་འཆི་རྒྱུ་ཡིན་ཕྱིན་ཆད་དོན་མེད་དུ་ཤི་ནས་ཁྱི་བྱ་རྒོད་གཉིས་ཀྱི་ཁ་འགུལ་དུ་བཅུག་པ་ལས། ཆོས་ཕྱིར་མི་མེད་ལུང་སྟོང་ཞིག་ཏུ་ཤི་བ་མི་ཡིས་མ་ཚོར། རོ་རུལ་བྱ་ཡིས་མ་མཐོང་བ་ཞིག་བྱས་ན། རང་ཉིད་འཚེངས་པར་གདའ་སྙམ་དུ་ལུས་སྲོག་ཆོས་ཕྱིར་འདོར་བ་ལ་ཐང་གི་རྩྭ་ཙམ་དུ་ཡང་མི་ཕངས་པར། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱིས་ལོ་དྲུག་ལ་ཆུ་ཐིགས་རེ་དང་། ཏིལ་ཉག་མ་རེ་མིན་པ་གསོལ་རྒྱུ་མེད་པར་དཀའ་བ་སྤྱད་ཚུལ་དང་། སྔོན་རྗེ་བཙུན་མི་ལ་རས་པས་བླ་མའི་བཀའ་བཞིན་མི་མེད་པའི་རི་ནས་ལོ་དགུ་ལ་ཟྭ་ཚོད་རེ་ལ་བརྟེན་ནས་སྒྲུབ་པ་མཛད། ན་བཟའ་ཆད་ནས་ཁབ་སྐུད་ཀྱང་མ་འབྱོར་པར་མདུད་པ་བརྒྱབས་ནས་སྐུ་ལ་གྱོན། དཀའ་སྤྱད་
དྲག་པོའི་སྒོ་ནས་སྒྲུབ་པ་མཛད་ཚུལ་དང་། རྗེ་རྨོག་ཅོག་པས་ལོ་བཅུ་གཉིས་ཀྱི་བར་དུ་ཟ་ཚོད་རེ་ཙམ་བརྟེན་ནས་དཀའ་སྤྱད་བྱས་ནས་སྒྲུབ་པ་མཛད་ཚུལ་དང་། སྤྱན་སྔ་བས་ཚེ་སྟོད་ཟྭ་ཚོད་ཙམ་ལ་བརྟེན་པ་སོགས་ལྟོག་སྒུར་ལ་མི་ཚེ་བསྐྱལ། ན་བཟའི་ལྷན་པ་མེད་པར་ཀོམ་པོ་བརྒྱབས་པས་སྤྱན་སྔ་བ་ཀོ་ཤམ་ཅན་དུ་གྲགས། དེ་བཞིན་སྔོན་གྱི་དམ་པ་གོང་མ་ཐམས་ཅད་ཀྱིས་དཀའ་བ་དེ་འདྲ་སྤྱད་ནས་སྒྲུབ་པ་སྙིང་པོར་བྱས་པས། མཆོག་ཐུན་གྱི་དངོས་གྲུབ་བརྙེས་ཚུལ་གྱི་རྣམ་ཐར་བསམས་ནས་དེ་བཞིན་སྒྲུབ་པ་སྙིང་པོར་མཛད་དགོས་ཏེ། སྤྱན་སྔ་བ་ཆེན་པོའི་ཞལ་ནས། སྙིང་ནས་དམ་ཆོས་བྱ་འདོད་ན། །སྐྱིད་འདོད་ཚེ་འདི་བློས་ཐོངས་ལ། །མི་ཡི་ཁྱུ་ནས་རོ་ལྟར་བུད། །ཟ་འདོད་འཐུང་འདོད་དུག་ལྟར་སྤོངས། །མི་ལ་རི་དྭགས་བཞིན་དུ་བྲོས། །ཤི་ལ་ཁད་པའི་སྡུག་སྒུར་ཚུགས། །ཆོས་ཕྱིར་ལུས་སྲོག་འབོར་བ་དང་། །འཆི་རུ་འཇུག་པའི་གོ་ཆ་སྐྱེད། །སྐྱིད་དང་སྡུག་པ་གང་བྱུང་ཡང་། །བསམ་མནོ་མ་མང་ཆོས་ལ་དྲིལ། །ཞུམ་ཁེངས་མེད་པ་རི་ལྟར་གྱིས། །གྲུབ་ཐོབ་གོང་མའི་རྣམ་ཐར་སོམས། །ཟས་སུ་གྱི་ན་ངན་ངོན་ཟོ། །
སྐོམ་དུ་ཚ་མེད་སྡོར་མེད་འཐུངས། །ལུས་ལ་བེམ་པོ་མདའ་རྟུག་གྱོན། །ཡིད་ལ་བསམ་རྒྱུ་ཆོས་ལས་མེད། །མི་ཡིས་ནམ་ཡང་མི་མཐོང་ཞིང་། །གལ་ཏེ་བརྒྱ་ལམ་མཐོང་ན་ཡང་། །ཤ་སྐམ་མདོག་ནག་མིག་རྩ་ཞན། །གསང་བར་ལྷན་པ་གོན་པ་ཡི། །སྐྱེས་བུ་འདི་འདྲ་སྙིང་རྗེ་ཞེས། །སྙིང་རྗེའི་ཡུལ་དུ་བྱེད་པ་ཞིག །ད་ནི་ལག་ལེན་མི་འགེལ་རེ། །སྔོན་ཡང་སྐྱིད་ཆོས་བྱས་པས་ཕུང་། །ད་ནི་སྐྱིད་ཆོས་བྱེད་རེ་ཤི། །སྙམ་དུ་ཞེ་མནའ་ལན་གསུམ་སྐྱོལ། །ལག་ལེན་ལ་ཡང་དེ་བཞིན་ཐོབ། །གསུངས། བྱེ་ཚང་པ་རིན་ཆེན་དཔལ་འབྱོར་གྱིས། ལྟོག་ནས་སྐམ་ཀྲོང་ངེ་ཤི་ན་ཡང་ཤི། འཁྱགས་ནས་སྔོ་ནར་རེ་ཤི་ཡང་ཤི། མིའི་རྗེས་མ་སྙོག་ན་ཡང་མ་སྙོག །མི་ཚོས་རང་ལ་འཕྱ་ན་ཡང་འཕྱ། སྨོན་ན་ཡང་སྨོན། དགའ་བ་ཚོ་དགའ་བར་གྱིས། མི་དགའ་བ་ཚོ་མི་དགའ་བར་གྱིས། ང་རི་ཁྲོད་འདི་ནས་བབ་སྟེ་ལྟོ་གོས་ཀྱི་རྩོལ་སྒྲུབ་བྱེད་རེ་སྙམ་པས་ཞེན་ལོག་དང་ཞེ་བཅད་དྲག་པོ་ཞིག་དགོས་གསུངས། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། ངས་ནི་སང་ནངས་བར་ནས་ལྟོག་གྲིར་ཤི་ཡང་བྱ་བ་
བཏང་ནས་ཆོས་བྱེད་འཁྱག་གྲིར་ཤི་ཡང་ཆོས་བྱེད། ཕ་མ་དང་བུ་སྨད་རྣམས་རླུང་གིས་ཁྱེར་ཡང་ང་ནི་བྱ་བ་བཏང་ནས་ཆོས་བྱེད་ཟེར་བ་ཞིག་དགོས་པ་ཡིན། གསུངས། རྗེ་མི་ལས། གོ་བ་རྣམས་ལ་དོན་དུ་བྱེད་པ་ལ། ལུས་ལ་བབ་བསྐུར། ལྟོ་ལ་གྱོང་བསྐུར། སེམས་ལ་ལས་བསྐུར་ནས། སྣང་བ་གདོང་འདེད། འཆི་ནུས་ཐོག་འགེལ། ཅི་བྱུང་རོ་སྙོམས། གསུངས། ཞང་བཙུན་ཡེར་པའི་ཞལ་ནས། འཁྱག་རིར་ཤི་ན་ཡང་ཤི། ལྟོག་རིར་ཤི་ན་ཡང་ཤི་སྙམ་ནས་ཆོས་ཤིག་བྱས་ན། འཁྱག་རིར་འཆི་ངེས་ཀྱང་མེད། ལྟོག་རིར་འཆི་ངེས་ཀྱང་མེད་གསུངས། པོ་ཏོ་བའི་ཞལ་ནས། འབྲོམ་ལོ་སྡེངས་པ་ལ། སྔ་ཕྱོགས་པ་དང་། གཡུ་ཕྱོགས་པ་དང་། སྟོང་ར་བ་གསུམ་ཡོད་པའི། སྔ་ཕྱོགས་མང་བཙན་ཟེར་བ་ལ་ཆུང་མ་ཤེད། ཁྱེད་ལོ་གསུམ་ཚ་བ་འཐུངས་ནས་གཏན་དུ་ཟན་ཟའམ། ལོ་གསུམ་ཟན་ཟོས་ནས་གཏན་དུ་ཚ་བ་འཐུང་ཟེར། དེར་ཁོ་ཤེད། ངས་ལོ་གསུམ་ཚ་བ་འཐུང་བས། གཡུ་རང་ཡང་སྣང་བ་མཐའ་ཡས། སྐར་ཆེན་དང་། སེང་གེ་འགྱིང་བ་སོགས་བསྒྲིགས་པ་མདུང་གང་ཡོད་ཟེར། དེ་བཞིན་དུ་
ཆོས་བྱེད་པ་ལ་སྡུག་ཅིག་དང་དཀའ་ལས་ཤིག་དང་དུ་ལེན་དགོས། སྡུག་ཐོག་ནས་ཆོས་ཤིག་མ་བྱས་པར། སེམས་རྩ་མི་ནོན་བློ་མི་ཁེངས། སྣམ་བུ་བཀྲུ་བཅག་བྱེད་པ་རྣམས་སོ་ཐུབ་པ་ཞིག་བྱ་སྙམ་ནས་འཐེན་པས་སོ་མི་ཐུབ། ཕར་ངོས་མ་ཡང་འགྲོངས་པ་ཞིག་བྱ་སྙམ་ནས་འཐེན་ན་སོ་ཐུབ། དེ་བཞིན་དུ་ཆོས་བྱེད་པ་ལ་ཡང་ཚམ་ཚོམ་མེད་པ་ཞིག་བྱས་ན་འོང་སྟེ། མདུན་ཁ་རལ་ཁ་ཡོལ་ཡོང་བ་དེས་དཔའ་བོ་མི་འོང་། ཡོལ་མི་ཡོང་བ་ཞིག་བྱུང་ན་དཔའ་བོ་འོང་བ་ཡིན། དེ་བཞིན་དུ་ཡོལ་ཆོས་མ་བྱུང་བ་དེ་ངས་བྱས་ཟེར་བ་ཞིག་དགོས། ཞེ་ཕུགས་སྤྲང་ལ་གཏད། སྤྲང་གི་ཐ་མ་ཤིར་བཅུག །སང་གནངས་ནས་རྐང་མགོ་ཁྱིས་འདྲད། བྱིས་པ་རྣམས་ཀྱིས་མགོར་འཆང་བསྟུན་རྒྱག་པ་ཞིག་བྱ་དགོས་སྙམ་པ་ཞིག་བྱ། སྤྱིར་འཁོར་བ། ཁྱད་པར་ངན་སོང་། ཡང་དགོས་མནར་མེད་དུ་སྐྱེ་མ་དགོས་ན། ལྟོར་འཁྲུད་མ་འཐུང་ན་ཡང་འཐུང་། གོས་སུ་སྟན་གོན་ཡང་གོན་སེམས་པ་དགོས་གསུངས། རྗེ་རྒོད་ཚང་པས། ངས་ཆོས་ཕྱོགས་སུ་དཀའ་བ་བསམ་གྱིས་མི་ཁྱབ་པ་ཞིག་སྤྱད། བར་ཆད་འཆི་
ངེས་པ་མང་པོ་བྱུང་སྟེ། སེམས་ལ་སྡུག་བསྔལ་མི་ཕོད་པ་སྐད་ཅིག་ཀྱང་ཡོང་མ་མྱོང་། འཇིག་རྟེན་བློས་བཏང་སྟེ་ཆོས་ཕྱོགས་སུ་འཆི་ནུས་པ་ཞིག་དགོས་པ་ཡིན་པས། ལུས་སེམས་ལ་འཕྲེང་བའམ་ཕངས་སེམས་སྐད་ཅིག་ཀྱང་ཡོང་མ་མྱོང་། སྤྱིར་ཡང་ཆོས་ཕྱོགས་སུ་ལན་གསུམ་བཞི་ཙམ་འཆི་ནུས་ན། གཟོད་ཆོས་ཤིག་འོང་བ་འདྲ། གསུངས་པ་ལྟར། འཆད་ཀ་བའི་ཞལ་ནས། དཀའ་ཐུབ་ཀྱི་རི་སུལ་དུ་དྲང་སྲོང་གི་སྤྱོད་ཚུལ་གྱིས་གནས་པ་ཞིག་བྱུང་ན། ད་གཟོད་ཕས་བུ་སོས་བྱ་བ་ཡིན་གསུངས། ཟང་ཟིང་གི་ཟས་ནོར་ལོངས་སྤྱོད་ཡིད་ལ་སྐད་ཅིག་ཙམ་ཡང་མི་བསམ་པར་རྩེ་གཅིག་ཏུ་སྒྲུབ་པ་ལ་འབད་ན། དཔེར་ན་སྙིང་སྟོབས་ཆེ་བས་དེ་རིང་རང་ཤི་ན་ཤི་སྙམ་གཡུལ་དུ་ཞུགས་ན་མི་འཆི་བ་མ་ཟད་ཕ་རོལ་གྱི་དགྲ་ཐམས་ཅད་ཆམ་ལ་ཕབ། དགྲ་ཆམ་ལ་ཕབ་ཚེ་གཉེན་ཐམས་ཅད་དགའ་བས་དཔའ་བོ་ཟེར་མིང་བཟང་པོ་བཏགས། འདིང་རྩི་སྒོ་སྔར་ལས་ཇེ་ཆེར་འགྲོ་བ་ལྟར། བྱ་བཏང་རི་ཁྲོད་པས་ཆོས་ཕྱིར་ཤི་ཡང་རུང་སྙམ། རྩེ་གཅིག་ཏུ་ཉམས་ལེན་བྱས་ན་མི་འཆི་བར་མ་ཟད། བདག་འཛིན་ཉོན་མོངས་ཀྱི་དགྲ་
ཐམས་ཅད་ཆམ་ལ་ཕབ་ཚེ། ལྷ་འདྲེ་མི་གསུམ་དགའ་ནས་ཆོས་པ་བཟང་པོ་ཟེར་མིང་སྙན་པོ་བཏགས། ཀུན་གྱིས་སྔར་བས་ལྷག་པའི་མཆོད་བསྟོད་བཀུར་ཏེ། ཚུལ་ཁྲིམས་འཆལ་པ་ཚར་གཅོད་པའི་མདོ་ལས། དེ་བཞིན་གཤེགས་པའི་ཕྱིར་རབ་ཏུ་བྱུང་ནས། ཆོས་དེ་ལ་ཡང་བརྩོན་འགྲུབ་ཀྱིས་གནས་ན། འདོད་པ་ཆུང་བའི་ལྷ་རྣམས་དང་། འདོད་པ་ཆུང་བའི་མི་རྣམས་དང་། འདོད་པ་ཆུང་བའི་སེམས་ཅན་ཐམས་ཅད་ལས། དགེ་སློང་རྣལ་འབྱོར་སྤྱོད་པ་དེས་ལྷུང་བཟེད་དང་ཆོས་གོས་འབྱུང་བར་འགྱུར་རོ། །ཞེས་གསུངས། སྙིང་རྗེ་པདྨ་དཀར་པོ་ལས། སྔོན་བཅོམ་ལྡན་འདས་ཀྱིས་ཐུགས་བསྐྱེད་དུས། བདག་གི་བསྟན་པ་ལ། ཆོས་གོས་ངུར་སྨྲིག་སོར་བཞི་འཆང་བ་ལ་ཡང་བཟའ་བཏུང་བསམ་པ་བཞིན་དུ་མ་ཐོབ་ན། བདག་གིས་སངས་རྒྱས་བསླུས་པས་སངས་རྒྱས་མི་འཐོབ་པར་གྱུར་ཅིག་ཅེས་དམ་བཅའ་མཛད་ཅིང་། ཁྱིམ་པའི་སྐྱེ་བོ་ཐམས་ཅད་ཀུན། །སེན་མོའི་སྟེང་དུ་ཞིང་རྨོས་ཀྱང་། །ང་ཡི་རབ་ཏུ་བྱུང་བ་རྣམས། །འཚོ་བས་ཕོངས་པར་མི་འགྱུར་རོ། །ཡང་དཀར་ཕྱོགས་སྐྱོང་
བའི་ལྷ་རྣམས་ཀྱིས་ཀྱང་དབེན་པར་རྩེ་གཅིག་ཏུ་སྒྲུབ་པ་བྱེད་པ་རྣམས་ལ་གུས་པ་དང་བསྙེན་བཀུར་བྱེད་པ་ཤེར་ཕྱིན་གྱི་མདོ་ལས་གསུངས། གསང་བ་སྤྱི་རྒྱུད་ལས། འཇིག་རྟེན་ཕ་རོལ་དོན་གཉེར་སྐྱེས། །འཇིག་རྟེན་འདི་ཡི་འབྲས་བུ་རྒྱས། །གསུངས། དེ་བཞིན་དུ། མཉམ་མེད་ཇོ་བོ་ཆེན་པོས། སྙིང་ནས་ཆོས་བཞིན་བྱས་ན་ལྟོ་རྒྱབ་གཉིས་ཀ་ཞོར་ལ་འབྱུང་ཚུལ་འདུག །ཅེས་དང་། ཞང་སྣ་ནམ་རྡོ་རྗེ་དབང་ཕྱུག་གི་ཞལ་ནས། ཞག་ཁ་ཤས་ཤིག་རི་གསེབ་ཏུ་ལྟོག་པར་བསྡད་པས། སྔོན་ལ་ཕྱུགས་རྫིས་འཛར་བ་སྟེར། དེ་ནས་གྲོང་གསེབ་སྦྲན་ནས་སྟེར་གསུངས། སྤྱན་སྔ་རིན་པོ་ཆེའི་ཞལ་ནས། འོ་ཅག་འཚོ་བས་ཕོངས་ཀྱང་། བློ་ཕུགས་སྤྲང་ལ་གཏད་པས། དད་ལྡན་ཀུན་གྱིས་མཆོད་པའི་གནས་བྱེད། དེས་ན་ལོངས་སྤྱོད་ཀྱི་གཙོ་བོ་ཆགས་མེད་ཡིན་པས། ཀ་ཆའི་གསོག་རུམ་བྱ་བ་དོན་མེད། གསུངས། སྤྱན་སྔ་བ་བློ་གྲོས་རྒྱལ་མཚན་གྱིས། ཤཱཀྱའི་རྗེས་སུ་རབ་བྱུང་ནས། །ཆོས་ལ་བརྩོན་འགྲུབ་ཀྱིས་གནས་ན། །བྱེ་བ་སྟོང་ཕྲག་དག་གིས་མི་ལས་བསྙེན་བཀུར་བྱེད། དེ་བཞིན་མིས་ཀྱང་བསྙེན་བཀུར་ནས།
འཚོ་བས་ཕོངས་པར་མི་འགྱུར་གྱི། །གསུངས། རྗེ་མི་ལའི་ཞལ་ནས། འཚོ་བ་ལྷ་ཡིས་སྦྱོར་བ་ལ། །སྡུག་བསོག་བྱས་པའི་ཁ་ན་མེད། །སེར་སྣས་བསགས་ན་མི་འཕེལ་བ། །མཁའ་འགྲོ་སྤྱི་ཡི་དམ་ཚིག་ཡིན། །དེ་ཕྱིར་ཕྱིས་ཀྱི་བསམ་སྦྱོར་བོར། །དེ་ཕྱིར་ཚེ་འདི་བློ་ཡིས་ཐོངས། །གསུངས། བླ་མ་ཞང་རིན་པོ་ཆེས་ཀྱང་། ཚེ་འདི་ལ་མ་འཁྲིས་ན། ལྟོ་གོས་ལ་སོགས་པའི་མཐུན་རྐྱེན་ཞར་ལ་ཇེ་འཛོམས་ཇེ་འཛོམས་འོང་གསུངས། བླ་མ་འགའ་རེས། ཆོས་བཞིན་བྱས་ན་ཆར་བཞིན་འབབ། །གསུངས། དགེ་བའི་བཤེས་གཉེན་པོ་ཏོ་བའི་ཞལ་ནས། ཆོས་ཤིག་བྱས་ན་ཚེ་འདི་རང་ལ་ཡང་གཞན་དང་མི་འདྲ་བ་ཞིག་འོང་སྟེ། ང་མི་སྐྱའི་དུས་གསེར་ཁར་ལན་གསུམ་ཕྱིན་པ་ལ་གསེར་ཞོ་གཅིག་ཀྱང་མ་རྙེད། ད་ལྟ་ནི་ཉིན་རེ་ལའང་གསེར་སྲང་མང་པོ་འོང་གསུངས། ཡུང་བ་ལུང་ན་ཁམ་ལུང་བ་ལས་བདེ་སྐྱིད་སྙན་གསུམ་ཆེ་བ་མེད། ཀླུང་ཤོད་ན་སྤྱན་སྔ་བ་ལས་སྐྱིད་པ་མེད་དེ། དེ་ཆོས་བཞིན་བྱས་པ་ལས་བྱུང་བ་ཡིན། གསུངས། སྤྱན་སྔ་བ་དང་པོའི་དུས་རྩམ་པ་ཆད་ཀྱིན་ཟྭ་ཚོད་རེ་ཙམ་ལ་
བརྟེན། ཤམ་ཐབས་ལ་ལྷན་མ་རྙེད་པར་ཀོམ་པོ་བརྒྱབས་པས། སྤྱན་སྔ་ཀོ་ཤམ་ཅན་དུ་གྲགས། ད་ལྟ་ནི་འཛམ་བུ་གླིང་ཀུན་ངས་གསོས་ཀྱང་སོས་སྙམས་གསུངས། དགེ་བཤེས་འབན་གྱི་ཞལ་ནས། ང་མི་སྐྱའི་དུས་ན་མདའ་གཞུ་ཚེར་མ་འདྲ་བ་བཏགས། གྲི་གཉིས་གསུམ་རེ་བཙུགས་ཀྱང་དགྲ་མང་སྤུན་ཉུང་། ང་ཕོ་རེང་བ་མི་གཅིག་ལ་སྟོན་ཐོག་བཞི་བཅུ་ཐོན་པས་གྲོང་པ་རྣམས་ཀྱིས་ངའི་མིང་ལ་བཞི་བཅུ་སྡིགས་སུ་བཏགས། ཉིན་མོ་ལ་ཁའི་ཇག་པ། མཚན་མོ་གྲོང་གི་རྐུན་མ་བྱས་ལྟོ་མི་ཕྱིད། ད་མཚོན་ཆ་སྤངས་པས་དགྲ་གཅིག་མེད། ལས་ཀ་མཆིལ་མ་རྡོལ་མི་འབོ་སྟེ་ལྟོ་ཕྱིད་མུ་གེ་ཅི་བྱུང་ཡང་ཕྱུག་པོ་དང་མཇིང་སྦྲེལ་ནས་ཟར་ཡོད། སྔར་ངས་ཁས་ཟས་མི་རྙེད། ད་ཟས་ཀྱིས་ངའི་ཁ་མི་རྙེད། ཟོས་པས་ནི་མི་འཛད། འཐུང་བས་ནི་མི་ཡོག །ཆོས་བདེན་བསམ་པ་འདི་གཉིས་བཏུད་གསུམ་བཏུད་འཆོར། གསུངས། དཔེར་ན་ལོ་ཏོག་གི་ཕྱིར་འབད་ན་སོག་མ་ཞོར་ལ་འོང་བ་ལྟར། ཕྱི་མར་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པའི་ཕྱིར་འབད་ན། ཚེ་འདིའི་བདེ་སྐྱིད་ཤུགས་ལ་འབྱུང་། དེས་ན་འཚོ་བ་རྙེད་རྒྱུ་མ་
རེད་སྙམ། དེ་ཕྱིར་སེམས་ཁྲལ་གཏན་ནས་བྱེད་མི་དགོས། སྔོན་གྱི་དམ་པ་རྣམས་ཀྱིས་ཚེ་བློས་བཏང་ནས་དབེན་པར་སྒྲུབ་ལ་གཞོལ་དུས། ཆོས་ཕྱིར་ཚེ་སྟོད་དཀའ་བ་སྤྱད་ཅེས་ཟེར་བ་གོ་མྱོང་། འཚོ་བས་ཕོངས་ནས་ལྟོག་གྲིར་འདི་བ་ཚང་མགོ་ཐུར་བསྟན་ནས་ཤི་ཟེར་བའི་གཏམ་ད་སྔ་ཡན་ཆད་ལ་སུའི་ཁ་ནས་ཐོས་མ་མྱོང་། སྔོན་བླ་མ་གཅིག་གིས་སློབ་མ་ལ་ཆོས་གནང་། ཚེ་བློས་བཏང་ནས་དབེན་གནས་གཞན་དུ་བསྒོམ་དུ་འགྲོ་ཁར། ཆ་རྒྱུས་མེད་པའི་ཡུལ་གཞན་ཚོར་སོང་ན་འཚོ་བ་མི་རྙེད་པར། མུ་གེས་ཤི་མི་འགྲོ་འམ་ཞུས་པས། བླ་མས་འོ་དེ་བདེན། མུ་གེས་མི་འཆི་བའི་སྲུང་འཁོར་ཞིག་ཡོད་པས་ངས་འབྲི། དེའི་རྫས་ལ་རི་ཁྲོད་པ་མུ་གེས་ཤི་སོང་བའི་རུས་པ་ཞིག་དགོས་པས། ཁྱོད་སོང་ལ་ཚོལ་ཤོག་གསུངས་པས། སོང་ནས་རི་ཁྲོད་པ་རེ་མུ་གེས་ཨེ་ཤི་ཞེས་གཞན་ལ་དྲིས་པས། རི་ཁྲོད་པ་མུ་གེས་ཤི་བའི་རུས་ཕར་ཞོག །དེ་ཤི་སོང་ཟེར་བ་ཞིག་རྣ་བས་ཀྱང་མ་གོ་ཚེ། ཕྱིར་འོང་ནས་མ་རྙེད་ཞུས་ཚེ། བླ་མས་འོ་དེ་རྙེད་མི་དགོས་སྲུང་འཁོར་དེ་ཡིན། ཟས་ནོར་ཡིད་ལ་མ་བསམས་པར་
དབེན་པར་སོང་ལ་རྩེ་གཅིག་ཏུ་སྒོམ་གྱིས་དང་། ཆོས་པ་མུ་གེས་ཤི་སོང་བ་སྔར་ཡང་མ་བྱུང་བ་དེ་རེད། ཕྱིན་ཆད་ཀྱང་མི་འབྱུང་། ད་ལྟ་ཁྱོད་ཀྱང་མི་འཆི་བའི་ཁག་ངས་འཁུར། ཞེས་གསུངས་པ། སློབ་མ་དེ་དབེན་པར་སྡོད་དུས། ཟང་ཟིང་གི་ཟས་ནོར་ལོངས་སྤྱོད་ཡིད་ལ་མ་བསམས་པར་རྩེ་གཅིག་ཏུ་སྒོམ་བརྒྱབས་པས་རིང་པོར་མ་ལོན་པར་ལོ་འགའི་འཕྲོ་ནས་གྲུབ་ཐོབ་ཅིག་བྱུང་སྐད། དགེ་བཤེས་ཁ་རག་པའི་ཞལ་ནས། སོ་ནམ་མ་བྱས་ཡོ་བྱད་མ་བསགས་ཀྱང་། །སྒོམ་ཆེན་འཁྱག་གམ་བཀྲེས་ནས་གྲོངས་པ་དག །སྔོན་ཆད་མཐོང་ཞིང་ཐོས་པ་ཅང་ཡོད་དམ། །ཕྱིན་ཆད་ནམ་ཡང་མཐོང་ཞིང་ཐོས་མི་འགྱུར། །ཞེས་གསུངས། ཡང་བླ་མ་དམ་པ་འགའ་རེས། སེང་གེ་གངས་ནས་འཁྱགས་པ་མེད། །བྱ་རྒོད་མཁའ་ནས་ལྷུང་བ་མེད། །ཆོས་པ་མུ་གེས་ཤི་བ་མེད། །ཅེས་གསུངས། དེས་ན་དབེན་པར་ཆོས་རྣམ་དག་ཅིག་བྱེད་འདོད་ཕྱིན། སྙིང་སྟོབས་ཆུང་མི་རུང་། ཁ་ལྟོག་ནས་ཤི་ཨེ་འགྲོ། གྲང་ནས་ཤི་ཨེ་འགྲོ། གཅན་གཟན་གྱིས་གསོད་ཨེ་ཡོང་། ལྷ་འདྲེས་གནོད་པ་རེ་བཏང་ནས་གློ་བུར་དུ་ཤི་ཨེ་འགྲོ་སྙམ་
སེམས་དཔའ་ཞུམ་ནས། བསམ་བློ་མང་པོ་གཏོང་རྒྱུ་ཞིག་གིས་དབང་དུ་སོང་ན། ཆོས་མི་དགོས་འཇིག་རྟེན་ཡང་མི་འོང་། སྔོན་ངས་ཡུལ་ཕྱོགས་ཀྱི་མི་གཉིས་ཀྱིས་བོང་བུ་གཉིས་དེད་ནས་ནངས་པར་སྔ་བར་ཤིང་ཐུ་རུ་ནགས་སུ་སོང་། ནགས་སུ་སླེབས་ཚེ་གཅིག་གིས་གྲང་གི་ཟེར་མེ་བུས། གཅིག་གིས་ཅུང་ཟད་གྲང་ཡང་ཡུལ་དུ་ཕྱིར་སྔ་བར་ལྡོག་དགོས་སྙམས་ནགས་སུ་ཕྱིན་ནས་ཤུགས་ལངས་ནས་ཤིང་བཏུས་པས་སྐབས་ཤིག་གྲང་པ་ཕར་ཞོག་དངུལ་ཆུ་ཚོ་བྱུང་ནས་དཔུང་པ་ཕྱིར་འཕུད་དགོས་པའི་ཚོད་བྱུང་། ཤིང་བོང་བུར་བཀལ་ནས་སྔ་བར་རང་ཡུལ་དུ་སོང་ཚེ། ཁྱོད་མགྱོགས་ཟེར་ཀུན་དགའ་ཇ་བླུད། ཁོང་ཚང་གི་ཤིང་ཐུ་དྲིས་པས། ཕྱི་ན་ཡོང་ཟེར། མེ་འབུད་མཁན་དེ་གྲང་ཚེ། མེའི་ཐག་ཉེར་བསྡད་པས་ལྷམ་གྱི་ཡུ་བ་མེ་ཡིས་ཚིག །ནགས་སུ་སོང་ཤུལ་ནས་བོང་བུ་གྲོགས་མེད་པར་རང་ཡུལ་དུ་ལོག་སོང་ཚེ། ཤིང་ཁྱེར་ནས་འོངས། བོང་བུ་མེད་ཚེ་ཡར་མར་དུ་བརྒྱུགས་བརྒྱུགས་ནས་ངལ་བ་དུ་མ་བླངས། རང་ཡུལ་དུ་ལྡོག་དུས་ཤིང་ཆེན་པོ་མི་ཐེག་སྙམས། ཤིང་མཆུ་གཅིག་
བཟུང་ནས་འོང་ཚེ། ཁྱིམ་ཚང་གིས་ཁྱོད་ལ་ཅི་བྱུང་། གཞན་མི་དེ་འོངས་དུས་བོང་བུར་ཤིང་བཀལ་ནས་མི་འོང་ཀྱང་། ཕྱི་ནས་རྒྱབ་ཏུ་འགའ་འཁུར་ནས་འོང་བས་མི་ཆོག་གམ། ཤིང་མེད་པ་མི་ཤེས་སམ་ཟེར། མཚན་མོ་ནས་བཟུང་ཁ་བ་ཆེན་པོ་བབ་ནས་ཉི་མ་མང་པོའི་བར་དུ་ཤིང་མེད་པས་ཇ་དྲོན་པོ་ཞིག་ཀྱང་མ་ཐོབ་པར་སྔར་གྱི་དེ་བས་གྲང་བ་བྱུང་ཟེར། དཔེར་ན་སྙིང་སྟོབས་མེད་པ་ཞིག་གིས་དམག་ལ་སོང་ནས་འཐབ་ཚེ་ཁོ་གསོད་སྙམས་ཡིབ་པའམ་བྲོས་ན་ལྷག་པར་ཕ་རོལ་པོས་དེད་ནས་མཚོན་གྱིས་བརྒྱབས་ནས་རྨས་པས། མཚོན་འཕྲོག །ཕྱིར་ཡུལ་དུ་ལོག་ནས་ཀུན་གྱིས་སྐྲག་ཤོར་བུ་ངན། གསད་ན་གང་ཡང་མེད་གི་ཟེར་མི་གྲལ་ནས་འབུད་པ་ལྟར། ཆོས་བྱེད་དུས་ལྟོག་གྲིར་ཤི་སྙམ། ཟས་གོས་རྒྱུ་ནོམ་བཙལ་བསམས་ན། ཉོན་མོངས་དམག་ལྟ་བུ་ཇེ་རྒྱས་སོང་ནས། མི་དགེ་ཉེས་ལྟུང་གི་མཚོན་ཆ་སྟེང་དུ་བབ་ཚེ་ཆུས་འཆོར། ཀུན་གྱིས་དེ་བ་ཆོས་པ་བཟང་པོ་མིན་ཟེར། དད་པ་མེད། ཆོས་པའི་ཁྱུ་ནས་བུད་ནས། ཆོས་བྱས་ནས་ཕྱི་མར་སངས་རྒྱས་མི་དགོས། འཇིག་རྟེན་འདི་ལ་ཡང་བདེ་སྐྱིད་སྙན་གསུམ་གང་ཡང་མི་
འོང་། དེས་ན་ཆོས་བྱེད་དུས་སྙིང་སྟོབས་ཆུང་མི་རུང་བའི་རྒྱུ་མཚན་དེ་ཡིན། ཡང་དབེན་པར་བསྡད་ནས་སྒོམ་སྒྲུབ་བྱེད་དུས་གཞན་གྱིས་མཐུན་རྐྱེན་འཚོ་བ་རེ་ཁྱེར་ཨེ་འོང་། འོང་ན་ཅི་མ་རུང་སྙམ་ན་དེ་མི་དགེ་བཅུའི་ནང་གི་བརྣབ་སེམས་ཡིན་པས་བརྣབ་སེམས་དེ་འདོད་ཆགས་ཀྱིས་བསྐུལ་བ་ཡིན། འདོད་ཆགས་ནི་བདག་འཛིན་ཕུང་རྒན་གྱིས་བསྐུལ་བ་ཡིན། བདག་འཛིན་ཉོན་མོངས་ཀྱིས་ཀུན་ནས་བསླངས་པའི་དགེ་བ་ཅི་བྱས་ཀྱང་ཟས་བཟང་དུག་གིས་བསླད་པ་འདྲ་བས་ཅི་ཙམ་བསྒོམས་ཀྱང་སྡིག་པ་ཡིན་ཏེ། ཇོ་བོ་རྗེའི་ཞལ་ནས། ཁོ་བོས་བསྒོམ་པ་རིན་ཆེན་བླ་མ་སྒོམ་སྐད། སྒོམ་ཙ་ན་སྒོམ་པས་དར་ཡུག་དང་ཇ་སིག་མང་པོ་འོང་སེམས་ན། ཅི་ཙམ་བསྒོམས་ཀྱང་སྡིག་པ་ཡིན་ཏེ། སྒོམ་ཙ་ན་སྐྱེ་བའི་རྒྱ་མཚོ་མཐར་དབྱུང་། བྱང་ཆུབ་མཆོག་གི་ས་བོན་བཏབ་སེམས་ན་སེམས་པ་ཙམ་ཞིག་བྱས་པའི་བསོད་ནམས་ནམ་མཁར་མི་ཤོང་། གསུངས། ཡང་རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་དུག །རྩ་བ་སྨན་ཡིན་ན་ཡལ་ག་དང་ལོ་མ་སྨན་དུ་འོང་བ་བཞིན། རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་
གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཅི་བྱས་པ་ཐམས་ཅད་མི་དགེ་བ་ཡིན་གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ། །མ་ཆགས་མ་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་འོ། །ཞེས་དང་། ལུང་ལས། ཡིད་ནི་རབ་ཏུ་འཁྲུགས་པ་ཡིས། །བྱས་པ་དང་ནི་བསགས་པ་དག །ཐམས་ཅད་མི་དགེའི་ལས་སུ་འགྱུར། །ཡིད་ནི་རབ་ཏུ་དྭང་བ་ཡིས། །བྱས་པ་དང་ནི་བསགས་པ་དག །ཐམས་ཅད་དགེ་བའི་ལས་སུ་འགྱུར། །ཞེས་གསུངས། རྗེ་རིན་པོ་ཆེས། དཀར་ནག་ལས་རྣམས་བསམ་པ་བཟང་ངན་ལགས། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། །གསུངས། འབྲོམ་རིན་པོ་ཆེས། ཇོ་བོ་རྗེ་ལ། ཚེ་འདིའི་བདེ་སྐྱིད་དང་རྙེད་བཀུར་འདོད་ནས་བྱས་པའི་ལས་རྣམས་ལ་འབྲས་བུ་ཅི་མཆིས་ཞུས། ལན་དུ་འབྲས་བུ་དེ་ཁོ་ན་མཆིས་གསུངས། ཕྱི་མ་ཅི་མཆིས་ཞུས་པས། དམྱལ་བ་མཆིས། ཡི་དྭགས་མཆིས། དུད་འགྲོ་མཆིས་གསུངས།
དགེ་བཤེས་དགོན་པ་བའི་ཞལ་ནས། ཆོས་བརྒྱད་ཀྱི་བསམ་པས་བྱས་པ་རྣམས་ལ་འབྲས་བུ་འདོད་པ་བཞི་བྱུང་ན་ཚེ་འདི་ལ་འབྲས་བུ་དེ་རང་ཡིན། ཕྱི་མར་ཕན་པ་མེད། མི་འདོད་པ་བཞི་བྱུང་ན་ཚེ་འདི་རང་ལ་ཡང་ཕན་པ་མེད་གསུངས། དེ་ལ་དགོངས་ནས། བླ་མ་ཞང་རིན་པོ་ཆེས། དབེན་པའི་ཡོན་ཏན་དཔག་ཏུ་མེད་པ་བཀའ་དང་ལུང་རྣམས་ནས་གསུངས་པ་ན། དད་པ་བརྟན་པོ་དང་བློ་རྒྱ་ཆེན་པོས། ཀུན་སློང་ངན་པ་དང་མ་འདྲེས་པར་འཇིག་རྟེན་བྱ་བ་མཐའ་དག་སྤངས་ཏེ་ཤིན་ཏུ་དབེན་པ་ཞིག་ཏུ་ཀུན་སློང་ངན་པ་ལ་སོགས་པ་ཚར་བཅད་དེ། མཐུན་རྐྱེན་འཛོམས་ཀྱང་འཕྲལ་འཚོ་ཙམ་ཚགས་བྱས་ཏེ་གནས་པར་བྱའོ། །གསུངས། དེས་ན་ཀུན་སློང་ངན་པ་འདི་འདྲ་སྐྱེས་པ་དུག་ལྟར་སྤངས་ནས་མི་ལ་རེ་བ་མ་ཆེ་ལྷ་ལ་གསོལ་བ་ཐོབ་གསུངས་པ་ལྟར། དཀོན་མཆོག་གསུམ་ལ་བློ་གཏད་ནས་སྒྲུབ་པ་ལ་རྩེ་གཅིག་ཏུ་འབད་ན་འཚོ་བས་ཕོངས་ནས་འཆི་བར་མི་འགྱུར་ཞེས། དམ་པ་གོང་མ་ཐམས་ཅད་ཀྱིས་ཡང་དང་ཡང་དུ་གསུངས། ཡང་དབེན་པར་འདུག་དུས། མཚན་མོ་ཐམས་ཅད་ལ་ཤི་ཉལ་རོ་
ཉལ་བྱས་གཉིད། ཉིན་པར་བཟའ་བཏུང་ལོང་གཏམ་སོགས་རྣམ་གཡེང་ལེ་ལོ་བྱས་ན། སངས་རྒྱས་ཀྱི་གོ་འཕང་མི་འཐོབ་པ་སྨོས་ཅི་དགོས་ཏེ་བདེ་བ་གང་ཡང་མི་འཐོབ་པས། ཉིན་མཚན་དལ་ཁོམ་མེད་པར་སྒྲུབ་པ་ལ་བརྩོན་འགྲུས་བྱས་ན། སངས་རྒྱས་ཀྱི་གོ་འཕང་ནས་བཟུང་མི་ཐོབ་མི་འགྲུབ་པ་གང་ཡང་མེད་པས། ལེ་ལོ་སྤངས་ནས་བརྩོན་འགྲུས་བསྐྱེད་པ་གལ་ཆེ་སྟེ། རྗེ་སྤྱན་སྔ་བས། མཚན་མོ་ཐོག་ཐག་རོ་ཉལ་བྱེད། ཉིན་མོའི་བཞི་ཆ་བཟའ་བཏུང་བྱེད། །བཞི་ཆ་ལོང་གཏམ་རྣམ་གཡེང་བྱེད། །དགེ་སྦྱོར་གློག་འགྱུ་ཙམ་བྱས་པས། །གྲུབ་རྟག་ཡོང་བར་རེ་བ་ཡི། །ཁྱོད་ཀྱི་བརྩོན་འགྲུས་འདི་ལ་ལྟོས། །རང་གིས་རང་ལ་ངོ་ཡང་ཚ། །རྒྱལ་བ་རྣམས་ཀྱི་ཐུགས་ཀྱང་ཁྲེལ། །སྤྱོད་ཁྱེར་འདི་ནི་མ་དོར་ན། །སངས་རྒྱས་ཐོབ་པ་ལྟ་ཅི་སྨོས། །བདེ་བ་གང་ཡང་ཐོབ་མི་སྲིད། །གསུངས། དྲན་པ་ཉེར་བཞག་ལས། གང་ལ་ལེ་ལོ་གཅིག་ཡོད་པ། །དེ་ལ་ཆོས་ཀུན་མེད་པ་ཡིན། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ལེ་ལོ་ཅན་ལ་བྱང་ཆུབ་ཤིན་ཏུ་རིང་ཞིང་རྣམ་པར་རིང་ངོ་། ལེ་ལོ་ཅན་རྣམས་ལ་སྦྱིན་པ་
མེད་པ་ནས། ཤེས་རབ་ཀྱི་བར་དུ་མེད་དོ། ལེ་ལོ་ཅན་ལ་ནི་གཞན་གྱི་དོན་མེད་དོ། །ཞེས་དང་། ཀློང་ཆེན་རབ་འབྱམས་པས། སྙོམ་ལས་མ་ཧེའི་གཉིད་དང་འདྲ། །བྱས་པའི་ལས་ལ་འགྲུབ་དུས་མེད། །ད་རེས་བརྩོན་འགྲུས་ལྕག་བྲབ་ལ། །རིག་པའི་རྟ་མཆོག་བསྐུལ་ན་ལེགས། །ཞེས་དང་། མདོ་སྡེ་རྒྱན་ལས། བརྩོན་འགྲུས་ཀྱིས་ནི་བྱང་ཆུབ་མཆོག་སངས་རྒྱས། །ཞེས་དང་། བྱང་ས་ལས། བརྩོན་འགྲུས་ཀྱིས་ནི་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཐོབ་པར་བྱེད། ཅེས་དང་། ཕར་ཕྱིན་བསྡུས་པ་ལས་ཀྱང་། ཡོངས་སུ་སྐྱོ་མེད་བརྩོན་འགྲུས་ཆེ་ལྡན་ན། །མི་འཐོབ་མི་འགྲུབ་རྣམ་པ་གང་ཡང་མེད། །ཅེས་དང་། སྤྱན་སྔ་བས། བསྲུབས་ན་གཙུབས་ཤིང་ལས་མེ་ཡང་འབྱུང་། །བསགས་ན་རྒྱ་མཚོ་ཐིགས་པས་ཁེངས། །བརྐོས་ན་སྐམ་སར་ཆུ་ཡང་འཐོན། །འབོད་ན་མི་འགྲུབ་གང་ཡང་མེད། །ཅེས་གསུངས་པ་སོགས་མདོ་རྒྱུད་བསྟན་བཅོས་ན་ལེ་ལོའི་ཉེས་དམིགས་དང་བརྩོན་འགྲུས་ཀྱི་ཕན་ཡོན་མཐའ་ཡས་པ་གསུངས་སོ། །ཡང་དབེན་པར་སྒྲུབ་པ་བྱེད་དུས་འདོད་ཐག་
མི་ཉེ་བར་སྒྲུབ་ཡུན་བསྲིང་། རྐྱེན་ངན་བར་ཆད་གང་བྱུང་ཡང་སྙིང་རུས་སྡུག་སྲན་བསྐྱེད་པས་ནམ་ཡང་བློས་ཆོས་མི་གཏོང་བར་འབད་པ་འདི་ཤིན་ཏུ་གལ་ཆེ། བླ་མ་ཞང་གིས། དེ་མ་ཐག་ཏུ་གྲོལ་རྟགས་འདོད། །བཤོལ་ལ་ཁད་ཀྱི་སྔ་ལྟས་ཡིན། །གསུངས་པ་དང་། སྙུག་སྲིངས་འདོད་ཐག་མ་ཉེ་མཛོད། །ལ་འུར་ཕྱེ་གཏོར་མ་འགམ་མཛོད། །གསུངས། རྒྱལ་བ་ཡང་དགོན་པས། བློ་ངན་གོམས་ཀྱི་བག་ཆགས་ཤོག་དྲིལ་འདྲ། །ཉམས་གསར་པ་སྐྱེས་ཀྱང་རྐྱེན་གྱིས་འཇིག །དུས་ཡུན་ཐུང་གིས་འཁྲུལ་པ་མི་ཆོད་ཀྱི། །བསྒོམ་ཡུན་དུ་སྲིངས་ཤིག་སྒོམ་ཆེན་ཀུན། །གསུངས། པོ་ཏོ་བའི་ཞལ་ནས། སོ་མེད་ཀྱང་རྙིལ་གྱིས་འདྲད་ཟེར་བ་བཞིན། བློ་ཆོས་ལ་འགྲོར་མི་ཉན་ཡང་། ད་ཅི་ཙུག་སོང་ཡང་ཆོས་བྱེད་ཟེར་བ་ཞིག་བྱུང་ན། བློ་སྐྱེད་བྱུང་བ་དང་ཆོས་བྱུང་བ་དེ་ཀ་ཡིན་གསུངས། རྗེ་སྐལ་ལྡན་རྒྱ་མཚོས། ཆོས་སློབ་ལོང་མེད་པར་མཁས་མིང་འདོད། །སྒོམ་བྱེད་ལོང་མེད་པར་གྲོལ་རྟགས་འདོད། །འདི་འཇོག་ལ་ཁད་ཀྱི་སྔ་ལྟས་ཡིན། །ཡུན་ཐོད་པ་མ་བཞག་བར་དུ་སྲིངས། །ཞེས་དང་། ས་མདོ་སྨད་མི་
འདི་དྲན་རྒྱུ་མང་། །ཆོས་གཅིག་པུ་མཐར་འདོན་བྱེད་པ་དཀོན། །མི་རང་ཡང་དེ་དང་མཐུན་པར་འཇུག །འདི་བསམ་ཚེ་ཡི་མུག་གཏིང་ནས་སྐྱེས། །གསུངས། གང་ཤར་རང་གྲོལ་གྱིས། །ཆོས་ཟབ་པ་ཁོ་ནས་མི་ཆོག་གི །རང་བརྩོན་འགྲུས་ལྷག་པར་གལ་ཆེ་བས། །ཁྱོད་གང་ཤེས་ཆོས་དེ་ལག་ཏུ་ལོངས། །གང་མཛད་པ་དེ་ཉིད་མཐར་ཐོན་མཛོད། །ཅེས་དང་། ཨོ་རྒྱན་རིན་པོ་ཆེས། སངས་རྒྱས་བཀའ་ཡིས་བསླུ་བ་ཅང་སྲིད་དམ། །དྲོད་རྟགས་མ་ཐོན་བར་དུ་སྒྲུབ་ལ་འབུངས། །ཞེས་དང་། འཕོངས་རུལ་གདན་རྡོལ་ཤི་ཡང་རྫོགས་ཆེན་སྒོམས། །གསུངས། རྗེ་མི་ལས། མྱུར་དུ་གྲུབ་རྟགས་མ་འདོད་པར། །སྒོམ་ཡུན་ཤི་དང་མཉམ་པར་གྱིས། །ཞེས་དང་། རྗེ་རྒོད་ཚང་པས། ལར་གྲུབ་ཐོབ་ཅིག་བྱེད་ན་སྒྲུབ་པ་ཡུན་གཅིག་རིང་དགོས། ལོ་གཅིག་ལོ་གཉིས་རེ་བས་མི་ཕན་ཚེ་དང་སྒྲུབ་པ་སྙོམས་པའི་གོ་ཆ་གྱོན་ནས་ནམ་མཁའ་མ་ཟད་བར་ལ་དྲིལ། ཉམས་དང་རྟོགས་པ་ཐམས་ཅད་གསང་ནས་བསྒོམས་ན་གྲུབ་ཐོབ་རང་འོང་སྟེ་གསུངས། སྤྱན་སྔ་བས། ཁ་མོ་མ་མྱོང་བར་མངར་པོ་མི་
ཤེས། སྐྱིད་འདོད་པ་ལ་སྡུག་སྒུར་དགོས། ངུ་བྲོ་བའི་ལས་མ་བྱས་པར་རྒོད་བྲོ་བའི་ཟས་མི་མྱོང་། ཁ་ཟ་འདོད་པ་ལ་ལག་པ་ལྕགས་འདྲ་བ་ཞིག་དགོས་མི་ཟེར་རམ། མེར་བཅུག་ན་གསུར་ཐོན་པ། ཆུར་བཅུག་ན་ཅོབ་ཐོན་པ་ཞིག་གིས་གང་བྱས་ཀྱང་ཡོང་བ་ཡིན། ཁས་ཟ་འདོད་པ་ལ་བྱིན་པ་འདར་བས་གང་ཡང་མི་འོང་། གསུངས། ཆོས་སམ་འཇིག་རྟེན་མ་བྱུང་ཚད་ཐམས་ཅད་སྡུག་བསྔལ་ཅུང་ཟད་རེ་སྲན་མ་ཚུགས་པ་འདིས་མ་ལན་ན་གང་གིས་ལན། དེས་ན་སྡུག་བསྔལ་ལ་སྲན་མི་ཚུགས་པ་ལ་གཏན་འཁྱམས་མི་ཡོང་བའི་དོན་མེད་པས། ངས་ད་ཕྱིན་ཆད་འཇིག་རྟེན་པ་རྣམས་སྡུག་བསྔལ་འཛིན་པ་ལ་ངས་བདེ་བར་འཛིན། ཁོང་རྣམས་བདེ་བར་འཛིན་པ་ལ་ངས་སྡུག་བསྔལ་བཟུང་ལ་བཏང་སྙོམ་པ་བྱ། དེ་འདྲ་ཞིག་བྱུང་ན་སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། །བསྒྲུབས་ན་མི་འགྲུབ་གང་ཡང་མེད། །དཀའ་ལས་གནག་པ་མ་དོར་ན། །རི་བོ་རྣམས་ཀྱང་ཐལ་བར་རློག །ཟེར་བ་ཞིག་འོང་བ་ཡིན་གསུངས། དེས་ན་རྗེ་མི་ལས། མི་མེད་པའི་གངས་དང་རི་སུལ་ནས་སྒྲུབ་པ་མཛད་ཚུལ་དང་། འཕགས་པ་ཐོགས་
མེད་ཀྱིས་རྗེ་བཙུན་བྱམས་པ་བསྒྲུབས་པའི་རྣམ་ཐར་ལྟར་དཀའ་སྤྱད་སྡུག་བསྔལ་སྒུར་སྲན་བྱས་ནས་སྒོམ་ཡུན་བསྲིངས་ན་དངོས་གྲུབ་ཐོབ། གལ་ཏེ་ཚེ་འདིར་མ་ཐོབ་ཀྱང་ཕྱི་མར་འཐོབ་པར་ཐེ་ཚོམ་མེད་པར་མདོ་རྒྱུད་བསྟན་བཅོས་དུ་མ་ནས་གསུངས་སོ། །ཡང་དབེན་པར་འདུག་དུས། མི་གཞན་གྱིས་མི་ཤེས་སྙམས་ནས། དགེ་སློང་དགོང་སྲུང་མཁན་གྱིས་ཕྱི་དྲོའི་ཁ་ཟས་ཟ་བ་དང་། ཉིན་མོ་གཅེར་བུར་བསྡད་ནས་ཤིག་འཐུ་བ་དང་། གླུ་གར་བྱེད་པ་དང་། འདུག་མ་ཐུབ་པར་ཁང་ལས་བྱེད་པ་དང་། བཟའ་བཏུང་གི་ལག་ལས་བྱེད་པ་སོགས་ཆོས་མིན་གྱི་བྱ་བ་དང་། བརྣབ་སེམས་གནོད་སེམས་ལོག་ལྟ་སོགས་གང་དྲན་ཀྱང་མཁྱེན་པ་ཐོགས་མེད་སངས་རྒྱས་བྱང་སེམས། མངོན་ཤེས་ལྡན་པའི་ནམ་མཁའི་ལྷ་དང་སའི་ལྷ་མོ་བསྟན་མ་སོགས་ཀྱིས་ཉིན་མཚན་མེད་པར་ས་ལེ་མཁྱེན་ངེས་མཁྱེན་ཚེ། སངས་རྒྱས་བྱང་སེམས་ཐུགས་ཁྲེལ། ལྷ་སོགས་ཀྱིས་འཕྱ་བར་འགྱུར། རྟག་ཏུ་སངས་རྒྱས་བྱང་སེམས་ལྷ་སོགས་ཀྱི་དྲུང་ན་འདུག་པ་ལྟར་ངོ་ཚ་ཁྲེལ་ཡོད་ཀྱི་སྒོ་ནས་ཆོས་མཐུན་གྱི་བྱ་བ་བྱེད་པ་
གལ་ཆེ་སྟེ། ཁ་རག་སྒོམ་ཆུང་བའི་ཞལ་ནས། ཁྱོད་ཀྱི་སེམས་ལ་ཅི་བསམ་པ། །རྒྱལ་བའི་ཐུགས་ལ་མ་བསྒྲིབས་གསལ། །རང་གི་ཡི་དམ་ལྷ་ཁྲེལ་བས། །བསམ་ངན་ཡིད་ལ་མ་འགྱུ་ཨང་། །ལོང་བའི་དྲུང་ན་མིག་ལྡན་ལྟར། །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །རྟག་ཏུ་སྒྲིབ་མེད་སྤྱན་གྱིས་གཟིགས། །སྤྱོད་ངན་ཕག་ཏུ་མ་བྱེད་ཨང་། །གསུངས། རིན་པོ་ཆེ་ཕུང་པོའི་མདོ་ལས། དེ་དགོན་པའི་གནས་དེ་ན་གནས་པ་ན། འདི་ལྟར་སེམས་བསྐྱེད་པར་བྱ་སྟེ། འདི་ལྟར་བདག་ནི་ལམ་རིང་པོ་ནས་འདིར་འོང་ལ། གཅིག་པུར་གཉིས་སུ་མེད་པ་སྟེ། ལེགས་པར་བྱས་པ་དང་མཉེས་པར་བྱས་པར་སྐུལ་བའི་གྲོགས་ནི་གང་ཡང་མེད་ཀྱི། ལྷ་དང་ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་དང་། སངས་རྒྱས་བཅོམ་ལྡན་འདས་གང་དག་བདག་གི་སེམས་ཀྱི་བསམ་པ་ཤེས་པ་དག་ཡོད་དེ། བདག་དགོན་པའི་གནས་ན་གནས་ལ། མི་དགེ་བའི་སེམས་ཀྱི་དབང་དུ་སོང་ན། དེ་དག་དཔང་དུ་འགྱུར་རོ། །བདག་ལམ་རིང་པོ་ནས་འདིར་འོང་ཞིང་། གཅིག་པུར་གཉིས་སུ་མེད་དེ། བདག་གི་མེད། རྟེན་པ་མེད།
ཡོངས་སུ་འཛིན་པ་མེད་ལ། གལ་ཏེ་འདོད་པ་ལས་རྣམ་པར་རྟོག་པའི་རྣམ་པར་རྟོག་པ། གནོད་སེམས་ཀྱི་རྣམ་པར་རྟོག་པ། འཚེ་བའི་རྣམ་པར་རྟོག་པའི་རྣམ་པར་རྟོག་གིས་མི་དགེ་བ་གཞན་ལ་རྣམ་པར་རྟོག་པར་གྱུར་ན། བདག་འདུ་འཛི་དང་འདུ་བ་ལ་མངོན་པར་དགའ་བའི་སེམས་ཅན་རྣམས་དང་བྱེ་བྲག་མེད་པར་འགྱུར་རོ། །བདག་གིས་ལྷ་དང་། ཀླུ་དང་། གནོད་སྦྱིན་དང་། དྲི་ཟ་རྣམས་ལ་བསླུས་པར་འགྱུར་ཞིང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་མི་མཉེས་པར་བྱས་པར་འགྱུར་གྱི། ཅི་ནས་ཀྱང་བདག་ལ་ལྷ་རྣམས་ཀྱིས་འཕྱ་བར་མི་འགྱུར་བ་དང་། སངས་རྒྱས་བཅོམ་ལྡན་འདས་རྣམས་ཀྱང་དགྱེས་པར་འགྱུར་བ་དེ་ལྟར་བྱའོ་སྙམ་དུ་སེམས་བསྐྱེད་པར་བྱའོ། །ཞེས་དང་། ལྷག་བསམ་བསྐུལ་བ་ལས། རྙེད་པ་དང་། བཀུར་སྟི་དང་། ཚིགས་སུ་བཅད་པ་སྤང་བ། དེས་ནི་འདོད་པ་ཆུང་བ་བསྒོམ་པར་བྱའོ། །གཅིག་པུར་དགའ་བ་དང་དོན་ལ་རྟོགས་པ་དང་། ནམ་གྱི་ཆ་སྟོད་ཆ་སྨད་ལ་མི་ཉལ་བ་དང་། བྱ་བ་ཉུང་བ་དང་། ཉེ་བར་ཞི་བར་གནས་ཤིང་རྩོད་པ་མ་མཆིས་པ་
ལྷུར་བླང་བར་བྱ་ཞིང་། སེམས་ཅན་ལ་བྱམས་པ་བསྒོམ་པར་བྱའོ། །ཞེས་དང་། སློབ་དཔོན་ཞི་བ་ལྷའི་ཞལ་ནས། འདི་ནི་གཉའ་དྲག་འགྱུར་ཚུལ་དུ། །ཤེད་བསྐྱེད་པར་ནི་མི་བྱ་སྟེ། །བག་མ་གསར་པའི་ཚུལ་བཞིན་དུ། །ངོ་ཚ་འཇིགས་བཅས་བསྡམས་ཏེ་བཞག །གསུངས། དེ་བཞིན་དུ་སྤྱན་སྔ་བས། བག་གསར་དེ་འགྲོ་ན་སྒྲ་ཆུང་བ། སྡོད་ན་མངོན་མཚན་ཆུང་བ། ཤིན་ཏུ་ངོ་ཚ་དང་བཅས་པ། སྤྱོད་པ་མི་ལེགས་པ་བྱུང་ན་མིས་སྨད་དུ་འོང་སྙམ་ནས་ཁྲེལ་ཆེ་བ། རི་དྭགས་བཞིན་མི་ལ་འབྲོས་པ། དབང་པོ་མི་རྒོད་པ། མིག་གཉའ་ཤིང་གང་ཕན་དུ་མི་བལྟ་བ། སྒྲ་སྐྱུང་བ། སྨྲ་བཅད་བྱས་པ་འདྲ་བ་ཞིག་ཡོང་བ་ཡིན། དེ་བཞིན་དུ་རང་རེ་ཡང་དབང་པོ་སྒོ་བསྡམས་པར་བྱས་པ་དེ་འདྲ་ཞིག་དགོས་པ་ཡིན། དེ་མེད་པར་དགེ་སྦྱོར་རེ་བྱེད་ལོ་བྱས་ཀྱང་འབྲས་བུ་ཡེ་མི་འོང་གསུངས། ཡང་དབེན་པར་ཉམས་ལེན་བྱས་ནས་ཚེ་མཇུག་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་རྟགས་སྤྱན་དང་མངོན་ཤེས་རྫུ་འཕྲུལ་ཕུལ་དུ་བྱུང་བ་བསྟན་ནས་སྒྲུབ་བརྒྱུད་བསྟན་པའི་ཆེ་བ་འབྱིན་མ་ནུས་རུང་། བསྡད་གིན་བསྡད་གིན་འཛིན་ཆགས་ཇེ་ཆེ།
ཉོན་མོངས་ཇེ་རག་ཏུ་སོང་ནས། ཚེ་བློས་མ་ཐོངས། རྒྱུད་མ་ཐུལ་ན། ཚེ་གང་པོ་རི་ལ་བསྡད་ཀྱང་རང་སྡུག་ཡིན། སྒྲུབ་བརྒྱུད་བསྟན་པའི་བླ་བཙོང་རྐང་འདྲེན་རི་ལ་གནས་པའི་བྱི་བ་གཅན་གཟན་ཝ་ཁྱི་དང་ཁྱད་པར་མེད་དེ། ས་པཎ་གྱི་ཞལ་ནས། དམ་པས་གདམས་པའི་སྤྲོས་པ་མ་ཆོད་པར། །ཞི་གནས་བྱིངས་པོ་གཅིག་ལ་སེམས་བཟུང་ནས། །གཏི་མུག་མུན་པ་ཡང་ཡང་སྤེལ་བྱེད་པ། ཕྱི་བ་ཚང་དུ་ཉལ་བའི་བསྒོམ་ཆེན་ཡིན། །དད་དང་འདུན་པས་སེམས་རྒྱུད་མ་ཐུལ་བར། །འགྲན་འདོད་དབེན་པའི་རི་ལ་བརྟེན་བྱས་ཏེ། །འདོད་ཡོན་དགོས་དགུ་ཡིད་ལ་སེམས་བྱེད་པ། །གཅན་གཟན་རི་ལ་ཉལ་བའི་བསྒོམ་ཆེན་ཡིན། ཐར་པའི་ལམ་དོར་ཉེས་པ་ཀུན་སྤེལ་ཞིང་། །བཟང་འདོད་རི་བྲག་གནས་པས་དུས་འདས་ཏེ། །དེ་རྗེས་ཡོན་བདག་ཕོ་མོའི་གྲོང་ཆོག་མཁན། །ཝ་འདྲ་ལུང་སྟོང་འགྲིམ་པའི་སྒོམ་ཆེན་ཡིན། །ཆོས་བརྒྱད་འདོད་པ་རྩ་ཕུང་མེ་བཞིན་འབར། །ཁ་ཕྱིར་ཀུན་ཏུ་རྒྱུ་བའི་བརྩོན་འགྲུས་ཅན། །ལོག་པའི་འཚོ་བས་རྟག་ཏུ་འཚོ་བྱེད་པ། ཁྱི་རྐུན་གྲོང་མཐའ་མྱུལ་བའི་སྒོམ་ཆེན་
ཡིན། །རྒྱལ་པོ་ངན་པའི་ཚུལ་འཆང་ངུར་སྨྲིག་འཛིན། །ཆགས་སྡང་མཚོན་ཐོགས་དུ་མའི་འཁོར་གྱིས་བསྐོར། །མི་དགེའི་ཕྲིན་ལས་ཕྱོགས་བཅུར་རྒྱས་བྱེད་པ། ངན་འགྲོའི་གནས་གསུམ་སྤེལ་བའི་སྒོམ་ཆེན་ཡིན། །གསུངས། རྒད་པོ་འགའ་རེས། ཤིང་གཅིག་གིས་མེ་མི་ལེན། མི་གཅིག་ལ་མི་འཆམ་ཟེར་བ་ལྟར། དེང་སང་རི་ཁྲོད་པ་འགའ་རི་ལ་ལོ་མང་པོ་བསྡད་ནས་གྲོང་དགོན་ཚོར་འོང་ན་ཐམས་ཅད་ཀྱིས་ད་སངས་རྒྱས་ལོས་ཡོད་སྙམ་རེ་བཞག་ཚེ་ཁོས། ཚིག་ངན་རེ་མི་ཐེག་ངོ་ཚོ་དམར་པོར་སོང་། ཁ་ལོག་ཚིག་ལོག་བརྒྱབས་ནས་མི་དང་མི་འཆམ་པར་ཀུན་རེ་ལོག་གེ་གཏོང་བ་མང་། སྔར་ངོ་ཤེས་ནི་འགའ་རེས། ཁོང་དང་པོ་འདི་འདྲ་ཞིག་མིན་ཐུགས་འཇམ། ད་རླུང་ཁམས་པ་ཞིག་གི་བུད་སོང་ཀ་ཞིག་རེད། སྐྱབས་སུ་མཆི་དང་རྒྱང་ནས་ཕྱག་འཚལ་ན་བཟང་གི་ཟེར། སྔོན་མི་སྐྱ་ཞིག་གིས་ལམ་ན་ཁོང་རྣམ་པ་གཅིག་འོང་བ་ལ་ཁྱེད་ཅི་ཞིག་ཡིན་དྲིས་པ་ལ། ཁོ་སྒོམ་ཆེན་པ་ཞིག་ཡིན་ཟེར་ཚེ། ཚོད་བརྟགས་ཕྱིར། ཁྱོད་སྒོམ་ཆེན་པ་ཡིན་ན། ཁྱོད་ཀྱིས་ཕའི་ཤ་ཟོ་སྨྲས་པས། སྒོམ་ཆེན་པ་ཚུར་བརྒྱུགས་ནས་ཐོང་
རྩ་ནས་བཟུང་ཚེ། མི་སྐྱས་མཆིལ་མས་སྒོམ་ཆེན་པའི་ངོ་ལ་ཐུ་བྱས་ཧེ་རན་སྒོམ་ཆེན་པ་སྨྲས་ཚེ། སྒོམ་ཆེན་པས་ཁྱོད་ཀྱིས་ཁོ་བོ་བསྒོམ་གི་མི་འཇུག་ག་སྨྲས་པ་ལྟར། ཚིག་ངན་རེ་ཙམ་གོང་དུ་མི་གཏོང་བར་ལན་བྱས་ན། དགེ་སྦྱོང་མ་ཡིན་ཏེ། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། དགོན་པ་ན་གནས་པ་འབའ་ཞིག་ནི་དགེ་སྦྱོང་མ་ཡིན་ཏེ། འདི་ན་ནི་མ་སྦྱངས་པ། མ་སྦས་པ། མ་ཞི་བ། མ་དུལ་བ། མི་འགྲུས་པ་རབ་ཏུ་མི་བརྩོན་པ་འདི་ལྟ་སྟེ། རི་དྭགས་དང་། སྤྲེའུ་དང་། བྱ་མང་པོ་དང་། ཆོམ་རྐུན་དང་། གདོལ་བ་དག་མང་དུ་གནས་ཏེ། དེ་དག་ཀྱང་དགེ་སྦྱོང་གི་ཡོན་ཏན་དང་ལྡན་པ་མ་ཡིན་པས། གང་གི་ཕྱིར་བདག་དགོན་པ་ལ་གནས་པ་འདི་ལྟ་སྟེ། དགེ་སྦྱོང་གི་དོན་ཡོངས་སུ་རྫོགས་པར་བྱའོ། གསུངས། མཁའ་འགྲོ་མ་ནི་གུ་མས། ཚེ་འདི་བློ་ཡིས་མ་ཐོངས་ན། །རི་ལ་བསྡད་ཀྱང་རི་དྭགས་འདྲ། །ཅི་བསྒོམ་ངལ་བ་དོན་མེད་ཡིན། །གསུངས། སྔོན་བླ་མ་གཅིག་གིས་དང་པོ་ཚེ་བློས་བཏང་། སྐབས་ཤིག་ནས་གཞི་གཅིག་བཟུང་། མཛོ་མོ་བརྒྱད་བཞོས།
དགོང་བསྲུང་ནས་དགོང་མོ་ཚོར་མར་ཁུ་ཕོར་པ་གང་ཙམ་འཐུང་། གཞན་ལ་ང་བཞིན་ཚེ་བློས་ཐོངས་བཤད་ཚེ། རྒན་མོ་གཅིག་གིས། ཚེ་བློས་བཏང་མཛོ་མོ་བརྒྱད་བཞོས་སོང་། །བློས་མ་བཏང་བ་ཚོས་ཅི་བཞོ་སོམས། །དགོང་སྲུང་མར་ཁུ་ཕོར་འཐུང་སོང་། །དགོང་མ་བསྲུང་བ་ཚོས་ཅི་འཐུང་སོམས། །ཞེས་སྨད་ར་བཏང་བ་དེ་འདྲ་ཞིག་ཏུ་མ་སོང་བ་གལ་ཆེ། བླ་མ་ཞིག་གིས། ཚེ་བློས་ཐོངས་མ་ཐོང་ནོམ་པ་སྟོན་དང་ཤེས། ཤེས་རྒྱུད་ཐུལ་མ་ཐུལ་ཁོང་ཁྲོ་སློང་དང་ཤེས། གསུངས་པ་ལྟར། རྒྱུ་ནོམ་གང་བྱིན་ཡང་སྐྱུགས་ནད་ཅན་ལ་ཟས་བསྟན་པ་ལྟར་འདོད་པ་སྤུ་ཙམ་མེད་ན་ཚེ་བློས་ཐོངས་པའི་ཚད་ཡིན། བྱ་བཏང་རི་ཁྲོད་པ་ཡིན་ན་དེ་འདྲ་ཞིག་དགོས་ཏེ། རྗེ་རྒོད་ཚང་པས། འཇིག་རྟེན་བློས་བཏང་གཤའ་མ་ཞིག་བྱེད་ན། དམན་ས་བཟུང་ནས། རང་བས་དམའ་བ་ཆུ་མིག་ལས་མེད་པ་གཅིག་དགོས། ཚུར་ལ་བསྙེན་བཀུར་བྱེད་པ་བྱུང་ན་སྐྱུགས་ནད་ཅན་གྱིས་ཟས་སྤངས་པ་འདྲ་བ་ཞིག་དགོས། རང་གིས་ཕར་ལ་གཏོང་ན་འཛིན་པ་མེད་པ་བུ་ཆུང་ལྟ་བུ་ཞིག་དགོས། འདུ་འཛིར་གཏིང་ནས་འཇིགས་པ་རི་དྭགས་རྨས་མ་
ལྟ་བུ་ཞིག་དགོས། གསུངས། དཔལ་གསང་བའི་བདག་པོས། འདོད་པའི་ལོངས་སྤྱོད་ཐམས་ཅད་སྒྱུ་མར་ཤར་ན། ཞེན་ཆགས་གང་ཡང་མི་སྐྱེ། བྱུང་ཡང་དགག་མི་དགོས་གནོད་པ་མེད། མ་བྱུང་ཡང་སྒྲུབ་བློ་མི་སྐྱེ་རེ་བ་མེད་པ་དེ་ཞེན་པ་ལོག་པའི་ཚད་ཡིན། གསུངས། གཞན་གྱིས་ཚིག་ངན་བརྒྱ་ཕྲག་སྨྲས་བརྡེག་རྡུང་བརྒྱ་ཕྲག་བྱས་ཀྱང་། རས་བལ་དཀར་འཇམ་ཐང་དུ་བརྡལ་བ་བཞིན། རྒྱུད་ཇེ་རྩུབ་ཏུ་འགྲོ་རྒྱུ་མེད་པར་ལྷོད་དཀྱིལ་ལེ་འཛུམ་ཡལ་ལེ་གནས་ན་གྲུབ་ཐོབ་དང་གྲུབ་རྟགས་ཀྱི་རབ་ཡིན་ཏེ། རིག་འཛིན་གང་ཤར་རང་གྲོལ་གྱིས། རང་གི་སེམས་རྒྱུད་ཐུལ་ན་གྲུབ་ཐོབ་ཡིན། །རང་སྐྱོན་རང་གིས་ཐོན་ཅིག་རང་གྲོལ་བ། །སྒོ་གསུམ་ཞི་ཞིང་དུལ་ན་གྲུབ་རྟགས་ཡིན། ཉེ་རིང་ཆགས་སྡང་སྤོངས་ཤིག་རང་གྲོལ་བ། གསུངས། ཇོ་བོ་རྗེས། དངོས་གྲུབ་ཀྱི་མཆོག་ཉོན་མོངས་ཇེ་ཆུང་ལ་སོང་བ་ཡིན། གྲུབ་རྟགས་ཀྱི་མཆོག་འདོད་པ་ཇེ་ཆུང་ལ་སོང་བ་ཡིན། གསུངས། དགོན་པ་བས་སྣེའུ་ཟུར་པ་ལ། ཞང་སྒོམ་ཁྱོད་ལ་མ་འོངས་པ་ན། ཁྱེད་ཀྱི་དགེ་བཤེས་དེ་དངོས་གྲུབ་དང་གྲུབ་
རྟགས་ཅི་འདྲ་བ་ལ་བཞེད་ཟེར་ན། རྫུ་འཕྲུལ་དང་མངོན་ཤེས་སོགས་ལ་བཞེད་བྱས་པར་འོང་གི །དེ་སྐད་མ་ཟེར་བར་ཉོན་མོངས་ཇེ་ཆུང་འདོད་པ་ཇེ་ཆུང་ལ་སོངས་པ་ཞིག་ལ་བཞེད་གྱིས་གསུངས་སྐད། རང་རྒྱུད་ཐུལ་ན་གཞན་རྒྱུད་ལ་ཡང་ཕན་ཐོགས་པས་ཐོག་མར་རང་རྒྱུད་དུལ་ངེས་སུ་བྱས་ནས། ཕྱིས་དབེན་པར་འདུག་པའི་ཞོར་ལ་གཞན་དོན་ཡང་བྱེད་ཆོག་སྟེ། ཕལ་ཆེན་ལས། མང་དུ་ཐོས་ནས་དབེན་པ་ལ་གནས་པ་ལ་བསྐུལ་བར་བྱའོ། །རབ་ཏུ་དབེན་པར་གྱུར་ནས་དགེ་བའི་བཤེས་གཉེན་དུ་འགྱུར་བར་ཡོངས་སུ་བསྐུལ་བར་བྱའོ། །ཞེས་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། ཁྱིམ་བདག་གཞན་ཡང་བྱང་ཆུབ་སེམས་དཔའ་རབ་ཏུ་བྱུང་བས། སངས་རྒྱས་ཀྱིས་དགོན་པ་ལ་གནས་པར་བཀའ་བསྩལ་པ་ཤེས་ནས་དགོན་པ་ལ་གནས་པ་ཤེས་པར་བྱ་སྟེ། དེར་དགེ་བའི་ཆོས་ཐམས་ཅད་ཡོངས་སུ་རྫོགས་པར་འགྱུར་རོ། །དགེ་བའི་རྩ་བ་ཉེ་བར་བརྟན་ནས། ཕྱིས་གྲོང་དང་གྲོང་ཁྱེར་དང་གྲོང་བརྡལ་དང་ལྗོངས་དང་ཡུལ་འཁོར་དང་། ཕོ་བྲང་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ། ཞེས་གསུངས།
ད་མདོར་ཧྲིལ་གྱིས་དྲིལ་ན། སྔོན་བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་རྒྱལ་སྲིད་སྤངས་ནས་མཆོད་རྟེན་རྣམ་དག་དྲུང་དུ་དབུ་སྐྲ་བསིལ། ཆུ་བོ་ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་དཀའ་བ་སྤྱད་ནས་བསྒོམས་པས་མཐར་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་ཀྱི་འཁོར་ལོ་བསྐོར་བ་ཡིན་ལ། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་རྒྱལ་སྲིད་སྤངས་ནས། རྒྱ་གར་དུར་ཁྲོད་བརྒྱད་སོགས་གནས་ཆེན་རྣམས་སུ་རིག་འཛིན་བརྒྱད་བསྟེན། བཀའ་བརྒྱད་ཀྱི་སྒྲུབ་པ་མཛད། དངོས་གྲུབ་བརྒྱད་ཐོབ་གུ་རུ་མཚན་བརྒྱད་དུ་གྲགས། བོད་དུ་བྱོན་ནས་བོད་ཡུལ་མུན་པའི་གླིང་ལྟ་བུར་སངས་རྒྱས་ཀྱི་བསྟན་པ་ཉི་མ་ཤར་བ་ལྟར་མཛད། ཇོ་བོ་རྗེས། ཕོ་བྲང་རྒྱལ་མཚན་མཐོན་པོ་སོགས་སྟོབས་འབྱོར་རྒྱ་ནག་རྒྱལ་པོ་དང་མཉམ་པའི་རྒྱལ་སྲིད་སྤངས་ཏེ། བླ་མ་དུ་མ་བསྟེན་ནས། ཟབ་རྒྱས་ཀྱི་གདམས་པ་དཔག་མེད་གསན། ཁྱད་པར་རྒྱ་མཚོར་གྲུ་བཏང་ནས་ཟླ་བ་བཅུ་གསུམ་གྱི་བར་དུ་རྒྱ་མཚོའི་ནང་ནས་དཀའ་བ་སྤྱད། བླ་མ་གསེར་གླིང་པའི་དྲུང་དུ་བྱོན་ལོ་བཅུ་གཉིས་ཀྱི་བར་དུ་འབྲལ་མེད་བསྟེན་ནས་བྱང་
ཆུབ་སེམས་ཀྱི་གདམས་པ་ཞུས། དབེན་པ་བརྟེན་ནས་ཚུལ་བཞིན་དུ་བསྒོམས་པས་རང་དོན་མངོན་དུ་གྱུར། གཞན་དོན་དུ་རྗེ་བཙུན་སྒྲོལ་མས་ལུང་བསྟན་བོད་དུ་ཕེབས་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་གསར་དུ་སྦར་ནས་འཕགས་ཡུལ་ལས་ཀྱང་ཆེས་ཆེར་གསལ་བ་བྱུང་། རྗེ་བཙུན་མི་ལས་ཀྱང་། ཚེ་བློས་བཏང་ལྷོ་བྲག་མར་པ་བསྟེན། ཟབ་མོའི་གདམས་པ་གསན། རི་ཁྲོད་དབེན་པ་བརྟེན། དཀའ་སྤྱད་དྲག་པོ་བྱས་མ་ཡེངས་རྩེ་གཅིག་ཏུ་བསྒོམས་པས། ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་ནས། ནམ་མཁར་བྱ་ལྟར་འཕུར། ཆུ་ལ་ཉ་ལྟར་འཕྱོ། ཕ་བོང་འདམ་ལྟར་བརྫིས། རི་བྲག་ཐལ་བྱུང་ཕུག །ལུས་ལྷའི་དཀྱིལ་འཁོར་དུ་སྤྲུལ་ནས་གཞན་ལ་སྟོན་པ་སོགས་ངོ་མཚར་ཕུལ་དུ་བྱུང་བའི་རྫུ་འཕྲུལ་དཔག་མེད་བསྟན་ནས། སྒྲུབ་བརྒྱུད་ཀྱི་བསྟན་པའི་རྒྱལ་མཚན་སྲིད་རྩེར་བསྒྲེངས། རྗེ་རིན་པོ་ཆེས་ཀྱང་། ཕ་ཡུལ་སྤངས་ནས་དབུས་སུ་བྱོན། དང་པོ་མཚན་ལྡན་གྱི་བླ་མ་དུ་མ་བསྟེན་ནས་རྒྱ་ཆེན་ཐོས་པ་བཙལ། བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། ཐ་མར་དབེན་པ་བརྟེན་ནས་ཉིན་མཚན་ཀུན་
ཏུ་ཉམས་སུ་བླངས། རང་དོན་མཐར་ཕྱིན་ནས་གཞན་དོན་དུ་སངས་རྒྱས་ཀྱི་བསྟན་པ་གསེར་ལྟ་བུ་འཆད་རྩོད་རྩོམ་གསུམ་གྱིས་བཞུ་བཏུལ་བྱས་པས། དེང་སང་སངས་རྒྱས་ཀྱི་བསྟན་པ་བསྲེ་བསླད་མེད་པ་གསེར་སྦྱངས་བཙོ་མ་ལྟ་བུ་འདི་བྱུང་། གྲུབ་པའི་དབང་ཕྱུག་ཕ་དམ་པ་སངས་རྒྱས། མ་ཅིག་ལབ་ཀྱི་སྒྲོན་མ། འབྲོམ་སྟོན་རྒྱལ་བའི་འབྱུང་གནས། རྒྱ་གར་གྲུབ་ཆེན་བརྒྱད་ཅུ། བོད་ཀྱི་རྗེ་འབངས་ཉེར་ལྔ་སོགས་རྒྱ་བོད་ཀྱི་མཁས་གྲུབ་སྔར་བྱོན་ཚད་ཐམས་ཅད་ཀྱིས་དེ་ལྟར་མཛད་པས་མཆོག་ཐུན་གྱི་དངོས་གྲུབ་བརྙེས། འོ་སྐོལ་རྣམས་ཀྱིས་ཀྱང་དམ་པ་གོང་མ་དེ་རྣམས་ཀྱི་རྣམ་ཐར་དང་ཞལ་གསུང་ལྟར་བསྒྲུབས་ན་ཚོགས་གཉིས་རྫོགས། སྒྲིབ་གཉིས་བྱང་། སྐུ་གཉིས་ཐོབ། དོན་གཉིས་ལྷུན་གྱིས་འགྲུབ་པར་གདོན་མི་ཟའོ།། །།སྨྲས་པ། སྔོན་བྱོན་དམ་པ་གོང་མ་ཐམས་ཅད་ཀྱིས། །མངོན་ཤེས་རྫུ་འཕྲུལ་དཔག་མེད་སྟོན་བཞིན་དུ། །ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་པའི་གནས། །རིན་ཆེན་གསེར་དང་གཡུ་ཡི་མདངས་འཛིན་པའི། །སྤང་རི་ལྷུན་ཆགས་མཐོན་པོའི་སྟེང་ཕྱོགས་ཀྱི། །
བཻཌཱུརྻ་ཡི་མདངས་འཛིན་ལྷ་ལམ་ན། །དྲི་མེད་ལྷ་ཡི་དར་དཀར་དང་མཚུངས་པའི། །སྤྲིན་དཀར་གྱེན་དུ་འཕྱུར་ནས་གདུགས་ལྟར་མཛེས། །ངོ་མཚར་ལྷ་ཡི་སྤྱན་གཟིགས་དང་མཚུངས་པའི། །གཟི་བརྗིད་རབ་འབར་ཉི་ཟླ་གཟའ་སྐར་ཤར། །རི་རྩེ་ཕྲག་གོང་རྣམས་ན་ལྷ་རྣམས་ཀྱི། །དབུ་རྒྱན་སྙན་རྒྱན་དཔྱངས་བཞིན་གངས་རི་ཆགས། །ལྷ་ཡི་མགུལ་རྒྱན་རིན་ཆེན་དོ་ཤལ་ལྟར། །སྐབས་རེ་ན་བུན་དངུལ་མདོག་སྐེད་ལ་འཁྲིལ། །ལོ་མ་མེ་ཏོག་འབྲས་བུས་ཡོངས་མཛེས་པའི། །ལྗོན་ཤིང་སྣ་ཚོགས་མུ་མེན་མུ་ཏིག་གི །དྲ་བ་དྲ་ཕྱེད་བྲེས་འདྲ་རླུང་གིས་བསྐྱོད། །ལྷ་ཡི་ཡན་ལག་བརྒྱད་ལྡན་ཆུ་བོ་བཞིན། །རི་ཡི་གཡས་གཡོན་ངོས་ན་ཆུ་གཙང་གིས། ཤིན་ཏུ་གཙང་གཙང་འཐུངས་འཐུངས་ཟེར་བ་བཞིན། །བསིལ་བསིལ་ལྷུང་ལྷུང་སྒྲ་སྙན་སྒྲོག་བཞིན་འབབ། །ཚངས་དབང་བརྒྱ་བྱིན་མདུན་ས་དང་མཚུངས་པའི། །དྲི་ཞིམ་འབྱུང་བའི་སྤང་གཤོངས་བདེ་འཇམ་ན། །མགོ་རྒྱན་འཛིན་པའི་ལྷ་ཡི་བུ་མོ་ལས། །མདོག་མཛེས་མེ་ཏོག་མང་པོས་རྩེ་དགའ་རྒོད། །དར་གོས་གྱོན་པའི་ལྷ་བུ་གཞོན་ནུ་ལས། །གཟུགས་མཛེས་སྦྲང་
མས་གླུ་ལེན་གར་སྟབས་བསྒྱུར། །ལྷ་བྱ་ཁུ་བྱུག་འཇོལ་མོ་ལ་སོགས་པས། །སྙན་པའི་སྐད་འབྱིན་དགའ་ཞིང་འཕྱོ་ལ་ལྡིང་། །ལྷ་ཡི་འདོད་འཇོ་བ་མོ་ཉལ་འགྲོ་བཞིན། །ཤ་བ་རྣ་བ་དགོ་བ་ལ་སོགས་པའི། །རི་དྭགས་བག་ཕེབས་ཉལ་ཞིང་དལ་བུར་རྒྱུ། །ལྷ་ཡི་མ་རྨོས་ལོ་ཏོག་འཁྲུངས་པ་བཞིན། །འབད་མེད་སྔོ་ཚོད་མང་པོས་ཁོར་ཡུག་གང་། །མདོར་ན་སྔོན་ཆད་མཐོང་དང་མ་མཐོང་བའི། །མིག་ཏུ་མཛེས་ཤིང་རྣར་སྙན་ཡིད་འབབ་ཀྱི། །ངོ་མཚར་ལྟད་མོ་བཤད་ན་བརྗོད་མི་ལང་། །འདོད་ཡོན་ལྔ་ལྡན་འདོད་ཁམས་ལྷ་ཡུལ་ལས། །ལྷག་པའི་རི་ཁྲོད་དབེན་པའི་བསིལ་གྲིབ་ཏུ། །དྲང་སྲོང་བསམ་གཏན་སྒོམ་བཞིན་གཅིག་པུར་བསྡད། །ཡེངས་མེད་སྒྲུབ་ལ་བརྩོན་པའི་རྣལ་འབྱོར་པ། །དེ་ལས་སྐྱིད་ཅིག་འཇིག་རྟེན་ཁམས་ན་མེད། །དེ་ཡི་ལུས་སེམས་དགའ་བདེས་ཁྱབ་པ་དེ། །གཟིགས་རྒྱུ་ཡིན་ན་རྒྱལ་བ་པཎ་ཆེན་དང་། །རྒྱ་གར་བལ་ཡུལ་རྒྱ་ནག་རྒྱལ་པོས་ཀྱང་། །དམུ་རྒོད་གདུལ་དཀའི་འཁོར་འབངས་སྐྱོང་ཁུར་གྱིས། །ཐུགས་ངལ་འོ་བརྒྱལ་བྱུང་བའི་དུས་སྐབས་ཚོ། །ཐུགས་སྨོན་འཆོར་ན་
གཞན་རྣམས་སྨོས་ཅི་དགོས། །རྒྱལ་སྲས་བྱང་ཆུབ་སེམས་དཔས་སྨོན་པའི་གནས། །ཡིད་འོང་རི་ཁྲོད་དབེན་པའི་གནས་མཆོག་ཏུ། །བསྡད་ནས་དགེ་སྦྱོར་བྱེད་རྒྱུའི་སྐལ་བ་ཞིག །བྱུང་བའི་བསོད་ནམས་ནམ་མཁར་ཤོང་མི་འགྱུར། །སྔོན་གྱི་ལས་བཟང་སྨོན་ལམ་བཟང་པོའི་མཐུས། །བསིལ་ལྡན་ལྗོངས་འདིར་སྐྱེས་པའི་དད་ལྡན་རྣམས། །མི་ཚེ་ཡུན་ཐུང་ནམ་འཆི་ངེས་པ་མེད། །ཚེ་ཕྱེད་ཡད་ཡུད་ཤོར་བ་མ་ཚོར་རམ། །བློ་སེམས་མཐུན་པའི་གྲྭ་རོགས་གྲོགས་མཆེད་རྣམས། །གཤེགས་ཚུལ་བསམས་ན་སྐྱོ་བ་མི་སྐྱེ་འམ། །འཁོར་བ་སྤྱི་དང་ཁྱད་པར་འདོད་ཡོན་གྱི། །ཉེས་དམིགས་བསམས་ན་ངེས་འབྱུང་མི་འཕེལ་ལམ། །ཚེ་འདིའི་མི་ནོར་ཟས་གསུམ་བློ་ཡིས་ཐོངས། །མཚན་ལྡན་བླ་མ་བསྟེན་ལ་ཐོས་བསམ་གྱིས། །དམ་པས་བྱིན་བརླབས་དབེན་གནས་ཉམས་དགའ་རུ། །མ་ཡེངས་ཚུལ་བཞིན་སྒོམས་དང་ཨེ་མ་ཧོ། །རྒྱལ་བའི་གསུང་རབ་རྒྱ་ཆེ་གཏིང་དཔག་དཀའ། །བདག་ནི་ཤེས་རབ་དམན་ཞིང་ཐོས་པ་ཉུང་། འདི་ལ་འགལ་འཁྲུལ་ནོངས་པ་ཅི་མཆིས་པ། །བླ་མ་རྒྱལ་བ་སྲས་བཅས་སྤྱན་སྔར་བཤགས། །སྔོན་
མེད་ཆོས་བཤད་གཞན་ཕན་ཟླ་བ་འདིས། །ཆོས་ཀྱི་འགལ་རྐྱེན་ཆགས་ཞེན་མུན་བསལ་ནས། །དམ་པའི་གཤེགས་ཤུལ་མདོ་སྔགས་ལམ་བཟང་བརྒྱུད། །འགྲོ་ཀུན་རྣམ་མཁྱེན་ས་རུ་བགྲོད་པར་ཤོག །ཅེས་ཆོས་བཤད་གཞན་ཕན་ཟླ་བ་ཞེས་བྱ་བ་འདི་ནི། བྱ་བཏང་རི་ཁྲོད་ལ་དགའ་བའི་སྐལ་ལྡན་སྙིང་གི་སློབ་བུ་ཀུན་བཟང་རང་གྲོལ་དང་ལྷུན་གྲུབ་རིག་འཛིན་གཉིས་ཀྱི་མཚོན་དད་ཅན་དུ་མས་ཡང་ཡང་བསྐུལ་ངོར། བྱ་བཏང་༧ཚོགས་དྲུག་རང་གྲོལ་གྱིས་གནས་ཆེན་ཙཱ་རི་ནས་སྦྱར་བའི་ཡི་གེ་པ་ནི་སྙེ་མོའི་དྲུང་ཡིག་བསྟན་འཛིན་ཕུན་ཚོགས་སོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག། །།མངྒལཾ།