← Search

ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།

ཞབས་དཀར་ཚོགས་དྲུག་རང་གྲོལ།

ཆོས་བཤད་གཞན་ཕན་ནོར་བུ། །

p. 1

ཆོས་བཤད་གཞན་ཕན་ནོར་བུ་ཞེས་བྱ་བ་བཞུགས་སོ། །

p. 2

ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཕྱོགས་བཅུའི་ཞིང་ཁམས་མཐའ་ཡས་མུ་མེད་པའི། །རྫོགས་པའི་སངས་རྒྱས་སྲས་བཅས་ཚད་མེད་ཀྱིས། །འཇིག་རྟེན་ཁམས་ཀྱི་འགྲོ་བ་གྲངས་མེད་ལ། །ཟབ་རྒྱས་ཆོས་ཀྱི་འཁོར་ལོ་དཔག་མེད་བསྐོར། །སྟོང་གསུམ་མི་མཇེད་ཞིང་གི་སྐྱེ་འགྲོ་ལ། །རྣམ་འདྲེན་བཞི་པ་ཤཱཀྱ་ཐུབ་པ་ཡིས། །སྟོང་གསུམ་འོད་ཀྱིས་འགེངས་བཞིན་ཆོས་འཁོར་བསྐོར། །སངས་རྒྱས་དེ་རྣམས་འགྲོ་ཀུན་གཏན་གྱི་སྐྱབས། །གདུལ་བྱའི་དོན་དུ་སླར་ཡང་བཅོམ་ལྡན་འདས། །རྒྱན་དྲུག་

p. 3

མཆོག་གཉིས་གྲུབ་ཆེན་བརྒྱད་ཅུ་སོགས། །སྐུར་སྤྲུལ་བསྟན་པ་འཛིན་སྐྱོང་སྤེལ་མཁས་པའི། །རྒྱ་གར་མཁས་གྲུབ་ཀུན་གྱི་གཙུག་གི་ནོར། །བསིལ་ལྡན་ལྗོངས་འདིར་བསྟན་པ་སྔ་དར་དུས། །བདེ་གཤེགས་སྤྲུལ་པ་རྗེ་འབངས་ཉེར་ལྔ་དང་། །ཕྱི་དར་དུས་ཀྱི་མར་པ་མི་ལ་སོགས། །བོད་ཀྱི་མཁས་གྲུབ་བསྟན་འགྲོ་ཡོངས་ཀྱི་རྒྱན། ཁྱད་པར་བོད་ཡུལ་དོན་དུ་སངས་རྒྱས་སླར། །གྲུབ་དབང་སྐུར་སྤྲུལ་ལྷ་སྲིན་སྡེ་བརྒྱད་བཏུལ། །སྔོན་མེད་སངས་རྒྱས་བསྟན་པའི་རྒྱལ་མཚན་བསྒྲེངས། །ཟླ་

p. 4

བྲལ་པད་འབྱུང་བོད་ལ་བཀའ་དྲིན་ཆེ། །པད་འབྱུང་སླར་ཡང་མཁས་གྲུབ་གཉིས་འཛོམ་ཚུལ། །བཟུང་ནས་སངས་རྒྱས་བསྟན་པའི་དྲི་མ་བསལ། །དྲི་བྲལ་བསྟན་པ་སྔར་བས་འཕེལ་བར་མཛད། །མཉམ་མེད་ཇོ་བོ་བཀའ་དྲིན་ཤིན་ཏུ་ཆེ། །ཇོ་བོ་སླར་ཡང་ཀུན་མཁྱེན་པཎྜི་ཏའི། །ཚུལ་བཟུང་ཐོས་བསམ་འཆད་རྩོད་རྩོམ་གསུམ་སྒོས། །སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་མཛད། །ཀུན་མཁྱེན་བློ་བཟང་བཀའ་དྲིན་གཞལ་བར་དཀའ། །བདེ་གཤེགས་སྙིགས་མའི་དུས་འདིར་བདག་གཞན་གྱི། །སྣང་ངོར་ཐ་མལ་མི་ཡི་

p. 5

ཚུལ་བཟུང་ནས། །ཟབ་དང་རྒྱ་ཆེའི་ཆོས་སྟོན་དགེ་བའི་བཤེས། །རང་རང་ངོས་ནས་སངས་རྒྱས་ལས་ཀྱང་ལྷག །རྒྱལ་བ་སྲས་དང་བཅས་པ་སྙིགས་དུས་འདིར། །རྒྱལ་བློན་པཎ་གྲུབ་སྨྱོན་པ་སྤྲང་སློང་སོགས། །གང་འདུལ་སྐུར་བསྟན་འགྲོ་བའི་དོན་མཛད་གསུངས། །དེ་དག་རྣམས་ཀྱང་མཆོད་བསྟོད་བཀུར་བར་འོས། །ཆོས་ཀྱང་གསུང་རབ་མདོ་རྒྱུད་མན་ངག་དང་། །གཏམ་རྒྱུད་ཕྱི་རོལ་བསྟན་བཅོས་མོ་བོན་སོགས། །སྣ་ཚོགས་བསྟན་ནས་འགྲོ་དོན་མཛད་གསུངས་ན། །ཀུན་ལ་

p. 6

དད་གུས་དག་སྣང་ཅིས་མི་སྦྱོང་། །རྡུལ་རེའི་ཁྱོན་ན་ས་ཡི་རྡུལ་སྙེད་ཀྱི། །གྲངས་དང་མཉམ་པའི་ཞིང་ཁམས་རབ་འབྱམས་དང་། །རྒྱལ་བ་སྲས་བཅས་དཔག་མེད་བཞུགས་པར་གསུངས། །ཕྱོགས་བཅུར་བཞུགས་ཚད་བརྗོད་ཀྱིས་ག་ལ་ལང་། །དད་གུས་དག་སྣང་སྦྱངས་ན་ལས་སྣང་ཀུན། །དག་ནས་ཞིང་ཁམས་རབ་འབྱམས་རྒྱལ་བ་སྲས། །མཐོང་བར་མ་ཟད་མ་དག་སྣོད་བཅུད་ཀྱང་། །མི་དེའི་སྣང་ངོར་དག་པའི་ཞིང་དུ་འཆར། །མ་དག་སྣང་བ་སྣོད་བཅུད་ལྕགས་ཕྱེ་ཀུན། །དག་སྣང་རིན་ཆེན་གསེར་དུ་སྒྱུར་མཁས་པའི། །དད་གུས་དག་སྣང་གསེར་འགྱུར་རྩི་མཆོག་འདི། །ཡོད་ན་ཡོན་ཏན་གསེར་གཞན་ཡོད་དང་མཚུངས། །སྔོན་བྱོན་ད་ལྟའི་སྐྱེས་བུ་དམ་པ་ཡི། །གང་ཟག་མཆོག་དམན་འབྲིང་གསུམ་མཐོང་ཚད་དང་། །ཆོས་ལུགས་རབ་འབྲིང་ཐ་གསུམ་གོ་ཚད་ལ། །དད་གུས་དག་སྣང་སྦྱོང་བའི་རྒྱུ་མཚན་དེ། །འོ་སྐོལ་རྣམས་ཀྱིས་བླང་དོར་མི་ཤེས་བཞིན། །ཆོས་དང་གང་ཟག་མཐོང་ཐོས་བཟང་ངན་ཕྱེ། །ཆོས་སྤོང་རྩ་ལྟུང་ལས་ལ་ནན་ཏན་འབད། །ངན་སོང་སྐྱེ་རྒྱུ་བསགས་ལ་དགོས་པ་ཅི། །དེ་ཕྱིར་ཀུན་

p. 7

ལ་སྟོན་པའི་འདུ་ཤེས་བཞག །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ལགས། །བདག་ལུས་བྱེ་བ་གྲངས་མེད་སྤྲུལ་བྱས་ནས། །བསྟོད་དབྱངས་བཅས་ཏེ་ཡོངས་ལ་གུས་ཕྱག་འཚལ། །དངོས་སུ་འབྱོར་ཚད་ཡིད་སྤྲུལ་ལས་བྱུང་བའི། །ཀུན་བཟང་མཆོད་སྤྲིན་ནམ་མཁའ་གང་བས་མཆོད། །བདག་གཞན་སྔར་བྱས་སྡིག་སྒྲིབ་ཉེས་ལྟུང་ཀུན། །རབ་ཏུ་འགྱོད་པས་སྤྱན་སྔར་མཐོལ་ཞིང་བཤགས། །རྒྱལ་བ་སྲས་བཅས་མཛད་པ་མཐའ་ཡས་པ། །ཀུན་ལ་སྙིང་ནས་རྗེས་སུ་ཡི་རང་བྱ། །འགྲོ་བ་ཡོངས་ལ་གང་འདུལ་སྐུར་བསྟན་ནས། །དཔག་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །འགྲོ་ཀུན་སངས་རྒྱས་གོ་འཕང་མ་ཐོབ་བར། །རྒྱལ་ཀུན་མྱ་ངན་མི་འདའ་བཞུགས་གསོལ་འདེབས། །བདག་གཞན་རྣམ་དཀར་དགེ་བ་ཅི་མཆིས་ཀུན། །མཁའ་མཉམ་རྒྱལ་ཀུན་ཐུགས་དགོངས་རྫོགས་ཕྱིར་བསྔོ། །བསྟན་འཛིན་རྣམས་ཀྱིས་ཕྱོགས་རིས་ཆགས་སྡང་སྤང་། །བཤད་སྒྲུབ་བསྟན་པ་འཛིན་སྐྱོང་སྤེལ་བ་དང་། །འགྲོ་བ་ཀུན་གྱིས་མ་དད་ལོག་ལྟ་སྤང་། །དད་གུས་དག་སྣང་བྱེད་པར་བྱིན་གྱིས་རློབས། །

p. 8

རང་གི་བླ་མ་རྣམས་དང་དམ་པའི་ཆོས། །གཞན་གྱི་གང་ཟག་ཆོས་ལུགས་སྣ་ཚོགས་པ། །ཀུན་ལ་དད་གུས་དག་སྣང་སྦྱོང་དགོས་ཚུལ། །མདོ་རྒྱུད་དམ་པའི་གསུང་བཞིན་འདིར་བཤད་བྱ། ༈ །འོ་དེ་ཡང་མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བ་མྱུར་དུ་འཐོབ་པར་བྱ། དེའི་ཕྱིར་དུ་དམ་པའི་ལྷ་ཆོས་གསན་པར་བགྱིའོ་སྙམ་པའི་བསམ་པ་བཟང་པོའི་སྒོ་ནས་གསན་དགོས་ཏེ། ལུང་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་པོ་ལྡན་པས་ཉོན། །བརྗེད་ངས་བློ་ལ་རྡོ་རྗེ་སེམས་དཔའ་སོགས། །བདེ་བར་གཤེགས་པ་རྣམས་ཀྱིས་བྱིན་མི་རློབས། །ཞེས་གསུངས་པ་བཞིན་དུ་ཀུན་སློང་ཀུན་སྤྱོད་ཐམས་ཅད་གསལ་བཏབ་སྟེ་གསན་པར་འཚལ། དེ་ཡང་འོ་སྐོལ་རྣམས་སྐྱེ་དཀའ་བ་གླིང་བཞི་ཡི་ནང་ནས་མཆོག་ཏུ་གྱུར་པ། ལྷོ་འཛམ་བུ་གླིང་སངས་རྒྱས་བྱོན་པའི་ཞིང་ཁམས་འདིར་སྐྱེས། ཐོབ་པར་དཀའ་བའི་དལ་འབྱོར་ཚང་བའི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བ་སངས་

p. 9

རྒྱས་ཀྱི་བསྟན་པ། མཚན་ལྡན་གྱི་བླ་མ་དང་མཇལ་བའི་དུས་འདིར། གཏན་གྱི་བཙན་ས་ཞིག་ཟིན་པར་མ་བྱས་ན། ཡང་ནས་ཡང་དུ་དལ་འབྱོར་གྱི་མི་ལུས་མི་འཐོབ། ཐོབ་ཀྱང་རྒྱལ་བའི་བསྟན་པ་དང་མི་མཇལ་སྟེ། སྟོན་པ་སངས་རྒྱས་ཀྱི་ཞལ་ནས། འཇིག་རྟེན་ཁམས་ནི་གྲངས་མང་ཡང་། འཛམ་གླིང་སོག་ཁར་སྐྱེ་བ་དཀོན། །གཙང་མའི་མི་ལུས་ཤིན་ཏུ་དཀའ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། ཐོབ་དཀའ་འཛམ་གླིང་མི་ཡི་ལུས། །དེ་ཐོབ་དུས་སུ་ངན་སོང་རྒྱུ། །རབ་ཏུ་བསྒྲིམས་ཏེ་གཅད་པར་བྱ། །ཞེས་དང་། སློབ་དཔོན་པདྨས། ཡང་ཡང་རྙེད་དཀའ་ཨུ་དུམ་ཝ་ར་འདྲ། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་བུ་འདྲ། །ཞེས་དང་། སློབ་དཔོན་ཞི་བ་ལྷས། རྒྱ་མཚོ་ཆེར་གཡེང་གཉའ་ཤིང་གི །བུ་གར་རུས་སྦལ་མགྲིན་ཆུད་ལྟར། །མི་ཉིད་ཤིན་ཏུ་ཐོབ་དཀར་གསུངས། ཞེས་དང་། ཕ་དམ་པས། སྤྱིར་སེམས་ཅན་ཙམ་གྱི་ལུས་མཐོང་ན། །མི་ལུས་ཐོབ་པ་མེད་པ་ཙམ། །གསུངས། རྗེ་མི་ལས། མི་ཁོམ་བརྒྱད་པོ་སྤངས་པ་ཡི། དལ་འབྱོར་ཚང་བའི་མི་ལུས་དཀའ། །ཞེས་

p. 10

དང་། ཀུན་མཁྱེན་ཀློང་ཆེན་པས། དལ་འབྱོར་འདི་ནི་ཐོབ་པ་བརྒྱ་ལམ་ཙམ། །དེ་བས་ཆོས་དང་མཇལ་བ་ཉིན་སྐར་ཙམ། །ཞེས་དང་། རྗེ་རིན་པོ་ཆེས། མི་ཡི་ལུས་དང་བསྟན་དང་མཇལ་བ་ནི། །ཡང་ཡང་མི་རྙེད་ད་རེས་ཙམ་ལགས་ཤིང་། །འདི་ན་དོན་ཆེན་སྒྲུབ་པའི་གནས་ཡོད་པའི། །ཚུལ་འདི་སོམས་ལ་མི་ལུས་སྙིང་པོ་ལོངས། །ཞེས་གསུངས་པ་ལྟར། དལ་འབྱོར་དོན་ལྡན་ཞིག་མཛད་དགོས། དེ་ཡང་སང་བྱ་གནངས་བྱའི་ངང་ལ་ཕྱི་བཤོལ་དུ་མི་འཇོག་པར་སྡར་མའི་པང་དུ་སྦྲུལ་ལྷུང་བ་ལྟར། མྱུར་དུ་བརྩོན་པས་འབད་དགོས། དེ་ཡི་རྒྱུ་མཚན། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། སྣོད་བཅུད་ཐམས་ཅད་འཕོ་འགྱུར་གྱི་ཁོར་ཡུག །ཁྱད་པར་ཤ་ཁྲག་གི་ལུས་འདི་ནི་ཆུ་ཡི་ལྦུ་བ་ལྟ་བུ། ཚེ་སྲོག་དང་དབུགས་ནི་ལ་ཁའི་ན་བུན་བཞིན་དུ་ཡལ་བར་སླ་སྟེ། བུ་མོ་ས་ལ་འོད་ཀྱིས། ལུས་སྡོང་རུལ་འདྲ་སྟེ་འགྱེལ་དང་སྙམ། །དབུགས་ན་བུན་འདྲ་སྟེ་ཡལ་ལ་ཁད། །སེམས་བསམ་བློ་བཏང་བས་བློ་མ་བདེ། །གསུངས། གང་ཤར་རང་གྲོལ་གྱིས། ཚེ་སྲོག་འདི་སྣུམ་ཟད་མར་མེ་འདྲ། །བརྟན་བརྟན་འདྲ་

p. 11

འདུག་ཀྱང་མྱུར་དུ་འཇིག །ཅེས་དང་། རྒྱ་ཆེར་རོལ་པ་ལས། སྐྱེས་བུའི་ཚེ་འགྲོ་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ །ཞེས་དང་། སློབ་དཔོན་པདྨས། ཚེ་ནི་མི་རྟག་སྟོན་ཁའི་སྤྲིན་དང་འདྲ། །མཛའ་བཤེས་གཉེན་འདུན་ཚོང་འདུས་མགྲོན་པོ་འདྲ། །ཞེས་དང་། ཇོ་བོ་རྗེས། ཚེ་ཐུང་ནད་མང་ལོངས་སྤྱོད་དམན། །རྐྱེན་ངན་བར་ཆད་མང་བ་ཡིས། །ཡུན་རིང་སྡོད་པའི་མཐུ་མེད་པས། །ཞེས་དང་། རིན་ཆེན་ཕྲེང་བ་ལས། འཆི་བདག་རྐྱེན་གྱི་ནང་གནས་པ། །རླུང་དམར་ནང་འདུག་མར་མེ་བཞིན། །གསུངས། དེས་ན་དོ་ནུབ་ཙམ་ཡང་མི་འཆི་སྙམ་པའི་བློ་གཏད་ཅི་ཡང་མ་མཆིས་ཏེ། སློབ་དཔོན་ཞི་བ་ལྷས། དེ་རིང་ཁོ་ན་མི་འཆི་ཞེས། །བདེ་བར་འདུག་པ་རིགས་མ་ཡིན། །ཞེས་དང་། ཚོམ་ལས། སང་དང་འཇིག་རྟེན་ཕྱི་མ་གཉིས། །སྔོན་དུ་གང་འོང་གཏོལ་མེད་པས། །ཞེས་དང་། སྐུ་གསུམ་དོན་ཐིག་ལས། སང་དགུང་དོ་ནུབ་འཆིའམ་མི་ཤེས་པས། །ཕྱི་རྩིས་བློ་སྣ་མང་པོས་ཅི་ཞིག་བྱ། །ཞེས་གསུངས་པ་ལྟར། འཆི་བའི་རྐྱེན་

p. 12

ནི་གློ་བུར་ཐོག་ལྟར་འབྱུང་ཞིང་། དེ་ལ་འབྲོས་ཤིང་བཟུར་བའི་ཐབས་ནི་གང་ཡང་མེད་དེ། འཆི་བའི་དུས་ལ་བབ་པའི་ཚེ་སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་ཡོད་ཀྱང་། རང་ལ་ཕན་པ་རྡུལ་ཙམ་ཡང་མི་འབྱུང་ཞིང་། ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་པ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་འཁྱེར་དབང་ནི་མེད། ཕ་མ་གཉེན་བཤེས་གྲོགས་མཆེད་འབུམ་ཕྲག་མང་པོས་བསྐོར་ཀྱང་མར་གྱི་དཀྱིལ་ནས་སྤུ་བཏོན་པ་ལྟར། རང་ཉིད་གཅིག་པུར་རྒྱུས་མེད་ཆ་མེད་ཀྱི་བར་དོའི་འཕྲང་རིང་ལ་སྐྱབས་མེད་མགོན་མེད་དུ་འགྲོ་དགོས། སོང་བ་ཙམ་དུ་མ་ཟད། བར་དོའི་འཁྲུལ་སྣང་འཇིགས་སྐྲག་དྲག་པོ་བསམ་གྱིས་མི་ཁྱབ་པ་མྱོང་ཞིང་། དེ་དུས་ཕན་པ་དམ་པའི་ཆོས་དང་། འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས། ཚེ་འདིའི་གཉེན་བཤེས་ཟས་ནོར་གང་གིས་ཀྱང་ཕན་པ་སྤུ་ཙམ་མེད་དེ། ལྗོན་ཤིང་གི་མདོ་ལས། གཅིག་པུར་མྱུར་དུ་འགྲོ་དགོས་ན། །བློ་གཏད་ཐུབ་པའི་གྲོགས་ཡོད་དམ། །ལོ་བརྒྱ་ཐུབ་པའི་ཟས་ཡོད་ཀྱང་། །འཆི་བའི་ནངས་པར་ལྟོགས་པར་འགྲོ །ལོ་བརྒྱ་འདང་པའི་གོས་ཡོད་ཀྱང་། །

p. 13

འཆི་བའི་ནངས་པར་གཅེར་བུར་འགྲོ །ཞེས་དང་། འཇམ་དཔལ་རྣམ་རོལ་ལས། ཕ་མ་ཁྱོད་ཀྱི་སྐྱབས་མ་ཡིན། །མཛའ་བཤེས་རྩ་ལག་རྣམས་ཀྱང་མིན། །དེ་དག་གིས་ནི་ཁྱོད་བོར་ནས། །རང་ཉིད་གཅིག་པུར་ཕྱི་མར་འགྲོ །ཞེས་དང་། སློབ་དཔོན་པདྨས། ཟས་ནོར་བྲོ་ཟན་གཅིག་དང་འགྲོགས་དབང་མེད། །མར་གྱི་དཀྱིལ་ནས་སྤུ་བཏོན་བཞིན་དུ་འགྲོ །ཞེས་དང་། བླ་མ་ཞང་གིས། བླ་མ་མདང་གྲོངས་ཟེར་ཙ་ན། །འབྲལ་མི་ཕོད་པའི་ཕུན་ཚོགས་འདི། །རང་དབང་མེད་པར་ལིངས་ཀྱིས་བོར། །རྨི་ལམ་བཞིན་དུ་ཕྱོད་ཀྱིས་སོང་། །གསུངས། ཤི་བའི་འོག་ཏུ་རྩྭ་ཕུང་མེ་ལ་བསྲེགས་པ་ལྟར། རྒྱུན་ཆད་ནས་མི་འགྲོ་སྐྱེ་བ་ཞིག་ལེན་དགོས། སླར་ལས་ཉོན་གྱི་དབང་གིས་འཁོར་བའི་གནས་འདིར་སྐྱེས་ཕྱིན་ཆད། སྡུག་བསྔལ་མ་གཏོགས་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་དེ། དམྱལ་བར་སྐྱེས་ན་ཚ་གྲང་གི་སྡུག་བསྔལ་བཟོད་དཀའ། ཡི་དྭགས་ལ་བཀྲེས་སྐོམ་གྱི་སྡུག་བསྔལ་ཉམ་ཐག །དུད་འགྲོ་ལ་གསོད་ཟ་བཀོལ་སྤྱོད་གླེན་རྨོངས་ཀྱི་སྡུག་བསྔལ་ཡི་མུག །མི་ལ་སྐྱེ་རྒ་ན་

p. 14

འཆིའི་སྡུག་བསྔལ་ངུ་བྲོ། ལྷ་མ་ཡིན་ལ་འཐབ་རྩོད་ཀྱི་སྡུག་བསྔལ་ཡ་ང་། ལྷ་ལ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སོགས་སྡུག་བསྔལ་བསམ་གྱིས་མི་ཁྱབ། དཔེར་ན་མེ་ཆེ་ཆུང་གང་གིས་བསྲེགས་ཀྱང་སྡུག་བསྔལ་འབྱུང་བ་ལྟར། འཁོར་བའི་གནས་འདིའི་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་གནས། སུ་དང་འགྲོགས་ཀྱང་སྡུག་བསྔལ་གྱི་གྲོགས། ཅི་ལ་ལོངས་སྤྱོད་ཀྱང་སྡུག་བསྔལ་གྱི་ལོངས་སྤྱོད། བྱ་བ་ཅི་བྱས་ཀྱང་སྡུག་བསྔལ་སྒྲུབ་པའི་ཐབས་འབའ་ཞིག་ལས་མ་འདས་ཏེ། དྲན་པ་ཉེར་བཞག་ལས། འཁོར་བ་ཁབ་ཀྱི་རྩེ་ཙམ་ན། །བདེ་བ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། དོན་ཐིག་ལས། རིགས་དྲུག་རྣམས་ལ་འགྱུར་དང་འདུ་བྱེད་དང་། །སྡུག་བསྔལ་སྡུག་བསྔལ་དག་གིས་མནར་བ་དག །ལེགས་པར་བརྟགས་ན་སྡུག་བསྔལ་ཕུང་པོ་སྟེ། །ཞེས་དང་། བཤེས་སྤྲིང་ལས། ན་དང་རྒ་སོགས་སྡུག་བསྔལ་དུ་མ་ཡི། །འབྱུང་གནས་འཁོར་བ་འདི་ལ་སྐྱོ་མཛད་ཅིང་། །ཞེས་དང་། རྗེ་བཙུན་བྱམས་པས། མི་གཙང་བ་ལ་དྲི་ཞིམ་མེད་བཞིན་འགྲོ་ལྔ་དག་ན་བདེ་བ་མེད། །གསུངས། པོ་ཏོ་བས། འཁོར་

p. 15

བའི་སྡུག་བསྔལ་མཐར་མ་ཕྱིན་ན། བདེ་བའི་ས་ནི་གང་ན་ཡང་མེད། །ཅེས་དང་། ཀློང་ཆེན་རབ་འབྱམས་པས། འཁོར་བའི་གནས་ན་བདེ་བ་མེད། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །ཞེས་དང་། ཇོ་བོ་རྗེས། གྲོགས་དག་འཁོར་བའི་འདམ་རྫབ་འདི་ན་སྐྱིད་མེད་ཐར་པའི་སྐམ་སར་གཤེགས། །བླ་མའི་གདམས་ངག་ཚུལ་བཞིན་སྒོམས་ལ་འཁོར་བའི་སྡུག་བསྔལ་ཆུ་བོ་སྐེམ། །གསུངས། དེས་ན་ནག་ཅན་བཙོན་དོང་ནས་འབྲོས་པ་ལྟར། ད་རེས་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ལས་ཉོན་གྱི་རྦ་རླབས་དྲག་ཏུ་འཁྲུག་ཅིང་སྡུག་བསྔལ་གྱི་ཆུ་སྲིན་འཇིགས་སུ་རུང་བས་གང་བ་འདི་ལས་ཐར་ཐབས་ཤིག་ཅི་ནས་ཀྱང་བྱེད་དགོས། དེ་ཡང་རང་ཉིད་གཅིག་པུ་ཐར་བ་ཙམ་གྱིས་མི་ཆོག་སྟེ། རང་གི་ཚེ་འཁོར་བ་ཐོག་མ་མ་མཆིས་པས་ན། སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་སྔོན་མ་རྣམས་སུ་རང་གི་མ་མ་བྱས་པ་གཅིག་ཀྱང་མེད་དེ། བཤེས་སྤྲིང་ལས། མ་ཡི་ཐུག་མཐའ་རྒྱ་ཤུག་ཚི་གུ་ཙམ། །རིལ་བུར་བགྲངས་ཀྱང་ས་ཡིས་ལང་མི་འགྱུར། །ཞེས་དང་། སློབ་སྤྲིང་ལས། གང་གི་ལྟོར་མ་ཉལ་

p. 16

བའི་སེམས་ཅན་དེ་མེད་ན། །གསུངས། གཞན་ཡང་། སེམས་ཅན་གཅིག་གིས་མ་བྱས་པའི། །ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་ཡང་། །དེ་ཡི་ཚད་ཙམ་ཡོད་མ་ཡིན། །གསུངས། མ་ནམ་བྱས་གྲངས་ཀྱིས་ཚེ་འདིའི་མས་བསྐྱངས་པ་བཞིན། དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན་པས། དེ་རྣམས་ཡལ་བར་དོར་ནས་རང་ཉིད་གཅིག་པུ་ཅི་ཐར་བྱེད་ན། དེ་བས་ཁྲེལ་མེད་མ་རབས་ཤིག་མེད་དེ། སློབ་སྤྲིང་ལས། བྱིས་པ་པང་ན་བཙས་པ་ཅི་ཡང་མི་ནུས་པས། །གང་གི་ནུ་ཞོ་བྱམས་པའི་ཤུགས་ཀྱིས་གཟག་འཐུང་བ། །ངལ་བ་མང་བསྟེན་བྱམས་ལ་བརྟེན་པ་དེ་དག་འདིར། །ཤིན་ཏུ་མ་རབས་ཤིག་ནའང་སྤོང་བར་སུ་ཞིག་སྤྲོ། །གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོས། བདག་དྲིན་གྱིས་བསྐྱངས་པའི་མ་རྒན་རྣམས། །གནས་འཇིགས་རུང་འཁོར་བའི་རྒྱ་མཚོར་ལྷུང་། །སྡུག་ཉམ་ཐག་ངང་ཚུལ་མི་བསམ་ན། །བུའི་དོན་སྙིང་གཏིང་ནས་རུལ་བས་ན། །གསུངས། དེས་ན་མ་རྣམས་འཁོར་བ་ལས་སྒྲོལ་བའི་ཁུར་རང་ཉིད་ཀྱིས་འཁྱེར་དགོས་ཏེ། རྗེ་སྐལ་བཟང་རྒྱ་མཚོས། རང་སྐྱིད་འདོད་བློ་སྣ་ལིངས་

p. 17

ཀྱིས་བོར། །གཞན་ཕན་བདེ་ཐབས་དགུ་སྙིང་ལ་བཅང་། །གསུངས། དོན་ཐིག་ལས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕ་མ་འདི་དག་འཁོར་འཁྱམས་སྙིང་རེ་རྗེ། །བརྩེ་བས་བུ་གཅིག་ཤི་བའི་མ་བཞིན་དུ། །འཁོར་བའི་མཚོ་ལས་སྒྲོལ་བར་དམ་བཅའ་ཞིང་། །ཞེས་དང་། རྗེ་རིན་པོ་ཆེས། རང་ཉིད་སྲིད་མཚོར་ལྟུང་བ་ཇི་བཞིན་དུ། །མ་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར། །མཐོང་ནས་འགྲོ་བ་སྒྲོལ་བའི་ཁུར་འཁྱེར་བས། །གསུངས་པ་ལྟར་སེམས་ཅན་རྣམས་འཁོར་བ་ལས་སྒྲོལ་བར་འདོད་པའི་བྱང་ཆུབ་སེམས་དཔས། ཐོག་མར་རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ་དགོས། སངས་རྒྱས་ཀྱི་སྐུའི་ཡོན་ཏན་ནི། མཚན་བཟང་པོ་སུམ་ཅུ། དཔེ་བྱད་བཟང་པོ་བརྒྱད་ཅུས་ཀུན་ནས་མཛེས་པ། ཞལ་མཐོང་བ་ཙམ་གྱིས་དད་པའི་སྤུ་ལོང་གཡོ་ཞིང་། བྱང་ཆུབ་མཆོག་གི་ས་བོན་རྒྱུད་ལ་བསྐྲུན་ནུས། གསུང་གི་ཡོན་ཏན་ཡན་ལག་དྲུག་ཅུ་དང་ལྡན་པའི་གསུང་དབྱངས་ཤིན་ཏུ་སྙན་ཅིང་། སྐད་རེ་རེའི་

p. 18

སྒོ་ནས་ཆོས་བསྟན་ཀྱང་སེམས་ཅན་རང་རང་གི་སྐད་དུ་གོ་ནུས། ཐུགས་ཀྱི་ཡོན་ཏན་ཤེས་བྱ་ཇི་ལྟ་བ་དང་། ཇི་སྙེད་པ་ཐམས་ཅད་མངོན་སུམ་དུ་ས་ལེར་གཟིགས་ཤིང་། སེམས་ཅན་ཐམས་ཅད་ལ་མ་ཡིས་བུ་རྣམས་ལ་བརྩེ་བ་ལྟར། ཐུགས་རྗེ་ཆེན་པོ་ཉེ་རིང་མེད་པར་འཇུག་པས། གདུལ་བྱ་འདུལ་བའི་དུས་ལས་སྐད་ཅིག་ཀྱང་མི་འདའ། ཕྲིན་ལས་ཀྱི་ཡོན་ཏན་འབད་མེད་ལྷུན་གྱིས་གྲུབ་ཅིང་། སྐུ་གསུང་ཐུགས་ཀྱི་འོད་ཟེར་རེ་རེ་ཙམ་སྤྲོས་པས་ཀྱང་། སེམས་ཅན་དཔག་ཏུ་མེད་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ནུས་པ་སོགས། མདོར་ན་སྐྱོན་གྱི་རིགས་མཐའ་དག་ཟད་ཅིང་། ཡོན་ཏན་གྱི་རིགས་མཐའ་དག་དང་ལྡན་པ་སྟེ། བསྟོད་པ་བརྒྱད་ཅུ་པ་ལས། གང་ཞིག་ལ་ནི་ཉེས་པ་ཀུན། །གཏན་ནས་ཡོངས་ཡེ་མི་མངའ་ཞིང་། །གང་ལ་རྣམ་པ་ཐམས་ཅད་དུ། །ཡོན་ཏན་ཐམས་ཅད་གནས་གྱུར་པ། །ཞེས་དང་། འཕགས་པ་དཔའ་བོས། བདག་ནི་སྟོན་པ་གཞན་སྤངས་ནས། །བཅོམ་ལྡན་ཁྱོད་ལ་སྐྱབས་སུ་མཆི། །དེ་ཅིའི་སླད་དུ་ཞེ་ན་ཁྱེད། །སྐྱོན་མི་མངའ་ལ་ཡོན་ཏན་ལྡན། །གསུངས། དེ་ལྟ་བུའི་སངས་

p. 19

རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་དམ་པའི་ལྷ་ཆོས་ཡིན། ཆོས་དེ་བླ་མ་དགེ་བའི་བཤེས་གཉེན་གྱི་ཞལ་ལས་ཐོས་དགོས། དེ་ཐོས་པ་ལ། བླ་མ་དད་པས་བསྟེན་དགོས་པ་སྟེ། མཉམ་མེད་པོ་ཏོ་བས། སྡུག་བསྔལ་འབྱུང་གནས་སྲིད་པའི་རྒྱུ་སྤངས་ཤིང་། །བདེ་བའི་འབྱུང་གནས་བྱང་ཆུབ་བསྒྲུབ་པར་བྱ། །བྱང་ཆུབ་དེ་ཡང་ཆོས་ལ་རག་ལས་གསུངས། །དེ་ཉིད་བླ་མའི་ཞལ་ལ་རག་ལས་ལ། །དེ་ཡང་དད་པའི་མཐུ་ལ་རག་ལས་གསུངས། །དེས་ན་ཡོན་ཏན་ཐམས་ཅད་ཀྱི་འབྱུང་གནས་བླ་མ་དང་ཆོས་ལ་དད་གུས་བྱེད་པ་གལ་ཆེ་སྟེ། དཀོན་མཆོག་ཏ་ལའི་མདོ་ལས། དད་པ་སྔོན་འགྲོ་མ་ལྟར་བསྐྱེད་པ་སྟེ། །ཡོན་ཏན་ཐམས་ཅད་སྡུད་ཅིང་འཕེལ་བར་བྱེད། །དོགས་པ་སེལ་ཞིང་ཆུ་བོ་རྣམས་ལས་སྒྲོལ། །དད་པ་བདེ་ལེགས་གྲོང་ཁྱེར་མཚོན་བྱེད་ཡིན། །དད་པ་རྙོག་པ་མེད་ཅིང་སེམས་དྭངས་བྱེད། །ང་རྒྱལ་སྤོང་ཞིང་གུས་པའི་རྩ་བ་ཡིན། །དད་པ་ནོར་དང་གཏེར་དང་རྐང་པའི་མཆོག །ལག་པ་བཞིན་དུ་དགེ་སྡུད་རྩ་བ་ཡིན། །ཞེས་དང་། ཆོས་བཅུ་པ་ལས། གང་གི་འདྲེན་པ་ངེས་འབྱུང་

p. 20

ལ། །དད་པ་ཐེག་པའི་མཆོག་ཡིན་ཏེ། །དེ་ཕྱིར་བློ་དང་ལྡན་པའི་མིས། །དད་པའི་རྗེས་སུ་འབྲང་བ་བསྟན། །ཞེས་དང་། གཤེད་དམར་གྱི་རྒྱུད་ལས། ཡང་ན་བླུན་པོ་དད་པ་ཅན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །ཞེས་དང་། མགོན་པོ་བྱམས་པས། རང་བྱུང་རྣམས་ཀྱི་དོན་དམ་ནི། །དད་པས་ཁོ་ནས་རྟོགས་བྱ་ཡིན། །ཉི་མའི་དཀྱིལ་འཁོར་འོད་འབར་བ། །མིག་མེད་པས་ནི་མཐོང་བ་མེད། །ཅེས་དང་། རྒྱལ་བ་ཀརྨ་པ་བདུད་འདུལ་རྡོ་རྗེས། ས་ཆུ་འཛོམ་ན་ཅི་ཡང་སྐྱེ། །དད་ཅན་སློབ་མ་མོས་གུས་ཅན། །དམ་ཆོས་ཡོན་ཏན་མྱུར་དུ་སྐྱེ། །ཞེས་དང་། པདྨ་བཀའ་ཐང་ལས། དད་པ་ཅན་ལ་པད་འབྱུང་སྒོ་ཉལ་ཡོད། །གསུངས། ཨོ་རྒྱན་གསོལ་འདེབས་ལས། དད་ལྡན་མི་རེའི་མདུན་ན་པད་འབྱུང་རེ། །རྟག་པར་བཞུགས་ནས་བྱིན་གྱིས་བརླབ་བོ་གསུངས། །ཏིང་ངེ་འཛིན་རྒྱལ་པོ་ལས། ལུས་དང་ངག་དང་ཡིད་རབ་དྭངས་པ་ཡིས། །རྟག་ཏུ་སངས་རྒྱས་དག་གིས་བསྔགས་པ་བརྗོད། །དེ་ལྟར་དེས་ནི་སེམས་ཀྱི་རྒྱུན་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང་། །ཞེས་དང་།

p. 21

ལུང་གཞན་ལས། གང་གིས་མོས་པ་གཙོ་བྱས་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས། ཨོ་རྒྱན་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སེམས་ཐེ་ཚོམ་དང་བྲལ་བས་ཅི་བསམ་འགྲུབ། །ཅེས་དང་། མ་གཅིག་གིས། དད་པ་ཡོད་པའི་མི་རྣམས་ལ། །དགོས་འདོད་ཐམས་ཅད་འབྱུང་བར་འགྱུར། །ཞེས་གསུངས། སྔོན་ཞིང་པ་ལྔ་བརྒྱ་དང་། དུད་འགྲོ་སྟོང་གིས་སངས་རྒྱས་ཀྱི་སྐུ་མཐོང་ཚེ་དད་པ་སྐྱེས། སངས་རྒྱས་ལ་དད་བཞིན་དུ་ཚེ་དུས་བྱས་ནས་ལྷར་སྐྱེས། སླར་སངས་རྒྱས་དང་མཇལ་ནས་བདེན་པ་མཐོང་། ཡང་ཡི་དྭགས་ལྔ་བརྒྱས་སངས་རྒྱས་ལ་ཆུ་བསླངས་པས། རྫུ་འཕྲུལ་གྱིས་བླངས་ནས་བྱིན་ཏེ། ཀུན་ཚིམ་པར་བྱས་པས་ཡི་དྭགས་རྣམས་སངས་རྒྱས་ལ་དད་བཞིན་ཚེ་དུས་བྱས་ནས་ལྷར་སྐྱེས། ཡང་སངས་རྒྱས་ལ་བྱིས་པ་ཆུང་ཆུང་ཞིག་གིས་དྭངས་པའི་སེམས་ཀྱིས་ས་སྙིམ་པ་གང་ཕུལ་བས། ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བའི་རྒྱལ་པོ་ཆེན་པོར་སྐྱེས། ཡང་སྔོན་སྦྲུལ་གཉིས་དང་ཁྱུང་གཉིས་བཞི་པོས་སངས་རྒྱས་ལ་དད་པས་སྐྱབས་སུ་སོང་

p. 22

བས། ཕྱིའི་རྒྱལ་ཆེན་སྡེ་བཞིར་སྐྱེས། ཡང་ཚོང་པ་མང་པོ་རྒྱ་མཚོའི་ནང་གི་ཆུ་སྲིན་གདུག་པ་ཅན་གྱི་ཁ་ནང་དུ་ཆུད་པས་སངས་རྒྱས་ལ་དད་པས་སྐྱབས་འགྲོ་བྱས་པས་ཆུ་སྲིན་གྱི་ཁ་ནས་ཐར། ཡང་ལྷོ་ཁའི་ཕྱོགས་ཀྱི་རྒད་པོ་དད་ཅན་ཞིག་གིས་ཚེ་གང་པོ་བཛྲ་གུ་རུ་བཏོན་པས་དུང་ཕྱུར་གཅིག་ལྷག་ཙམ་སོང་། ཕྱིས་འཆི་ནད་ཀྱིས་ཐེབས་ཚེ་མཚན་མོ་རྨི་ལམ་དུ་ཨོ་རྒྱན་རིན་པོ་ཆེ་བྱོན་པའི་ཞལ་ནས། རིགས་ཀྱི་བུ། སང་ནངས་པར་ཉི་ཤར་ལ་ཟངས་མདོག་དཔལ་རིའི་རྩེ་མོ་ནས་འདིར་དར་ཡུག་གཅིག་འཐེན་པས། དར་དེའི་སྣེ་ལ་འཇུས་ཡར་ཤོག་གསུང་བ་རྨིས་པ་ཉེ་འཁོར་ལ་བཤད། ཕྱིར་ཉིན་ཉི་ཤར་ལ་རྒད་པོ་ཚེ་དུས་བྱས་སོང་། དེ་དུས་ལྷོ་ནུབ་ཕྱོགས་ནས་འཇའ་ཚོན་ཁ་དོག་ལྔ་ལྡན་སྣམ་བུ་བརྐྱངས་པ་ལྟ་བུ་ཞིག་ཁང་སྟེང་དུ་ཟུག་པ་མི་ཀུན་གྱིས་མཐོང་སྐད། ཡང་ཅི་ཡང་མི་ཤེས་པའི་ར་རྫི་བླུན་པོ་དད་ཅན་ཞིག་གིས། ཚེ་གང་པོ་མ་ཎི་རྒྱུན་ཆད་མེད་པར་བཏོན་ནས། ཕྱིས་ཤི་ཚེ་རོ་ལས་འཇའ་ཚོན་བྱུང་ནས། སྟེང་ཕྱོགས་ཀྱི་ནམ་མཁའ་ལ་ཐིམ་པ་ཉེ་འཁོར་བ་འགའ་རེས་མཐོང་། ཐོད་པའི་མཐའ་ལ་ཡི་གེ་དྲུག་མ་རང་བྱུང་དུ་

p. 23

འཁོར་བ་བྱུང་སྐད། ཡང་དབུས་ཕྱོགས་ཀྱི་བླ་མ་དགེ་བཤེས་སེམས་རྒྱུད་བཟང་ཞིང་། རྗེ་བདག་ཉིད་ཆེན་པོ་ལ་དད་པ་ཞིག་གིས་ཁ་ཏོན་གྱི་གཙོ་བོ་དམིགས་བརྩེ་མ་ལ་བྱས་པས། རྨི་ལམ་དུ་རྗེ་རིན་པོ་ཆེ་ཞལ་གཟིགས། གཤེགས་ནས་གདུང་བཞུ་དུས་སྟེང་ཕྱོགས་ནས་སྤྲིན་དཀར་པོ་ཞིག་དར་ཡུག་བཞིན་གདུང་ཁང་སྟེང་དུ་འཐེན། རུས་པའི་སྟེང་དུ་དམིགས་བརྩེ་མའི་ཡི་གེ་རང་བྱོན་དུ་བྱུང་སྐད། ཡང་ཨ་རིག་རྒད་པོ་ཞིག་གིས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་ལ་ཉིན་རེ་བཞིན་གསོལ་བ་བཏབ་པས། ཕྱིས་འཆི་ནད་ཀྱིས་ཐེབས་ཚེ་གཉིད་མ་གཉིད་ཀྱི་མཚམས་སོགས་ལ་རྒྱལ་བ་རིན་པོ་ཆེ་སྔས་མགོ་ན་བཞུགས་པའི་དག་སྣང་བྱུང་། གནད་གཅོད་ཆེན་པོ་མེད་པར་ཤི་སོང་སྐད། དད་པ་ཡོད་ན་དེ་འདྲ་འབྱུང་། དད་པ་མེད་པའི་མི་དེའི་རྒྱུད་ལ་ཡོན་ཏན་གང་ཡང་མི་འབྱུང་སྟེ། རྗེ་རྒོད་ཚང་པས། དད་པ་མེད་པའི་ཐ་རྒོད་ལ། །ཡོན་ཏན་མྱུ་གུ་སྐྱེ་མི་སྲིད། །ཉམས་རྟོགས་སྟོན་ཐོག་ཅི་ལ་སྨིན། །གསུངས། ཆོས་བཅུ་པའི་མདོ་ལས། མ་དད་པ་ཡི་མི་དག་ལ། །དཀར་པོའི་ཆོས་རྣམས་མི་འབྱུང་སྟེ། །ས་

p. 24

བོན་མེ་ཡིས་ཚིག་པ་ལ། །མྱུ་གུ་སྔོན་པོ་ཇི་བཞིན་ནོ། །དད་དང་ལྡན་པའི་མི་དག་ལ། །སངས་རྒྱས་ལས་རྣམས་འགྲུབ་འགྱུར་ཏེ། །སྔགས་རྣམས་ཐམས་ཅད་ཁྱད་པར་དུ། །དད་པ་མེད་ལ་མི་འགྲུབ་བོ། །གང་ཡང་འཇིག་རྟེན་ལྷ་དག་དང་། །དེ་བཞིན་འཇིག་རྟེན་འདས་པ་དག །དད་ལྡན་ཀུན་ལ་འགྲུབ་འགྱུར་ཏེ། །སྡིག་པ་ཀུན་དང་བྲལ་ཕྱིར་རོ། །ཞེས་དང་། རྗེ་ནཱ་རོ་པས། བུ་དད་པའི་རྩ་བ་མི་བརྟན་ན། །གཉིས་མེད་ཀྱི་རྩ་བ་བརྟན་མི་འགྱུར། །གསུངས། ཞང་གཡུ་བྲག་འགྲོ་མགོན་གྱིས། བླ་མ་སངས་རྒྱས་ཐ་མི་དད། །རང་གི་སྣང་བ་མ་དག་ན། །སྤྱན་རས་གཟིགས་ཀྱང་ཁྱི་རོར་མཐོང་། །པར་ཏི་ཀ་ཡི་གྲུབ་ཐོབ་བཞིན། །རང་གི་སྣང་བ་དག་གྱུར་ན། །འཇག་མིག་སྲིན་འབུ་ཆོས་སྐུར་མཐོང་། །ཞེས་དང་རྗེ་སྤྱན་སྔ་བས། མཁྲིས་ནད་ཅན་གྱིས་དུང་དཀར་སེར་པོར་མཐོང་། །ལོག་རྟོག་ཅན་གྱིས་སངས་རྒྱས་ཟོག་པོར་མཐོང་། །དད་ལྡན་མི་ཡིས་ཐམས་ཅད་སངས་རྒྱས་མཐོང་། །འདི་ལ་འདམ་ཁ་གྱིས་ཤིག་ཤཱཀྱའི་སྲས། །སངས་རྒྱས་སུ་བསྒོམས་སངས་རྒྱས་བྱིན་རླབས་འཇུག །ཟོག་པོར་བསྒོམས་ན་ཟོག་

p. 25

པོའི་བྱིན་རླབས་འཇུག །བྱིན་རླབས་འདི་ཡང་མོས་གུས་རྗེས་འབྲང་ཡིན། །འདི་ལ་འདམ་ཁ་གྱིས་ཤིག་ཤཱཀྱའི་སྲས། །གསུངས། དེས་ན་དམ་པ་གོང་མ་འགའ་རེས། དད་པ་ཡོད་ན་དཀར་པོའི་ཆོས་ཡོད། དད་པ་མེད་ན་དཀར་པོའི་ཆོས་མེད། དད་པ་འཕེལ་ན་དཀར་པོའི་ཆོས་འཕེལ། དད་པ་འགྲིབ་ན་དཀར་པོའི་ཆོས་འགྲིབ། གསུངས། བོད་སྟོན་འགའ་རེས་སྐད་ཆེན་པོས་ཨ་ཏི་ཤ་ལ་གདམས་ངག་ཞུ་ཞེས་ཞུས་པ་ན། ཧེ་ཧེ་ཁོ་བོ་རྣ་བ་བཟང་པོ་བཟང་པོ་བདོག་སྟེ། མན་ངག་བྱ་བ་དད་པ་ཡིན། དད་པ་དད་པ་གསུངས། ཡང་འབྲོམ་རིན་པོ་ཆེས་ཇོ་བོ་ལ། བོད་ལ་སྒོམ་སྒྲུབ་བྱེད་མཁན་མང་པོ་ཡོད་པ་ལ། ཡོན་ཏན་ཁྱད་པར་ཅན་བརྙེས་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བརྟེན་ནས་འབྱུང་བ་ལ། ཁྱེད་བོད་ལ་བླ་མ་ལ་ཐ་མལ་པའི་འདུ་ཤེས་ལས་མེད་པས་ཡོན་ཏན་ཞིག་ག་ལ་སྐྱེ། གསུངས། དད་པ་ལ་རྣམ་གྲངས་མང་ཡང་། མཉམ་མེད་པོ་ཏོ་བ་ཆེན་པོས། དྭངས་བའི་དད་པ། འདོད་པའི་དད་པ། ཡིད་ཆེས་པའི་དད་

p. 26

པ། ཕྱིར་མི་ལྡོག་པའི་དད་པ་བཞི་དགོས་གསུངས། དྭངས་བའི་དད་པ། ཆོས་དང་བླ་མ་དམ་པའི་མཛད་སྤྱོད་མཐོང་ན་ཡིད་འཕྲོག་པའི་དྭངས་བ། དཔེར་ན་འདོད་ལྡན་གྱིས་བུ་མོ་མཛེས་མ་མཐོང་བ་ལྟ་བུ་ཞིག་དགོས། འདོད་པའི་དད་པ། སྐྱེ་འཆི་སོགས་འཁོར་བའི་སྡུག་བསྔལ་གྱིས་ཡིད་གདུངས་ནས། ཆོས་དང་བླ་མ་སྙིང་ལ་འདོད་པ་དཔེར་ན་སྐོམ་པ་ཆུ་འདོད་པ་ལྟ་བུ་ཞིག་དགོས། ཡིད་ཆེས་པའི་དད་པ། བླ་མ་སངས་རྒྱས་དངོས་ཡིན་ཆོས་གང་གསུང་རྡོ་རྗེའི་ཚིག་འཁྲུལ་པ་མེད་པ་ཡིན་སྙམ་ནས་ཡིད་ཆེས་པ་དཔེར་ན་མ་དང་བུ་འཕྲད་པ་ལྟ་བུ་ཞིག་དགོས། ཕྱིར་མི་ལྡོག་པའི་དད་པ། བླ་མ་བསྟེན་ནས་ཆོས་ལ་ཐོས་བསམ་སྒོམ་གསུམ་གང་བྱེད་མཐར་མ་ཐོན་གྱི་བར་དུ་རྐྱེན་བཟང་ངན་གང་གིས་བར་མི་ཆོད་པ། དཔེར་ན་ཉི་མས་གདུངས་པའི་གླང་ཆེན་པད་མཚོར་འཇུག་པ་ལྟ་བུ་ཞིག་དགོས། དེ་བཞིའི་ནང་ནས་བླ་མ་དགེ་བའི་བཤེས་གཉེན་སངས་རྒྱས་དངོས་དང་། ཞལ་ནས་གང་གསུང་ཟབ་རྒྱས་གདམས་པ་ཡིན་སྙམ་པའི་ཡིད་ཆེས་ཀྱི་དད་པ་འདི་ཤིན་ཏུ་གལ་ཆེ་སྟེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བའི་

p. 27

བདག་པོ་སློབ་དཔོན་ལ་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུ་བགྱིའོ་ཞེས་གསུངས། འོ་ན་བླ་མ་སངས་རྒྱས་དངོས་ཡིན་པའི་རྒྱུ་མཚན་གང་ཡིན་ཞེ་ན། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཞེས་དང་། རྡོ་རྗེ་གུར་ལས། གང་ཉིད་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདགས་དམིགས་ནས་ནི། །ཐ་མལ་བ་ཡི་གཟུགས་སུ་གནས། །ཞེས་དང་། གཞན་ཡང་། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་སྟེ། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་པ་དང་། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །ཞེས་གསུངས་སོ། །དེས་ན་སྙིགས་དུས་གདུལ་བྱའི་སྣང་ངོར་སངས་རྒྱས་ཐ་མལ་མི་ཡི་གཟུགས་སུ་ཤར་བ་ཡིན། འོ་ན་བླ་མ་སངས་རྒྱས་དངོས་ཡིན་ན་སྐྱོན་འདི་དང་འདི་འདྲ་སྣང་། སྐྱོན་ཡོད་པའི་

p. 28

སངས་རྒྱས་ཤིག་མི་སྲིད་སྙམ་ན། དཔེར་ན་མཁྲིས་ནད་ཅན་གྱིས་དུང་དཀར་པོ་སེར་པོར་མཐོང་བ་དང་། མིག་ཤས་ངན་པས་སྟོང་སང་གི་ནམ་མཁའ་ལ་བལྟས་ན་རབ་རིབ་དུ་མཐོང་བ་ལྟར། དེ་བླ་མའི་སྐྱོན་མ་ཡིན་ཏེ། རང་གི་ལས་ཉོན་གྱི་སྒྲིབ་པ་མ་དག་པའི་སྐྱོན་ཡིན། ལས་སྒྲིབ་མ་དག་ན་བླ་མ་སངས་རྒྱས་དངོས་ཡིན་ཡང་། རང་གིས་སངས་རྒྱས་དངོས་སུ་མཐོང་དཀའ་སྟེ། སྔོན་འཕགས་པ་ཐོགས་མེད་ཀྱིས་རྗེ་བཙུན་བྱམས་པ་ལོ་བཅུ་གཉིས་ཀྱི་བར་དུ་བསྒྲུབས་ཀྱང་། རྟགས་གང་ཡང་མ་བྱུང་། ཉིན་གཅིག་སོང་བས་ལམ་ཞིག་ན་ཁྱི་མོ་རོ་སྨད་འབུས་གཡེངས་པ་ཞིག་གཟིགས་ནས་སྙིང་རྗེ་ཆེན་པོ་སྐྱེས། ཁོང་གི་བརླའི་ཤ་ཞིག་བཅད་ནས་འབུ་རྣམས་ཕྱག་གིས་བླངས་ན་འཆི་སྙམ། ལྗགས་ཀྱིས་འཇམ་པོ་བྱས་ཚུར་བརླ་ཤའི་སྟེང་དུ་ལེན་པར་བརྩམས་པ་ན། ཁྱི་མོ་གར་སོང་མེད་པར་སོང་། རྗེ་བཙུན་བྱམས་མགོན་མདུན་དུ་བྱོན་པས་ཞལ་གཟིགས་ཚེ། ལོ་དེ་ཙམ་ཞིག་གི་བར་དུ་བསྒྲུབས་ཀྱང་ཞལ་མི་གཟིགས་པ་ཐུགས་རྗེ་རེ་ཆུང་ཞེས་ཞུས་པ་ན། རྗེ་བཙུན་བྱམས་པས། ང་དང་པོ་ནས་ཁྱེད་རང་གི་རྩར་བྱོན་ནས་ཡོད་པ་

p. 29

ཡིན་ཏེ། ཁྱོད་ཀྱི་ལས་སྒྲིབ་མ་དག་པས་མ་མཐོང་། ཅུང་ཟད་ཙམ་དག་པས་ཁྱི་མོར་མཐོང་། ཁྱི་མོ་ལ་སྙིང་རྗེ་ཆེན་པོ་སྐྱེས་པས་ལས་སྒྲིབ་ཐམས་ཅད་དག་པས་ད་ང་དངོས་སུ་མཐོང་བ་ཡིན་གསུངས། དེས་ན་བླ་མ་སངས་རྒྱས་དངོས་ཡིན་ཡང་རང་གི་ལས་སྒྲིབ་མ་དག་པས། ཡོན་ཏན་མ་མཐོང་བ་ཡིན། སྐྱོན་ཅི་མཐོང་བ་རང་གི་ལས་སྒྲིབ་ཀྱི་སྐྱོན་ཡིན་སྙམ་དུ་དད་པ་བྱེད་དགོས། བླ་མས་རང་ལ་མཚང་འབྲུ་བརྙས་སྨོད་བསྡིག་རྡུང་གང་བྱས་ཀྱང་ཐུགས་ཁྲོས་པ་ཡིན་བསམ་མི་རུང་སྟེ། རང་ལ་ནད་གདོན་བགེགས་འདྲ་ཡོད་པ་ཞི་བའི་ཕྱིར། ཐུགས་ཁྲོ་བ་ལྟར་མཛད་ནས་བཀའ་བསྒོ་དང་བྱིན་རླབས་བྱས་པ་ཡིན་སྙམ་ལན་དུ་ཁྲོ་བ་ཕར་ཞོག །ལྷག་པར་དད་པ་བྱེད་དགོས་ཏེ། དགེ་བཤེས་ལྷ་བཟོ་ལ། སྟོད་ལུང་པས། མཇལ་རེས་བཞིན་བཀའ་བཀྱོན་འབྱོན་པ་ལ། ལྷ་བཟོའི་སློབ་མ་ཉག་མོ་བས། སློབ་དཔོན་འདི་འོ་སྐོལ་ལ་སྡང་བ་ཞིག་འདུག་བྱས་པས། ཁྱོད་ཀྱིས་བཀའ་བཀྱོན་དུ་གོའམ། ཁོ་བོ་ལ་འདིས་འདི་ལྟ་བུ་རེ་མཛད་རེས་ཀྱི་ཧེ་རུ་ཀའི་བྱིན་གྱིས་བརླབས་པ་འདྲ་བ་རེ་བྱུང་

p. 30

གསུངས། ཡང་བླ་མའི་བྱ་བ་ལས་དོན་མི་ཐུབ་མི་འགྱུ་ནི་གཅིག་ཕྱིར་གཅིག་མཐུད་ནས་བཅོལ་ཡང་ཁོང་གི་དོན་ཡིན་བསམ་མི་རུང་སྟེ། སྔོན་ལྷོ་བྲག་མར་པས། རྗེ་མི་ལ་ལ་སྲས་མཁར་དགུ་ཐོག་བརྩིག་ཏུ་བཅུག་པ་ཕར་བལྟས་ན་ལྷོ་བྲག་མར་པའི་སྲས་ཀྱི་ཆེད་ལྟར་སྣང་ཡང་། དོན་གྱི་རྗེ་མི་ལའི་ལས་སྒྲིབ་སྦྱོང་ཕྱིར་བསམ་བཞིན་དུ་བྱས་པ་ལྟར། བླ་མའི་བྱ་བ་ལས་དོན་ཅི་བཅོལ་ཕར་བལྟས་ན་ཁོང་གི་ཆེད་ལྟ་བུར་སྣང་ཡང་། དོན་གྱིས་རང་གི་ལས་སྒྲིབ་འདག་ཕྱིར་བླ་མས་བསམ་བཞིན་བྱས་པ་ཡིན་སྙམ་དུ་ལྷག་པར་དད་པ་བྱས་ནས་སྤྲོ་བཞིན་བསྒྲུབ་དགོས། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱི། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །གསུངས་པ་ལྟར་བླ་མའི་མཛད་པ་གང་ལ་ལོག་ལྟ་སྤུ་ཙམ་ཡང་མི་སྐྱེ་བར་འགྱུར་མེད་ཀྱི་དད་གུས་ཡོད་ན་བླ་མའི་བྱིན་རླབས་རྒྱུད་ལ་འཇུག་པ་ལ་ཚེགས་མེད། དད་གུས་ཆེ་ན་བླ་མ་བཟང་པོ་ཡིན་ན་སྨོས་ཅི་དགོས། བླ་མ་ཤིན་ཏུ་ངན་ཡང་རྡོ་རྗེ་འཆང་སོགས་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བླ་མ་ངན་

p. 31

པ་དེའི་ལུས་ལ་ཞུགས་ནས། སློབ་མས་མཆོད་པ་གང་ཕུལ་བཞེས་ནས་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབ་པ་ཡིན་ཏེ། སྤྱན་སྔ་བས། བླ་མ་མཆོད་ཚེ་སངས་རྒྱས་ཀུན་བྱོན་ནས། །མཆོད་པ་བཞེས་ཏེ་སློབ་མ་བྱིན་གྱིས་རློབ། སངས་རྒྱས་མཆོད་ཀྱང་དེ་ལྟར་ཡོངས་ངེས་མེད། །མཆོད་ཡུལ་བླ་མ་བཟང་ངོ་ཤཱཀྱའི་སྲས། །ཞེས་དང་། འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །ཞེས་དང་། ཙི་ལུ་བའི་གསང་འདུས་ཀྱི་འགྲེལ་པ་ལས། སངས་རྒྱས་རྣམས་ནི་རྡོ་རྗེ་སློབ་དཔོན་གྱི་ལུས་ལ་ཞུགས་ནས། སེམས་ཅན་གྱི་དོན་མཛད་པར་གསུངས། སྔོན་རྒྱ་གར་གྱི་མི་གཅིག་གིས་དུག་གསུམ་གྱི་དབང་གིས་མི་འཚམ་པའི་ལས་རང་གི་ཕ་དང་མ་གཉིས་སྔ་ཕྱི་བྱས་ནས་བསད། ཕྱིས་དབུལ་པོར་གྱུར་སྤྲང་ལ་སོང་། ལམ་ཁ་ཞིག་ན་དགེ་སློང་ཞིག་ཤི་སོང་བའི་རོ་ཤུན་འཕངས་ཡོད་པ་གྱོན་ནས་ཡུལ་གཞན་ཞིག་ཏུ་སོང་། མི་འགའ་རེས་ཁྱོད་ཅི་ཞིག་ཡིན་དྲིས་པས། ཁོ་བོ་ནི་སངས་རྒྱས་ཀྱི་བསྟན་པ་ལ་རབ་ཏུ་

p. 32

བྱུང་བསྙེན་པར་རྫོགས་པའི་དགེ་སློང་དགྲ་བཅོམ་པའི་གོ་འཕང་ཐོབ་པ་ཞིག་ཡིན། གཞན་དོན་དུ་ཕྱོགས་འདིར་འོང་བ་ཡིན་ཞེས་རྫུན་སྨྲས། དེ་ཀུན་གྱིས་བདེན་པར་བཟུང་། དད་གུས་ཚད་མེད་བྱས། ཡུལ་ཕྱོགས་འདིའི་མི་རྣམས་ལ་ཆོས་གསུངས་ཞུས་པས། ཁོ་རང་གིས་སྔར་ཆོས་ཤེས་པ་རྣམས་བཤད་པས། སློབ་མ་དགྲ་བཅོམ་པ་མང་པོ་བྱུང་། ཕྱིས་ཁོ་རང་ལོ་ལོན་ནས་མཚམས་མེད་ལས་ཕ་མ་བསད་པའི་རྣམ་སྨིན་གྱིས་ཤི་མ་ཐག་ནས་དམྱལ་བར་ལྟུང་སྙམ་གནོང་འགྱོད་འཇིགས་སྐྲག་སྐྱེས། ཁ་ནས་ཨ་ཙ་མ་ཤོར་བས། སློབ་མ་འགའ་རེས་གོ་ནས། ཁྱེད་ཀྱིས་མཚན་མོ་ཚོ་སྐབས་རེ་ཨ་ཙ་མ་གསུངས་པ་ཅི་ཡིན་ལགས་ཞུས་ཚེ། དེ་ཁོ་བོས་ངན་སོང་གི་སེམས་ཅན་རྣམས་ཀྱི་སྡུག་བསྔལ་བསམ་ནས་སྙིང་རྗེ་ཆེན་པོ་སྐྱེས་པའི་ཤུགས་ཀྱིས་ཁ་ནས་ཤོར་སོང་བ་ཡིན་ཞེས་རྫུན་བཤད། སློབ་མ་ཀུན་གྱིས་བདེན་སྙམ་ལྷག་པར་དད་པ་བྱས། བླ་མ་ཤི་ནས་སློབ་མ་དགྲ་བཅོམ་པ་གཅིག་གིས་མངོན་ཤེས་ཀྱིས། བླ་མ་རིན་པོ་ཆེ་སངས་རྒྱས་ཀྱི་ཞིང་གང་ན་ཡོད་བལྟས་པས། སངས་རྒྱས་ཀྱི་ཞིང་ཁམས་གང་ནས་ཀྱང་བླ་མ་མ་མཐོང་།

p. 33

ལྷ་མིའི་ཡུལ་ན་འགྲོ་དོན་མཛད་པ་ཨེ་ཡིན་སྙམ་བལྟས་པས་ཀྱང་བླ་མ་མ་མཐོང་། ངན་སོང་གསུམ་ན་འགྲོ་དོན་མཛད་པ་ཨེ་ཡིན་སྙམ་བལྟས་ཚེ། དམྱལ་བའི་གཤིན་རྗེ་མང་པོས་ལྕགས་ཀྱི་ཟངས་ཆེན་ཞིག་གི་ནང་དུ་ཁྲོ་ཆུ་བསྐོལ་ནས་བླ་མ་འཚོད་པ་མཐོང་། འཇིགས་ཤིང་སྐྲག་ནས་ཀུན་ལ་ངེད་རང་ཚོའི་བླ་མ་དམྱལ་བར་ལྷུང་འདུག་ཅེས། བླ་མའི་དོན་དུ་དམིགས་ནས་སློབ་མ་ཀུན་གྱིས་ཚོགས་གསོག་སྒྲིབ་སྦྱོང་བྱས་པས། བླ་མས་ཕ་མ་བསད་པའི་རྣམ་སྨིན་བྱང་ཞིང་དག་ནས། དག་ཞིང་ཞིག་ཏུ་སྐྱེས་སྐད། དེས་ན་སློབ་མ་དད་གུས་ཆེ་ན་བླ་མ་ངན་ཡང་། སློབ་མ་དེ་འདྲ་བྱུང་བ་ཡིན། སྔོན་བླ་མ་སྐྱབས་འགྲོ་ཙམ་མིན་མི་ཤེས་པ་གཅིག་ལ་རྒན་མོ་དད་ཅན་ཞིག་གིས་ཆོས་ཤིག་གནང་དགོས་ཞུས་པས། མི་ཤེས་བཤད་ཀྱང་ཡང་ཡང་ནན་གྱིས་ཞུས་ཚེ། བླ་མས་ཆོས་མི་ཤེས་པའི་ཤུགས་ཀྱིས། ཁ་ནས་མི་ཤེས་པ་འདི་སྡུག་བསྔལ་ཞེས་ཤོར་སོང་བ། རྒན་མོས་ཆོས་སུ་གོ །མི་ཤེས་པ་འདི་གསུངས་པ་མ་རིག་པ་རེད། སྡུག་བསྔལ་གསུངས་པ་དེ་མ་རིག་པའི་དབང་གིས་སྡུག་བསྔལ་འབྱུང་གསུངས་པ་རེད།

p. 34

ཆོས་ཟབ་མོ་ཞིག་གནང་བྱུང་བཀའ་དྲིན་ཆེ་སྙམ་སྣམ་བུ་ཞིག་ཕུལ། ཡུལ་དུ་འོང་ནས་སྡུག་བསྔལ་གྱི་རྩ་བ་མ་རིག་པ་སྤངས་པས། དགྲ་བཅོམ་པའི་གོ་འཕང་ཐོབ་སྐད། ཡང་སྔོན་ཨ་མདོ་ཕྱོགས་ཀྱི་མ་བུ་གཉིས་ཀྱི། བུ་དབུས་སུ་མཇལ་དུ་འགྲོ་བ་ལ་མས། ཨ་མ་ང་ན་སོ་རྒས་པས་དབུས་སུ་འགྲོ་མ་ནུས་པ་ལ་དད་རྟེན་དུ་བུ་ཁྱོད་ཀྱིས་ལྷ་སའི་རྡོ་ཞིག་ཁྱེར་ཤོག་དང་། ཇོ་བོའི་འདུ་ཤེས་བཞག་ནས་ཕྱག་འཚལ་སྨྲས་པ། བུ་དབུས་སུ་སླེབས་ཚེ་ལྷ་སའི་རྡོ་འཁྱེར་དགོས་པ་བརྗེད་ནས། མར་རྨ་ཆུའི་ཁར་འོང་ནས་དྲན་ཚེ། རྨ་འགྲམ་གྱི་རྡོ་ཞིག་ཁྱེར་འོང་། ཡུལ་དུ་ཐོན་ཚེ་མ་ལ་དབུས་ཀྱི་རྡོ་ཡིན་ཞེས་རྫུན་སྨྲས་ནས་བྱིན། མས་བདེན་པར་བཟུང་། དད་པ་བྱས། མགོ་ཐོག་ཏུ་བཞག །དེ་ནས་གོང་གི་མཐོ་ས་ཞིག་ཏུ་བཞག་ནས། ཇོ་བོའི་སྐུའི་འདུ་ཤེས་བཞག །ཉིན་རེ་བཞིན་དུ་ཕྱག་མཆོད་བྱས་པས། ཉིན་གཅིག་མ་བུ་གཉིས་འཁོན་ནས། བུ་ཡིས་མ་ལ། རྨ་རྡོ་ལ་ཕྱག་འཚལ་ནས། མ་ཁྱོད་ཀྱིས་དབུས་རྡོ་ཡིན་ཨེ་སྙམ་སྨྲས་པས། མས་རྡོ་དེ་ལག་ཏུ་བླངས། ས་ལ་བརྒྱབ་པས་རྡོ་ཆག་པའི་ནང་ནས་སངས་རྒྱས་ཀྱི་སྐུ་ཚོན་གང་བ་

p. 35

ཞིག་བྱུང་སྐད། ཡང་རྒད་པོ་དད་ཅན་གདུགས་དཀར་འདོན་མཁན་ཞིག་གིས་གདུགས་དཀར་འདོན་བཞིན་དུ་བླ་མ་ཞིག་གི་དྲུང་དུ་སོང་བས། བླ་མས་བལྟས་ཚེ་རྒད་པོ་དེའི་མགོ་ན་གདུགས་དཀར་པོ་ཞིག་ཀྱི་ལི་ལི་འཁོར་བ་མཐོང་། རྒད་པོ་དྲུང་དུ་ཐོན་ནས་མཇལ་ཚེ། རྒད་པོ་ཁྱོད་ཀྱིས་ཁ་ཏོན་དུ་ཅི་འདོན་གསུངས་པའི་ལན་དུ། གདུགས་དཀར་འདོན་ལགས་ཞུས་པས། བླ་མས་འོ་ན་ཁྱོད་ཀྱིས་གཅིག་ཐོན་དང་གསུངས། རྒད་པོས་བཏོན་པས་སྔགས་མི་དག་པ་མང་པོ་བྱུང་། བླ་མས་དེ་མ་རེད་མ་དག་པ་མང་པོ་སྣང་གསུངས་ཚེ། རྒད་པོ་འགྱོད་ནས་ཁོ་བོས་སྔར་ཚེ་གང་པོ་བཏོན་ཚད་མ་དག་པ་བྱུང་། ད་ཅི་བྱ་སྙམ་ནས་སེམས་སྡུག །བླ་མས་བསླབ་པ་ལྟར་འདོན་གྱིན་སོང་དུས། བླ་མས་ཕྱི་ནས་བལྟས་ཚེ་མགོ་ཡི་གདུགས་མ་མཐོང་། རྒད་པོ་ཕྱིར་བོས་ནས། ང་འཆུག་འདུག །ཁྱོད་ཀྱིས་སྔར་བཏོན་པ་དེ་དག་གི དེ་ལྟར་ཐོན་གསུངས་པས། རྒད་པོ་དགའ་བཞིན་སྔ་ལྟར་འདོན་གྱིན་སོང་། བླ་མས་ཕྱི་ནས་བལྟས་ཚེ་གདུགས་སྔར་བཞིན་འཁོར་བ་མཐོང་སྐད། ཡང་སྔགས་ཀྱི་རྣལ་

p. 36

འབྱོར་པ་ཞིག་གིས་བུད་མེད་ཐམས་ཅད་ཡེ་ཤེས་ཀྱི་མཁའ་འགྲོ་དངོས་ཡིན་སྙམ། གང་མཐོང་ལ་དད་གུས་དག་སྣང་གིས་ཕྱག་བསྐོར་བྱས་ནས་གསོལ་བ་བཏབ་པས། ཉིན་གཅིག་བུད་མེད་ཅིག་གིས་བ་གླང་འགའ་དེད་ནས་འོང་བ་ཞིག་དང་འཕྲད་པས། དེ་ལ་ཡང་ཕྱག་བསྐོར་བྱས། གསོལ་བ་བཏབ། བུད་མེད་དེས་མོ་རང་གི་གསང་བའི་བྷ་ག་ནས། ལ་ཕུག་འདྲ་བ་ཞིག་བླངས་ནས་བྱིན་པ་མགོ་ཐོག་ཏུ་བཞག །ཚུར་ཁྱེར་འོང་། ཆུ་ཁ་ཞིག་ཏུ་སླེབས། གྲོགས་གཅིག་ཡོད་པ་དེ་ལ། མེ་ཐོངས་དང་དེ་རིང་འདི་དངོས་གྲུབ་ཞིག་ཡིན་ལས་ཆེ། ངེད་གཉིས་ཀྱི་བཙོས་ནས་ཟ་སྨྲས། བཙོས་ནས་ཚོས་ཆེ། གྲོགས་དེས་འོང་ས་དམའ་བ་ལ་སྐྱུགས་ཕོག་ནས་མ་ཟོས། ཁོ་རང་གིས་ཟོས་ཚར་འཕྲོར། གཟན་ལ་གཤོག་པ་མཛད་ནས་མཁའ་ལ་ཡར་གྱེན་དུ་འཕུར། གླུ་གར་བྱེད་བཞིན་ཇེ་མཐོ་ཇེ་མཐོར་གྱུར་ནས་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དག་པའི་ཞིང་དུ་སོང་སྐད། ཡང་སྔགས་ཀྱི་རྣལ་འབྱོར་པ་གཅིག་གིས་བུད་མེད་ཐམས་ཅད་ལ་རྡོ་རྗེ་ཕག་མོའི་འདུ་ཤེས་བཞག་དད་གུས་དག་སྣང་སྦྱངས། ཕྱག་བསྐོར་བྱེད་བཞིན་སོང་བས།

p. 37

ཉིན་གཅིག་གྲྭ་ཆུང་སེར་པོ་ཞིག་གིས་སྒོར་སློང་དུ་སོང་། ནང་ནས་རྒན་མོ་བཞིན་མི་སྡུག་ཅིང་འཇིགས་སུ་རུང་བ་གཅིག་གིས། སྣོད་ངན་ཞིག་གི་ནང་དུ་ཟས་ངན་བཙོག་པ་ཞིག་ཁྱེར་འོང་ནས་བྱིན་པ། འདི་ནི་རྡོ་རྗེ་ཕག་མོས་དངོས་གྲུབ་གནང་བ་ཡིན་སྙམ་ཟོས་པས་རོ་ཕུན་སུམ་ཚོགས་པ་བྱུང་ནས་ཟོས་ཚར་འཕྲོར། རྒན་མོ་དེ་ཡང་གནས་འགྱུར་ནས་རྡོ་རྗེ་ཕག་མོར་གྱུར། སྙན་བརྒྱུད་ཀྱི་གདམས་པ་གནང་བས་རྣལ་འབྱོར་བ་དེས་བསྒོམས་པས། ཚེ་དེར་མཆོག་གི་དངོས་གྲུབ་ཐོབ་སྐད། ཡང་མི་གཅིག་བླ་མ་ཞིག་ལ་གདམས་ངག་ཞུ་རུ་སོང་བས། བླ་མས། གདམས་པ་གནང་གནང་། ཁ་དང་ངོ་ཚོ་བལྟས་ན་རག་ཤའི་ཕྲེང་བ་འདྲ་འདྲ་བོ། ཞེས་ཀུ་རེ་ཞིག་གསུངས་པ། མི་དེས་གདམས་ངག་གནང་བ་ཡིན་སྙམ། ཡུལ་དུ་འོང་ནས་དེ་བཏོན་བཏོན་ནས་ངག་ནུས་ཅན་ཞིག་ཏུ་སོང་། ནད་པ་མང་པོ་སྔགས་བཏབ་ནས་དྲག་པ་བྱུང་། ལོ་གཅིག་བླ་མ་དེའི་མགྲིན་པའི་ནང་དུ་རྨ་འབྲས་ཤིག་བྱུང་། ཐབས་གང་བྱས་ཀྱང་ཕན་མ་ཐོག །འགའ་རེས་ཁྱེད་ཀྱི་སློབ་མ་དེ་གཅིག་བྱུང་ན་ཕན་ཞུས་པས། ཁྲིད་ཤོག་

p. 38

གསུངས། འོང་ཚེ་བླ་མས་ཁྱོད་ལ་ཁོང་གི་རྨ་འབྲས་འདི་ལ་ཕན་པའི་གདམས་པ་འདྲ་ཨེ་ཡོད་དྲིས་པས། ཁོ་ན་རེ། གདམས་པ་གནང་གནང་ཁ་དང་ངོ་ཚོ་བལྟས་ན་རཀྴའི་ཕྲེང་བ་འདྲ་འདྲ་བོ་ཞེས་ཧུས་ཟེར་མཆིལ་མ་ཞིག་བཏབ་པས། བླ་མ་སང་ཤེད་ཀྱིས་གཅིག་བཞད་ནས་རྨ་འབྲས་དྲལ་ནས་དྲག་སོང་སྐད། ཡང་སྔོན་ཕུར་བའི་རྣལ་འབྱོར་བ། བཛྲ་ཀྱི་ལི་ཀྱི་ལ་ཡ་ཞེས་སྔགས་བགྲང་བའི་གྲུབ་པ་ཐོབ་པ་གཅིག་ལ། གཞན་བླ་མ་གཅིག་གིས་ཀྱི་ལ་མ་རེད་ཀི་ལ་རེད་སྨྲས་ཚེ། རྐེད་ན་ཕུར་པ་ཞིག་ཡོད་པ་བྲག་ལ་བརྡབས་ནས་སྔོན་ཡང་བཛྲ་ཀྱི་ལི་ཀྱི་ལ་ཡིན། ད་ཡང་བཛྲ་ཀྱི་ལི་ཀྱི་ལ་ཟེར་གསུངས། སླར་བྲག་ནས་ཕུར་པ་ཚུར་བླངས་སྐད། ཡང་སློབ་དཔོན་ཀླུ་སྒྲུབ་ལ་རྔོན་པ་ཁྱི་ཁྲིད་པ་ཞིག་གིས་གདམས་པ་ཞུས་པས། སློབ་དཔོན་གྱིས་ཡིད་ཆེས་ཀྱི་དད་པ་ཡོད་མེད་ཀྱི་སྣོད་བརྟག་དགོངས། ཁྱོད་ཀྱི་མགོ་ལ་ཡར་རྭ་སྔོ་ལྡེམ་མེ་བ་གཉིས་སྐྱེས་ཡོད་པར་སྒོམས་གསུངས། བསྒོམས་པས་ད་བྲག་ཁུང་གི་ཕྱི་ནང་དུ་ཐོགས་ནས་རྒུར་དགོས་པ་བྱུང་ཞུས་པས། ཡང་རྭ་དེ་གཉིས་ཇེ་ཐུང་ཇེ་ཐུང་དུ་གྱུར་ནས་མེད་པར་སྒོམས་གསུངས།

p. 39

བསྒོམས་པས་རྭ་གཉིས་མགོ་ནས་མེད་པར་སོང་། དེ་ལྟར་བསྒོམས་པས་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་གྱུར། ཕྱིས་གདམས་པ་དངོས་བསྟན་ནས་བསྒོམས་པས་རྒྱ་གར་སྐད་དུ་ན་ག་བོ་དྷི། བོད་སྐད་དུ་ཀླུའི་བྱང་ཆུབ་ཅེས་བྱ་བའི་ཟས་ལ་རྩོལ་བ་མི་དགོས་པའི་གྲུབ་ཐོབ་ཆེན་པོ་ཞིག་བྱུང་སྐད། དེས་ན་དད་གུས་དག་སྣང་ཆེ་ན་དེ་འདྲ་འོང་བ་ཤ་སྟག་ཡིན། དད་པ་མེད་ན་བླ་མ་སངས་རྒྱས་དངོས་ཡིན་ཡང་། རང་རྒྱུད་ལ་ཡོན་ཏན་གང་ཡང་འོང་མི་སྲིད། དཔེར་ན་བྲག་ཕུག་ཁ་བྱང་བསྟན་ལ་ཉི་མ་མི་འཆར་བ་དང་འདྲ། སྔོན་ལེགས་པའི་སྐར་མས་སྟོན་པ་སངས་རྒྱས་ལོ་མང་པོའི་བར་དུ་དངོས་སུ་བསྟེན། མདོ་སྡེ་མང་པོ་བློ་ལ་བཟུང་ཡང་། དད་པ་མེད་པས་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱར་ལུང་བསྟན་པ་ཟོག་བྱས་པར་མཐོང་བ་སོགས་ཅི་མཛད་ཐམས་ཅད་སྐྱོན་འབའ་ཞིག་ཏུ་སེམས་ནས་དད་ལོག་བྱས་པས། ཕྱིས་ས་གས་ནས་ཚེ་དེར་དམྱལ་བ་མནར་མེད་དུ་ལྷུང་གསུངས། དེས་ན་ཆོས་འབྲེལ་བཞག་ཚད་ཀྱི་བླ་མ་དང་། ཆོས་ཐོས་ཚད་ལ་དད་པ་བྱེད་པ་གལ་ཆེ། འོ་ན་དེ་ལྟར་རང་གི་བླ་མ་དང་ཆོས་ལ་

p. 40

དད་གུས་ཤིག་སྐྱེས་ན་དེ་ཙམ་གྱིས་ཆོག་གམ་སྙམ་ན་མི་ཆོག་སྟེ། ཕྱོགས་མེད་ཀྱི་དད་གུས་དག་སྣང་ཆེན་པོ་ཞིག་མ་སྐྱེས་ན། ཕྱོགས་ཆ་ཅན་གྱི་དད་པ་ཞིག་སྐྱེས་ཀྱང་། འགྱུར་ལྡོག་ཆེ་ཞིང་། ཆགས་སྡང་གི་རྒྱུར་སོང་ནས་ཁོང་ཁྲོས་རང་གཞན་གྱི་རྒྱུད་བསྲེག་ལས་ངན་པ་བསགས་ནས་ངན་སོང་དུ་ལྷུང་ཉེན་ཆེ་སྟེ། རིན་ཆེན་ཕྲེང་བ་ལས། དད་པ་ཅན་ནི་བཟུང་ཉེས་པས། །གཅིག་ཤོས་སྡང་ཕྱིར་ཁྲོས་པ་ཡིས། །དད་པ་ཅན་ཡང་བསྲེགས་བཤད་ན། །སྡང་བའི་ཕྱིར་ཕྱོགས་སྨོས་ཅི་དགོས། གསུངས། དེས་ན་གཞན་གང་ཟག་མཆོག་དམན་འབྲིང་གསུམ་ཆོས་ལུགས་རབ་འབྲིང་ཐ་གསུམ་གང་ཡང་སྨད་ཅིང་མི་སྤོང་བར་ཀུན་ལ་དད་གུས་དག་སྣང་སྦྱོང་བ་གནད་ཤིན་ཏུ་ཟབ་ཏེ། དེའི་རྒྱུ་མཚན་གང་ཡིན་ཟེར་ན། སྟོང་གསུམ་མི་མཇེད་ཀྱི་ཞིང་ཁམས་འདི་སྟོན་པ་སངས་རྒྱས་ཀྱི་གདུལ་བྱའི་ཞིང་ཡིན་ཏེ། མདོ་ལས། མི་མཇེད་ཀྱི་འཇིག་རྟེན་གྱི་ཁམས་འདི་ནི་དེ་བཞིན་གཤེགས་པ་ཤཱཀྱ་ཐུབ་པའི་ཞིང་ཁམས་སོ། །དེ་བས་ན་དེ་བཞིན་གཤེགས་པ་གང་ཡིན་པ་དེ་ནི་ཡི་དམ་གྱི་ལྷའོ། །ཡི་དམ་གྱི་ལྷ་གང་ཡིན་པ་དེ་ནི་དེ་བཞིན་

p. 41

གཤེགས་པའོ། །གསུངས། སངས་རྒྱས་ནི་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་པས་སྣ་ཚོགས་ཐབས་ཀྱིས་དངོས་སམ་བརྒྱུད་ནས་ཐུགས་རྗེས་མ་བཟུང་བའི་སེམས་ཅན་གཅིག་ཀྱང་མེད་དོ། །སངས་རྒྱས་ཀྱི་ཞལ་ནས། ངའི་ཐུགས་རྗེས་ཡོངས་སུ་མ་བཟུང་བའི་སེམས་ཅན་ནི་འཇིག་རྟེན་གྱི་ཁམས་ན་གཅིག་ཀྱང་རྙེད་པར་སླ་བ་མ་ཡིན་ནོ། །གསུངས། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པས། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །གསུངས། ཁྱད་པར་སྙིགས་མའི་དུས་འདིར་སངས་རྒྱས་བཅོམ་ལྡན་འདས་ནི་ཚངས་པ། བརྒྱ་བྱིན། རྒྱལ་པོ། བློན་པོ། བླ་མ། དགེ་བསྐུལ། དགེ་སློང་། བནྡེ། ཕོ་སྐྱེས། བུད་མེད། བདུད་དང་སྲིན་པོ། གླེན་པ་ཞ་བོ། སྨྱོན་པ་སྤྲང་སློང་ལ་སོགས་བཟང་ངན་སྣ་ཚོགས་པར་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་ཏེ། ཡབ་སྲས་མཇལ་བའི་མདོ་ལས། བརྒྱ་བྱིན་ཚངས་པའི་ཆ་བྱད་དང་། །ལ་ལར་བདུད་ཀྱི་ཆ་བྱད་ཀྱིས། །སེམས་ཅན་རྣམས་ཀྱི་

p. 42

དོན་མཛད་དེ། །འཇིག་རྟེན་རྣམས་ཀྱིས་རྟོགས་མི་ནུས། །བུད་མེད་ཆ་བྱད་སྤྱོད་པ་མཛད། །དུད་འགྲོའི་སྐྱེ་གནས་ན་འང་གདའ། །འདོད་ཆགས་མི་མངའ་ཆགས་པའི་ཚུལ། །འཇིགས་པ་མི་མངའ་འཇིགས་པ་ལྟར། །རྨོངས་མེད་རྨོངས་པའི་ཚུལ་བསྟན་ཏེ། །སྨྱོན་པ་མ་ལགས་སྨྱོན་པའི་ཚུལ། །ཞ་བ་མ་ལགས་ཞ་བ་ལྟར། །རྣམ་པར་འཕྲུལ་བ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །ཅེས་དང་། མདོ་སྡེ་ཕལ་པོ་ཆེ་ལས། ཆོས་དབྱིངས་དམ་པར་བདེ་བར་གཤེགས་པ་ནི། །སེམས་ཅན་ཁམས་དང་མཉམ་ཉིད་མཉམ་པར་འགྱུར། །བསམ་པ་སྣ་ཚོགས་རྒྱལ་བའི་ཆོས་རྣམས་ལ། །བསམ་གྱིས་མི་ཁྱབ་དྲི་མེད་རབ་ཏུ་འཇུག །ཅེས་དང་། མུ་སྟེགས་ཅན་གྱི་གནས་རྣམས་ཐམས་ཅད་དུ། །མུ་སྟེགས་ཅན་གྱི་སློབ་དཔོན་མཁས་པར་སྟོན། །ལྟ་བ་ངན་ལ་གནས་པའི་མུ་སྟེགས་ཅན། །ཀུན་ལ་ཕྲ་བའི་གཞི་དང་ཐབས་ཚུལ་གྱིས། །དེ་དག་རྣམས་ལ་བདེན་པ་སྟོན་པར་བྱེད། །མུ་སྟེགས་ཅན་གྱིས་སྡུག་བསྔལ་སྤང་བར་འདུལ། །ཞེས་དང་། བཞི་བརྒྱ་པ་ལས། ཐུབ་པ་མ་གཏོགས་ཇི་ལྟའི་དངོས། །དེ་

p. 43

བཞིན་གཤེགས་ལས་གཞན་ཡོད་མིན། །ཞེས་དང་། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །ཅེས་དང་། མདོ་སྡེ་གཞན་ལས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་ཉིད། །ཅེས་དང་། བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་དུས་ཀྱི་ཐ་མ་ལ། །ང་ཉིད་དགེ་བའི་བཤེས་སུ་འབྱོན། །ང་ཡིན་སྙམ་དུ་བློས་ཟུངས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། མཁའ་འགྲོ་མ་རྡོ་རྗེ་གུར་གྱི་རྒྱུད་ལས། སངས་རྒྱས་འཇིག་རྟེན་སྐྱབས་བཞེད་པས། །གླུ་དང་གར་ལ་དགའ་བ་ཡི། །སྲོག་ཆགས་རྣམས་ནི་དྲང་བའི་ཕྱིར། །སངས་རྒྱས་གར་མཁན་རོལ་པ་མཛད། །རི་བོང་སྟག་དང་སེངྒེ་དང་། །གླང་ཆེན་ལ་སོགས་དུ་མ་རུ། །སྙིང་རྗེ་ཕན་པའི་སེམས་ཀྱིས་ནི། །ཕྱག་རྒྱ་གྲུབ་པས་སྐྱེ་བར་འགྱུར། །ཞེས་དང་། དཔལ་ཡེ་ཤེས་གྲུབ་པ་ལས། སེམས་ཅན་ཀུན་གྱི་ཡིད་ཁྱབ་ཕྱིར། །རྡོ་རྗེ་སེམས་དཔའ་རང་ཉིད་བཞུགས། །དེ་ལྟར་བསམས་ནས་རྣལ་འབྱོར་གྱི། །དབང་པོས་གང་ལ་བརྙས་མི་བྱ། །ཞེས་དང་།

p. 44

འཕགས་པ་ལྷས། ཁམས་གསུམ་འདི་དག་གཞལ་ཡང་ཁང་། །སྲོག་ཆགས་འདི་དག་དཀྱིལ་འཁོར་བ། །ཞེས་དང་། རྡོ་རྗེ་དྲིལ་བུ་བས། ཁམས་གསུམ་འདི་དག་རང་བཞིན་གྱིས། །གྲུབ་པའི་དཀྱིལ་འཁོར་གཉིས་མེད་པའོ། །ཞེས་དང་། སྒྲོན་གསལ་གྱི་རྒྱུད་དུ་དྲངས་པ་ལས། ཕ་རོལ་རྒོལ་བ་མུ་སྟེགས་གང་ཡང་རུང་། །མཚན་མའི་དབྱེ་བའི་གནས་པ་རྣམས། །དེ་འདིར་བརྙས་པར་མི་བྱ་སྟེ། །རྡོ་རྗེ་སེམས་དཔའི་རྣམ་འཕྲུལ་ཡིན། །ཞེས་གསུངས། སྔོན་མི་རྐང་པ་ཞ་ཡོད་པ་ཞིག་རྐུན་མ་འགས་ཁྱེར་ནས་ལྷ་གནོད་སྦྱིན་ཞིག་ཡོད་པ་ཤ་ཁྲག་གིས་མཆོད་སྙམ་ནས། གསོད་གྲབས་བྱས་ཚེ། མི་དེས་སངས་རྒྱས་ལ་སྐྱབས་འགྲོ་བྱས་པས། སངས་རྒྱས་གནོད་སྦྱིན་དེ་འདྲ་ཞིག་ཏུ་སྤྲུལ་ནས་སོང་རྐུན་མ་རྣམས་ལ་མི་འདི་ང་ལ་གསོན་པོར་ཕུལ་ཅིག་གསུངས་པའི་ཚེ། ཕུལ་ནས་ཐར་པའི་ལོ་རྒྱུས་དང་། སྔོན་སྤྱན་རས་གཟིགས་ཀྱི་རྣམ་འཕྲུལ་རྒྱལ་པོ་སྲོང་བཙན་སྒམ་པོས། དམུ་རྒོད་གདུལ་དཀའི་བོད་འབངས་བདེ་ལ་འགོད་པའི་ཐབས་སུ་ཉེས་ཅན་མང་པོ་དང་དེ་ལ་ཁྲིམས་གཅོད་པའི་སྡིག་བློན་མང་པོར་སྤྲུལ་བའི་ལོ་རྒྱུས་

p. 45

དང་། མཚོ་སྐྱེས་རྡོ་རྗེས་རྒྱ་གར་གྱི་པཎྜི་ཏ་མང་པོས་རབ་གནས་ཤིག་མཛད་པའི་སར་བཙུན་རྒན་གཅིག་ཏུ་སྤྲུལ། གསང་ཡུམ་བཙུན་རྒན་མ་གཅིག་ཏུ་བྱས། བྱིས་པ་གཉིས་རྒྱབ་ཏུ་ཁུར་ནས་མཉམ་དུ་འབིག་དི་རི་རི་སོང་བའི་ལོ་རྒྱུས་དང་། རྗེ་བཙུན་བྱམས་མགོན་གྱིས་འཕགས་པ་ཐོགས་མེད་ཀྱི་གཟིགས་ངོར། སྐུ་ལུས་ཁྱི་མོ་རོ་སྨད་འབུས་གཡེང་བ་ཞིག་ཏུ་སྤྲུལ་པ་དང་། རྡོ་རྗེ་ཕག་མོས། དགེ་བཤེས་ཚེམ་བུ་པའི་སྣང་ངོར་སྐུ་ལུས་མཛེ་མོ་ཞིག་ཏུ་སྤྲུལ་པ་དང་། ཏཻ་ལོ་པས། པཎ་ཆེན་ནཱ་རོ་པའི་སྣང་ངོར། ཉ་གསོན་སྲེག་བྱེད་པར་སྤྲུལ་པ་དང་། རྗེ་བཙུན་མི་ལས། ཡོན་བདག་འགའ་ཞིག་གི་སྣང་ངོར་སྐུ་ལུས་བསའ་ཞིག་ཏུ་སྤྲུལ་ནས། ཕ་བོང་ཞིག་གི་སྟེང་ནས་གཟིགས་པ་དང་། ལྷ་འདྲེ་འགའ་ཞིག་གི་སྣང་ངོར་སྐུ་ལུས་ཆུ་འཁྱིལ་ཞིག་ཏུ་སྤྲུལ་པ་དང་། རས་ཆུང་བའི་སྣང་ངོར་སྐུ་ལུས་ནད་ཅན་གྱི་དྲང་སྲོང་ཉམ་ཐག་ཅིག་ཏུ་སྤྲུལ་ནས་གཡུ་རྡོག་ཆེན་པོ་ཞིག་བསླངས་པ་དང་། དྭགས་པོ་ལྷ་རྗེའི་སྣང་ངོར། སྤྲང་པོ་ཞིག་ཏུ་སྤྲུལ་ནས་ལམ་སྣ་ཁྲིད་པ་དང་། སྐུ་གཤེགས་ཁར་ཡང་ཞི་བ་འོད་

p. 46

སོགས་བུ་སློབ་ལ། དད་གུས་ཅན་གྱིས་གསོལ་བ་བཏབ་ན། དེ་ཡི་མདུན་དུ་ང་ཉིད་བཞུགས་ནས། གང་བསམ་འདོད་པའི་དོན་སྩོལ་བ་ཡིན་གསུངས། སྔོན་གྲུབ་ཆེན་ལྭ་བ་པ་ཙཱ་རིར་ཕེབས་དུས་ཉེ་གནས་བྷུ་སུ་ཀ་བྱ་བས་ཆོས་ཉིད་རྣམ་པར་དག་པའི་སྔགས་འདྲེན་ཅིང་སོང་བས། བུད་མེད་ཉེར་གཅིག་དང་འཕྲད་པས་ཁོ་སེམས་གཞན་ཞིག་ཏུ་ཡེངས་པའི་བར་ལ་བུད་མེད་གཙོ་མོ་དེ་མེད་པར་སོང་། ལག་ཏུ་ལ་ཕུག་ཞིག་བྱུང་། དེ་ཁྱེར་འོང་ནས་སློབ་དཔོན་ལ་ཞུས་པས། ལེགས་པར་ཁྲུས། གཤོག་ལ་ཚོས་གསུངས། ཚོས་ནས་ཅི་བྱེད་ཞུས་པས། ཁོང་ལ་ཕོར་བ་གང་དྲོངས། ཁྱོད་ཀྱིས་ཕོར་བ་གང་ཐུངས་གསུངས། ཁོང་ལ་དྲངས་ནས། ཁོ་རང་གིས་མི་ཤ་ཡིན་སྙམ་ནས་མ་འཐུང་། རང་སྐལ་ཁྱི་ཞིག་ཡོད་པ་ལ་བཀྲུ་བཤལ་དང་ལྷན་དུ་བྱིན་པས་སློབ་དཔོན་དང་། ཁྱི་གཉིས་མཁའ་སྤྱོད་རིའི་རྩེ་མོ་ལ་བྱོན། མཁའ་སྤྱོད་དུ་གཤེགས། ཉེ་གནས་ཁོ་བོ་ཤུལ་དུ་ལུས་ཚེ་སྨྲེ་སྔགས་འདོན་དགོས་པ་བྱུང་། བུད་མེད་དེ་མཁའ་འགྲོ་མ་ལ་གྷི་ཡིན་ཞེས་ཀུན་མཁྱེན་པདྨ་དཀར་པོས་གསུངས། སྔོན་ཇག་པ་མི་འགས། རི་སུལ་

p. 47

ཞིག་ན་བུད་མེད་གཅིག་གིས་སྒོམ་བྱེད་པ་ལ། བཙན་ཐབས་བྱས་ནས་ཆགས་པ་སྤྱད། སྤྱད་མ་ཐག་ནས་ཇག་པ་རྣམས་ཀྱི་ལུས་ལ་བདེ་བ་སེམས་ལ་དགའ་བ་བསམ་གྱིས་མི་ཁྱབ་ཅིང་། ལུས་ཤིང་བལ་དང་བྱ་སྒྲོ་བས་ཀྱང་ཡང་ཞིང་ནམ་མཁའ་ལ་འཕུར་ནུས་པ་བྱུང་། བུད་མེད་དེ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་ཞེས་རྣམ་ཐར་ན་ཡོད་སྐད། ཡང་སྔོན་བླ་མ་གཅིག་གིས་མངོན་ཤེས་ཀྱིས་གཟིགས་ཚེ་ལྷ་སའི་མཐའ་ན་རྒན་མོ་བདག་མེད་མ། ཉིན་པར་ཟས་སྐོམ་ཀྱང་མི་ལ་མི་སློང་བར་རྒྱུན་དུ་ཉལ་ནས་འདུག་པ་གཅིག་ཡོད་པ། མཚན་མོ་རྣམས་སུ་མཁའ་འགྲོ་མ་མང་པོའི་ཚོགས་དཔོན་མཛད་ནས་ཚོགས་ལ་རོལ་བར་འདུག་ཅེས་གསུངས་སྐད། ཡང་སྔོན་རྡོ་རྗེ་རྣལ་འབྱོར་མ་དངོས་སུ་ཡོད་པའི་བླ་མ་ཞིག་ལ། ཉེ་གནས་ཀྱིས་བདག་གིས་ཁྱེད་ཀྱི་ཉེ་གནས་ལོ་མང་བྱས་པས། ཁོ་བོ་ད་མཁའ་སྤྱོད་དུ་འཁྲིད་པར་ཞུ་ཞུས་པས། བླ་མས་ཕྱི་ནས་ངེད་གཉིས་ལྷན་དུ་འགྲོ་གསུངས་པས། ཁོ་བོ་ད་ལྟ་འགྲོ་བ་ཞིག་ཅིས་ཀྱང་མཛད་དགོས་ཞུས་པས། དེ་ཡིན་ན་ཡོང་། རྡོ་རྗེ་རྣལ་འབྱོར་མ་ལ་ཁྱོད་འདྲེན་དུ་

p. 48

འཇུག་པས་ཐེ་ཚོམ་མེད་པར་གསོལ་བ་ཐོབ་གསུངས། ཁོང་གིས་རྡོ་རྗེ་རྣལ་འབྱོར་མར་ཞུས་པས། རྡོ་རྗེ་རྣལ་འབྱོར་མ་བུད་མེད་གཞོན་ནུ་མ་ཞིག་ཏུ་སྤྲུལ་ནས་སོང་། ང་ནི་རྡོ་རྗེ་རྣལ་འབྱོར་མ་ཡིན། ཁྱོད་ཀྱིས་ང་ལ་ཆགས་པ་ཞིག་སྤྱོད་དང་མཁའ་སྤྱོད་དུ་བགྲོད་པའི་ནུས་པ་འབྱུང་གསུངས། ཁོ་ཐེ་ཚོམ་སྐྱེས་ནས། ཁྱེད་རྡོ་རྗེ་རྣལ་འབྱོར་མ་ཡིན་ན་སྐུ་དངོས་ཤིག་སྟོན་དང་། དེ་ནས་ཆགས་པ་སྤྱོད་སྨྲས་པས། སྐུ་དངོས་སྟོན་མི་རུང་ཁྱོད་ཀྱིས་སྐུའི་གཟི་བརྗིད་མི་བཟོད་པར་ཤི་འགྲོ་བས། ཐོག་མར་ཆགས་པ་ཞིག་སྤྱོད་དང་། དེ་ནས་སྐུ་དངོས་བསྟན་ཀྱང་ཆོག་གསུངས། དེ་ལའང་མ་ཉན་པར་ཅིས་ཀྱང་སྔོན་དུ་སྐུ་དངོས་ཤིག་སྟོན་ཞུས་པས། བུད་མེད་དེ་སྐད་ཅིག་གི་གནས་འགྱུར་ནས་རྡོ་རྗེ་རྣལ་འབྱོར་མའི་སྐུ་གཟི་བརྗིད་འོད་ཟེར་འབར་བ་ཇི་ལྟ་བ་བཞིན་བསྟན་པས་ཡིད་ཆེས་ཀྱང་། སྐུའི་གཟི་བརྗིད་མ་བཟོད་པར་ཤི་སོང་བས་ལུས་མ་སྤངས་པར་མཁའ་སྤྱོད་དུ་འགྲོ་བའི་སྐལ་བ་མ་བྱུང་། རྣམ་ཤེས་མཁའ་སྤྱོད་དུ་དྲངས་ཞེས་རྡོ་རྗེ་རྣལ་འབྱོར་མའི་ལོ་རྒྱུས་ཞིག་ན་བཤད་ཡོད་སྐད། ཡང་སྔོན་རྗེ་རྒོད་ཚང་པ་སྐུ་གཤེགས་ཁར་ལ་སྟོད་

p. 49

ནས་ཡིན་ཟེར་བའི་མི་མདའ་གཞུ་ཐོགས་པ་གཅིག་བྱུང་ནས། ཁྱེད་ཀྱི་གདུལ་བྱ་རྫོགས་ནས་ཞིང་གཞན་དུ་གཤེགས་ན་ཁོ་བོས་ཀྱང་ལུས་འདིའི་གདུལ་བྱའི་འགྲོ་བ་རྣམས་སྨིན་གྲོལ་གྱི་ལམ་ལ་བཀོད་ཟིན་པས། ཁྱེད་ཀྱི་སྔོན་ཙམ་ལ་ཁོ་བོ་གཤེགས་ཞིང་ཁམས་གཞན་ནས་མཇལ་བར་ཞུ་ཞེས། བྱ་རྒོད་དཀར་མོ་ཞིག་ཏུ་སྤྲུལ་ནས་ལྷོ་ཕྱོགས་སུ་འཕུར་སོང་ཞེས་རྗེ་དེའི་རྣམ་ཐར་ནས་གསུངས། རྗེ་རྒོད་ཚངས་པའི་ཞལ་ནས། ངའི་ལུས་ཀྱིས་སྤྲུལ་པ་དཔག་ཏུ་མེད་པ་ཞིག་བཀྱེ་ནས། འཛམ་གླིང་ཐམས་ཅད་དུ་གང་ལ་གང་འདུལ་གྱི་འགྲོ་དོན་མཛད་དེ། སུས་ཀྱང་ང་རང་དུ་ངོ་མ་ཤེས་པ་བྱུང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ཐམས་ཅད་ན་ཡང་ང་ཡི་སྤྲུལ་པས་ཁྱབ་པར་ཡོད་གསུངས། དུས་གསུམ་སངས་རྒྱས་ང་རང་ཡིན། །འཁོར་ལོ་བདེ་མཆོག་ང་རང་ཡིན། །སྤྲུལ་སྐུ་མཐར་ཐུག་ང་རང་ཡིན། །ང་ཡི་སྤྲུལ་པ་སྣ་ཚོགས་ཀྱིས། །ཕྱོགས་བཅུའི་ཞིང་ཁམས་ཀུན་ལ་ཁྱབ། །གསུངས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་མ་རྣམས་སྙིགས་དུས་འདིར་ལྷག་པར་ཐ་མལ་བའི་ཚུལ་

p. 50

འཛིན་པ་མང་ཞེས་དམ་པ་མང་པོས་གསུངས། ཐ་ན་གྲུ་དང་ཟམ་པ་ཆུ་ཆེན་ལམ་འཕྲང་གཅན་གཟན་ཇག་རྐུན་མ་རུངས་པ་སོགས་སུ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་བསམ་གྱིས་མི་ཁྱབ་པས་ན། སངས་རྒྱས་རོལ་པ་བསམ་མི་ཁྱབ། །གསུངས་པ་དང་། གང་ལ་གང་འདུལ་དེ་ལ་དེར་སྟོན་པ། །གསུངས་པ་སོགས་ཀྱི་རྒྱུ་མཚན་དོན་རྣམས་ཤེས་ན་གོ་རྒྱུ་ཆེན་པོ་ཞིག་ཡོད། དེས་ན་རང་ལ་མངོན་ཤེས་མེད་བཞིན་དུ། སྐྱ་སེར་ཕོ་མོ་སུ་ལ་ཡང་། འདི་ནི་ངན་ཞེས་ཐག་བཅད་ནས་བརྙས་སྨོད་བྱེད་མི་རུང་སྟེ། སངས་རྒྱས་ཀྱིས་ང་དང་ང་ལྟ་བུ་མ་གཏོགས། གང་ཟག་གི་ཚོད་གང་ཟག་གིས་གཟུང་བར་མི་བྱའོ། །གསུངས། ལེགས་གྲུབ་ལས། རང་བཞིན་ངན་པའི་མི་དག་ལ། །བརྙས་པ་ཡང་ནི་མི་བྱའོ། །ཞེས་དང་། རྗེ་མི་ལས། ཕ་རོལ་སེམས་རྒྱུད་མི་ཤེས་པས། །ཆོས་དང་གང་ཟག་མ་སྨོད་ཅིག །རློམ་སེམས་ལྟུང་བས་ཕོག་ཉེན་གདའ། །ཞེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། ཉོན་མོངས་དབང་གིས་རྒྱལ་སྲས་གཞན་དག་གི །ཉེས་པ་གླེང་ན་རང་ཉིད་ཉམས་འགྱུར་བས། །ཐེག་པ་ཆེ་ལ་ཞུགས་པའི་གང་ཟག་གི །ཉེས་

p. 51

པ་མི་སྨྲ་རྒྱལ་སྲས་ལག་ལེན་ཡིན། །གསུངས། དགེ་བཤེས་གླང་རི་ཐང་བས། གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་པས་སུ་ལ་ཡང་སྐུར་བ་མི་གདབ། །གསུངས། སྤྱན་སྔ་བས། གཞན་སུ་ལའང་ཚོད་འཛིན་མི་བྱ། བྱས་ན་སྐྱོན་ཆ་དུ་མ་ནས་བསྐྱེད། །གསུངས། རྗེ་དགེ་ལེགས་བསྟན་འཛིན་གྱིས། སྐྱེས་བུ་དམ་པ་སུ་ཡིན་མི་ཤེས་པས། །གཞན་ལ་སྐུར་བ་མ་འདེབས་ཤེས་ལྡན་རྣམས། །གསུངས། གྲུབ་ཐོབ་གླིང་རས་པས། ཆོས་ཀྱི་སྤྱན་དང་མི་ལྡན་བར། །གང་ཟག་རྒྱུད་ཚོད་མི་ཤེས་པས། །དོན་མེད་སྡིག་པ་མི་བསག་འཚལ། །གསུངས། དཔུང་བཟང་ལས། སེམས་ཅན་གཞན་ལ་སྨད་པར་མི་བྱའོ། །གསུངས། དེས་ན་འོ་སྐོལ་རྣམས་ཀྱིས་གང་ཟག་གི་བཟང་ངན་ཤེས་དཀའ་བས་སེམས་ཅན་མཆོག་དམན་འབྲིང་གསུམ་གང་ལ་ཡང་མི་སྨོད་པར། ཐམས་ཅད་ལ་སྟོན་པའི་འདུ་ཤེས་བཞག་ནས་གུས་པ་ཁྱད་པར་ཅན་བྱེད་དགོས་ཏེ། བྱང་ཆུབ་སེམས་དཔའ་ནོར་བུའི་འཕྲེང་བ་ལས། ལས་དང་པོ་བ་ཡིས་སེམས་ཅན་ལ། །སྟོན་པའི་འདུ་ཤེས་བསྐྱེད་པར་བྱ། །ཞེས་དང་།

p. 52

སྤྱན་སྔ་བས། སེམས་ཅན་ཀུན་ལའང་སྟོན་པའི་འདུ་ཤེས་ཀྱི། །དག་སྣང་དགོས་པ་མདོ་རྒྱུད་ཀུན་ནས་གསུངས། །ཞེས་དང་། རྗེ་ཀརྨ་པ་དབང་ཕྱུག་རྡོ་རྗེས། རྗེ་མཉམ་མེད་དྭགས་པོ་བཀའ་རྒྱུད་ཀྱི། །ཆོས་མན་ངག་གཞུང་ལུགས་མང་ལགས་ཀྱང་། །མདོར་དྲིལ་ན་མོས་གུས་གཅིག་པུར་འདུས། །སྨན་དཀར་པོ་གཅིག་ཐུབ་དེ་ལ་ཟེར། །འདི་རང་རྒྱུད་ལ་འདྲེས་ཤིང་གནད་ཐེབས་ན། །ཆོས་གཅིག་ཤེས་ཀུན་གྲོལ་ཡིན་པར་གདའ། །དོན་དེས་ན་འདི་ལ་གཅིག་དྲིལ་གྱིས། །གསུངས། རྗེ་བུདྡྷ་བཛྲ་གྱིས། གང་ཟག་རྒྱུད་ཚོད་བརྟག་དཀའ་བས། །ཀུན་ལ་དག་སྣང་སྦྱོང་བ་ཟབ། །གསུངས། འབའ་ར་བས། ཐམས་ཅད་བདེ་གཤེགས་སྙིང་པོ་ཅན། །ཆུ་བུར་སྐྱེ་བོའི་མིག་འདི་ཡིས། །སྤྲུལ་སྐུ་གང་ཡིན་མི་ཤེས་ཀྱི། །དག་སྣང་སྦྱོངས་ཤིག་རྒྱལ་མཚན་དཔལ། །གསུངས། རྒྱལ་བ་དགེ་འདུན་གྲུབ་ཀྱིས། སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས། །སྒོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། །གསུངས། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་ལས། སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་

p. 53

བསྐྱེད་པར་བགྱིའོ། །ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས་ཀྱང་དེ་བཞིན་དུ་གསུངས། འཕགས་པ་དྲི་མ་མེད་པར་གྲགས་པའི་མདོ་ལས། སངས་རྒྱས་ཀྱི་ཞིང་དག་པར་ཡོངས་སུ་སྐྱེ་བར་བྱ་བའི་ཕྱིར། སེམས་ཅན་ཐམས་ཅད་ལ་སྟོན་པ་ལྟར་གཅེས་པར་བྱེད་དོ། །ཞེས་དང་། དད་པའི་སྟོབས་བསྐྱེད་པའི་མདོ་ལས། བདག་ནི་སེམས་ཅན་ཐམས་ཅད་ཀྱི་སློབ་མར་ཁས་ལེན་ཅིང་། གཞན་དག་ཀྱང་སློབ་མར་ཁས་ལེན་དུ་གཟུད་དོ། །ཞེས་དབུགས་འབྱིན་པ་རྙེད་དོ། །དེ་བཞིན་དུ་འདུད་པ་དང་རབ་ཏུ་འདུད་དོ། །ཞེས་དང་། ལྷག་བསམ་བསྐུལ་བའི་མདོ་ལས། བྱང་ཆུབ་སེམས་དཔས་གང་ཟག་ཐམས་ཅད་ལ་ཕྱག་བགྱིའོ། །དེ་མ་བྱས་ན་སངས་རྒྱས་ཐམས་ཅད་བསླུས་པར་འགྱུར་རོ། །འདི་ནི་ངེས་པའི་དོན་ནོ། །ཞེས་དང་། བདེ་མཆོག་རྒྱུད་ལས། བུད་མེད་ཐམས་ཅད་མཐོང་བ་ན། །གཡོན་ནས་ལན་གསུམ་བསྐོར་བྱ་ཞིང་། །སྤྱི་བོས་ཕྱག་ནི་བྱས་ནས་ཀྱང་། །ལན་གསུམ་བར་དུ་གསོལ་ཡང་གདབ། །གསུངས། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་རྒྱལ་བ་ལ། །སངས་རྒྱས་

p. 54

ཆོས་འགྲུབ་འདྲ་བ་ལ། །རྒྱལ་ལ་གུས་བྱེད་དེ་བཞིན་དུ། །སེམས་ཅན་རྣམས་མིན་ཅི་ཡི་ཚུལ། །ཞེས་དང་། ཇོ་བོ་རྗེས། རང་དགེ་མ་བསམ་གཞན་དགེ་སོམས་ལ་ཀུན་ལ་བྲན་བཞིན་གུས་པར་མཛོད། །གསུངས། རྒྱལ་སྲས་ཐོགས་མེད་ཀྱིས། འགྲོ་མང་འདུས་པའི་དབུས་སུ་འགའ་ཞིག་གིས། །མཚང་ནས་བྲུས་ཤིང་མི་སྙན་སྨྲས་ན་ཡང་། །དེ་ལ་དགེ་བའི་བཤེས་ཀྱི་འདུ་ཤེས་ཀྱིས། །གུས་པར་འདུད་པ་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། རྗེ་རིན་པོ་ཆེས། ཆོས་མཛད་འདུག་ཚད་རྣམས་ལ་མོས་གུས་གྱིས། །གསུངས། དམ་པ་གོང་མ་འགའ་རེས། མོས་གུས་སྒོམ་གྱི་མགོ་བོ་ཡིན། ཞེན་ལོག་སྒོམ་གྱི་རྐང་པ་ཡིན། །གསུངས། དེས་ན་སེམས་ཅན་མཆོག་དམན་གང་ལ་སྐྱོན་བརྗོད་མི་རུང་བ་སྨོས་ཅི་དགོས། སྟོན་པའི་འདུ་ཤེས་བཞག་ནས། རབ་ཏུ་དད་ཅིང་གུས་པས། བླ་མ་དགེ་བཤེས་ལ་སོགས་པར་ལུས་ཀྱིས་ཕྱག་བྱར་འོས་པ་རྣམས་ལ་ལུས་ཀྱིས་དངོས་སུ་ཕྱག་འཚལ་མཆོད་བསྟོད་བཀུར། སྐྱེས་ཕོ་མོ་བན་ཆུང་སོགས་ལ་ལུས་ཀྱིས་དངོས་སུ་ཕྱག་བྱས་ན། གཞན་མི་དད་པ་ལ་ཡིད་ཀྱིས་ཕྱག་བྱ་དགོས།

p. 55

ཐ་ན་སྤྲང་སློང་ཞིག་ཡན་ཆད་མཐོང་ན། འདི་ཡང་སངས་རྒྱས་ཀྱི་སྤྲུལ་པ་ཞིག་ཡིན་ནའང་གོ་ཤེས་མེད་སྙམ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བསྐྱེད་ནས། ཡིད་ཀྱིས་ཕྱག་བྱ་དགོས། མི་དགའ་བ་ནམ་ཡང་མི་བྱ་སྟེ། སྤྱན་སྔ་བས། ཐ་ན་ཁྱི་རྒན་གཅིག་ལའང་མི་སྙན་པ་ནམ་ཡང་བརྗོད་མི་རུང་གསུངས། བཀའ་གདམས་བླ་མ་གོང་མས་ལམ་སྲང་གི་ལྷན་པ་སེར་པོ་ཡན་ཆད་གུས་པས་སྤྱི་བོར་ལེན་སྐད། གཞན་སྨོས་ཅི་དགོས། རྗེ་རྒོད་ཚང་པའི་རྣམ་ཐར་ལས། མཐོ་དམན་འབྲིང་གསུམ་མེད་པའི་ལུས་ཀྱི་འོག་ནས་རང་གི་ལུས་འཛུལ་ཞིང་། དྲུང་དུ་གཞན་སུ་དང་སུ་འཕྲད་བྱུང་ཀྱང་། ལུས་ཀྱི་སྒོ་ནས། གོང་དང་ཞབས་ཏོག་དང་བཀུར་སྟི་མཛད་དེ། གྲལ་གོང་དུ་ཁོང་བཞག །གྲལ་འོག་ཏུ་རང་བསྡད། ཟས་ལ་སོགས་པ་རོ་བདའ་བ་ཁོང་ལ་དྲངས། མི་བདའ་བ་རང་གིས་གསོལ་ཞིང་། སྡོད་ས་དགའ་བ་ལ་ཁོང་བཞག །མི་དགའ་བར་རང་གིས་བསྡད་དེ། མདོར་ན་དྲུང་དུ་སུ་དང་སུ་བྱུང་ཡང་། མ་དད་པ་དང་མ་གུས་པ་ཅི་ཡང་མི་མཛད་པར། དད་ཅིང་གུས་པའི་སྒོ་ནས་ཞབས་ཏོག་

p. 56

མཛད། ཡང་གསུང་གིས་ཀྱང་མཐོ་དམན་འབྲིང་གསུམ་མེད་པའི་ངག་གི་འོག་ཏུ་འཛུལ་ཏེ། དེ་ཡང་དྲུང་དུ་སུ་དང་སུ་འདྲ་བྱུང་ཡང་། གསུང་དད་ཅིང་མོས་པས། འཐབ་པ་དང་གཤེ་བ་སོགས་མེད་པར། སྙན་པ་དང་། བསྟོད་པ་ཐམས་ཅད་ཁོང་ལ་མཛད། སྨད་པ་དང་། མི་སྙན་པ་ཐམས་ཅད་རང་ལ་མཛད་ཅིང་། གསུང་འཇམ་ཞིང་སྙན་པས་ཚིག་རྩུབ་དང་། ངག་འཁྱལ་ལ་སོགས་པ་ཅི་ཡང་མི་གསུང་བར། སྙན་པ་དང་། བསྟོད་ར་ལ་སོགས་པ་མཛད་ཅིང་། ཐམས་ཅད་མཉེས་པར་མཛད་དོ། །ཡང་ཐུགས་ཀྱིས་མཐོ་དམན་འབྲིང་གསུམ་མེད་པའི་ཡིད་ཀྱི་འོག་ནས་འཛུལ་ཏེ། དེའང་དྲུང་དུ་སུ་བྱུང་ཡང་། དེ་ལ་ཐུགས་དད་པ་དང་། མོས་པ་དང་། ཡི་རངས་པར་མཛད་ཅིང་། མི་མོས་པ་དང་། མི་དད་པ་དང་། ལོག་པར་ལྟ་བ་དང་། བརྣབ་སེམས་དང་། གནོད་སེམས་སོགས་མི་མཛད་པར། མོས་ཤིང་དད་པས་ཐམས་ཅད་མཉེས་པར་མཛད་དེ། མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ་རང་གི་བདེ་བ་དང་། གཞན་གྱི་སྡུག་བསྔལ་བརྗེ་བ་ལ་ཐོག་བརྫིས་དང་། ཉམ་ང་མེད་པར་བདེ་སྡུག་རོ་སྙོམས་མཛད་

p. 57

ཅིང་། གཞན་གྱི་ལུས་ངག་ཡིད་གསུམ་གྱི་འོག་ནས། རིན་པོ་ཆེ་རང་གི་སྐུ་གསུང་ཐུགས་ཀྱིས་འཛུལ་བའི་ཐུགས་དམ་ཡང་མཛད་གསུངས། དེར་རྗེ་རྒོད་ཚང་པའི་ཞལ་ནས། ངའི་ལུས་ངག་ཡིད་གསུམ་གྱིས་མཐོ་དམན་མེད་པའི་འོག་ནས་འཛུལ་ཞིང་། མཛད་སྤྱོད་ཐམས་ཅད་དེ་ལྟར་བྱས་པས། ཡོན་ཏན་ཐམས་ཅད་མི་འདོད་ཀྱང་སྤུངས་པ་བཞིན་བྱུང་བ་ཡིན། ཁྱེད་རྣམས་ཀྱིས་ཕ་ཀ་མའི་གྲལ་གྱི་མགོ་ལ་མ་ཐོན་གྱིས་དོགས། རང་ཉིད་གྲལ་གཞུག་ཏུ་ལུས་ཀྱིས་དོགས། གཞན་ལ་བསྙེན་བཀུར་དང་། འབུལ་འདེགས་བྱུང་གིས་དོགས། རང་ལ་མ་བྱུང་གིས་དོགས། གཞན་ལ་བསྟོད་ར་དང་སྙན་པ་ཆེས་ཀྱིས་དོགས། རང་ལ་སྨད་ར་དང་མི་སྙན་པ་བྱུང་གིས་དོགས། མདོར་ན་ཡོན་ཏན་ཐམས་ཅད་དང་ལྡན་པ་མཐོང་ན། བློ་ཀྱོག་རིལ་རིལ་ཡོང་བའི་མཛད་སྤྱོད་འདི་ལ། ཡོན་ཏན་རང་ཅི་ལྟར་སྐྱེའམ། །གསུངས། འདི་འདྲའི་རྒྱལ་བའི་གསུང་རབ་དང་། དམ་པ་གོང་མའི་རྣམ་ཐར་ལ་སྒོ་བསྟུན་ན་སྙིགས་དུས་བླ་མ་གྲུབ་ཆེན། དགེ་བཤེས། མཁས་བཙུན་བཟང་པོའི་གཟུགས་བརྙན་

p. 58

བདག་དང་བདག་འདྲའི་མཛད་སྤྱོད་འདིས་གར་ཡང་མ་ཕྱིན་པར་འདུག་པས། རང་གཞན་ཡོངས་ཀྱིས་ཆོས་མ་ཤེས་པའི་མཚང་ཞིག་ལ་འདི་བས་ཆེ་བ་ཞིག་གཞན་ཞིག་ན་ཡོད་མ་སེམས། ད་ཆོས་བཞིན་བྱེད་ན་མཚང་དེ་བཏོན་ནས། རྒྱལ་བ་རྣམས་ཀྱི་གསུང་དང་། དམ་པ་གོང་མའི་རྣམ་ཐར་བཟང་པོ། དེ་ལྟར་ལག་ལེན་ལ་ཅི་ཐེབས་བྱེད་པ་གཅེས་སོ། །འོན་ཕྱི་རོལ་པ་དང་། བོན་པོ། ཧྭ་ཤང་། ཤན་པ། ཡུགས་ས་མ། ཁྱི་རྒན་སོགས་ལའང་ཕྱག་བྱེད་དགོས་སམ་ཟེར་ན། ཅིས་མི་དགོས། དེ་སེམས་ཅན་མ་ཡིན་ནམ། དངོས་སམ་ཡིད་གང་རུང་གིས་ཕྱག་བྱེད་དགོས། འོ་ན་ཕྱི་རོལ་པ་སོགས་ལ་ཕྱག་བྱས་ན་སྐྱབས་འགྲོའི་བསླབ་བྱ་དང་མི་འགལ་ལམ་ཟེར་ན། ཅི་ལ་འགལ། སྟོན་པ་སངས་རྒྱས་ཀྱི་འདུ་ཤེས་བཞག་ནས་ཕྱག་བྱས་པས། སྐྱབས་འགྲོའི་བསླབ་བྱ་དང་འགལ་བ་ཕར་ཞོག་ཤིན་ཏུ་མཐུན། ཉེས་པ་ཡོད་པ་ཕར་ཞོག །སངས་རྒྱས་ལ་ཕྱག་ཕུལ་བ་ལྟ་བུའི་བསོད་ནམས་འཐོབ་པར་འགྱུར། དེང་སང་གསར་རྙིང་གི་བླ་མ་ཆགས་སྡང་ཅན་འགའ་རེས། གཅིག་གིས་གཅིག་མཐོང་ན། ཕ་བསད་ཀྱི་བུ་དང་ལག་

p. 59

དམར་གཉིས་ཀྱིས་གཅིག་གིས་གཅིག་མཐོང་བ་ལྟར། ཞེན་ལོག་ཆེ་བའམ་མཚན་ཆེ་ཡང་། མོས་གུས་སྒོམ་གྱི་མགོ་བོ་ཡིན། ཞེས་གསུངས་པ་དེ་བདེན་ན། མགོ་མེད་པའི་བྱང་ཆུབ་སེམས་དཔའ་འདྲ་ཨེ་ཡོད་དམ། ཐུགས་བསམ་རེ་ཐོངས། ཡང་གྲྭ་པ་འགའ་རེས། ཁོ་དགེ་ལུགས་པ་ཡིན། རྙིང་མ་པའི་བླ་མར་ཕྱག་བྱས་མཇལ་ན། དམ་ཅན་ཆོས་རྒྱལ་མི་དགྱེས་བཀའ་ཆད་འོང་། ཟེར་བ་དང་། ཡང་འགའ་རེས་ཁོ་རྙིང་མ་ཡིན། གསར་མའི་བླ་ངན་བསྟན་བ་ཤིག་ཚོ་མཇལ་ན། རཱ་ཧུ་ལ་སོགས་ཆོས་སྐྱོང་གིས་བཀའ་ཆད་འོང་ཚོ་ཟེར། དེ་བཞིན་དུ་ས་འབྲུག་དཀར་དྭགས་སོགས་གྲུབ་མཐའ་གང་ནའང་། དེ་དང་དེ་འདྲ་སྨྲ་བ་མང་པོ་འདུག་ཀྱང་། དེ་ནི་དུས་གསུམ་རྒྱལ་བ་དགྱེས་པའི་ཆོས་ལྡན་གྱི་བྱ་བ་བྱས་ན། ཆོས་སྐྱོང་སྲུང་མ་མི་དགྱེས་བཀའ་ཆད་འོང་། དུས་གསུམ་རྒྱལ་བ་མི་དགྱེས་པའི་ཆོས་མིན་གྱི་བྱ་བ་བྱས་ན་ཆོས་སྐྱོང་སྲུང་མ་དགྱེས་ཞེས། དོན་གྱིས་ཆོས་སྐྱོང་ལ་སྒྲོ་སྐུར་ངན་པ་བཏབ་པ་ཡིན་པས། བཀའ་ཆད་གང་ནས་འོང་མི་ཤེས་པས་གཟབ་འཚལ། སྨྱོན་པ་འདྲ་བའི་ལད་མོ་

p. 60

བྱས། དེ་འདྲའི་ལབ་ལོབ་ཁ་ནས་སྨྲས་སམ། དངོས་སུ་ལག་ལེན་ལ་དེ་ཀ་འདེབས་ན། ཆོས་མ་ཤེས་པའི་རང་མཚང་ཕྱིར་བསྟན་པ་ཡིན་པས། ཡེ་ཤེས་སྤྱན་ལྡན་གྱི་ཆོས་སྐྱོང་རྣམས་ཐུགས་གཏིང་ནས་ཁྲེལ་བའི་བཞད་གད་བྱེད་པས་གཞན་མ་སེམས། ཡང་སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱི་སྐུ་ཡི་འོད་ཀྱིས་སྟོང་གསུམ་འགེངས་བཞིན། རྒྱ་གར་འཕགས་པའི་ཡུལ་ནས་འགྲོ་ལ་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར་དུས། རྒྱ་གར་གྱི་སཾ་སྐྲྀ་ཏིའི་སྐད་ལྟ་བུ་གཅིག་གི་སྒོ་ནས་ཆོས་གསུངས་ཀྱང་། ལྷ་ཀླུ་གནོད་སྦྱིན་གྲུལ་བུམ་མི་ལ་སོགས་པའི་སེམས་ཅན་ཐམས་ཅད་ཀྱིས་རང་རང་གི་སྐད་དུ་གོ་བ་ཡིན་པས། དུས་གཅིག་ལ་སེམས་ཅན་ཐམས་ཅད་ཀྱི་སྐད་དུ་ཆོས་བསྟན་པ་ཡིན་ཏེ། བཟང་སྤྱོད་ལས། ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་པ། །ཐམས་ཅད་སྐད་དུ་བདག་གིས་ཆོས་བསྟན་ཏོ། །གསུངས། ཆོས་གཅིག་གསུངས་ཀྱང་སེམས་ཅན་རང་རང་གི་བློ་ཁ་དང་འཚམ་པའི་ཆོས་སུ་གོ་སྟེ། དཔལ་དུར་ཁྲོད་རྒྱན་གྱི་རྒྱུད་ལས། གཞན་ཡང་ང་ཡིས་

p. 61

གསུངས་པའི་བཀའ། །དུས་གཅིག་ཉིད་དུ་གསུངས་གྱུར་ཀྱང་། །དུ་མ་ཉིད་དུ་སོ་སོར་སྣང་། །ཆོས་ཚུལ་དུ་མའི་བྱེ་བྲག་དང་། །འདུ་ཤེས་དུ་མའི་བྱེ་བྲག་གིས། །ཐེག་པའི་མཐའ་ལ་ཐུག་པ་མེད། །ཅེས་དང་། ལུང་གཞན་ལས། དེ་བཞིན་གཤེགས་པའི་བསྟན་པ་ནི། སེམས་ཅན་གྱི་མོས་པ་ཇི་ལྟ་བ་བཞིན་དུ་འབྱུང་ངོ་། །ཞེས་དང་། མདོ་སྡེ་ལང་ཀར་གཤེགས་པ་ལས། ཇི་སྲིད་འདུ་ཤེས་མ་ཟད་བར། །ཐེག་པའི་མཐའ་ལ་ཟད་པ་མེད། །ཅེས་དང་། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། གདུལ་བྱ་སེམས་ཅན་གྱི་རྣམ་པར་རྟོག་པའི་བྱེ་བྲག་ཟད་པ་མེད་པ་ལ། སེམས་ཅན་གྱི་རྣམ་པར་རྟོག་པ་དང་མཐུན་པར་སངས་རྒྱས་ཀྱི་ཐེག་པའི་མཐའ་ལ་ཟད་པ་མེད་ཅིང་ཐུག་པ་མེད་དོ། །སྒྲུང་དང་། མོ་དང་། བོན་ལ་སོགས་རིམ་གྱིས་དྲངས་པའི་ཐེག་པ་བྱུང་བ་ཡིན་ལ། ཐེག་པ་གཞན་ལྟ་སྨོས་ཀྱང་ཅི་དགོས། ཞེས་གསུངས། སངས་རྒྱས་ཀྱི་གསུང་གཅིག་ལ་གོ་ལུགས་ཐ་དད་དུ་བྱུང་ཚུལ་ནི། སྔོན་སངས་རྒྱས་ཐུགས་རྗེ་ཅན་གྱིས་སྦྲིད་པ་སངས་པའི་སྒྲ། ནད་པ་དང་། སྨན་པ། ནད་གཡོག་

p. 62

གསུམ་གྱིས་སོ་སོར་གོ་སྟེ། ནད་པས་རིན་ཆེན་སྲོག་དང་མ་བྲལ་ན། །སྒྱུ་མའི་ནོར་རྫས་བཙལ་བས་རྙེད། །ཅེས་པར་གོ །སྨན་པས། ཡོན་གྱི་མཆོག་ནི་སྙིང་རྗེ་སྟེ། །དེ་བས་སྙིང་རྗེ་ལྡན་པར་བྱོས། །ཞེས་པར་གོ །ནད་གཡོག་ཆུང་མས། སྔ་མ་དེ་ལ་ནན་ཏན་བསྐྱེད། །ཕྱི་མ་ཅི་འགྱུར་ཆ་མེད་ཀྱི། །ཞེས་པར་གོ་སྐད། སངས་རྒྱས་ཀྱི་གསུང་ཆོས་ལ་གོ་ལུགས་མི་འདྲ་བ་འབྱུང་བ་སྨོས་ཅི་དགོས། འཇིག་རྟེན་པའི་ཁ་ཏ་བྱས་པ་ལ་ཡང་གོ་ལུགས་མང་པོ་འོང་སྟེ། སྔོན་ཁྱུང་པོ་སྐྱེ་བ་ལ། མས་གོས་ལ་གཟོབ། གོས་ལེགས་པོ་མ་བྱུང་ན། ལྟད་མོ་བྱུང་ན་ངོ་ཚ་བ་ཡིན། རྟ་གསོས། རྟ་མ་གསོས་ན་ལྟད་མོ་བྱུང་ཙ་ན་བཞོན་དུ་མི་འོང་། བཞོན་དུ་བྱུང་ཀྱང་ངོ་ཚ། ཟས་ཀུན་རྩྭ་ཟོས་ཀྱང་ཆོག་ཅེས། ཞལ་ཏ་བྱས་པ། ཁོ་རང་གིས་ཞལ་ཏ་རུ་གོ །ཕ་སྤུན་གཅིག་ལ་གོས་མེད་པས། ང་ལ་ཁ་བརྒྱག་བཤད་པ་ཡིན་སྙམ། གཡོག་མོས་མོ་ལ་ཟ་རྒྱུ་མི་སྟེར་བའི་བསྙད་ཡིན་སྙམ། ཞང་པོས་ཁོ་ལ་རྫུན་གཅིག་ཡོད་པ་ལ་ཟེར་བ་ཡིན་སྙམ། གོ་ལུགས་མི་འདྲ་བ་བཞི་བྱུང་སྐད། སྔོན་སངས་རྒྱས་ཀྱིས་སེམས་ཅན་གྲངས་མེད་པ་ལ་ཆོས་

p. 63

ཀྱི་འཁོར་ལོ་བསྐོར་བ་ཡིན་པས། དེ་ཐམས་ཅད་ཀྱིས་གོ་ལུགས་མི་འདྲ་བས། ཆོས་ལུགས་མི་འདྲ་བ་མཐའ་ཡས། དེས་ན་ཆོས་ལུགས་གང་ཡིན་ཡང་ཁ་གཏོང་མི་རུང་བར་དད་པ་བྱེད་དགོས་ཟེར་བའི་རྒྱུ་མཚན་ཡང་དེ་ཡིན། གཞན་ཡང་སངས་རྒྱས་ཀྱིས་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་དཔག་ཏུ་མེད་པར་སྐུ་དངོས་དང་སྤྲུལ་པ་གྲངས་མེད་པ་བཀྱེ་ནས་ཆོས་ཀྱི་རྣམ་གྲངས་མཐའ་ཡས་པ་བསྟན་ཏེ། ཕལ་པོ་ཆེ་ལས། འཇིག་རྟེན་ཁམས་ནི་སྟོང་དག་ཏུ། །ངས་ནི་མདོ་སྡེ་མང་བཤད་ཀྱང་། །ཚིག་འབྲུ་ཐ་དད་དོན་གཅིག་སྟེ། །དེ་དག་བརྗོད་པར་ནུས་མ་ཡིན། །ཞེས་དང་། མཚན་བརྗོད་ལས། ཐེག་པ་སྣ་ཚོགས་ཐབས་ཚུལ་གྱིས། །འགྲོ་བའི་དོན་ལ་མཁས་པ་པོ། །གསུངས། མདོ་རྒྱ་ཆེར་རོལ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་ལེའུ་ལས། བྱམས་པ་ཆོས་ཀྱི་འཁོར་ལོ་བསྐོར་བ་འདི་ནི། དེ་བཞིན་གཤེགས་པའི་ཡོན་ཏན་བསྔགས་པའི་ཕྱོགས་ལ་འཇུག་པ་ཅུང་ཟད་ཙམ་ཞིག་མདོར་བསྟན་དུ་ཟད་དེ། བྱམས་པ། རྒྱས་པར་བྱ་བ་ནི་དེ་བཞིན་གཤེགས་པས་བསྐལ་པའམ། བསྐལ་པ་ལས་ཀྱང་

p. 64

ལྷག་པར་བཤད་ཀྱང་། བསྟན་པ་འདི་ནི་མཐར་མི་ཕྱིན་ཏོ། །དེ་ནས་དེ་ཚེ་བཅོམ་ལྡན་འདས་ཀྱིས་ཚིགས་སུ་བཅད་པ་འདི་དག་བཀའ་སྩལ་ཏོ། ཟབ་ཅིང་བལྟ་དཀའ་ཕྲ་བ་ཡི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་ཏེ། །དེ་ལ་ཕ་རོལ་མུ་སྟེགས་ཅན། །ཀུན་དང་བདུད་ཀྱིས་མི་ཆུད་དོ། །ཀུན་གཞི་མེད་ཅིང་སྤྲོས་མེད་པ། །སྐྱེ་བ་མེད་ཅིང་འབྱུང་མེད་ལ། །དབེན་ཞིང་རང་བཞིན་གྱིས་སྟོང་པའི། །ཆོས་ཀྱི་འཁོར་ལོ་རབ་བསྐོར་རོ། །བླང་བ་མེད་ཅིང་དོར་མེད་ལ། །མཚན་མ་མེད་ཅིང་མཚན་ཉིད་མེད། །མཉམ་པ་ཉིད་ཀྱི་ཆོས་བསྟན་པའི། །འཁོར་ལོ་སངས་རྒྱས་ཀྱིས་བསྐོར་རོ། །ཇི་ལྟར་སྒྱུ་མ་སྨིག་རྒྱུ་དང་། །རྨི་ལམ་བྲག་ཆ་ཆུ་ཟླ་དང་། །དེ་དག་འདྲ་བའི་འཁོར་ལོ་ནི། །འཇིག་རྟེན་མགོན་པོས་རབ་བསྐོར་རོ། །བརྟེན་པའི་ཆོས་ལ་འཇུག་བྱེད་པ། །ཆད་མིན་རྟག་པ་མ་ཡིན་པ། །ལྟ་བ་ཐམས་ཅད་ཆད་པ་ནི། །ཆོས་ཀྱི་འཁོར་ལོ་ཡིན་ཞེས་བརྗོད། །རྟག་ཏུ་ནམ་མཁའ་དང་འདྲ་ཞིང་། །རྣམ་པར་མི་རྟོག་འོད་གསལ་བ། །མཐའ་དང་དབུས་མེད་བསྟན་པ་ནི། །ཆོས་ཀྱི་འཁོར་ལོ་འདིར་བརྗོད་དོ། །ཡོད་དང་མེད་ལས་རྣམ་གྲོལ་ཞིང་། །

p. 65

བདག་དང་བདག་ཉིད་རྣམ་སྤང་ལ། །རང་བཞིན་མ་སྐྱེས་བསྟན་པ་ནི། །ཆོས་ཀྱི་འཁོར་ལོ་འདིར་བརྗོད་དོ། །ཡང་དག་མཐའ་ནི་མཐའ་མིན་པ། །དེ་བཞིན་ཉིད་ལ་དེ་བཞིན་ཉིད། །གཉིས་སུ་མེད་པའི་ཆོས་བསྟན་པ། །ཆོས་ཀྱི་འཁོར་ལོར་བརྗོད་པ་ཡིན། །མིག་ནི་ངོ་བོ་ཉིད་ཀྱིས་སྟོང་། །དེ་བཞིན་སྣ་དང་རྣ་བ་དང་། །ལྕེ་དང་ལུས་དང་ངག་སེམས་ནི། །སྟོང་པས་བདག་མེད་གཡོ་བ་མེད། །འདི་ལྟ་བུ་ཡི་འཁོར་ལོ་ནི། །ཆོས་ཀྱི་འཁོར་ལོ་ཞེས་བརྗོད་དེ། །ཞེས་གསུངས། གཞན་ཡང་སྔོན་རྒྱལ་པོ་ཨིནྡྲ་བོ་དྷིས་སངས་རྒྱས་ལ་ཆོས་སྟོན་དྲངས་ནས། ཚེ་འདིར་སངས་རྒྱ་བའི་གདམས་ངག་ཞུས་པས། དེ་ལྟར་འདོད་ན་རབ་ཏུ་བྱུང་ཅིག །གསུངས་པས། འདི་ལས་ཐབས་གཞན་མེད་ན། འདོད་ཡོན་སྤང་བར་དཀའ་ཞེས་ཞུས་ནས། ཅུང་མ་མོས་ཚེ། སངས་རྒྱས་ཀྱིས་གཞན་རྒྱུད་མཁྱེན་ཅིང་། ཐབས་ལ་མཁས་པས། རྒྱལ་པོ་འཁོར་བཅས་སྔགས་ཀྱི་སྣོད་རུང་དུ་མཁྱེན་ནས། ཁང་པ་དེ་ཉིད་སྐད་ཅིག་གིས་དཀྱིལ་འཁོར་ལྷའི་གཞལ་ཡས་ཁང་། སངས་རྒྱས་འཁོར་བཅས་གསང་འདུས་ཀྱི་ལྷ་

p. 66

ཚོགས་སུ་སྤྲུལ་ནས། ལྷན་སྐྱེས་ཀྱི་དགའ་བདེ་ལ་རོལ་བཞིན་གསང་སྔགས་ཆོས་ཀྱི་འཁོར་ལོ་བསྐོར་བས། རྒྱལ་པོ་འཁོར་བཅས་ཀྱིས་ཚེ་དེར་མཆོག་གི་དངོས་གྲུབ་ཐོབ་ནས། ཆོས་བྱ་བ་འདོད་ཡོན་མ་སྤངས་བར་ལམ་དུ་ཁྱེར་ནས་སངས་རྒྱས་པ་འདི་འདྲ་དགོས་བཤད་པ་ཡིན། ཞེས་བླ་མ་དམ་པ་འགའ་རེས་གསུངས། གཞན་ཡང་རྣམ་སྣང་མངོན་བྱང་ལས། ང་ཡི་བསྟན་པ་རྣམ་གཉིས་ཏེ། །དམན་པ་མུ་སྟེགས་ཐེག་པ་དང་། །མཆོག་གྱུར་སངས་རྒྱས་ཐེག་པ་འོ། །ཞེས་གསུངས། སྔོན་སངས་རྒྱས་ཀྱིས་རང་གི་བསྟན་པའི་ཆེ་བ་འབྱིན་ཕྱིར། རྒྱལ་པོ་རྐང་པ་བརྒྱད་པའི་སྲས་སུ་སྐུའི་སྐྱེ་བ་བཞེས་པའི་ཚུལ་བསྟན་ནས། མུ་སྟེགས་པའི་གཞུང་ལུགས་ཐམས་ཅད་གསུངས་པ་ཡིན་སྐད། དེས་ན་གསར་མ་དང་རྙིང་མ། ས་སྐྱ། ཀརྨ། འབྲུག་པ། དྭགས་པོ། འབྲི་གུང་། ཇོ་ནང་། བོན་པོ། ཧྭ་ཤང་། ཐ་ན་ཕྱི་རོལ་པའི་ཆོས་ལུགས་ལ་ཡང་དད་གུས་དག་སྣང་བྱེད་པ་མ་གཏོགས། སྨད་ཅིང་སྤང་མི་རུང་སྟེ། རྣམ་སྣང་མངོན་བྱང་ལས། མུ་སྟེགས་ཅན་ལ་སྨད་མི་བྱ། །མུ་སྟེགས་ཅན་ལ་སྨད་གྱུར་ན། །རྣམ་པར་སྣང་

p. 67

མཛད་རིང་བའི་རྒྱུ། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། སེམས་ཅན་མོས་པ་བསམ་མི་ཁྱབ། །སངས་རྒྱས་རོལ་པ་བསམ་མི་ཁྱབ། །རང་གི་གཞུང་དང་མ་མཐུན་ཡང་། །སྨད་ཅིང་སྤང་བར་མི་བྱ་སྟེ། །ནམ་ཞིག་གོ་བར་སྨོན་ལམ་ཐོབ། །ཅེས་དང་། ཞང་གཡུ་བྲག་འགྲོ་མགོན་གྱིས། འོ་སྐོལ་རང་ཅག་ཆོས་དང་ཆོས་མིན་ཞེས། ཁྱད་དུ་མི་གསོད་རིས་སུ་མི་བཅད་ཅིང་། །ཐམས་ཅད་ཐུབ་དབང་སྲས་བཅས་རྣམ་འཕྲུལ་དུ། །ཤེས་པར་བྱ་ཞིང་མི་སྤང་ཁུར་བགྱི་འོ། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། གཞན་ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ལ། །ཡིད་གཡོ་བའི་དད་པ་སྐྱེས་ན་རབ། །དེ་མིན་ཀྱང་དག་སྣང་སྦྱོང་བ་དང་། །དོན་མེད་པར་མི་སྨོད་དམ་བཅའ་ཡིན། །ཞེས་དང་། རྗེ་བཙུན་མི་ལ་རས་པས། ཐོས་བསམ་ཕྱོགས་མེད་མ་བྱས་པས། །ཐེག་པ་གཞན་ལ་མ་སྨོད་ཅིག །ཆོས་སྤོང་གིས་རང་རྒྱུད་བསྲེག་ཉེན་གདའ། །ཞེས་དང་། རྗེ་བུདྡྷ་བཛྲ་གྱིས། མུ་སྟེགས་ལ་ཡང་སྨད་བྱས་ན། །རྣམ་པར་སྣང་མཛད་རིང་བའི་རྒྱུ། །གསུངས་ན་མཆོག་གསུམ་འབངས་གྱུར་

p. 68

རྣམས། །སྙིང་ནས་སྨོད་ལ་སྨོས་ཅི་དགོས། །ཞེས་དང་། ཟབ་ཆོས་ཉམས་སུ་མ་ལོན་ཀྱང་། །ཀུན་ཏུ་མི་སྤོང་སྐུར་མི་འདེབས། །ཞེས་དང་། གྲུབ་ཐོབ་གླིང་རས་པས། བཀའ་སྡེ་སྣོད་ཁྱད་དུ་མི་གསད་འཚལ། །སྡེ་སྣོད་ཁྱད་དུ་བསད་པ་ན། །ཆོས་ལ་ལོག་ལྟ་སྐྱེ་བ་ཡིན། །གསུངས། སྤྱན་སྔ་བས། མུ་སྟེགས་ལམ་གྱི་གཙོ་བོ་རྣམས་ཀྱང་། སངས་རྒྱས་བྱང་སེམས་ཀྱིས་བསྟན་པ་ཡིན་པས་སྨོད་པར་མི་བྱ། །གསུངས། དེ་རྣམས་ལ་དགོངས་ནས། བདག་གི་ཡོངས་འཛིན་དམ་པ་ཨ་རིག་དགེ་བཤེས་རིན་པོ་ཆེའི་ཞལ་ནས། ང་ཕྱི་རོལ་པ་དང་བོན་པོ་ལ་ཡང་དད་པ་ཡོད་གསུངས་པར་ཆོས་པ་དགའ་མོ་ཚོའི་བློ་ལ་ཡང་མ་ཤོང་བར། དེའི་དུས་ཁ་གཏོང་དགོས་པ་བྱུང་། ད་བློ་གྲོས་ཅན་གྱིས་བསམ་ཤེས་ན། དེ་གདམས་ངག་གི་མཆོག་གཅིག་ཡིན་སྣང་། དེ་ཡང་སངས་རྒྱས་ནི་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་པས། སྤྲུལ་པ་བཀྱེ་ནས། ཕྱི་རོལ་མུ་སྟེགས་པའི་གཞུང་ལུགས་བརྩམས་པ་ལ་ཡང་ཕན་པའི་དགོངས་གཞི་ཆེ་སྟེ། འབྲུག་པ་པདྨ་དཀར་པོས། མུ་སྟེགས་བྱེད་ལ་སོགས་པའང་ལམ་གོང་མ་ལ་བགས་ཀྱིས་བཀྲི་

p. 69

བའི་ཆེད་དུ་ཤེས་པར་བྱའོ། །གསུངས། ཕྱི་རོལ་པ་ཐེག་དམན་གྱི་ཆོས་ལུགས་དེ་ཡོད་ན། ནང་བའི་སྟོན་པ་དང་། བསྟན་པ་བཟང་བའི་ཆེ་བ་འབྱིན་ཅིང་། ཐུན་མོང་གི་དངོས་གྲུབ་ལ་ཕྱི་རོལ་བ་མྱུར། ཐུན་མོང་གི་དངོས་གྲུབ་ལ་བརྟེན་ནས། སེམས་ཅན་གནས་སྐབས་བདེ་ཞིང་སྐྱིད་ལ། སྐྱིད་ན་ཆོས་ཡོང་། ཆོས་བྱས་ན་སྐྱེ་བ་དེའམ། མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས། མཆོག་གི་དངོས་གྲུབ་ཀྱང་ཐོབ་པར་འགྱུར། ཤེས་ན་ཕྱི་རོལ་པ་ཡང་ནང་པ་སངས་རྒྱས་ཀྱི་བསྟན་དགྲ་ཞིག་མ་ཡིན། ཆོས་དང་གང་ཟག་གི་གྲོགས་ཤིག་ཡིན་པས། སྐྱེས་བུ་དམ་པ་རྣམས་ཀྱིས་ཁ་མི་གཏོང་བའི་རྒྱུ་མཚན་དེ་སོགས་ཤིན་ཏུ་མང་། དེས་ན་ཁ་གཏོང་མི་རུང་། ཡང་བོན་ཆོས་རྣམས་ཀྱང་བཟང་པོ་ཡིན་པས་སྨོད་མི་རུང་། གཡུང་དྲུང་བོན་གྱི་སྟོན་པ་གཤེན་རབ་ཀྱི་གསུང་གསེར་འོད་ནོར་བུ་འོད་འབར་ལས། སེམས་བསྐྱེད་དོན་དང་མ་ལྡན་ན། །ས་འཁྱག་ནས་འབྲུ་གཏོར་བ་འདྲ། །ས་འཁྱག་ནས་འབྲུ་གཏོར་གྱུར་ན། །འབྲས་བུ་སྨིན་པའི་དུས་མ་མཆིས། །དེ་ཕྱིར་གཞི་ལ་སེམས་བསྐྱེད་གཅེས། །གཞི་ལ་

p. 70

སེམས་བསྐྱེད་ལྡན་གྱུར་ན། །འབྲུ་བཅུད་རླན་དྲོད་འཕྲད་པ་འདྲ། །དེ་ནས་འབྲུ་བཅུད་འབྲས་དྲུག་སྨིན། །དེ་ཕྱིར་སེམས་བསྐྱེད་ལྡན་པར་མཛོད། །སེམས་བསྐྱེད་དོན་དང་ལྡན་གྱུར་ན། །འབྲས་བུ་འགྲུབ་སྟེ་མངོན་སངས་རྒྱས། །དེ་ཕྱིར་གཞི་ལ་སེམས་བསྐྱེད་གཅེས། །ཞེས་དང་། ཐམས་ཅད་གང་ཡང་མི་རྟག་ངེས། །འཇིག་རྟེན་ཁམས་སུ་དར་རྒུད་ཡོད། །ཉི་ཟླ་ཀུན་ལ་འཆར་ནུབ་སྲིད། །སངས་རྒྱས་ལ་ཡང་འདས་འཁྲུངས་སྲིད། །བཟང་ངན་ལས་ལ་རྒྱུ་འབྲས་ཡོད། །ཅེས་དང་། འཇིག་རྟེན་ཁམས་ནི་མི་རྟག་འཇིག །ཐམས་ཅད་རྟག་པར་མི་འཛིན་ཅིང་། །མི་རྟག་རྒྱུད་ལ་ཁེལ་བ་གཅེས། །བྱམས་སེམས་སྙིང་རྗེ་ལྡན་པར་མཛོད། །ཅེས་དང་། སྟོང་པ་ཉིད་ཀྱི་དོན་རྟོགས་ན། །མངོན་པར་རྫོགས་པར་སངས་རྒྱ་འོ། །ཞེས་དང་། སྙན་བརྒྱུད་རིན་ཆེན་གསལ་སྒྲོན་ལས། ལྟ་བའི་གདེངས་བསྐྱེད་སྙིང་རྗེའི་རྩི་ཡིས་བཟུང་། །ཞེས་པ་ལ་སོགས་གསུངས་པ་ལ་ལྟོས་དང་། འོ་སྐོལ་སྟོན་པའི་གསུང་རབ་དགོངས་འགྲེལ་དང་བཅས་པར་ཤིན་ཏུ་མཐུན་ལ། དེས་ན་སྤྱན་སྔ་བ་རིན་པོ་ཆེའི་ཞལ་ནས། བོད་དུ་དར་བའི་བོན་

p. 71

པོ་རྣམས་ལྟ་བ་གྲུབ་མཐའི་གཞུང་ངོ་བོ་ལ། ཐེག་པ་ཆེ་ཆུང་དང་ཁྱད་པར་མེད་དེ། ཆོས་ཀྱི་དེ་ཉིད་འདོན་པ་བསྒྱུར་བ་ཙམ་དུ་འདུག་པ། ཁོ་རང་མདོ་རྒྱུད་དུ་འདོད་པ་རྣམས་ལ་བལྟས་ན་ཆེས་གསལ་བར་སྣང་ངོ་། ཁོ་རང་ཚོ་ཡང་ཆོས་དང་བོན་ནང་གསེས་ཀྱི་ཁྱད་པར་རྣམས་མིན་པ། ལྟ་གྲུབ་དང་གཞི་ལམ་འབྲས་གསུམ་ལ་ཁྱད་པར་མེད་པར་སྣང་ངོ་། །ཕྱི་ནང་གི་ཁྱད་འབྱེད་ནི། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་། སྐྱབས་འགྲོས་བྱེད་པར་གྲགས་ཤིང་། བོན་པོའང་། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་སྡུག་བསྔལ། ཆོས་ཐམས་ཅད་བདག་མེད། མྱང་འདས་ཞི་བའི་ཕྱག་རྒྱ་དང་བཞི། ཆོས་དང་བོན་མིང་ཙམ་མ་གཏོགས། དོན་འདྲ་བས་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་དང་། ངེས་འབྱུང་དང་། བྱང་ཆུབ་ཀྱི་སེམས་དང་། ཕྱིན་དྲུག་དང་། གནས་ལུགས་སྟོང་པ་ཉིད་སོགས། ཕྱི་རོལ་པར་ནམ་ཡང་མེད་པའི་ནང་པའི་ཁྱད་ཆོས་རྣམས་ཁས་ལེན་པར་སྣང་བས། ནང་པ་ལ་ཐེ་བར་མངོན་ནོ་གསུངས། རྗེ་བློ་བཟང་ཆོས་ཀྱི་ཉི་མས། ཆོས་དང་བོན་ཞེས་འགལ་བའི་

p. 72

ཚད་བྱེད་ཀྱང་། །ཆོས་ལ་བོན་འདྲེས་བོན་ལ་ཆོས་འདྲེས་པས། །ཆོས་མིག་རྡུལ་བྲལ་མིག་ལྡན་བདག་ལྟ་བུ། །ཆོས་བོན་རྣམ་དབྱེ་འབྱེད་ལ་སྒྱིད་ལུགས་གྱུར། །བོན་ཞེས་སྨོད་ཀྱང་གལ་ལ་ཐུག་པའི་དུས། །བོན་པོ་ཇུ་ཐིག་ཅན་ལ་བླང་དོར་འདྲི། །བོན་ལྟར་གྱེར་ལ་དགའ་ཞིང་གཏོ་ཐབས་སོགས། །བོན་གྱི་བཅོས་ཀས་ཕན་པར་ཀུན་གྱིས་རེ། །གསུངས། སྔོན་བོན་ཉམས་སུ་བླངས་ནས། བོན་པོ་མང་པོས་མཆོག་ཐུན་གྱི་དངོས་གྲུབ་བརྙེས་པའི་རྟགས། གཞན་གྱི་སྐྱིད་སྡུག་ཤེས་པའི་མངོན་ཤེས་དང་། རྔ་ལ་ཞོན་ནས་ནམ་མཁའ་ལ་བྱ་ལྟར་འགྲོ་བ་སོགས་རྫུ་འཕྲུལ་ཡ་མ་ཟུང་མང་པོ་བསྟན་པ་མང་། གསར་རྙིང་གིས་ཀྱང་། སྔོན་སངས་རྒྱས་པ་རྣམས་ཀྱིས་དེ་ཕན་བསྟན་རབས་མེད། དེང་སང་ཡང་ཁྲི་ཀའི་ཕྱོགས་ན་བོན་པོ་གཅིག་གིས་འཕོ་བ་གྲོང་འཇུག་ལན་གསུམ་གྱི་བར་དུ་མཛད་པ་གཅིག་འདུག །དེང་སང་ངེད་ཚོའི་གསར་རྙིང་ཕྱག་ཆེན་པའི། བུ་ཁོ་ཡིན་ཟེར་མཁན་ཞིག་གིས་ཀྱང་། གྲོང་འཇུག་གསུམ་མི་དགོས་གཅིག་ཐུབ་ནི་མེད། ཨེ་ཡོད་ཅིག་ལྟོས་དང་། དེ་འདྲ་ཡིན་ཡང་བོན་པོ་མི་བཟང་ཞེས་སྨད་ན། མཁས་པ་

p. 73

རྣམས་ཀྱིས་གསན་ན་བཞད་གད་འཆོར་ཏེ། རྗེ་བུདྡྷ་བཛྲ་གྱིས། བོན་དང་མུ་སྟེགས་བྱེད་སོགས་ཀྱིས། །ཐུན་མོང་དངོས་གྲུབ་ཐོབ་ན་དེ། །གྲུབ་ཐོབ་ཡིན་པར་ལྷུན་གྲུབ་པ། །དེ་ཕྱིར་མི་མཐུན་ག་ལ་ཡོད། །ལྷུན་གྱིས་མ་གྲུབ་པ་དེ་ཉིད། །གྲུབ་ཐོབ་ཡིན་ཞེས་སྨྲས་རུང་ངན། །ལྷུན་གྱིས་གྲུབ་ཏེ་གྲུབ་མིན་དུ། །བཞེད་པ་ལེགས་བསམ་ཨ་རེ་མཚར། །གསུངས། དེ་མི་བཟང་ན་ཁྱེད་ཆོས་བཟང་པོ་དེ་ཅི་འདྲ་ཞིག་ལ་ཟེར། ཆགས་སྡང་གིས་བདག་བསྟོད་གཞན་སྨོད་བྱེད་པ་ལ་ཟེར་བ་ཨེ་ཡིན་ཞེས་དྲིས་ན། ལན་དུ་ཇི་སྐད་ཟེར་དགོས་སོམས་དང་། ཡང་བོན་མི་བཟང་བའི་སྟབས་ཀྱིས་ཨོ་རྒྱན་རིན་པོ་ཆེས། གསོལ་འདེབས་བར་ཆད་ལམ་སེལ་ན། གདོན་གཟུགས་བོན་གྱི་བསྟན་པ་བསྣུབས། །ཆོས་སྐུ་དྲི་མེད་རིན་ཆེན་གཏེར། །སྐལ་ལྡན་སངས་རྒྱས་ས་ལ་བཀོད། །དེ་ནས་ཨོ་རྒྱན་ཡུལ་དུ་བྱོན། །གསུངས་འདུག་ཟེར་ན། དེ་གདོན་ཆེན་པོ་ཞིག་གིས་བོན་པོའི་གཟུགས་བཟུང་ནས། ཆོས་ལོག་དར་དུ་བཅུག་པ་དེ་བསྣུབས། ཞེས་གསུངས་པ་རེད། བོན་ཐམས་ཅད་ཆོས་ལོག་ཡིན་པས་དེ་ཀུན་

p. 74

བསྣུབས་གསུངས་པ་ག་ལ་ཡིན། ཨོ་རྒྱན་རིན་པོ་ཆེ་བོད་དུ་བྱོན་ནས། བོན་ཆོས་ངན་པ་རྣམས་ཉམས་སུ་བཅུག །ཐབས་མཁས་ཀྱིས་འོ་སྐོལ་ཚོའི་ཆོས་རྣམས་བོན་ཆོས་སུ་བསྒྱུར་ཡོད་སྐད། ད་ལྟ་བོན་པོ་རྣམས་ཀྱིས་འདོན་པའི་ཆོས་དང་། འོ་ཚོའི་ཆོས་མིང་མི་གཅིག་པ་མ་གཏོགས་དོན་གྱིས་གཅིག་པས། དེ་ལ་སྨད་ན་དོན་གྱིས་ཨོ་རྒྱན་དང་རང་གི་ཆོས་ལ་སྨད་པ་དང་འདྲ་བས་ཉེས་པ་ཆེ། དེས་ན་བླ་མ་ཞང་རིན་པོ་ཆེས། འོ་སྐོལ་བོན་ལ་རས་ཆོད་མི་བགྱིའོ། །ཞེས་གསུངས། ཆོས་ཀྱི་བཟང་ངན་དེ་ཐམས་ཅད་མཁྱེན་པ་མ་གཏོགས། ངེད་ཚོ་འདྲ་བས་ཤེས་དཀའ། མི་ཤེས་པ་ལ་གང་ལ་འང་དད་གུས་དག་སྣང་བྱས། རང་ཉིད་གང་མོས་ཆོས་དེ་ཉམས་སུ་ལེན་པ་ལས། ཁེ་ཆེ་ཞིང་ཉེན་ཆུང་བ་ཞིག་གཞན་ན་མེད། ཆོས་ཐམས་ཅད་སེམས་ཀྱི་འཕྲུལ་ཡིན་པས། བསྐྱེད་རིམ་མཁན་གྱིས་རྣལ་འབྱོར་བས་མ་དག་སྣོད་བཅུད་ཐམས་ཅད་དག་པར་བསྒོམས་ན། དག་པའི་འཁོར་ལོ་འབའ་ཞིག་ཏུ་འཆར་བ་བཞིན། ཆོས་དང་གང་ཟག་ཐམས་ཅད་བཟང་པོ་ཡིན་སྙམ་དག་སྣང་འབའ་ཞིག་མཛད་ན། མི་བཟང་བ་རྣམས་ཀྱང་། མི་དེའི་སྣང་

p. 75

ངོར་བཟང་པོ་ཤ་སྟག་ཏུ་འགྱུར་ཏེ། སྔོན་ལྷོ་བྲག་མར་པའི་སྲས་དར་མ་མདོ་སྡེ་གཤེགས་དུས། བསྐྱེད་རིམ་གསལ་བཏབ་ཚེ། དེར་འཚོགས་པ་ཀུན་གྱིས་ཀྱང་སྐུ་མ་མཐོང་བར། ཡི་དམ་ལྷའི་རྟེན་དང་བརྟེན་པའི་དཀྱིལ་འཁོར་དུ་ཁྲ་ལམ་མེར་མཐོང་གསུངས། རྒྱལ་བ་རྒོད་ཚང་བས། ལས་དང་པོ་དབང་ཐོབ་པ་ནས། རང་གཞན་སྣང་སྲིད་ཐམས་ཅད་ལྷའི་དཀྱིལ་འཁོར་དུ་ངོ་སྤྲད་པ་དེའི་དོན་སྤྱིར་མ་ལུས་ཉམས་སུ་བླངས་པས། ད་ཁྱི་དང་སྤྲང་པོ་བྱ་དང་རི་དྭགས་ལ་སོགས་པ་གང་མཐོང་ཡང་ཡི་དམ་དུ་ཀྲོང་ངེ་ཡོད། ཇི་ལྟར་བརྗེད་ཀྱང་སྐད་ཅིག་མ་གསུམ་འགྱང་། ད་མ་དག་པའི་སྣང་བ་སྐད་ཅིག་ཀྱང་མེད་དུས་སྐལ་པ་བཟང་པོ་རྒྱུན་ཆད་མེད་གསུངས། ཡང་འཁོར་སྲོལ་ཏུ་འཇུག་པའི་ཞལ་བསྒོ་དང་། སྤྱོད་ལམ་མི་ལེགས་པ་ཀུན་ལ་བཀའ་ཀྱོན་འདྲ་ཡང་མཛད་པར་ཞུ་ཞུས་པས། ངས་ཐམས་ཅད་ལ་དག་སྣང་སྦྱངས་པས། ཐམས་ཅད་ངོ་མཚར་ཆེ་བ་འབའ་ཞིག་ལས། སྤྱོད་པ་མ་ལེགས་པའི་སྐྱོན་ཅན་རང་མ་མཐོང་བས། ཞལ་བསྒོ་བྱ་བ་དང་བཀའ་བཀྱོ་གཏང་ས་མ་མཐོང་གསུངས། ཡང་ཆོས་

p. 76

གཅིག་ལ། དག་སྣང་ཅི་དགུ་གོང་དུ་འཁུར་བ་འདི་ལས་ཟབ་པའི་ཆོས་གཅིག་ཀྱང་མེད། དག་སྣང་འབྱོངས་པ་དང་སངས་རྒྱ་བ་དུས་མཉམ་དུ་ཡོང་བ་ཡིན། སྙིང་རྗེ་གནས་སྐབས་མཐར་ཐུག་གཉིས་ཀ་དག་མ་དག་པའི་ཁྱད་པར་ཆེ་བ་ཡོང་པ་ཡིན་ཏེ། ཀུན་ལ་དག་སྣང་སྦྱོང་བ་འདི་ངས་བསམ་བསམ་པའི་ཉམས་མྱོང་ཡིན་གསུངས། ལོག་ལྟ་བྱས་ན། བཟང་པོ་རྣམས་ཀྱང་ངན་པར་འགྱུར་ཏེ། སྔོན་ཝ་ར་ཎ་སིའི་རྒན་མོ་ཞིག་གིས་རང་ལུས་སྟག་གཅིག་ཏུ་བསྒོམས་པས་སྟག་ཏུ་གྱུར། གྲོང་ཁྱེར་གྱི་མི་རྣམས་ཀྱིས་ཀྱང་སྟག་ཏུ་མཐོང་ནས་བྲོས་པས་གྲོང་ཁྱེར་སྟོངས་སོང་གསུངས། སྔོན་འཕན་ཡུལ་གྱི་སྔགས་པ་ཞིག་གིས། བུ་ཤི་བས་ཁོ་དུས་ཐམས་ཅད་དུ་བུ་ཡིད་ལ་བྱས་ངུས་པས། ལན་གཅིག་བུ་དེ་མདུན་དུ་མཐོང་བའི་སྣང་བ་བྱུང་སྐད། ཕྱི་རོལ་པ་ཞིག་གིས་ནམ་མཁའ་བྲག་ཏུ་བསྒོམས་པས་སྐབས་ཤིག་ལག་པས་རེག་ན། ཐོགས་རྒྱུ་ཡོད་པ་བྱུང་སྐད། དེས་ན་ལོག་ལྟ་འདི་དུག་དང་མཚུངས་པས་སྤོང་ཅི་ཐུབ་ལྟོས། དད་གུས་དག་སྣང་འདི་བདུད་རྩི་དང་འདྲ་བས་འཐུང་ཅི་ཐུབ་གྱིས་དང་འཚེང་། ཡང་ཧྭ་ཤང་ཡང་བཟང་པོ་ཡིན་

p. 77

པས་སྨོད་མི་རུང་། ཧྭ་ཤང་གིས་སངས་རྒྱས་ཀྱི་གསུང་ཕལ་པོ་ཆེ་སོགས། མདོ་སྡེ་མང་པོ་བློ་ལ་བཟུང་། ཉམས་ལེན་ཅི་བྱ་མདོ་སྡེའི་སྟེང་ནས་བྱེད་སྐད། སྔོན་ཀ་མ་ལ་ཤཱི་ལ་དང་། ཧྭ་ཤང་གཉིས་ཀས་རྩོད་པ་བྱས་ཚེ་ཡང་། ཀ་མ་ལ་ཤཱི་ལས་ཕྱག་ཤིང་ཀླད་ལ་བསྐོར་ནས། འཁོར་བར་འཁོར་བའི་རྒྱུ་གང་ཡིན་དྲིས་ཚེ། བེར་གྱི་ཐུ་བས་མགོ་བཏུམས་ནས་མ་རིག་པ་ཡིན་ཞེས་བརྡ་ལན་བསྟན་སྐད། ངེད་རང་ཚོ་ལས་ཀྱང་ཤེས་རབ་རྣོ་མྱུར་གསལ་བར་འདུག །དེས་ན་ཧྭ་ཤང་གིས་སོ་སོར་རྟོག་པའི་ཤེས་རབ་སྤངས་ནས། བྱ་རྒོད་བཞིན་ཁ་རོག་པར་བསྡད་ཡོད་པར་མ་སེམས། ཁོ་རང་གི་ལྟ་བ་ཡིན་ཚུལ། མདོ་སྡེའི་ལུང་ཁུངས་བརྒྱད་ཅུ་དྲངས་ནས་བསྒྲུབས་སྐད། སློབ་དཔོན་ཀ་མ་ལ་ཤཱི་ལས་དེ་བས་མང་ཞིག་དྲངས་ནས་བསྒྲུབས་རབས་མེད། མདོ་སྡེའི་ལུང་ཁུངས་བརྒྱད་ཅུ་དྲངས་པ་ཐམས་ཅད་མིན་དུ་ཆུག་ཀྱང་། ཧྭ་ཤང་གི་ལས་ངན་ན་མ་གཏོགས་གཅིག་མིན་ཟེར་ཚུལ་མེད། དེ་དབང་པོ་རྣོན་པོ་ཡིན་ནོ་དེ་རེད། ཉམས་ལེན་ཅི་བྱ་མདོ་སྡེའི་སྟེང་ནས་བྱེད་ན། དེ་འཆུགས་ཡོད་མེད་བལྟ་

p. 78

རྒྱུ་ཡོད་དེ། གཞན་རྒྱུད་མཁྱེན་པའི་གྲུབ་དབང་འབྲུག་པ་ཀུན་ལེགས་ཀྱིས། བསམ་ཡས་སུ་ཧྭ་ཤང་ཆེན་པོའི་གཞུང་ཐམས་ཅད་ཡུམ་གླེགས་བམ་ལ་བཅོལ་བར་འདུག་པས་ཕྱོགས་སྔ་མཛད་མཁན་ཚོས། ཕྱོགས་སྔ་མ་ལོངས་སམ། ཡུམ་ཤེར་ཕྱིན་འཁྲུལ་ན་ནི་མི་ཤེས། གཞན་སློབ་དཔོན་ཀ་མ་ལ་ཤཱི་ལ་ནི་དབུ་མ་རང་རྒྱུད་པར་འདུག་པས། དེའི་གྲུབ་མཐའ་ཡང་རྣམ་དག་ཡིན་མིན་ཇོ་བོ་དགེ་ལྡན་པ་ལ་དྲི་བ་ཞུ་ལགས་གསུངས། མཁྱེན་བརྩེ་རིན་པོ་ཆེས་ཀྱང་། གང་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ལ། སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ན། སྐྱོན་འདི་རྒྱལ་བའི་ཡུམ་ལ་འཇུག་པས། དོན་དམ་པར་ཧྭ་ཤང་གི་ལྟ་བ་ཡིན་མིན་རྫོགས་པའི་སངས་རྒྱས་ཁོ་ནས་མཁྱེན་གྱི་གཞན་གྱིས་མ་ཡིན་ནོ་གསུངས། ཁྱེད་ཚོས་ཧྭ་ཤང་འདི་ཅིའི་ཨ་ཁ་ཞིག་ཡིན་མ་སྙམ་དང་། སྔོན་གནས་བརྟན་བཅུ་དྲུག་གི་སྦྱིན་བདག་གི་གཙོ་བོ་ཆེ་ཤོས་ཧྭ་ཤང་རེད། ད་ལྟ་གནས་བརྟན་བཅུ་དྲུག་གི་གྲལ་ན་ཞལ་མར་བསྒྱུར་ནས་བཞུགས་པ། འོ་ཚོའི་མཆོག་དམན་བར་གསུམ་གྱིས་ཕྱག་མཆོད་བརྒྱ་སྟོང་འབུལ་བ་དེ། ཨ་ཁ་ཞིག་ཡིན་ནས་

p. 79

ཕུལ་བ་ཡིན་ནམ་བསམ་བློ་ཐོངས། འོ་ན་ཧྭ་ཤང་གིས། ཁྱི་དཀར་པོས་བཟུང་ན་བཟུང་ནི་ཡིན། ནག་པོས་བཟུང་ཡང་བཟུང་ནི་ཡིན། ནམ་མཁའ་སྤྲིན་དཀར་པོས་བསྒྲིབས་ཀྱང་སྒྲིབ་ནི་ཡིན། ནག་པོས་བསྒྲིབས་ཀྱང་སྒྲིབ་ནི་ཡིན། རྣམ་རྟོག་བཟང་པོ་སྐྱེས་ཀྱང་འཁོར་བར་འཆིང་། ངན་པ་སྐྱེས་ཀྱང་འཁོར་བར་འཆིང་། སྨྲས་པ་དེ། ཅི་ཡིན་ཟེར་ན། དེ་སྐད་སྨྲས་ནི་ཨེ་ཡིན་ཅི་ཤེས། དཔང་པོ་སུ་མི་སྣང་། འོན་ཀྱང་སྨྲས་ནི་ཡིན་ཡང་། རིགས་པས་དཔྱད་ན་འགལ་བ་མེད་དེ། དཔེར་ན་དུག་ལ་རྫས་སྔགས་སྨན་སོགས་མེད་པར། བྱ་དང་བྱིའུས་རང་གར་སྤྱད་ན་འཆི་བ་བཞིན། སྤྱིར་རྣམ་རྟོག་བཟང་ངན་གྱི་ལམ་ཁྱེར། བྱང་སེམས་ཡང་དག་པའི་ལྟ་བ་སོགས་གདམས་པ་མེད་པས། རྣམ་རྟོག་བཟང་ངན་གྱིས་འཁོར་བ་ངན་སོང་གི་ལས་བསགས་ནས། དེའི་དབང་གིས་འཁོར་བར་སྐྱེས་པ་ལ་དགོངས་ནས་དེ་སྐད་སྨྲས་པ་ཡིན་པས། འེ་ཚོ་དགེ་ལུགས་པས་ཀྱང་འདོད་ལ། དཔེར་ན་རྨ་བྱས་དུག་ཟོས་ན་འཆི་བ་ཕར་ཞོག །ལྷག་པར་སྒྲོ་མདོངས་ཆེས་ཆེར་མཛེས་པ་ལྟར། བྱེ་བྲག་བྱང་ཆུབ་ཀྱི་

p. 80

སེམས་སྟོང་ཉིད་བསྐྱེད་རྫོགས་སོགས་ཀྱི་གདམས་ངག་མཁན་ལ། ཉོན་མོངས་རྣམ་རྟོག་བྱང་ཆུབ་ཀྱི་གྲོགས་སུ་འགྱུར་བས། དེ་འདྲའི་རིགས་ལ་བཤད་པར་མ་སེམས། ཡང་ཆ་གཅིག་ན། དཔེར་ན་བྱིས་པ་ཞིག་གིས་མའི་ནུ་ཞོའམ། ཟས་མི་ཟ་བར་སྒོ་དང་སྒོ་རུ་བརྒྱུགས་ན། ནང་དུ་བསྡད་ནས་ཟས་ཟ་བའི་ཐབས་སུ། མས་སྒོ་ལ་མ་འགྲོ། སོང་ན་སྤྲང་སློང་ཞིག་འདུག །དེས་ཁྱོད་ཁྱེར་འགྲོ་ཞེས་སྐྲག་སློང་བ་ལྟར། གདུལ་བྱ་འགའ་རེ་རྣམ་རྟོག་གི་འཁོར་ལོ་བསྐོར། སེམས་རྣལ་དུ་མ་ཕེབས་པར། ཡོན་ཏན་གང་ཡང་མི་ཐོབ་པའི་གེགས་བྱས་ཚེ། ཞི་གནས་ལྷག་མཐོང་བསྐྱེད་རྫོགས་ལྟ་བུ་ཞིག་མངོན་དུ་འགྱུར་བའི་ཐབས་ལྟ་བུ་ལ་ཡང་དམིགས་ནས། དེ་སྐད་སྨྲ་བར་རིགས་ལ། སྤྱིར་བཟང་ངན་གྱི་རྣམ་རྟོག་གང་ཡིན་ཡང་གཏན་ནས་སྐྱེ་མི་རུང་། ཁོར་བར་འཆིང་བྱེད་ཡིན་ཞེས་བཤད་པ་མིན་ཏེ། དེ་ཡིན་ན་ཧྭ་ཤང་ཁོ་རང་ཤེས་རབ་རྣོ། མདོ་སྡེ་ཉམས་སུ་ལེན་ན་དཔྱད་པ་མང་པོ་དགོས་པས། སློབ་མ་རྣམས་ཀྱི་སྔོན་དུ་ཁོ་རང་འཁོར་བར་འཆིང་ཚར་འདུག །ཕྱིས་ཁོ་རང་གིས་སློབ་མ་རྣམས་ལ་ཆོས་རེ་བཤད་གྲངས་ཀྱིས་ཁོ་

p. 81

རང་གི་འཆིང་བ་ཇེ་དམ་དུ་སོང་ནས་ཆོས་བཤད་འགྲུབ་ཚེ། སློབ་མ་གྲོལ་ཡང་ཁོ་རང་གི་འཆིང་བ་གྲོལ་དཀའ་བའི་ཕྱིར་རོ། །འོ་ན་ཧྭ་ཤང་གིས་གནས་ལུགས་ལྟ་བ་རྟོགས་ནས། སྤྱོད་ཕྱོགས་ཕྱག་བསྐོར་མཆོད་སྦྱིན་སོགས་བྱས་ན། རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་བདར་བྱས་པ་དང་འདྲ། དེ་གནས་ལུགས་མ་རྟོགས་པའི་སྐྱེ་བོ་བླུན་པོའི་ཆོས་ལུགས་ཡིན་བཤད་པ་དེ་ཅི་ཡིན་ཟེར་ན། དེ་ཡང་དཔེར་ན། མི་ཞིག་རྒྱལ་པོར་གྱུར་ཚེ། ཁྲི་ཁར་བཞུགས་བཞིན་འཁོར་གཡོག་རྣམས་མངགས་ནས་སོ་ནམ་རྒྱུ་ནོམ་འཚོ་སྐྱོང་བྱེད་དུ་བཅུག་ན། སྟོབས་འབྱོར་ཆེར་རྒྱས་པ་ལྟར་གནས་ལུགས་ཀྱི་ལྟ་བ་རྟོགས་ནས། དེའི་རྩིས་ཟིན་བཞིན་པའི་ངང་ནས། མཆོད་སྦྱིན་སོགས་བྱས་ན་ལེགས་ཀྱི། དཔེར་ན་རྒྱལ་པོ་ཁྲི་ཁར་མི་བཞུགས་པར་མར་བབས་ནས། ཕྱག་དར་སོགས་ལ་བརྩོན་པ་ལྟར། ལྟ་བ་སྤངས་ནས་ཕྱག་བསྐོར་མཆོད་སྦྱིན་སོགས་ལ་བརྩོན་ན། ལྟ་བ་མ་རྟོགས་པའི་དུས་ཀྱི་སྐྱེ་བོ་བླུན་པོ་དང་ཁྱད་པར་མེད་པས། དེ་སྐྱེ་བོ་བླུན་པོའི་ཆོས་ལུགས་ཡིན་ཞེས་སྨད་པ་ཡིན། དེ་འདྲ་ལ་འེ་ཚོས་ཀྱང་སྨོད་

p. 82

དེ། རྣལ་འབྱོར་གྱི་དབང་ཕྱུག་དཔལ་ས་ར་ཧས། གནས་ལུགས་རྟོགས་ནས་དམན་པ་ཉིད་བྱེད་ན། །རྒྱལ་པོ་ཁྲི་ལས་བབས་ནས་ཕྱག་དར་བྱེད་པ་བཞིན། །ཟད་མི་ཤེས་པའི་བདེ་བ་ཆེན་པོ་ཉིད་སྤངས་ནས། །གང་ཞིག་འཁོར་བའི་བདེ་ལ་རེག་པ་ཉིད་ཀྱིས་འཆིང་། །ཞེས་གསུངས། ཧྭ་ཤང་གིས་སྤྱོད་ཕྱོགས་རྣམས་ཉམས་སུ་མི་ལེན་པ་མ་ཡིན་ཏེ། ཚོགས་བསག་སྒྲིབ་སྦྱོང་བྱེད་པ་མཐོང་ཐོས་ཀྱང་ཡོད་ལ། ཉམས་སུ་མི་ལེན་ན་ཁོ་རང་ལ་མདོ་སྡེའི་སྟེང་ན་ཉམས་སུ་ལེན་རྒྱུ་ཅི་ཡོད། བློ་ཚོ་བཟུང་ནས་ཉམས་སུ་ལེན་ཟེར་བ་དང་ཡང་འགལ་བའི་ཕྱིར། དེང་སང་ང་ཚོས་སངས་རྒྱས་ཀྱི་སྤྲུལ་སྐུ་ཡིན་ཟེར་བ་ལ་ཡང་ཆོས་ཐམས་ཅད་སླར་སློབ་དགོས་ན། དེ་བ་སང་ལས་ཆོས་ཐམས་ཅད་ཤེས་པའི་མཁས་པ་ཞིག་མ་ཁུང་ནས་འོང་མི་སྲིད། ཐ་ན་ཀ་ཁ་ཡན་ཆད་བསླབས་ནས་རིམ་པས་མཁས་པར་འགྱུར་དགོས། དེ་ཡིན་ཕྱིན་ཆད་མདོ་སྡེ་ན་ཅི་གསུང་ཉམས་སུ་ལེན་དགོས། མ་བླང་པའི་ཐབས་མེད། དེས་ན་སྔར་བཤད་པའི་ཧྭ་ཤང་གི་ཚིག་རེ་རེ་ཙམ་ལ་བརྟེན་ནས་སྨོད་མི་རུང་། པཎ་ཆེན་རིན་པོ་ཆེ་རྒྱ་ནག་ཏུ་ཕེབས་དུས་ཧྭ་ཤང་གི་མཁན་

p. 83

པོ་ཞིག་ལ་དྲི་བ་མཛད་པའི་ལན། འེ་ཚོ་དང་མཐུན་པར་ཐོགས་པ་མེད་པར་བརྒྱབ་བྱུང་ཚེ། ངོ་མཚར་བཟང་པོ་རེད་གསུངས་སྐད། འོ་ན་རྗེ་བདག་ཉིད་ཆེན་པོས། ལམ་རིམ་གྱི་ཐོག་མཐའ་བར་གསུམ་ན་ཧྭ་ཤང་ཚད་ཀྱིས་བཞག་ནས་སྨད་སྨད་ཡོད་པ་དེ་ཅི་ཡིན་ཟེར་ན། དེ་སྔོན་སངས་རྒྱས་ཉིད་ཀྱིས། ཆོས་དང་དེ་ཉམས་སུ་ལེན་པའི་གང་ཟག་གཙིགས་ཆེ་ཞིང་དགའ་སྤྲོ་འཕེལ་བ་ཉམས་ལེན་ལ་བརྩོན་པ་སོགས་ལ་ཕན་པར་དགོངས་ནས། མེ་ཏོག་ཙམ་པ་ཀ་ནི་རྒས་གྱུར་ཀྱང་། །མེ་ཏོག་ཕལ་བ་རྣམས་ཀྱིས་དོ་ཟླ་མིན། །ང་ཡི་རབ་བྱུང་ཚུལ་ཁྲིམས་འཆལ་གྱུར་ཀྱང་། །མུ་སྟེགས་ཕལ་བ་རྣམས་ཀྱིས་དོ་ཟླ་མིན། །ཞེས་པ་ལ་སོགས་གསུངས། ཕྱི་རོལ་པ་ཚད་ཀྱིས་བཞག་ནས། ཆོས་དང་གང་ཟག་ལ་བསྔགས་བརྗོད་གནང་བ་ལྟར། རྗེ་རིན་པོ་ཆེས་ཀྱང་། རྗེས་འཇུག་གདུལ་བྱ་ལ་དགོངས། རྗེ་རང་ཉིད་ཀྱིས་མཛད་པའི་གདམས་པ་འདི་ཉིད་ཧྭ་ཤང་སོགས་གཞན་དང་མི་འདྲ་བའི་ཁྱད་ཆོས་ཅན་ཞིག་ཡིན་རྒྱུ་རེད་སྙམ་ནས་གཙིགས་ཆེ་ཞིང་འདི་དང་མཇལ་བ་སྐལ་བ་བཟང་སྙམ་ནས་དགའ་ཞིང་སྤྲོ་བཞིན།

p. 84

ཐོས་བསམ་སྒོམ་ལ་བརྩོན་པ་སོགས་ལ་ཕན་པར་དགོངས་ནས། དེ་སྐད་གསུངས་པ་ཡིན་པས་ཐུགས་ཀྱི་གཏིང་ནས་སྨད་པ་མ་ཡིན་ཏེ། ཆོས་གསུང་པ་པོ་དང་ཆོས་ཀྱི་ཆེ་བ་བརྗོད་པའི་སྐབས་སོགས་སུ། མདོ་རྒྱུད་བསྟན་བཅོས་ན་དེ་འདྲ་གསུངས་པ་མཐའ་ཡས་པས། དེ་རྣམས་ཀྱང་ངན་ཤོས་སུ་འདོད་དགོས། དེ་ལྟར་འདོད་ན་བོད་ན་ཆོས་བཟང་པོ་ཞིག་མེད་པའི་ཚུལ་འོག་ནས་འཆད་པས་དེར་རྟོགས་པར་གྱིས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བས་བསྟན་འགྲོ་ལ་ཕན་པའི་དགོས་པ་ཆེ་ན། དཔེར་ན་མི་ཞིག་གིས་སེམས་ཅན་ཞིག་གསོད་སྙམ་འཚོལ་དུ་འོངས་ནས། ཁྱེད་ཀྱིས་ཨེ་མཐོང་དྲིས་པ་ལྟ་བུ་ལ་མཐོང་རུང་མ་མཐོང་ཟེར་བ་སོགས་ཕན་པའི་རྫུན་སྨྲ་རུང་ཏེ། ཀུན་བཟང་སྙིང་ཐིག་ལས། རང་འདོད་མ་ཡིན་པར་སེམས་ཅན་གྱི་བློ་ཆོས་ལ་བསྒྱུར་བའི་སྟབས་བྱུང་ན། ཐབས་དུ་མས་རྫུན་བཤད། སྲོག་དང་འཇིགས་པ་ལས་སྐྱོབ་ཕྱིར་ཤེས་རབ་ཀྱིས་རྫུན་བཤད། གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་སྣོད་མིན་ལ་མི་སྟོན་པའི་ཕྱིར་གབ་པའི་རྫུན་བཤད། དེས་ནི་ཉེས་པ་མི་འགོ་ཞིང་འགྲོ་དོན་མཐར་ཕྱིན་

p. 85

པའི་དགོས་པ་ཆེའོ་གསུངས། སྔོན་མ་སྐྱེས་དགྲས་ཕ་བསད་པར་འགྱོད་ནས། སངས་རྒྱས་ཀྱི་དྲུང་དུ་འགྱོད་བཤགས་བྱེད་དུ་འོང་བ་ལ། ཐོག་མར་ཕ་མ་བསད་ན་ཉེས་དམིགས་ཆེ་ཚུལ་བརྗོད་ན། དེ་མ་ཐག་སྙིང་གས་ནས་དམྱལ་བར་སྐྱེ་བ་མཁྱེན་ནས། མ་སྐྱེས་དགྲ་ལ། ཕ་དང་མ་ནི་བསད་བྱ་ཡིན། །གསུངས་ནས་བག་ཕེབས་སུ་བཅུག །དེ་ནས་རིམ་པས་འགྱོད་བཤགས་བྱེད་དུ་བཅུག་པས། སྡིག་པ་དག་ནས་དགྲ་བཅོམ་པའི་གོ་འཕང་ཐོབ་གསུངས། རྗེ་མི་ལའི་ལས་སྒྲིབ་འདག་ཕྱིར། ལྷོ་བྲག་མར་པས་བརྡེག་རྡུང་མཛད་པ་ལྟར། ཕན་པའི་དགོས་པ་ཆེ་ན། བརྡེག་རྡུང་ཡང་བྱེད། དེ་བཞིན་དུ་བསྟན་འགྲོ་ལ་ཕན་པའི་དགོས་པ་ཆེ་ན། བྱང་ཆུབ་སེམས་དཔས་ལུས་ངག་གི་མི་དགེ་བ་བདུན་ལ་སོགས། བྱ་བ་མ་ཡིན་པ་ཡང་བྱ་སྟེ། རྒྱུད་ལས། གཉིས་མེད་ཡེ་ཤེས་སེམས་ལྡན་པས། །མི་བྱ་བ་ནི་ཅི་ཡང་མེད། །ཅེས་དང་། སེམས་ཅན་བསླུ་བ་སྤངས་ནས་ནི། །བྱ་བ་མ་ཡིན་ཐམས་ཅད་བྱ། །ཞེས་དང་། དེ་བཞིན་དུ་མདོ་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི། །དངོས་

p. 86

དེ་གང་ན་ཡོད་མིན་ཏེ། །དེ་ལྟར་ཤེས་པའི་མཁས་པ་ལ། །བསོད་ནམས་མི་འགྱུར་གང་ཡང་མེད། །གསུངས། དེས་ན་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཛད་པ་ཐམས་ཅད་ཀྱི་དགོངས་པ་ལོན་དཀའ་སྟེ། པཎ་ཆེན་ཐམས་ཅད་མཁྱེན་པས། འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་རྣམས་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས། གསུངས། དེ་ཐུགས་ཤིན་ཏུ་མད་དེ། རྗེ་རིན་པོ་ཆེ་ལྟ་བུའི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་སྐུ་དང་གསུང་གི་མཛད་པ་མཐའ་ཡས་པ་སྟོན་པའི་ཐུགས་ཀྱི་དགོངས་གཞི། འེ་ཚོའི་ལོན་པ་ཕར་ཞོག །དེང་སང་གི་བླ་མ་དགེ་བཤེས་འགའ་རེའི་མཛད་སྤྱོད་ཀྱི་དགོངས་པ་ཡང་ལོན་དཀའ་སྟེ། དེང་སང་བླ་མ་འགའ་རེ་སེར་སྣ་ཆེ་བ་ལྟར་སྣང་ཡང་། སྐུ་གསུང་ཐུགས་རྟེན་བཞེངས། དགེ་འདུན་གྱི་སྡེ་མཆོད། བསྡུ་བཞིའི་གཞན་དོན་བྱ་དགོངས་ནས་རྒྱུ་ནོམ་བསགས་པ་ཡང་མང་བས་ན། སེར་སྣ་ཆེ་ནི་ཨེ་ཡིན་མི་ཤེས། འགའ་རེ་འདོད་ཆགས་ཆེ་ནས་སྡོམ་པ་ཤོར་སོང་བ་ལྟར་སྣང་ཡང་། བསྐྱེད་རྫོགས་ཀྱི་རྟོགས་པ་མཐོན་པོར་སླེབས་ནས། བསྟེན་ན་སྐྱོན་གྱིས་མི་གོས་པ་

p. 87

ཡང་མང་བས། དེ་ཡང་སྡོམ་པ་ཤོར་ནི་ཨེ་ཡིན་མི་ཤེས། ཡང་བླ་མ་འགའ་རེས་གྲུབ་མཐའ་གཞན་ངན་ཚུལ་ངན་རབ་བརྗོད་ནས་དགག་པ་གཏོང་བ་དེ་ཡང་། དེ་འདྲའི་དོགས་པ་བསླངས་ན་སླར་མཁས་པས་དེ་ལ་ཡིན་ཚུལ་ཡིན་རབ་ཞེས་ལན་འདེབས་ངེས། ལན་བཏབ་ན་བསྟན་པའི་གད་དར་དུ་འགྲོ་དགོངས་ནས་ཀྱང་། དེ་སྐད་གསུངས་པ་མང་བས། དེ་ཡང་ཐུགས་ཀྱི་གཏིང་ནས་ཡིན་མིན་མི་ཤེས། འེ་ཚོས་བླ་མ་དམ་པས་མཛད་པ་སྟོན་ཚད་ཀྱི་དགོངས་པ་ལོན་པ་ཕར་ཞོག །ཐ་ན་གཡག་བཏང་བ་ཙམ་གྱི་དགོངས་པ་ཡང་ལོན་དཀའ་སྟེ། སྔོན་གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས། དགོན་པ་ཞིག་ལ་སོང་ནས་ཚོགས་འཚོགས་པའི་གྲལ་བར་གྱེན་དུ་སྤོས་འགྲིམས་བྱེད་གསུངས། གཡག་གཏོང་གིན་ཕྱིན་པས་གྲྭ་པ་འགའ་རེས་ཁ་སྣ་ཟུམ་འཛུམ་རྒོད་འཕྱ་སྨོད་བྱས་ཚེ། སྤོས་བས་ཀྱང་ལྷག་པའི་དྲི་བཟང་པོ་འཐུལ་བ་བྱུང་སྐད། ཡང་བླ་མ་ཞིག་གིས་གཡག་ཞིག་བཏང་ནས། དཀོན་མཆོག་མཆོད་གསུངས། གྲྭ་པ་ཀུན་གྱིས་བླ་མ་ཟོག་བྱེད་པར་འདུག་ཅེས་འཛུམ་ཚེ། ངོ་མཚར་དྲི་ཞིམ་བཟང་

p. 88

པོས་ཕྱོགས་ཀུན་ཁྱབ་པར་བྱུང་སྐད། དེས་ན་པོ་ཏོ་བ་རིན་པོ་ཆེས་ཐེག་པ་ཆེན་པོའི་དགེ་བའི་བཤེས་གཉེན་གྱི་ཐུགས་ཐ་མལ་པས་མི་རྟོགས། ཕྱི་ལྟར་མཉེས་མཉེས་མཛད་པ་མཉེས་པའི་ངེས་པ་མེད། མི་མཉེས་པའི་རྣམ་འགྱུར་ཅི་མཛད་ཀྱང་མི་མཉེས་པའི་ངེས་པ་མེད། གང་ལ་དགོངས་ཏེ་མཛད་པ་ཡིན་མི་ཤེས་པས་གཟབ་དགོས་གསུངས། ཕྱག་རྡོར་དབང་བསྐུར་གྱི་རྒྱུད་ལས། སྐྱེས་བུ་དམ་པ་རྣམས་ནི་རང་གི་ཡོན་ཏན་ཇི་ལྟ་བ་གཞན་གྱི་ངོར། མངོན་སུམ་དུ་མི་མཛད། ཅི་ཙམ་གྱིས་གདུལ་བྱ་མགུ་བར་འགྱུར་བ་དེ་ཙམ་ཞིག །དེ་དག་ལ་སྟོན་པར་འགྱུར་རོ། །ཞེས་གསུངས། དེས་ན་བྱང་ཆུབ་སེམས་དཔས་བཟང་ངན་གྱི་མཛད་པ་མཐའ་ཡས་སྟོན་པ་དེ་བསྟན་འགྲོ་ལ་དངོས་སམ་བརྒྱུད་ནས་ཕན་པའི་དགོངས་གཞི་ཡོད་པ་ཡིན། འེ་ཚོས་ཁོང་རྣམ་པ་ཚོའི་ལད་མོ་བྱས་ན། རང་གཞན་ལ་དངོས་སམ་བརྒྱུད་ནས། གནོད་པ་ཆེན་པོ་འབྱུང་བས་མི་རུང་། དཔེར་ན་རྒྱལ་པོ་ཆེན་པོ་ཞིག་གིས་འཁོར་འབངས་ལ་ཞི་དྲག་མང་པོ་བྱས་པའི་ལད་མོ་བྲན་གཡོག་གིས་བྱེད་མི་རུང་བ་དང་འདྲ། རྒྱལ་པོས་ཅི་བྱས་ཐམས་ཅད་བྲན་གཡོག་ལ་

p. 89

ལད་མོ་བྱེད་ཕྱིར་བྱས་པ་མ་ཡིན་པ་ལྟར། རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མཛད་པ་སྣ་ཚོགས་སྟོན་པ་ཐམས་ཅད་ལ་འེ་ཚོས་ལད་མོ་གྱིས་ཞེས་བསྟན་པ་མ་ཡིན་པ་ཧ་གོ་དགོས། མ་གོ་ན་སེང་གེ་མཆོངས་སར་ཝ་ལྡིང་བ་ལྟར། ཐམས་ཅད་ཀྱི་ལད་མོ་བྱས་ན་མ་གོབ་ཚོ་གཅིག་རེ་འོང་ངེས་པས། བློ་གྲོས་དང་ལྡན་པས་གཟབ་འཚལ། ཡང་འགའ་རེས་ཨ་ཧ་ཧ། ད་འེ་ཚོས་ཁ་རོག་ལ་ཉན་བསྡད་ན་ཆོས་མི་ཤེས་སྙམ་ནས། འེ་ཚོའི་ཚོད་བྱས་ནས་རྒོད་རྒྱུ་ལུ་རྒྱུ་འོང་བའི་མཚར་རེ་རྐྱང་པ་ཁོང་གིས་གསུང་གི །བྱང་ཆུབ་སེམས་དཔས་རྫུན་སྨྲས་སོགས་ཟེར་སྐུར་འདེབས་བྱས། ཨོ་རྒྱན་དང་རྗེ་བདག་ཉིད་ཆེན་པོས་གཏན་ནས་ཁས་མ་བླངས་པའི་བོན་པོ་དང་། ཧྭ་ཤང་སོགས་གྲུབ་མཐའ་གང་གི་གང་ངན་རྣམས་བཟང་ཞེས་མཁས་བླངས་པ་དེ། དཔེར་ན་རང་གི་མགོའི་ཞྭ་ཕུད་ནས། །གཞན་གྱི་རྐང་གི་ལྷམ་གོན། གཞན་གྱི་མི་གཙང་བ་ས་ལ་དོར་བ་ཡར་ལོངས་དང་དགོས་ཟེར་བ་དང་འདྲ་བས། སྔར་མ་གོ་བའི་ཆོས་བཤད་ཅིག་གོ་ཡ་མཚན་ཆེ། ང་རི་ཁྲོད་འགོལ་ས་ཚོའི་ག་ལེར་བཞུགས་ན་

p. 90

བཟང་གི །ཁྱེད་ཀྱིས་ངེད་ཚོའི་མགོའི་ལོག་རྟོག་བསལ་རྒྱུའི་ཟེར། ཁོང་གི་མགོ་ལ་དེས་ཆེ་ཞིག་ལེན་གི །ཨོ་རྒྱན་དང་རྗེ་རིན་པོ་ཆེ་ལ་མཁྱེན་རྒྱ་ཁྱེད་བས་ཆེ་ཞིག་ཡོད་རབས་ཡོད། ངེད་ཚོས་མི་ཤེས་དང་ཨ་ཁུ་རི་ཁྲོད་པ་ཟེར་ན། ཨ་ཧོ་ཧོ། དེ་ངས་བཤད་ཤེས་ཀྱང་ཁྱེད་ཚོས་ཉན་མ་ཤེས་པ་ཡིན་ཏེ། དཔེར་ན་ཨ་ཕས་མགོ་ཡི་ཞ་སྨྲས་ན། ཨ་མས་རྐང་གི་ལྷམ་ཨེ་ཡིན་ཟེར་བ་ལྟར་གོ་ལོག་གོ་འདུག །ད་ཡང་ངས་བཤད། འོ་ངས་བྱང་ཆུབ་སེམས་དཔས་རང་དགར་རྫུན་སྨྲས་བཤད་པ་ག་ལ་ཡིན། གཞན་ལ་ཕན་པའི་དགོས་པ་ཆེ་ན་གསུངས་ཞེས་སྨྲས་པ་ཡིན། ཕན་ན་རྫུན་ལ་ཉེས་པ་མེད་དེ། དམ་ཚིག་རྡོ་རྗེའི་རྣམ་བཤད་ལས། རྫུན་དུ་སྨྲ་བ་འགྲོ་བ་སྐྱོབ་པ་དང་། །གསང་ཚིག་གབ་དང་འགྲོ་ལ་ཕན་གྱུར་ན། །ཐབས་ཀྱིས་རྫུན་དུ་སྨྲས་ལ་ཉེས་པ་མེད། །གསུངས། ངས་ཨོ་རྒྱན་དང་རྗེ་རིན་པོ་ཆེའི་གསུང་དེ་མ་རེད་བཤད་ནི་ག་ལ་ཡིན། གསུང་དེ་ཡིན་པར་མ་ཟད། དེའི་དགོངས་གཞི་འདི་འདྲ་རེད་ཅེས་ལྷག་པར་ཇེ་གསལ་དུ་བཏང་ནས་སྨྲས་པ་ཡིན། ཁྱེད་ཚོས་འདི་ལྟར་ཧ་མ་གོ་བར། ང་ལ་སྨོས་ཅི་དགོས། བླ་མ་

p. 91

གོང་མ་ཚོ་ལ་ཡང་སྐུར་བ་འདེབས་མཁན་རེད། སྐྱག་པ་ངན་ཡང་དགོས་པ་ཡོད་ནི་བྱས་ན་ཅི་ལ་མེད། ལོ་ཏོག་བཟང་པོ་སྐྱག་པ་ཡོད་ན། ལྷག་པར་སྐྱེ་སྟོབས་ཆེ། གྲུབ་མཐའི་བཟང་ངན་ཤེས་དཀའ་མོད། འོན་ཀྱང་ཁྱེད་ཚོས་སྨྲས་པ་ལྟར་གྲུབ་མཐའ་གཞན་ངན་པ་ཡིན་པའི་དབང་དུ་བྱས་ཀྱང་། དགོས་པ་ཡོད་ནི་བྱས་ན་ཅི་ལ་མེད། གྲུབ་མཐའ་བཟང་པོ་ལ་དམན་པ་ཡོད་ན་ལྷག་པར་བསྟན་པའི་ཆེ་ཁྱད་ཐོན་པས་བཟང་སྟེ་ཕྱི་རོལ་པ་ཡོད་ན་ནང་པ་སངས་རྒྱས་ཀྱི་བསྟན་པའི་ཆེ་ཁྱད་ཐོན་པ་ལྟ་བུའོ། །ད་ངས་བསམ་པ་ཡིན་ན། མིག་ལྡན་ལྟ་བུའི་ཨོ་རྒྱན་དང་རྗེ་རིན་པོ་ཆེས་དགོས་པ་བྱུང་ན་བྲག་འཕྲང་ཚོར་ཕེབས་པ་ལྟར། དགོངས་གཞི་ཅན་གྱི་གསུང་དེ་འདྲ་བྱོན་པ། ཁྱེད་ཚོ་ཞར་བ་ལྟ་བུའི་ལམ་དེ་ཡང་བདེ་སྙམ་པ་ལྟར། གསུང་དེ་ཡང་བདེན་སྙམ་སྒྲ་ཇི་བཞིན་པར་བཟུང་ནས། ཚམ་ཚོམ་མེད་པར་བྲག་འཕྲང་ལ་རྒྱུག་པ་བཞིན། ངོ་ནག་པོ་བྱས། གྲུབ་མཐའ་གཞན་སྨད་ན། བྲག་གཡང་ས་ལ་ཁྱོད་རིང་ངེ་ལྷུང་བ་ལྟར། དམྱལ་བའི་མེ་ནང་ཚོ་སྐད་ངན་རིང་ངེ་ལྷུང་སོང་ན་མི་བཟང་གི །དེ་བས་མ་ལྷུང་

p. 92

གོང་དུ་ཞར་ར་རྣམས་ཀྱིས་རང་ཚོད་བཟུང་ནས་ག་ལེར་བསྡད་ན་ཨེ་བཟང་སྙམ་ནས་སྨྲས་པ་ཡིན་ཏེ། སྔོན་བླ་མ་ཞིག་གིས། ང་ཡིས་བལྟས་ན་ཁྱོད་རེ་སྨྱོ། ཁྱོད་ཀྱིས་བལྟས་ན་ང་རེ་སྨྱོ། །ང་སྨྱོ་བ་ཆོས་ཀྱི་དབྱིངས་སུ་སྨྱོ། ཁྱོད་སྨྱོ་བ་འཁོར་བའི་འདམ་དུ་སྨྱོ། །གསུངས་པ་ལྟར། ངས་བལྟས་ན་ཁྱེད་ཚོས་མ་ཤེས་བརྗོད་ཁི། ཁྱེད་ཚོས་བལྟས་ན་ངས་མ་ཤེས་བརྗོད་ཁི་སྙམ་ཡང་། བཟང་ནི་ངས་བཤད་པ་ལྟར་བྱས་ན་བཟང་སྙམ། འོ་ན། བོན་པོ་འགའ་རེས་ལུང་བསྟན་ན། ཨོ་རྒྱན་དང་རྗེ་རིན་པོ་ཆེ་ལ་སྨོན་ལམ་ལོག་པའི་བདུད་སྤྲུལ་ལག་ན་མུག་ཐོད་དང་ཁ་ཊཱཾ་ཀ་བཟུང་བ་གཅིག་དང་། སྣ་ཆེ་རྣ་བ་རིང་བ་གཉིས་ཀྱིས། ངེད་ཚོའི་བསྟན་པ་ལ་གནོད་ཟེར་བའི་ལུང་བསྟན་ཡོད་སྐད། སློབ་དཔོན་ཟླ་གྲགས་ཀྱི་སྤུན་ཕྱི་རོལ་པ་ལ་དད་པ་གཅིག་གིས། ཀླུ་སྒྲུབ་བདུད་ཀྱི་སྤྲུལ་པ་སྟེ། །ཨ་ཇོ་དེ་ཡི་རྗེས་སུ་འབྲངས། །སྨྲས་སྐད། དེ་ཅི་ཡིན་ཟེར་ན། དེ་ལ་དགོངས་གཞི་ཡོད་ཀྱང་ཐང་། འོན་ཀྱང་ཕལ་ཆེར་རྒྱུ་མཚན་མ་ཤེས་པའི་བླུན་པོ་རེ་གཉིས་ཀྱིས་ཕྱོགས་རིས་ཆགས་སྡང་གི་དབང་གིས་སྨྲས་པ་ཡིན་པས། ཐམས་ཅད་ཀྱིས་དེ་སྐད་སྨྲ་

p. 93

བར་མ་སེམས། ད་ལྟ་བོན་པོ་མང་པོས་རྒྱ་གར་པཎ་ཆེན་མ་དང་། དམིགས་བརྩེ་མ་ལ་ཐུགས་དམ་མཛད་པ་མང་པོ་སྣང་། མ་ཤེས་པའི་དབང་གིས་དེ་འདྲའི་ཚིག་ངན་སྨྲས་ཏེ། བོད་ཀྱི་གསར་མ་པ་ཡིན་ཟེར་ནི་འགའ་རེས། ཨོ་རྒྱན་རིན་པོ་ཆེ་སྐུ་རྫུས་སྐྱེས་མ་ཡིན་མངལ་སྐྱེས་ཡིན། བོད་དུ་འོངས་ནས་ལྷ་འདྲེ་དང་འཐབ་འཐབས་པས། ཕལ་ཆེར་མ་ཐུབ་པར་ལག་གི་རྡོ་རྗེ་ས་ལ་ལྷུང་རབ་མང་། ཐམས་ཅད་དམ་ལ་བཏགས་ཟེར་བ་རྫུན་ཡིན། མཐར་མང་ཡུལ་གུང་ཐང་ལ་ཁར་ཤི་སོང་། འཆི་རྒྱུ་མེད་ལྷོ་ནུབ་སྲིན་ཡུལ་དུ་ཕེབས་སོང་ཟེར་བ་ཡང་རྫུན་ཡིན། དེང་སང་འགའ་རེའི་ལག་ན་ཨོ་རྒྱན་གྱི་ཕྱག་མཚན་ཡིན་ཟེར་བའི་རྡོ་རྗེ་མང་བའི་རྒྱུ་མཚན་དེ་ཡིན། བསྟན་པའི་སྲོལ་བཙུགས་པའང་ལེགས་པོ་ཞིག་མ་བྱུང་ཚོ་ཟེར། འེ་ཚོ་རྒོད་རྒྱུ་ལུ་རྒྱུ་འོང་ནི་རྐྱང་བཤད། ཡང་རྙིང་མ་པ་ཡིན་ཟེར་ནི་འགའ་རེས། རྗེ་རིན་པོ་ཆེ་འཇམ་དབྱངས་ཀྱི་སྤྲུལ་པ་ཡིན་ཟེར་བ་རྫུན་ཡིན། ལེགས་སྐར་གྱི་སྤྲུལ་པ་ཡིན། བོད་དུ་འོངས་ནས་ཇོ་བོ་ཤཱཀྱ་མུ་ནེ་སྤྲུལ་སྐུའི་དབུ་ལ། ལོངས་སྐུའི་དབུ་རྒྱན་བསྐོན་གོ་ལོག་བྱས།

p. 94

མདོ་སྡེ་གང་ནས་དེ་འདྲ་མ་གསུངས། དེ་བཞིན་དུ་རྒྱལ་བའི་བཀའ་ལ་འགྲེལ་ལོག་རྐྱང་རྒྱབ། གསུང་གི་སྙིང་པོ་རྣམས་མིན་ཞེས་དོར་བས། དེང་སང་སྔོན་ལྟར་གྲུབ་ཐོབ་མེད་པའི་རྒྱུ་མཚན་དེ་ཡིན། སྙིང་པོའི་བསྟན་པ་ལ་གནོད་ཆེན་པོ་བསྐྱལ་ཚོ་ཟེར། འེ་ཚོ་རྒོད་རྒྱུ་ལུ་རྒྱུ་འོང་ནི་རྐྱང་བཤད། དེ་རྣམས་བྲག་ཕུག་ཁ་བྱང་བསྟན་ལ་ཉི་མ་མི་འཆར་བ་བཞིན། སངས་རྒྱས་དེ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས་པའི་ལས་དང་སྨོན་ལམ་མེད་པའི་སྐལ་མེད་དང་། དཔེར་ན་མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བ་ལྟར། འགའ་རེ་ལས་དང་ཉོན་མོངས་པའི་གཏིང་དུ་ལྷུང་ནས། དམ་པ་དེ་རྣམས་ཀྱི་ཡོན་ཏན་མ་མཐོང་བར་ཁོ་རང་གི་སྐྱོན་དམ་པ་དེ་རྣམས་ཀྱི་སྐྱོན་ལྟར་མཐོང་ནས། དེ་སྐད་སྨྲས་པ་ཡིན་པས། སྙིང་རྗེའི་ཡུལ་ལས་གཞན་འོས་ཅི་ཡོད། ཕྱིན་ཆད་དེ་འདྲའི་ལབ་ལོབ་སྨྲ་བའི་བྱིས་པ་འདྲ་བྱུང་ན། མཁས་པ་རྒན་པོ་ལུང་རིགས་ཀྱི་ལུས་སྟོབས་ཅན་རྣམས་ཀྱིས་འོག་ཏུ་ཆུག་ལ། ཁ་ནང་དུ་འགལ་བའི་ཁྱི་སྐྱག་ཡང་དང་ཡང་དུ་རྫོངས་ལ་མག་སེ་ཞོག །ཅེས་གསོལ་བ་འདེབས། ཡང་ཆ་གཅིག་ན་སྐྱེས་བུ་དམ་པ་དེ་འདྲ་

p. 95

ལ། བཟང་ངན་འབྲེལ་བ་གང་བཞག་ཀྱང་ལེགས་ལེགས་ཏེ། རྗེ་རྒོད་ཚང་པས། བྱང་ཆུབ་སེམས་དཔའ་དགའ་བྱེད་ལ། ཚོང་དཔོན་གྱི་བུ་ཆགས་པ་སྐྱེས་ཏེ་ལུས་རྔུལ་ནས་ཤི་བས། ཡི་དྭགས་སུ་སྐྱེ་བའི་ལས་དག་ནས་སུམ་ཅུ་རྩ་གསུམ་དུ་སྐྱེ་བར་བཤད། གང་ལ་གནོད་པ་བྱས་ན་བདེ་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་ཕྱག་འཚལ་ལོ། །ཞེས་གསུངས། འོན་ཀྱང་ངན་འབྲེལ་བཞག་པ་ཕུགས་སུ་བཟང་ཡང་། འཕྲལ་དུ་རྣམ་སྨིན་སྡུག་བསྔལ་མྱོང་སྲིད་སྟེ། སྔོན་རྗེ་མི་ལར་སྐུར་འདེབས་བྱེད་མཁན་དར་ལོ་ལོག་ལྟའི་དབང་གིས་ཤི་བ་ཕུགས་སུ་འཁོར་བ་མཐའ་ཅན་དུ་འགྱུར་ཞེས་རྗེ་མི་ལས་གསུངས་འདུག་སྟེ། ཤི་མ་ཐག་ནས་གདོན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཏུ་སྐྱེས་པ་ལྟ་བུའོ། །དེས་ན་འོ་སྐོལ་རྣམས་ཀྱིས་སྐྱེས་བུ་དམ་པ་དེ་འདྲ་ཐམས་ཅད་ལ་མཐའ་གཅིག་ཏུ་མཆོད་བསྟོད་བཀུར་ནས་བཟང་འབྲེལ་འཇོག་པ་གཅེས་སོ། །སྤྱིར་སངས་རྒྱས་ཐམས་ཅད་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་དུ་བཟང་ངན་ཐ་དད་མེད། གདུལ་བྱའི་སྣང་ངོར་གཟུགས་སྐུ་འཇའ་ཚོན་བཞིན་དུ་བཟང་ངན་

p. 96

འབྲིང་གསུམ་སོ་སོར་བསྟན་ཀྱང་དོན་གྱིས་གཅིག །ཁྱད་པར་ཨོ་རྒྱན་དང་། ཇོ་བོ་རྗེ། རྗེ་རིན་པོ་ཆེ་གསུམ་ཐུགས་རྒྱུད་གཅིག་སྟེ། སྐྱབས་མགོན་རྒྱལ་བ་དགེ་འདུན་རྒྱ་མཚོས། རིགས་འཛིན་གྲུབ་པའི་དབང་ཕྱུག་པདྨ་འབྱུང་། །ལྔ་བརྒྱའི་གཙུག་རྒྱན་དཔལ་ལྡན་མར་མེ་མཛད། །རྡོ་རྗེ་འཆང་དབང་བློ་བཟང་གྲགས་པའི་དཔལ། །སྣ་ཚོགས་སྤྲུལ་པའི་གར་མཛད་དེ་ལ་འདུད། །གུ་རུ་ཨོ་རྒྱན་གླིང་པས་བསམ་ཡས་འཆིམས་ཕུ་ནས་གདན་དྲངས་པའི་བཀའ་ཐང་བསྡུས་པ་ལས། ཐུབ་པའི་ལུང་བསྟན་མདོ་ཁམས་སྨད་ཞིག་ཏུ། །ཨ་ཏི་ཤ་ཡི་སྤྲུལ་བ་བློ་བཟང་གྲགས། །སྐྱེས་བུ་དེ་བྱོན་བོད་ལ་བདེ་སྐྱིད་འོངས། །ཞེས་དང་། འབྲི་ཁུང་པ་རིན་པོ་ཆེའི་ཞལ་ནས། གྲུབ་པའི་དབང་ཕྱུག་པདྨ་འབྱུང་གནས་དང་། །དེ་ཡི་རྣམ་འཕྲུལ་རྒྱལ་བ་ཙོང་ཁ་པ། །ཞེས་གསུངས་པ་ལྟར། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ་ཨོ་རྒྱན་རིན་པོ་ཆེ་སླར་མཉམ་མེད་ཇོ་བོ་ཆེན་པོའི་སྐུར་སྤྲུལ་ནས་འོང་། དེ་ནས་ཀུན་མཁྱེན་བློ་བཟང་གྲགས་པའི་སྐུར་སྤྲུལ་ནས་འོང་སྟེ། བསྟན་འགྲོའི་དོན་མཛད་པ་ཡིན་ཞེས་ཚད་ལྡན་གྱི་མཁས་གྲུབ་དུ་

p. 97

མས་གསུངས། དེས་ན་མ་ཤེས་པའི་དབང་གིས་སངས་རྒྱས་གཅིག་ལ་སྨད་ཀྱང་། དངོས་སམ་བརྒྱུད་ནས་སངས་རྒྱས་ཐམས་ཅད་ལ་སྐུར་བ་བཏབ་པར་འགྱུར་བས་རྒྱལ་བ་རྣམས་ཀྱི་ཐུགས་ཀྱི་དགོངས་པ་བསྐང་མ་ནུས་ཀྱང་། ཐུགས་ཀྱིས་མི་ཁྲེལ་བ་ཞིག་ཅི་ནས་ཀྱང་གྱིས་ཞེས་ཐར་འདོད་ཡོངས་ལ་སྙིང་གཏམ་བྱས་པ་ཡིན་པས་ཐུགས་ལ་ཤོང་ནི་གྱིས། ཨོ་རྒྱན་དང་རྗེ་རིན་པོ་ཆེ་ལྟ་བུའི་སྐྱེས་བུ་དམ་པ་རྣམས་ཀྱི་སྐུ་ཚེ་བརྗེ་མི་དགོས། སྐུ་ཚེ་རེ་རེ་ལའང་སྐུ་གསུང་ཐུགས་ཀྱི་མཛད་པ་མི་འདྲ་བ་མཐའ་ཡས་སྟོན་ཏེ། ཨོ་རྒྱན་རིན་པོ་ཆེས་སྔོན་རྒྱ་གར་གྱི་ཡུལ་གཅིག་ན་པཎྚི་ཏ་མང་པོས་སྐུ་གསུང་ཐུགས་རྟེན་ལ་རབ་གནས་བྱེད་པ་གཅིག་གཟིགས་ནས། ཁོང་རང་བཙུན་རྒན་གཅིག་ཏུ་སྤྲུལ། ཕྱག་རྒྱ་མ་བཙུན་རྒན་མ་གཅིག་ཏུ་བྱས། རྡོ་རྗེ་དྲིལ་བུ་གཉིས་བུ་ཚ་མིང་སྲིང་གཉིས་སུ་སྤྲུལ་ཏེ། རྒྱབ་ཏུ་ཁུར་ནས་མཉམ་དུ་འབིག་དི་རི་རི་ཕྱིན་པ་དང་། ཁོང་རྣམས་ཀྱིས་སངས་རྒྱས་ཀྱི་བསྟན་པ་འདི་འདྲ་བས་བཤིག་པ་ཡིན་ཟེར། དེར་དཔོན་སློབ་ལ། རབ་གནས་ཀྱི་རོག་བྱའམ་བྱས་པས། ངེད་ཀྱི་རབ་གནས་ཀྱི་

p. 98

རོག་བྱ་མི་དགོས་ཀྱི། བུ་ཚ་མིང་སྲིང་མ་ངུ་བར་གྱིས་ཤིག་ཟེར། བཙུན་རྒན་གྱི་རོག་གཅིག་ཙམ་བྱེད་ཟེར། རྡེའུ་བདུན་མ་ཎྜལ་གྱི་ཁར་བསྐྱུར་བས། མན་ཇི་ཁ་བརྒྱན་དང་བཅས་པ་ཀུན་བྱུང་། སྟེང་གི་ནམ་མཁའ་ལ་ཐུ་བྱས་མཆིལ་མ་བཏབ་པས་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་ཞིག་བྱུང་བས། ཁོང་རྣམས་ངོ་མཚར་བར་གྱུར་སྐད། རྗེ་རིན་པོ་ཆེས་ཀྱང་སྔགས་ཉམས་སུ་བཞེས་ནས་རྟོགས་པ་མཐོན་པོར་སླེབས་པའི་སྐབས་ཐ་མལ་པའི་ཚུལ་བཟུང་ནས། དབྱངས་ཅན་མའི་སྤྲུལ་པའི་ལས་རྒྱ་མཚན་ལྡན་བཙལ། གསང་སྤྱོད་མཛད་ནས་རྫོགས་རིམ་གྱི་རྟོགས་པ་མངོན་དུ་བྱས་སྐད། དེས་ན་ཁོང་རྣམས་ཀྱི་མཛད་པ་མཐའ་ཡས། གཞན་སུ་ཡིན་ཡང་ཁ་གཏོང་མི་རུང་། ཡབ་སྲས་མཇལ་བའི་མདོ་ལས། སྨྱོ་བ་མ་ལགས་སྨྱོ་བའི་ཚུལ། །ཞ་བ་མ་ལགས་ཞ་བ་ལྟར། །རྣམ་པར་འཕྲུལ་པ་སྣ་ཚོགས་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །གསུངས་པ་ལ་མཉམ་རེ་ཞོག་དང་། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ། དེས་ན་གང་སྣང་ཐམས་ཅད་རང་ལ་ཆོས་སྟོན་

p. 99

པའི་བླ་མ་སློབ་དཔོན་གྱི་འདུ་ཤེས། སྒྲ་སྐད་ཐམས་ཅད་ཆོས་ཀྱི་རང་སྒྲ། མདོར་ན་སྣོད་བཅུད་ཐམས་ཅད་དག་པའི་འཁོར་ལོ་འབའ་ཞིག་ཏུ་མོས་པ་བྱས། ཐ་མལ་གྱི་སྣང་བ་སྐད་ཅིག་ཀྱང་མི་སྐྱེ་བར་དུས་རྒྱུན་དུ་དག་སྣང་སྦྱངས་ན། སྐབས་ཤིག་ལས་ངན་པའི་དབང་གིས་བྱུང་བའི་མ་དག་པའི་སྣང་བ་ཐམས་ཅད་དག་ནས། དག་པའི་སྣང་བ་འབའ་ཞིག་ཏུ་འཆར་སྟེ། རྗེ་རྒོད་ཚང་པས། ང་ཡིས་བླ་མའི་སྒྲུབ་པ་བྱས་པས། སྣང་སྲིད་ཐམས་ཅད་བླ་མའི་སྐུ་རུ་ཤར་ནས་ཕྱོགས་རིས་བྱ་མི་དགོས། ཐམས་ཅད་ལ་མོས་གུས་མཉམ་པོར་བྱས་པས་བྱིན་རླབས་ཀྱང་ཆེ་བ་བྱུང་། ད་ནི་རྒོད་ཚང་པ། ཕྱོགས་རིས་ཀྱི་སྒྲོག་གྲོལ། བདག་འཛིན་གྱི་མཁར་ཞིག །ཆོས་བརྒྱད་ཀྱི་སྦྲུལ་མདུད་གྲོལ། རང་འདོད་ཀྱི་རྩ་བ་ཆོད་ནས་གདའོ། །གསུངས། ང་ལ་ཅིར་སྣང་ཐམས་ཅད་བླ་མ་སྐུ་གསུམ་དུ་ཀྲོང་ངེ་བ་འདི་ཡོང་། འདི་དྲན་པས་གཟུང་དགོས་མེད་པས། ང་ལ་ལས་ངན་པ་བསག་དོན་འདུག་གེ་གསུངས། རྗེ་མི་ལས། གཡོ་བསྐོལ་བྱེད་སྣོད་ཀྱི་རྫ་རྦབ་ཏུ་འདྲིལ་ནས་ཆག་དུས། འདུས་བྱས་མི་རྟག་

p. 100

པར་སྟོན་པའི་སློབ་དཔོན་དུ་ཤར་ནས། མགུར་བཞེས་པ། རྫ་ད་ལྟ་ཡོད་པ་ད་ལྟ་མེད། །དཔེ་འདིས་ཀྱང་འདུས་བྱས་ཀྱི་ཆོས་ཀུན་མཚོན། །ཁྱད་པར་དལ་འབྱོར་གྱི་མི་ལུས་མཚོན། །ནོར་ཡོད་དགུ་འདུས་པ་མཁོ་བའི་རྫ། །རྫ་ད་ལན་ཆག་པ་བླ་མར་བྱུང་། །ཆོས་མི་རྟག་བཤད་པ་ངོ་མཚར་ཆེ། །གསུངས། སྔོན་ཇོ་བོ་རྗེ་ལ། ཉེ་གནས་ཁོང་ཁྲོ་ཚིག་རྩུབ་ཆེ་བ་ཞིག་ཡོད་པ། གཞན་གྱིས་ཉེ་གནས་འདི་མི་བཟང་བར་གདའ། བཟང་པོ་ཞིག་བཞག་ན་ལགས་ཞེས་ཞུས་ཚེ། ཇོ་བོའི་ཞལ་ནས། འདི་བས་ཉེ་གནས་བཟང་བོ་ཞིག་མེད། འདི་ངས་བཟོད་པའི་ཕར་ཕྱིན་རྫོགས་པར་བྱེད་པའི་སློབ་དཔོན་གྱི་ཆེ་ཤོས་ཡིན་གསུངས་སྐད། དེ་ལྟར་གོ་ན་མི་གཅིག་གིས་དུས་རྒྱུན་དུ་ཁོང་ཁྲོ་སློང་ཡང་། བཟོད་པ་བསྒོམ་ནུས་ན། བཟོད་པའི་ཕར་ཕྱིན་རྫོགས་པར་བྱེད་པའི་སློབ་དཔོན། གཞན་རྐྱེན་ངན་པ་ཅི་བྱུང་ཡང་སྡུག་བསྲན་བྱས་ན་སྔོན་ལས་ངན་པ་ཟད་དུ་འཇུག་པའི་སློབ་དཔོན། ལྷ་འདྲེས་ཆོ་འཕྲུལ་ཅི་བསྟན་ཡང་ལམ་དུ་འཁྱེར་ནུས་ན། ལྟ་བ་ལ་བོགས་འདོན་བྱེད་པའི་སློབ་དཔོན་སོགས་སློབ་དཔོན་དུ་མ་གྱུར་པ་གཅིག་ཀྱང་མེད། དེས་ན་དམ་

p. 101

པ་གོང་མས་མོས་གུས་དག་སྣང་འདི་ལ་ཐུགས་དམ་གྱི་མཐིལ་བྱས་ཏེ། རྗེ་རྒོད་ཚང་པས། ངས་རི་ཁྲོད་གནས་ཆེན་ལ་སོགས་པ་གང་དུ་ཕྱིན་ཀྱང་། ཆོས་སམ་སྒྲུབ་པ་ལ་མོས་གུས་དག་སྣང་བྱས། མི་མཐོང་ཚད་ལ་ཆོས་ཀྱི་འབྲེལ་བ་ཞུས། ད་དུང་དེའི་དུས་ཀྱི་ཆོས་ཚོ་མ་བརྗེད་པར་སྐད་དེ་ཡོད། གྲོགས་སུ་དང་འགྲོགས་ཀྱང་དམན་ས་བཟུང་ནས་གཡོག་བྱས་གསུངས། དེས་ན་ཀུན་ལ་དད་གུས་དག་སྣང་བྱས། མཆོད་བསྟོད་བཀུར་ནས་ཆོས་འབྲེལ་འཇོག་པ། འོ་སྐོལ་ཆོས་པ་ཀུན་གྱིས་ཐུགས་དམ་གྱི་མཐིལ་དུ་འཛིན་པ་གཅེས་སོ། །གཞན་ཡང་རྗེ་བདག་ཉིད་ཆེན་པོས་མཛད་པའི་ས་གསུམ་གྱི་སྒྲོན་མེ་ཆེན་པོ། བྱང་ཆུབ་ལམ་རིམ་ཆེན་མོའི་ཆེ་བ་བཞི་ལ། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོག་པའི་ཆེ་བ། གསུང་རབ་མ་ལུས་གདམས་པར་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་ཞེས་གསུངས་པ་འདི་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད་དེ། བསྟན་པ་ཐམས་ཅད་གསུངས་པ། ཤེས་རབ་སྒྲོན་མའི་རྒྱ་ཆེར་འགྲེལ་མཛད་པ་ལས།

p. 102

བཅོམ་ལྡན་འདས་ཀྱི་གསུང་རབ་ཅེས་བྱ་བ་ཡིན་གསུངས། རྗེ་རིན་པོ་ཆེས་ཀྱང་། རྒྱལ་བའི་ལེགས་པར་བཤད་པ་ཇི་སྙེད་པའོ་གསུངས། དེས་ན་བསྟན་པ་ཟེར་བ་འདི་རྗེས་འཇུག་འོ་སྐོལ་རྣམས་ཀྱིས་རྒྱ་ཆུང་ཆུང་ཞིག་ཏུ་གོ་མི་རུང་སྟེ། སངས་རྒྱས་ཐུགས་རྗེ་ཅན་གྱིས་སེམས་ཅན་གྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་དེ་རྒྱ་ཆུང་ཆུང་ཞིག་ཡིན་རབས་མེད། འདི་རྒྱ་ཆུང་ཆུང་ཞིག་ཏུ་གོ་ན། སྔོན་སངས་རྒྱས་ཀྱི་རྒྱ་གར་འཕགས་པའི་ཡུལ་ནས་སྐུ་ཡི་འོད་ཀྱིས་སྟོང་གསུམ་འགེངས་བཞིན། ལྷ་མིའི་གཙོ་བྱས་འགྲོ་བ་ཡོངས་ལ་ཆོས་ཀྱི་འཁོར་ལོ་དཔག་ཏུ་མེད་པ་བསྐོར་གསུངས་པ་མི་བདེན། སྤྲུལ་པ་དཔག་མེད་བཀྱེ་ནས། ཆོས་གྲངས་མེད་བསྟན་ནས། འགྲོ་བའི་དོན་འདས་མ་འོངས་ད་ལྟ་དུས་གསུམ་པོ་མཛད་ཅེས་གསུངས་པ་དེ་ཡང་རྫུན་ཡིན་ཞེས། དོན་གྱིས་སྐུར་པ་བཏབ་པར་འགྱུར་ལ། བོད་དུ་དར་བའི་བཀའ་འགྱུར་འདི་མ་གཏོགས་གཞན་སངས་རྒྱས་ཀྱི་གསུང་རབ་མེད་པར་སེམས་པ་དེ། ཁྲོན་པའི་སྦལ་བས་ཕྱིའི་རྒྱ་མཚོ་ནས་འོང་བའི་སྦལ་པ་ལ། ཕྱིའི་རྒྱ་

p. 103

མཚོ་ན། ཁོ་བོའི་ཁྲོན་པའི་ཆུ་འདི་ལས་ལྷག་མེད་སྨྲས་པ་དང་མཚུངས་པས། མཁས་པའི་བཞད་གད་ཀྱི་གནས་ཡིན་ཏེ། ཆོས་ཕུང་གི་ཆེ་ཆུང་མཐའ་གཅིག་ཏུ་མ་ངེས་ཀྱང་། ཆེ་བ་ཚོ་ན་ཤོག་བུ་ཤིན་ཏུ་སྲབ་པའི་ཕྱི་ནང་གཉིས་ཀ་སྙུག་གུ་ཁབ་རྩེ་ལྟ་བུས་ཡི་གེ་ཕྲ་མོ་བྱས། བར་མཚམས་མེད་པར་བྲིས་པའི་པོ་ཏི་གླང་ཆེན་དར་མའི་རྒྱབ་ཁལ་རེ་ཡོད་སྐད། དེ་ཡིན་ན་བོད་ལ་ཆོས་ཕུང་གཅིག་ཙམ་གྱི་ཚོད་ཡང་མ་འོང་བར་གདའ། རྒྱ་གར་གྱི་དགོན་པ་གཅིག་ན། རྙིང་རྒྱུད་ཀྱི་ཆོས་གཅིག་པུ་བརྩིགས་ཡོད་པའི་རྒྱབ་ཡིག་གཅིག་པུ་འབྲི་རྒྱུ་ཡིན་ཡང་། བཀའ་འགྱུར་ཙམ་ཞིག་ཡོང་སྐད། ཇོ་བོ་རྗེ་རིན་པོ་ཆེས་ཀྱང་། བོད་ན་མདོ་སྡེ་ལ་བལྟ་རྒྱུ་མེད་པས་ཁོ་བོའི་དད་པ་འགྲིབ་གསུངས་སྐད། དེ་རྣམས་ལ་དགོངས་ནས། ཕྱག་ན་པདྨོ་དངོས་རྒྱལ་དབང་ལྔ་པ་རིན་པོ་ཆེས། སྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །ཐག་སྙོམས་ཚེམས་དཀར་འཛུམས་པའི་ཞལ་སྒོ་ལས། །མཐའ་ཀླས་ཆོས་ཀྱི་ཕུང་པོ་གསུངས་སོ་ཅོག །གྲངས་མེད་སྐྱེ་དགུའི་ཉེར་འཚོ་རྩི་སྨན་ལྗོན། །འགྲོ་ཀུན་ཉོན་མོངས་གངྒཱའི་ཀླུང་རྡུལ་

p. 104

བཞིན། །ཕྲ་མོར་འབྱེད་ནུས་སངས་རྒྱས་ཁོ་ནའི་ཡུལ། །ཡིན་ཕྱིར་སྙིང་པོའི་གསུང་རབ་ཕ་མཐའི་ཚད། །ཚུར་མཐོང་བྱིས་བློས་གཞལ་བར་ག་ལ་ནུས། །གསུངས། དེས་ན་བསྟན་པ་ཐམས་ཅད་ཟེར་བ་དེ་སྟོང་གསུམ་མི་མཇེད་འཇིག་རྟེན་གྱི་ཞིང་ཁམས་ཡངས་པ་འདི་ནི། སྟོན་པ་སངས་རྒྱས་ཀྱི་གདུལ་བྱ་ཞིག་གི་གཙོ་བོ་ཡིན་པས། འདི་ན་ས་སྐྱ། དགེ་ལུགས། རྙིང་མ། བཀའ་རྒྱུད་པ་སོགས་ཆོས་ལུགས་མི་འདྲ་བ་སྣ་ཚོགས་དར་ཡོད་པ་འདི་ཐམས་ཅད་ལ་བསྟན་པ་ཟེར་དགོས། འདི་ཐམས་ཅད་སངས་རྒྱས་ཀྱིས་དངོས་སུ་གསུངས་པ་དང་། གཞན་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཆོས་རྒྱལ་པཎ་གྲུབ་སོགས་ཀྱི་སྐུར་སྤྲུལ་ནས་བསྟན་པ་ཤ་སྟག་ཡིན། འདི་ལ་བསྟན་པ་མི་ཟེར་ན་གང་ལ་ཟེར། འོ་ན་བསྟན་པ་ཐམས་ཅད་འགལ་མེད་དུ་ཇི་ལྟར་རྟོགས་དགོས་ཟེར་ན། ཆོས་ཤིག་ཡིན་ཕྱིན་ཆད་སེམས་ཅན་རྣམས་འཁོར་བ་དང་། ཁྱད་པར་ངན་སོང་དུ་ལྷུང་ནས་སྡུག་བསྔལ་མྱོང་བའི་རྒྱུ་སྐྱོན་གྱི་རིགས་ཐམས་ཅད་འགོག་ཐབས་དང་། མངོན་མཐོ་ལྷ་མིའི་གོ་འཕང་། ངེས་ལེགས་ཐར་པ་དང་། ཐམས་ཅད་མཁྱེན་པའི་

p. 105

གོ་འཕང་ཐོབ་ནས་བདེ་སྐྱིད་མྱོང་བའི་རྒྱུ། ཡོན་ཏན་གྱི་རིགས་མཐའ་དག་སྒྲུབ་པའི་ཐབས་ཤ་སྟག་ཡིན་པས། ཆོས་གང་བསྒྲུབས་ཀྱང་། སྐྱོན་སྣ་རེ་འགོག་པ་དང་། ཡོན་ཏན་སྣ་རེ་མི་བསྐྱེད་པའི་ཆོས་གཅིག་ཙམ་ཡང་མེད་ལ། ཆོས་ལུགས་ཐམས་ཅད་སྐྱོན་འགོག་པ་དང་། ཡོན་ཏན་སྒྲུབ་པའི་ཐབས་སུ་གཅིག་པས་ཕན་ཚུན་དོན་གྱིས་མི་འགལ། གདུལ་བྱ་མཐའ་ཡས་པའི་དབང་གིས་སྐྱོན་ཆོས་གཅིག་གིས་འགོག་མ་ནུས་པ་གཅིག་གིས་འགོག་ནུས་པ་དང་། ཡོན་ཏན་ཆོས་གཅིག་གིས་སྒྲུབ་མ་ནུས་པ་གཅིག་གིས་སྒྲུབ་ནུས་པ་ཡོད་སྲིད། སྔགས་ནས་འདོད་ཡོན་ལྔ་དང་། ལས་རྒྱ་བསྟེན་པ་སོགས་གནང་བ། མདོ་འདུལ་བ་ནས་བཀག་པ་ལྟ་བུའི་གནང་བཀག་མི་འདྲ་བ་མང་པོ་ཡོད་པ་རྣམས་ཀྱང་། གང་ཟག་གི་བློ་ཁའི་མཐོ་དམན། དགོས་པ་ཆེ་ཆུང་། གནང་བཀག་གི་སོ་མཚམས་གང་ཡིན་སོགས་ཤེས་ན། བསྟན་པ་ཐམས་ཅད་ནང་ཕན་ཚུན་འགལ་བ་ཕར་ཞོག །གཅིག་གྲོགས་སུ་གཅིག་འགྲོ །བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པ་དེ་ལ་ཟེར་དགོས་ཏེ། བསྔགས་འོས་བསྔགས་

p. 106

བསྟོད་ལས། གནང་བ་དང་ནི་བཀག་པ་ལ། ཁྱོད་བཀའ་ལ་ལར་གཅིག་ཏུ་ངེས། །ལ་ལར་ངེས་པ་མ་ལགས་ལ། །ཕན་ཚུན་འགལ་བའང་མ་མཆིས་སོ། །གསུངས། པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་རྒྱན་གྱིས། ལྷན་ཅིག་སྐྱེས་སྦྱོར་གའུ་མ། །ལྔ་ལྡན་རོ་སྙོམས་ཡི་གེ་བཞི། །ཞི་བྱེད་གཅོད་ཡུལ་རྫོགས་ཆེན་དང་། །དབུ་མའི་ལྟ་ཁྲིད་ལ་སོགས་པ། །སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱིས་རྣལ་འབྱོར་པས། །དཔྱད་ན་དགོངས་པ་གཅིག་ཏུ་འབབ། ཞེས་དང་། གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས། །རྫོགས་ཆེན་དང་ཕྱག་ཆེན་དབུ་མ་གསུམ། །མཁས་པས་བལྟས་ན་གཅིག་ཏུ་འདུག །བླུན་པོ་ཆོས་སྤོང་མཛད་འདོད་རྣམས། །སོ་སོར་ཕྱེ་ལ་ང་ཡིར་བསྒོམས། །དམ་པའི་ཆོས་རྣམས་དགོངས་པ་གཅིག །གསུངས། དེ་ལྟར་བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་ན་རྒྱལ་བའི་གསུང་རབ་ཐམས་ཅད་སེམས་ཅན་ལ་འཕྲལ་ཡུན་གྱི་ཕན་བདེ་སྒྲུབ་པའི་ཐབས་སུ་འདུག །ནང་ན་འདི་སུ་ལ་མི་མཁོ་ཞེས་འདོར་རྒྱུ་གཅིག་ཙམ་ཡང་མི་འདུག་སྙམ།

p. 107

བླ་མ་གོང་མ་རྣམས་ཀྱི་རྣམ་ཐར་བཞིན་བཀའ་ཐམས་ཅད་གདམས་པར་འཆར་སྟེ། ཇོ་བོའི་སློབ་མ་སྒོམ་པ་རིན་ཆེན་བླ་མས། ཨ་ཏི་ཤའི་གདམས་ངག་ལ་སྟན་ཐོག་གཅིག་ཏུ་ལུས་ངག་ཡིད་གསུམ་རྡུལ་དུ་བརླག་པས། གཞུང་ལུགས་ཐམས་ཅད་གདམས་ངག་ཏུ་གོ་བ་ཞིག་བྱུང་གསུངས། རྣལ་འབྱོར་པ་བྱང་ཆུབ་རིན་ཆེན་གྱིས། གདམས་ངག་ལ་ནང་བྱན་ཚུད་པ་ཞེས་པ་ནི་བེ་བུམ་ལག་མཐིལ་ཙམ་ཞིག་ལ་ངེས་པ་རྙེད་པ་ལ་མི་ཟེར་གྱི། གསུང་རབ་ཐམས་ཅད་གདམས་ངག་ཏུ་གོ་བ་ལ་ཟེར་གསུངས། འབྲོམ་སྟོན་པ་རིན་པོ་ཆེས། བསྟན་པ་ཐམས་ཅད་གྲུ་བཞིར་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས་གསུངས་ཏེ། ཚིག་འདི་དཔྱད་གཞི་ཤིན་ཏུ་ཆེ་བ་ཡིན་ནོ་ཞེས་རྗེ་ཐམས་ཅད་མཁྱེན་པས་གསུངས། ཡང་ཉིད་ཀྱི་ཞལ་ནས། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །བར་དུ་གཞུང་ལུགས་ཐམས་ཅད་གདམས་པར་ཤར། །ཐ་མ་ཉིན་མཚན་ཀུན་ཏུ་ཉམས་སུ་བླངས། །གསུངས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། ཐོས་བསམ་བྱས་ནས་ལོ་ཤས་སོང་། །ད་ལྟ་གཞུང་ལུགས་ཀུན་ལ་མཁས། །

p. 108

ཕྱོགས་གཅིག་ཁ་འཛིན་བདག་ལ་མེད། །བདེ་སྐྱིད་མཚོ་མོ་རྡོལ་བ་ལགས། །གསུངས། རྒྱལ་བ་སྐལ་བཟང་རྒྱ་མཚོས། རྣམ་ཐར་གཙང་མ་དགེ་ལྡན་བཀའ་རྒྱུད། །ཕྱོགས་རེ་འཛིན་པའི་གྲུབ་མཐའ་མིན་ནོ། །གསུང་རབ་ཐམས་ཅད་གདམས་པར་ཤར་བས། །བཤད་སྒྲུབ་བསྟན་པའི་ཉིང་ཁུ་ལགས་སོ། །གསུངས། རྒྱལ་དབང་ལྔ་པས། དེ་ལྟར་མཆོག་དམན་ཐེག་པའི་རྣམ་གྲངས་ཀུན། །མ་འདྲེས་ཉམས་སུ་ལེན་ལ་མཐུ་ཞན་ཡང་། །བསྟན་པ་ཐམས་ཅད་དགོངས་དོན་འགལ་མེད་དུ། །གདམས་པར་ཤར་ནས་རྒྱུད་ཐོག་འགེལ་བ་གནད། །གསུངས། དེ་ལྟར་གསུང་རབ་ཐམས་ཅད་གདམས་པར་ཤར་ན། རྒྱལ་བའི་བཀའ་འདི་ནི་སྐྱོན་འདི་འགོག་པའི་ཐབས་དང་། འདི་ནི་ཡོན་ཏན་འདི་བསྒྲུབ་པའི་ཐབས་རེད་སྙམ་ནས་རྒྱལ་བའི་བཀའ་ཐམས་ཅད་ཀྱི་དགོངས་དོན་བདེ་བླག་ཏུ་རྙེད། དེ་ལྟར་རྒྱལ་བའི་བཀའ་རྣམས་ཀྱི་དགོངས་པ་རྙེད་ན། ཆོས་འདི་བཟང་འདི་ངན་ཞེས་འདོར་བའི་ཆོས་སྤོང་གི་ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ། དེ་ལྟར་ཉེས་སྤྱོད་རང་འགགས་སུ་སོང་ན་ལོག་རྟོག་གི་མུན་པས་ནམ་ཡང་སྒྲིབ་མི་ནུས་པར།

p. 109

གྲུབ་མཐའ་ཐམས་ཅད་ལ་དད་གུས་དག་སྣང་གི་ཉི་མ་ཕྱོགས་མེད་དུ་འཆར་བར་འགྱུར་བས་གནད་ཤིན་ཏུ་ཆེ། དེ་ལྟར་མ་གོ་བར་རྗེས་འཇུག་འོ་སྐོལ་རྣམས་ཀྱིས་ཆོས་ལ་བཟང་ངན་ཕྱེ། ཆགས་སྡང་གི་དབང་གིས་གཞན་གྱི་གྲུབ་མཐའ་སྨད་ན། ས་གསུམ་གྱི་སྒྲོན་མེ་ལམ་རིམ་ཆེན་མོའི་ཆེ་བ་བཞི་ཡང་འཆོར་དུ་བཅུག་པ་ཡིན་པས། རྗེས་འཇུག་ཆོས་པ་རྣམས་ཀྱི་མཚང་དུ་དེ་བས་ཆེ་ཞིག་གཞན་ན་ཡོད་པར་མ་སེམས། དེང་སང་འགའ་རེ་ཆོས་ལུགས་རེ་རེ་ཙམ་ལ་ཞེན་ནས། གཞན་གྱི་གྲུབ་མཐའ་ལ་དགག་པ་གཏོང་བ་ཆོས་མ་ཤེས་པའི་རང་མཚང་ཕྱིར་བསྟན་པ་ཡིན་ཏེ། འགོག་རྒྱུ་ཡིན་ན། བོད་ཀྱི་གྲུབ་མཐའ་འདི་ཆ་བོ་བཀག་པས་ཅི་ལ་ཕན། འགྲོ་བ་ཡོངས་ཀྱི་སྐྱབས་མགོན་སངས་རྒྱས་ཐུགས་རྗེ་ཅན་ལ། ཁྱེད་ཀྱི་སྔ་སོར་འགྲོ་བ་ཡོངས་ལ་ཆོས་ཀྱི་འཁོར་ལོ་མཐའ་ཡས་པ་བསྐོར་སྣང་། གཅིག་བསྐོར་བས་མདོ། མང་པོ་བསྐོར་ནས་ཅི་བྱ། ད་ཕྱིན་ཆད་འཇིག་རྟེན་ཁམས་སུ་སྤྲུལ་པ་དཔག་མེད་འགྱེད་ནས་ཆོས་གྲངས་མེད་མ་སྟོན། ཞལ་རོག་གེ་བཞུགས་ཞེས་ཆུ་མགོ་ནས་འོང་གི་མ་འཇུག །སངས་

p. 110

རྒྱས་ཀྱི་གདུལ་བྱའི་ཞིང་སྟོང་གསུམ་འཇིག་རྟེན་གྱི་ཁམས་ཀྱི་གྲུབ་མཐའ་གཞན་ཡོད་ཚད་པོ་ཁོག །ད་ངས་བསམ་ན་ཁྱོད་ཀྱིས་གྲུབ་མཐའ་དེ་ཐམས་ཅད་འགོག་ནུས་པ་ཕར་ཞོག །སྟོད་རྒྱ་གར་ནས་སྨད་རྒྱ་ནག་ཡུལ་ཡན་ཆད་ལ་དར་ཡོད་པ་ཡང་འགོག་མི་ནུས། དེ་ཕར་ཞོག་བོད་གངས་ཅན་ཁྲོད་ཀྱི་གྲུབ་མཐའ་ཀུན་ཀྱང་འགོག་མི་ནུས། གལ་ཏེ་ཁྱོད་ཀྱི་རིང་ལ་ཅུང་ཟད་འགོག་ནུས་ཀྱང་། ཤི་མ་ཐག་ནས་སླར་སྔར་བས་ཇེ་དར་དུ་འོང་། ཚེ་ཐུང་ནམ་འཆི་ཆ་མེད། སྔོན་གྱི་དམ་པ་སྐྱེས་མཆོག་གོང་མ་རྣམས་ཀྱི་གསུང་བཞིན་དད་གུས་དག་སྣང་གི་ལྡེ་མིག་གིས་ཐར་པའི་སྒོ་ཆེན་ཕྱེ་ནས། ཡར་ཐམས་ཅད་མཁྱེན་པའི་དྲུང་དུ་འགྲོ་མི་ཐུབ་ཀྱང་། ཆོས་སྤོང་གི་འབྱེད་ཤིང་བརྒྱབས་ནས་དམྱལ་བའི་ཟངས་ཆེན་གྱི་ཁ་ཡང་ཕྱེ་ནས་ཁྲོ་ཆུ་ཁོལ་མའི་ནང་དུ་མིག་ཟུམ་ནས་མར་ལ་ལྡིང་མ་བཞག་ན་བཟང་། སྔོན་གྲུབ་པ་གཅིག་གིས་ཁོ་བཟང་ཚུལ་བཟང་རབས་བརྗོད། གཞན་ཁོང་རྣམ་པ་འགའ་རེ་ལ་སྨད་ར་བཏང་ཚེ། གྲྭ་པ་ཁ་རྒོད་ཅིག་གིས། ཁྱོད་རྟ་བརྒྱའི་ཁྱུའི་རྟ་མཆོག་མ་རེད་ད། རྟ་བརྒྱའི་ཁྱུའི་རྔོ་བོ་དེ་རེད་ཅེས་སྨྲས་པ་ལྟར། ད་ལྟ་གྲུབ་མཐའ་

p. 111

ཕྱོགས་ཞེན་ཆེ་བ་རྣམས་བསྟན་འཛིན་གྱི་གཙོ་བོ་མ་རེད་ད། བསྟན་བཤིག་གི་དཔོན་པོ་ཡིན་པར་འདུག །སྔོན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔའི་རྣམ་ཐར་ལྟར། ཐབས་མཁས་བསྡུ་བཞིའི་སྒོ་ནས་བསྟན་པ་དང་སེམས་ཅན་ལ་ཕན་ཞིག་མ་ཐོགས་ན། མི་སེམས་ལ་ཚིག་ངན་དང་། གཡག་སེམས་ལ་གྲི་མ་འཇོག་ཟེར་བ་ལྟར། ཚིག་ངན་སྨྲས་ནས་གཞན་ལ་ཕན་མི་ཐོགས། ཁོང་ཁྲོ་སྐྱེ་རུ་བཅུག་ནས་ཅི་བྱ། རང་ནམ་འཆི་ཆ་མེད་པས། སོར་བཅུ་སྙིང་ཁར་ཁྲོམ། ཁོང་ཡིག་ནང་ནས་ཀློག་དང་། དེ་ལ་དོན་གོ་སྤུ་ཙམ་མེད། ཆོས་ཡིན་མིན་འགོག་དགོས་མི་དགོས། ལས་རྒྱུ་འབྲས་བརྩི་མི་བརྩིའི་སྟེང་ནས་འཇོག །ལས་རྒྱུ་འབྲས་བརྩི་ན་སུས་ཇི་སྐད་ཟེར་ཡང་ཆོས་ཡིན་འགོག་མི་དགོས། མི་བརྩི་ན་གང་ཡིན་ཡང་ཆོས་ལོག་ཡིན་པས་འགོག་དགོས་ཏེ། མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །གསུངས། དེང་སང་བླ་མ་འགའ་རེས་འགོག་ན། སྙིང་རྗེ་ཆེན་པོའི་སྒོ་ནས་བསོད་

p. 112

སྙོམས་བྱེད་དུས། ཡོན་བདག་རྣམས་ཀྱིས་ར་ལུག་བརྒྱ་སྟོང་མང་པོ་གསོད་པ་དང་། གཅོད་སྔགས་རྣམས་ཀྱིས་གྲོང་ཆོག་བྱེད་དུས་ར་ལུག་གི་དོན་སྙིང་བླངས། གཡང་གཞི་བརྒྱངས་པ་དང་། གཙུག་ལག་ཁང་དང་དགོན་པའི་ཐག་ཉེ་ན། ཤན་པས་རྭའི་ཁང་པ་ཕུག །ཤའི་རི་བརྩིགས། ཁྲག་གི་མཚོ་བསྐྱིལ་བ་དང་། ཁྱིམ་པ་ཕོ་མོ་རྣམས་ཀྱིས་ཆོས་སམ། འཇིག་རྟེན་གྱི་ཁ་གསོ་མ་ཤེས་པར་སྲོག་གཅོད་རྐུ་འཕྲོག་སོགས་མི་དགེ་བའི་ལས་ལ་རྟག་ཏུ་རྔམས་ནས། ནང་པ་སངས་རྒྱས་ཀྱི་བསྟན་པའི་མིང་མ་འགྱུར་བ་མ་གཏོགས། དོན་གྱི་གནས་འགྱུར་ནས། ཕྱི་རོལ་པ་ཕལ་ཆེར་གྱིས་ཅི་བྱ་ལག་ལེན་ལ་འདེབས་པ་འདི་རྣམས་ཁོག་དང་། རང་གཞན་ལ་ཕན་བདེ་འབྱུང་བས་ནང་པ་སངས་རྒྱས་ཀྱི་བསྟན་འཛིན་དེ་ལ་ཟེར། འདི་རྣམས་མ་ཁོག་ན་ཕྱི་ནང་གཉིས་ལ་དོན་གྱི་ཁྱད་པར་མེད་པར་མ་ཟད། ཕྱི་རོལ་པ་ཁ་ཅིག་གིས་སྡིག་ལ་འཛེམ་པས་ལེགས་ཏེ། སྤྱན་སྔ་བས། མུ་སྟེགས་རྣམས་ཀྱི་རྒྱངས་འཕེན་པ་ནམ་ཡང་ཐ་ཆད་པ་ཡིན་པས། སྤྱོད་པ་ཡང་ཕལ་ཆེར་མི་དགེ་བ་ཉིད་ཡིན་ལ། ཁ་ཅིག་འཚེ་བ་ཆོས་སུ་སྨྲས་པ་སོགས་

p. 113

དགེ་མི་དགེ་འདྲེས་མར་སྤྱོད་པ་དང་། གཅེར་བུ་བ་སོགས་སེམས་ཅན་ལ་གནོད་འཚེ་གཏན་ནས་མི་རུང་བར་འདོད་དེ། ལུག་དང་སྲིན་བུ་སོགས་ལ་མི་གནོད་པའི་ཕྱིར། གོས་ཡང་མི་གོན་པར་འདོད་ལ། མུ་སྟེགས་བསམ་གཏན་ཐོབ་པ་རྣམས་ནི་ནམ་ཡང་མི་དགེ་བ་སྤང་པ་ཡིན་ནོ། །གསུངས། དེས་ན་ལས་རྒྱུ་འབྲས་ལ་མི་འཛེམ་པར་ཆགས་སྡང་གིས་གཞན་གྱི་གྲུབ་མཐའ་སྨད་ན། རང་གཞན་ལ་སྡིག་སྡུག་གཏམ་ངན་གྱིས་གྱོད་ཕམ་ཁ་སོགས་མི་འདོད་སྣ་དགུ་ཡོད་པས། བསྟན་བཤིག་དེ་ལ་མི་ཟེར་ན་སུ་ལ་ཟེར། དེ་འདྲའི་ཆགས་སྡང་མཁན་ཐམས་ཅད་བསྟན་འཛིན་ཡིན་ན། ཕྱིས་བོད་བསོད་ནམས་ཆེ་ཚད་རེད། ཁྱི་དང་ཕག་གཉིས་ཀྱང་མི་འགྲིག་པར། མཆུ་གཉེར་ནས་བསྟན་པ་འཛིན་པར་སྣང་། སྔོན་འགའ་རེས་གྲུབ་མཐའི་ལ་རྒྱ་བརྩད་ནས་གཞན་ལ་མཐུ་བྱས་ཚེ། འབྲུག་པ་ཀུན་ལེགས་ཀྱིས། དེ་རིང་གི་གཏོར་རྒྱག་འདི་ངས་བྱེད་ཅེས། གཏོར་མ་ལག་ཏུ་ཕྱར་ནས། ཧཱུྃ། ང་ནི་སྨྱོན་པ་གཟའ་རོ་ཡིན། ཁྱོད་ནི་རྩམ་པ་ལོག་ཐོ་ཡིན། །སུ་ལ་ཕན་ཞིང་སུ་ལ་གནོད། ཁྱི་རྒན་རྒྱ་

p. 114

བོ་ཚིམ་གྱུར་ཅིག །ཅེས་འཕངས་ཟེར་བ་ལྟར། དེང་སང་ཕྱོགས་རིས་ཆགས་སྡང་གི་གཟའ་གདོན་གྱིས་མྱོས་ནས། བདག་བསྟོད་གཞན་སྨོད་ཀྱི་རྩམ་ཟོར་འཕེན་པ། བསྟན་པ་སུ་ལ་ཕན་ནས་སུ་ལ་གནོད། ཁོ་རང་གི་འདོད་པ་དེ་ཚིམ་གྱུར་ཅིག །ཅེས་མཁས་པ་རྣམས་ཀྱིས་དེ་འདྲའི་གཏམ་བརྒྱ་སྟོང་གོ་ཡང་བཏང་སྙོམས་སུ་འཇོག་པ་གདམས་ངག་གི་ཆེ་ཤོས་ཤིག་ཡིན། མི་ངན་གྱི་ཁ་མ་སློག །རུལ་མའི་སྣོད་མ་སློག །ཟེར་བ་དང་། བཤད་ཚད་མི་བདེན། བཤས་ཚད་མི་ཚོ་ཟེར་བ་དང་། ཁ་དབྱེན་གྱི་རྗེས་དེད་ན་འཁོན་འཛིངས་ཀྱི་རྒྱུན་མི་འཆད་ཟེར་བ་དང་། ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་ལག་པས་སྐྱོར་ན་གཅོག་ནི་མེད་ཟེར་བ་དང་། ཁ་ནི་ཁ་མཆུ་ཀུན་གྱི་རྩ་བ་ཡིན། །འདི་ལ་སྒོ་ལྕགས་ཡོད་ན་ཅི་མ་རུང་། །ཟེར་བ་སོགས་ལ་རྟོག་དཔྱོད་ཞིབ་ཏུ་ཐོངས། མི་ལ་རྟོག་དཔྱོད་མེད་ན་དུད་འགྲོ་ཡིན། །རྟ་ལ་གོམ་འགྲོས་མེད་ན་བོང་བུ་ཡིན། །མི་ཟེར་རམ། སྔོན་གྲྭ་བ་ཞིག་གིས་ཕོར་བ་ཆེན་པོ་ཞིག་ཚོགས་ལ་ཁྱེར་འོང་ཚེ། དགེ་བསྐོས་ཀྱིས་ཁྱེད་ཚོས་ཕོར་བ་ཁ་ནས་ཧོས་བཏབ་ན་ཞབས་ནས་མི་གོ་བ་རེ་

p. 115

བཟུང་ནས། ཞེས་ཚོགས་གཏམ་བཏང་ཚེ། གྲྭ་བ་གཞན་ཞིག་གིས་ཕོར་བ་ཆེ་བ་འཛིན་མཁན་དེ་ལ། ཀ་ཁྱོད་ལ་བཤད་པ་རེད་སྨྲས་ཚེ། དེ་ན་རེ། ཁོ་བོ་ལ་བཤད་ནི་མ་ཡིན་པར་མ་ཟད། འདུ་ཁང་ནང་འདིར་འཚོགས་པ་ཡོངས་ལ་བཤད་ནི་མ་རེད། དེའི་རྒྱུ་མཚན་འདུ་ཁང་གི་རྒྱ་མཐོང་ཁ་ནས་ཀུ་བཏབ་ན་ནང་གི་གོ་ཁི། ཕོར་བའི་ཁ་ནས་ཧོས་བཏབ་ན་ཞབས་ནས་མི་གོ་བའི་ཆེན་པོ་ཞིག་ཚོགས་ནས་འཛིན་ཚུལ་ལ་མེད་པའི་ཕྱིར་རོ། །ཞེས་སྨྲས་པ་ལྟར། དབུ་རྫོགས་ཕྱག་རྒྱ་བ་རེ་རེ་ཙམ་གྱིས་རྒྱལ་བའི་བཀའ་ཡི་དགོངས་པ་མ་ལོན་པར་ཉེས་བཤད་གླེན་གཏམ་ཁྲོམ་དུ་བསྒྲགས་ཚེ། མཁས་གྲུབ་འགའ་རེས་དབུ་མ་རྟོག་གེ་བའམ། ཕྱག་རྫོགས་པ་བླུན་པོ་འདི་ཞེས་བརྙས་སྨོད་བྱེད་པ་དེ། ཀུན་ལ་བཤད་ནི་མ་ཡིན་པ་ཧ་གོ་དགོས། དེའི་རྒྱུ་མཚན་དབུ་རྫོགས་ཕྱག་རྒྱ་བའི་སྐྱེས་བུ་དམ་པ་རྣམས་ལ་ནོར་འཁྲུལ་ཞིག་ཡེ་མི་སྲིད་པའི་ཕྱིར་རོ། །འོ་ན་གྲུབ་མཐའ་ཐམས་ཅད་ཀྱིས་གཅིག་གིས་གཅིག་ལ་དད་གུས་དག་སྣང་ཞིག་མི་འོང་བར། ཕྱོགས་རིས་ཆགས་སྡང་བདག་བསྟོད་གཞན་སྨོད་བྱེད་པ་འདི་གང་གིས་

p. 116

ལན་ཟེར་ན། འོ་དེ་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་གཞི་ཅན་གྱི་གསུང་འདི་འདྲའི་དགོངས་པ་མ་ལོན་པར་ཕྱིན་ཅི་ལོག་ཏུ་གོ་བས་ལན་པ་ཡིན་ཏེ། རྒྱུད་ཆེན་དགྱེས་པ་རྡོ་རྗེ་ལས། གང་ཞིག་དགྱེས་རྡོར་མི་ཤེས་པ། །དེ་ནི་ངལ་བ་དོན་མེད་ཡིན། ཞེས་དང་། རྗེ་བཙུན་དུས་འཁོར་ཞབས་ཀྱི་ཞལ་ནས། དུས་ཀྱི་འཁོར་ལོ་ཞེས་པ་འདི་མ་ཤེས་ན། ཆོས་གང་གིས་ཀྱང་སངས་རྒྱས་མི་སྲིད། ཅེས་དང་། འཁོར་ལོ་བདེ་མཆོག་ལས། སྙིང་པོ་འདི་ནི་མི་ཤེས་པ། །གཞན་དག་སྙིང་པོ་མེད་པར་མཚུངས། །ཞེས་དང་། བདེ་མཆོག་འཁོར་ལོ་མི་ཤེས་པ། །བླུན་པོ་ཕུབ་མ་བརྡུང་དང་མཚུངས། །ཞེས་དང་། རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་འོངས་ད་ལྟ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་དང་། རྒྱལ་པོ་སྲོང་བཙན་སྒམ་པོས་མཛད་པའི་མ་ཎི་བཀའ་འབུམ་ལས། ཆོས་འདི་ནི་འབྲས་བུ་དང་འདྲ། གཞན་ཐམས་ཅད་ཕུ་བ་མ་དང་འདྲ་གསུངས། ཏེ་ལོ་བའི་ཞལ་ནས། སྔགས་སུ་སྨྲ་དང་ཕ་རོལ་ཕྱིན་པ་དང་། །འདུལ་བ་མདོ་སྡེ་སྡེ་སྣོད་ལ་སོགས་པ། །རང་རང་གཞུང་དང་གྲུབ་

p. 117

པའི་མཐའ་ཡིས་ནི། །འོད་གསལ་ཕྱག་རྒྱ་ཆེན་པོ་རྟོགས་མི་ནུས། །ཞེ་འདོད་འཛིན་པས་འོད་གསལ་མཐོང་མི་འགྱུར། །རྟོག་པའི་སྲུང་སྡོམ་དམ་ཚིག་དོན་ལས་ཉམས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་རིག་པ་གཅེར་མཐོང་ངོ་སྤྲོད་ལས། འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཐེག་དགུའི་བཤད་པ་ཤེས་བྱར་མཁས་གྱུར་ཀྱང་། །མ་མཐོང་རྒྱང་གི་གཏམ་རྒྱུད་བསྙད་པ་བཞིན། །སངས་རྒྱས་ས་ལ་སྐད་ཅིག་ཉེ་མི་འགྱུར། །ཞེས་དང་། མ་གཅིག་གི་ཞལ་ནས། བྱས་པས་ཕུང་། བསྒོམས་པས་གོལ། བསམས་པས་བརླག །སྐྱུར་ལ་ཐོངས། གློད་ལ་ཞོག །ཡན་པར་ཞོག །སངས་རྒྱས་ཐོབ། བྱང་ཆུབ་འགྲུབ། ཅེས་དང་། སམྦུ་ཊིའི་རྒྱུད་ལས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་དག་གི་ཆོ་གས་ནི། །ལུས་ཀྱི་དེ་ཉིད་མི་ཤེས་པས། །དེ་དག་ཐམས་ཅད་འབྲས་བུ་མེད། །གསུངས། ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས། བོད་ཀྱི་གདམས་ངག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ཀྱང་། ངའི་ལུས་གནད་གཅིག་པུ་ལ་ཡང་མི་དོ་གསུངས་སྐད། སློབ་དཔོན་ཟླ་བ་གྲགས་

p. 118

པའི་ཞལ་ནས། སློབ་དཔོན་ཀླུ་སྒྲུབ་ཞབས་ཀྱི་ལམ་ལས་ནི། །ཕྱི་རོལ་གྱུར་ལ་ཞི་བའི་ཐབས་མེད་དོ། །དེ་དག་ཀུན་རྫོབ་དེ་ཉིད་བདེན་ལས་ཉམས། །དེ་ལས་ཉམས་པས་ཐར་པ་འགྲུབ་ཡོད་མིན། །ཞེས་དང་། འདས་རྗེས་དོན་ཁྲིད་ལས། ཡང་གསང་སྙིང་ཐིག་མངོན་སུམ་མན་ངག་འདི། །གང་གིས་རེག་པ་མྱང་འདས་དངོས་ལ་སྦྱོར། །ཐེག་བརྒྱད་ཨ་ཏི་ཐེག་དགུ་སྐོར་གསུམ་གྱིས། །འདི་ཉིད་དོན་ལ་རེག་པ་མ་ཡིན་ནོ། །ཞེས་དང་། རྙིང་མའི་བཏགས་གྲོལ་རྒྱུད་ལས། རྒྱུད་འདི་མ་རྟོག་དགེ་བ་བཅུ། །སྤྱད་ཀྱང་འཁོར་བ་ལས་མི་གྲོལ། །དེ་སྔར་མཚམས་མེད་ལྔ་སྤྱད་ཀྱང་། །འདི་ཕྲད་ངན་སོང་ལྟུང་མི་སྲིད། །ཅེས་དང་། ཕ་རོལ་ཕྱིན་བཅུ་སྙིང་པོའི་རྒྱུད། །ཡང་དག་རྒྱུད་འདི་མ་རྟོགས་ན། །དུས་གསུམ་ཀུན་ཏུ་སངས་མི་རྒྱ། །ཞེས་དང་། རིམ་ལྔ་ལས། བདག་ལ་བྱིན་གྱིས་བརླབ་པའི་རིམ། །གང་གིས་རྙེད་པར་མ་གྱུར་པ། །མདོ་སྡེ་རྒྱུད་དང་རྟོག་པ་ལ། །དེ་ཡི་ངལ་བ་དོན་མེད་འགྱུར། །བདག་ལ་བྱིན་རླབས་རིམ་ཐོབ་པས། །གཙོ་བོ་སངས་རྒྱས་ཀུན་བདག་ཉིད། །ཚེ་འདི་ཉིད་ལ་སངས་རྒྱས་ནི། །ཐེ་ཚོམ་

p. 119

མེད་པར་འཐོབ་པར་འགྱུར། །ཞེས་དང་། དོན་གསལ་མེ་ལོང་ལས། འདི་མེད་གང་ཟག་གཞན་སྤྱོད་པ། །བསྐལ་པར་ཉན་བསམ་བསྒོམ་བསྒྲུབས་ཀྱང་། །བསྐལ་པར་སངས་རྒྱས་རེ་བ་མེད། །ཅིའི་ཕྱིར་མངོན་སུམ་གནད་མ་རྟོགས། །ཐེག་གསུམ་ཐེག་དགུའི་ཆོས་རྣམས་ཀྱིས། །འདི་ཉིད་དོན་ལ་རེག་པ་མེད། །འདི་ནི་ཀུན་ལས་ཁྱད་པར་འཕགས། །ཞེས་དང་། རྫོགས་ཆེན་པདྨ་གསང་ཐིག་ལས། ཉམས་ལེན་གནད་དྲིལ་འདི་འདྲ་སྲིད་པ་ཙམ། །རྒྱལ་དབང་པདྨའི་ཐུགས་ཀྱི་ཡང་ཐིག་ཏེ། །ཉམས་སུ་སུས་བླངས་ཚེ་གཅིག་འཇའ་ལུས་འགྲུབ། ལུང་ཐོབ་ཙམ་གྱིས་བདེ་ཆེན་ཞིང་དུ་བགྲོད། །ཅེས་དང་། མི་གཡོ་བའི་རྟོགས་པ་ལས། བྱང་ཆུབ་སེམས་ནི་བརྟན་བྱས་ནས། །སྔགས་ཀྱི་དངོས་གྲུབ་གསུངས་པ་སྟེ། །གཞན་དུ་སྔགས་གྲུབ་ཆོ་ག་ཡི། །བྱ་བ་ཐམས་ཅད་འབྲས་བུ་མེད། །དངོས་པོ་ཐམས་ཅད་མདོར་བསྡུས་པས། །རང་བཞིན་མེད་ཉིད་བསམ་པ་ལས། །བྱང་ཆུབ་སེམས་ནི་ངེས་པར་ཐོབ། །གཞན་དུ་འབའ་ཞིག་འགྱུར་བ་མིན། །ཞེས་དང་། རྗེ་མི་ལས། མི་མངོན་

p. 120

ནམ་མཁའི་དབྱིངས་ཤེད་ན། །རྫོགས་པའི་སངས་རྒྱས་ཞལ་རྫུན་མཁན། །དྲང་དོན་གྱི་བསླུ་ཁྲིད་གསུང་གསུངས་ནས། །ངེས་པའི་དོན་ལ་རྟོགས་དུས་མེད། །ཐ་སྙད་སྤོངས་ཤིག་རས་ཆུང་བ། །ཞེས་དང་། ཡང་རྗེ་མི་ལར་བྲག་སྲིན་མོས་ཞུས་པ། ཆོས་དྲང་དོན་ཐེག་དམན་མགོ་བསྐོར་འདིས། །ལས་ཉོན་མོངས་ཐུལ་བར་དཀའ་བར་མཆིས། ཁ་བཤད་སྟོང་པའི་མཆོར་མགྲོན་དེ། །རྐྱེན་སྡུག་བསྔལ་བྱུང་ན་འབྲོས་པར་ངེས། །ཞེས་དང་། དཔལ་ས་ར་ཧའི་ཞལ་ནས། གང་ཞིག་བླ་མའི་མན་ངག་བདུད་རྩིའི་ཆུ། །གདུངས་སེལ་བསིལ་བ་ངོམས་པར་མི་འཐུང་བ། །དེ་ནི་བསྟན་བཅོས་དོན་མང་མྱ་ངམ་གྱི། །ཐང་ལ་སྐོམ་པས་གདུངས་ཏེ་འཆི་བར་ཟད། །ཅེས་དང་། བླ་མ་ཞང་གིས། རང་གི་ཤེས་པ་རྣལ་མ་ལ། །སྐད་ཅིག་ཙམ་ཡང་མ་ཡེངས་ཤིག །མ་ཡེངས་པ་ནི་སངས་རྒྱས་རྣམས། །མ་ལུས་པ་ཡི་ལམ་གཅིག་པོ། །ལམ་དེ་སྤངས་པའི་སངས་རྒྱས་ནི། །གཅིག་ཀྱང་རྙེད་པ་མི་སྲིད་དོ། །ཞེས་དང་། བིརྺ་བའི་ཞལ་ནས། སངས་རྒྱས་མཆོད་རྩོལ་རྣམས་ལ་དོན་མི་འབྱུང་། །འདོད་དང་རྩོལ་བ་ཡོད་ན་

p. 121

སངས་མི་རྒྱ། །བྱིན་རླབས་བླ་མའི་ངང་གིས་ཉམས་མྱོང་འཕེལ། །ཞེས་དང་། ལམ་རིམ་ཆེན་མོ་ལས། མཛད་པ་པོ་ཇོ་བོའི་ཆེ་བ་བརྗོད་པའི་སྐབས་སུ། སྤྱིར་ན་གངས་རིའི་ཁྲོད་དུ་བསྟན་པ་སྔ་དར་ལ། དཔལ་ཞི་བ་འཚོ་དང་། པདྨ་སམྦྷ་བས་བསྟན་པའི་སྲོལ་བཙུགས་པ་ལ། སྟོང་པ་ཉིད་ཀྱི་གོ་བ་གནད་དུ་མ་སོང་བ་ལ་བརྟེན་ནས། ཐབས་ཀྱི་ཆ་ལ་སྐུར་ཞིང་ཡིད་ལ་བྱེད་པ་ཐམས་ཅད་འགོག་པའི་རྒྱ་ནག་གི་མཁན་པོ་ཧྭ་ཤང་གི་བསྟན་པ་འགྲིབ་པར་བྱས་པ་སློབ་དཔོན་ཆེན་པོ་ཀ་མ་ལ་ཤཱི་ལས་ལེགས་པར་བཀག་ནས་རྒྱལ་བའི་དགོངས་པ་གཏན་ལ་ཕབ་པའི་སྐུ་དྲིན་ཤིན་ཏུ་ཆེ་ལ། ཕྱི་དར་ལ་རྒྱུད་སྡེའི་དོན་ལོག་པར་བཟུང་བ་ལ་བརྟེན་ནས་པཎྜི་ཏ་དང་རྣལ་འབྱོར་པར་རློམ་པ་འགའ་ཞིག་གིས་བསྟན་པའི་རྩ་བ་ཚངས་པར་སྤྱོད་པ་ལ་གནོད་ཆེན་པོ་བྱས་པ། སྐྱེས་བུ་དམ་པ་འདིས་ལེགས་པར་བཀག་ཅིང་། གཞན་ཡང་ལོག་པར་བཟུང་བ་རྣམས་ནུབ་པར་བྱས་ནས། ཕྱིན་ཅི་མ་ལོག་པའི་བསྟན་པ་འཕེལ་བར་མཛད་པས་ཁ་བ་ཅན་པ་ཐམས་ཅད་ལ་སྐུ་དྲིན་གྱིས་ཁྱབ་པར་མཛད་དོ། །ཞེས་པ་ལ་སོགས་པ་

p. 122

མདོ་རྒྱུད་བསྟན་བཅོས་ན་འདི་འདྲ་མང་པོ་ཡོད་པས་དགོངས་གཞི་ནི་གང་ཡིན་ཟེར་ན། དཔེར་ན་ཁྲོམ་ཆེན་པོ་ཞིག་ལ་མི་འགའ་ཞིག་གིས་རྟ་བཟང་པོ་མང་པོ་བཙོང་དུ་ཁྱེར་ན། རྟ་ཐམས་ཅད་གང་གི་གང་བཟང་ཡིན་ཡང་། ཁྲོམ་པའི་མི་རྣམས་ལ། ཁོ་བོའི་རྟ་འདི་བཟང་ཚུལ་བཟང་རབ་བརྗོད། རྟ་འདི་ལ་བལྟས་ན་རྟ་གཞན་ཚོ་བོང་བུ་དང་འདྲ། རྒྱུག་གམ་གོམ་འགྲོས་མེད་སོགས་སྨྲས་ན། གཞན་འགའ་རེས་ཡིད་འཕྲོག་ནས་རིན་ཆེན་པོ་བྱིན་ནས་མྱུར་དུ་ཉོ། ཉོས་ནས་རྟ་འདི་བཟང་སྙམ་ཤིན་ཏུ་རྩིས་ཆེ་ལེགས་པར་གསོ་བ་སོགས་ཕན་པས་དགོས་ཆེད་ཀྱི་དབང་གིས་དེ་སྐད་སྨྲས་པ་མ་གཏོགས། ངེས་པར་རྟ་གཞན་རྣམས་ཐམས་ཅད་བོང་བུ་བཞིན་ངན་ནས་དེ་སྐད་སྨྲས་པ་མ་ཡིན་པ་ལྟར། ཆོས་ཐམས་ཅད་བཟང་པོ་ཡིན་ཡང་གདུལ་བྱ་ལ། ཆོས་མཛད་པ་པོ་དང་། ཆོས་ཀྱི་ཆེ་བ་བརྗོད་ནས་གདམས་པ་འདི་ལ་བལྟས་ན། གཞན་ཕུབ་མ་སོགས་དང་འདྲ་ཞེས་གདམས་པ་གཞན་དམན་དམན་ཞིག་བྱས་ན། གདུལ་བྱ་འགའ་རེས་ཡིད་འཕྲོག་ནས་རབ་ཏུ་དད་པས་མྱུར་དུ་ཉན་པ་དང་། ཉན་ནས་གདམས་པ་ལ་རྩིས་ཆེ་ཞིང་རྒྱུན་དུ་ཉམས་

p. 123

སུ་ལེན་པ་སོགས་ལ་ཕན་ཆེ་བར་དགོངས་ནས། དགོས་ཆེད་ཀྱི་དབང་གིས་དེ་སྐད་གསུངས་པ་མ་གཏོགས། ངེས་པར་ཆོས་གཞན་ཐམས་ཅད་ཕུབ་མ་རྩྭ་བཞིན་བཟང་པོ་མིན་ནས། དེ་སྐད་གསུངས་པ་མ་ཡིན་ཏེ། དེ་ཡིན་ན་སོམས་དང་། རྒྱ་བོད་ན་ཆོས་རྣམ་དག་ཞིག་ཡོད་མི་སྲིད་པའི་ཕྱིར་རོ། །ཡང་དགྱེས་རྡོར། བདེ་མཆོག །ཡུམ་ལས་གསུངས་པ་སོགས་ནི། ལམ་དེ་རྣམས་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ཡིན་པས། གཞན་ཐབས་ཤེས་ཡ་བྲལ་ཉམས་སུ་བླངས་ཀྱང་ངལ་བ་ཡིན། འབྲས་བུ་སྐུ་གཉིས་མི་འབྱུང་། ལམ་རྣམ་དག་མིན་གསུངས་པ་ཡིན་ཞེས་བླ་མ་ཞང་རིན་པོ་ཆེས་གསུངས། དེ་ཡང་ཐུགས་ཤིན་ཏུ་མད་དེ། དཔེར་ན་བྱ་ནམ་མཁའ་ལ་འཕུར་བ་ལ་གཤོག་པ་གཉིས་ཀ་དགོས་པ་ལྟར། མཐར་ཐུག་གཟུགས་སྐུ་ཆོས་སྐུ་གཉིས་ཐོབ་པ་ལ། ད་ལྟ་ཐབས་ཤེས་ཟུང་འབྲེལ་ལམ། ཚོགས་གཉིས་ཟུང་འབྲེལ་གྱི་ལམ་མ་ནོར་བ་ལ་སློབ་དགོས་ཏེ། དཔེར་ན་གཤོག་པ་གཡས་མེད་པའི་བྱ་བཞིན། ཐབས་ཤེས་ཡ་བྲལ་གྱི་ལམ་ལ་བསླབས་པས་མི་འོང་། ཐབས་ཤེས་སམ་ཚོགས་གཉིས་ཟུང་

p. 124

འབྲེལ་དགོས་པའི་ལུང་ཁུངས་ནི། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ནི་སྙིང་རྗེ་རྩ་བ་ལས་བྱུང་། བྱང་ཆུབ་ཀྱི་སེམས་ཀྱི་རྒྱུ་ལས་བྱུང་། ཐབས་ཀྱི་མཐར་ཕྱིན་པ་ཡིན་ནོ། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། ཡེ་ཤེས་ཀྱི་ཚོགས་ཀྱིས་ནི་ཉོན་མོངས་པ་ཐམས་ཅད་སྤང་བར་འགྱུར་བ་ལགས་སོ། །བསོད་ནམས་ཀྱི་ཚོགས་ཀྱིས་ནི་སེམས་ཅན་ཐམས་ཅད་ཉེ་བར་འཚོ་བར་འགྱུར་བ་ལགས་སོ། །བཅོམ་ལྡན་འདས་དེ་ལྟར་ལགས་པས་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ལ་བརྩོན་པར་བགྱིའོ། །འཕགས་པ་ནམ་མཁའི་མཛོད་ལས་ཀྱང་། ཤེས་རབ་ཀྱི་ཤེས་པས་ནི། ཉོན་མོངས་པ་ཐམས་ཅད་ཡོངས་སུ་འདོར་རོ། །ཐབས་ཀྱི་ཤེས་པས་ནི་སེམས་ཅན་ཐམས་ཅད་ཡོངས་སུ་མི་གཏོང་ངོ་། །ཞེས་དང་། ག་ཡ་གཽ་རི་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལམ་ནི་མདོར་བསྡུ་ན་འདི་གཉིས་ཏེ། གཉིས་གང་ཞེ་ན་འདི་ལྟ་སྟེ། ཐབས་དང་ཤེས་རབ་བོ། །ཞེས་དང་། དཔལ་མཆོག་དང་པོ་ལས། ཤེས་རབ་ཀྱི་ཕ་

p. 125

རོལ་ཏུ་ཕྱིན་པ་ནི་མ་ཡིན་ནོ། །ཐབས་ལ་མཁས་པ་ནི་ཕ་ཡིན་ནོ། །ཞེས་དང་། འོད་སྲུང་གིས་ཞུས་པ་ལས། དཔེར་ན་བློན་པོས་ཟིན་པའི་རྒྱལ་པོ་རྣམས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའི་ཤེས་རབ་ཐབས་མཁས་པས་ཡོངས་སུ་ཟིན་པའང་། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། །ཞེས་དང་། དེ་བཞིན་གཤེགས་པ་སྐྱེ་བ་འབྱུང་བའི་མདོ་ལས། གང་དེ་བཞིན་གཤེགས་པ་འབྱུང་བ་དེ་ནི། རྒྱུ་གཅིག་པུས་མ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། ཀྱེ་རྒྱལ་བའི་སྲས། དེ་བཞིན་གཤེགས་པ་རྣམས་ནི། ཡང་དག་པར་འགྲུབ་པའི་རྒྱུ་ཚད་མེད་པ་འབུམ་ཕྲག་བཅུས་ཡང་དག་པར་འགྲུབ་སྟེ། བཅུ་གང་ཞེ་ན། འདི་ལྟ་སྟེ། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་ཚད་མེད་པའི་མི་ངོམས་པ་ཡང་དག་པའི་རྒྱུ་དང་། ཞེས་རྒྱ་ཆེར་གསུངས། དྲི་མ་མེད་པར་གྲགས་པས་བསྟན་པ་ལས། ཀྱེ་གྲོགས་པོ་དག །དེ་བཞིན་གཤེགས་པའི་སྐུ་ནི་བསོད་ནམས་བརྒྱ་ལས་ངེས་པར་སྐྱེས་པའོ། དགེ་བའི་ཆོས་ཐམས་ཅད་ལས་ངེས་པར་སྐྱེས་པའོ། དགེ་བའི་ལམ་ཚད་མེད་པ་ལས་ངེས་པར་སྐྱེས་

p. 126

པའོ། །ཞེས་རྒྱས་པར་གསུངས། འཕགས་མཆོག་མགོན་པོ་ཀླུ་སྒྲུབ་ཀྱི་མཛད་པའི་རིན་ཆེན་ཕྲེང་བ་ལས། གང་ཚེ་སངས་རྒྱས་གཟུགས་སྐུ་ཡི། །རྒྱུ་ཡང་དེ་ལྟར་འཇིག་རྟེན་བཞིན། །གཞལ་མེད་དེ་ཚེ་ཆོས་སྐུ་ཡི། །རྒྱུ་ལྟ་ཇི་ལྟར་གཞལ་དུ་ཡོད། །ཅེས་དང་། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་འདི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་འདི་གཉིས། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དེ་ལྟར་འདོད་ན་བསོད་ནམས་དང་། །ཡེ་ཤེས་འདི་ནི་རྟག་བརྟེན་མཛོད། །ཅེས་དང་། རིག་པ་དྲུག་ཅུ་པ་ལས། དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་བསགས་པ། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་སྐུ་གཉིས་ཐོབ་པར་ཤོག །ཅེས་དང་། རྡོ་རྗེ་གུར་ལས། ཐབས་དང་ཤེས་རབ་བསྡུ་བྱས་ན། །དེ་ནི་སངས་རྒྱས་བསྟན་པ་གནས། །ཞེས་གསུངས་སོ། །ཐབས་དང་ཤེས་རབ་ཡ་བྲལ་གྱིས་གར་ཡང་མི་ཕྱིན་པའི་ལུང་ཁུངས་ནི། དྲི་མ་མེད་པར་གྲགས་པ་བསྟན་པའི་མདོ་ལས། བྱང་

p. 127

ཆུབ་སེམས་དཔའ་རྣམས་ཀྱི་འཆིང་བ་ནི་གང་། ཐར་པ་ནི་གང་ཞེ་ན། ཐབས་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཐབས་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཤེས་རབ་མེད་པར་སྲིད་པར་འགྲོ་བ་ཡོངས་སུ་འཛིན་པ་ནི་བྱང་ཆུབ་སེམས་དཔའི་འཆིང་བའོ། །ཤེས་རབ་ཀྱིས་སྲིད་པའི་འགྲོ་བར་འགྲོ་བ་ནི་ཐར་པའོ། །ཐབས་ཀྱིས་མ་ཟིན་པའི་ཤེས་རབ་ནི་འཆིང་བའོ། །ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་ཐར་པའོ། །ཤེས་རབ་ཀྱིས་མ་ཟིན་པའི་ཐབས་ནི་འཆིང་བའོ། །ཤེས་རབ་ཀྱིས་ཟིན་པའི་ཐབས་ནི་ཐར་པའོ། །ཞེས་རྒྱ་ཆེར་གསུངས། རྣམ་པར་འཐག་པ་བསྡུས་པའི་མདོ་ལས། བྱམས་པ་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཕ་རོལ་ཏུ་ཕྱིན་པ་དྲུག་ཡང་དག་པར་སྒྲུབ་པ་འདི་ནི་རྫོགས་པའི་བྱང་ཆུབ་ཀྱི་ཕྱིར་ཡིན་ན། དེ་ལ་སྐྱེ་བོ་དེ་དག་འདི་སྐད་དུ། བྱང་ཆུབ་སེམས་དཔའི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཁོ་ན་ལ་བསླབ་པར་བྱ་ཡི། ཕ་རོལ་ཏུ་ཕྱིན་པ་ལྷག་མ་རྣམས་ཀྱིས་ཅི་ཞིག་བྱ་ཞེས་ཟེར་ཞིང་། དེ་དག་ཕ་རོལ་ཏུ་ཕྱིན་པ་གཞན་ལ་སུན་འབྱིན་པར་

p. 128

སེམས་སོ། །ཞེས་དང་། མི་བླུན་པོ་དེ་དག་འདི་སྐད་དུ། ཚུལ་གཅིག་ཁོ་ནའི་བྱང་ཆུབ་སྟེ། འདི་ལྟ་སྟེ། སྟོང་པ་ཉིད་ཀྱི་ཚུལ་གྱིས་སོ་ཟེར་ཏེ། དེ་དག་ནི་སྤྱོད་པ་ཡོངས་སུ་མ་དག་པར་འགྱུར་རོ། །ཞེས་དང་། མདོ་ཀུན་ལས་བཏུས་པ་ལས། འདུས་མ་བྱས་ལའང་སོ་སོར་རྟོག་ལ། འདུས་བྱས་ཀྱི་དགེ་བས་ཡོངས་སུ་སྐྱོ་བ་ནི་བདུད་ཀྱི་ལས་སོ། །བྱང་ཆུབ་ཀྱི་ལམ་ཡང་རབ་ཏུ་ཤེས་ལ། ཕ་རོལ་ཏུ་ཕྱིན་པའི་ལམ་ཡང་ཡོངས་སུ་མི་འཚོལ་བ་ནི་བདུད་ཀྱི་ལས་སོ། །ཞེས་དང་། འཕགས་པ་དགོངས་འགྲེལ་ལས་ཀྱང་། སེམས་ཅན་གྱི་དོན་ལ་ཤིན་ཏུ་མི་ཕྱོགས་པ་དང་། འདུ་བྱེད་མངོན་པར་འདུ་བྱ་བ་ཐམས་ཅད་ལ་ཤིན་ཏུ་མི་ཕྱོགས་པ་ནི། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ངས་ལུང་མ་བསྟན་ཏོ། །ཞེས་གསུངས། དེ་རྣམས་ལ་དགོངས་ནས། རྗེ་རིན་པོ་ཆེས། དེ་ལྟར་མཐོང་ནས་ཕྱོགས་རེའི་ལམ་གྱིས་ནི། །ཚིམ་པ་མེད་པ་སྐལ་བཟང་རྣམས་ཀྱི་ལུགས། །གསུངས། དེ་ཡང་ཆོས་སྐུའི་རྒྱུ་ཤེས་རབ་སྟོང་པ་ཉིད་ཀྱི་དོན་ཕྱིན་ཅི་མ་ལོག་པ་རྙེད་ནས་མྱུར་དུ་མངོན་དུ་འགྱུར་བ་ལ། ཐབས་ཀྱི་ཆ་རྣམས་སྔོན་དུ་སོང་

p. 129

ན་ཤིན་ཏུ་ལེགས་ཏེ། རྗེ་རིན་པོ་ཆེའི་ཞལ་ནས། འདི་ལྟར་དཔེར་ན་གསེར་དང་དངུལ་ནི་མགར་བ་མཁས་པས་ཡང་དང་ཡང་དུ་མེར་བསྲེགས་ཤིང་། ཡང་དང་ཡང་དུ་ཆུར་བཀྲུས་ན། དྲི་མ་དང་སྙིགས་མ་ཐམས་ཅད་སྦྱངས་ཏེ་ཤིན་ཏུ་མཉེན་ཤིང་ལས་སུ་རུང་བར་འགྱུར་བས། དེས་ན་རྣ་རྒྱན་ལ་སོགས་པའི་རྒྱན་ཆ་ཅི་འདོད་འདོད་དུ་བསྒྱུར་བས་ཆོག་པ་བཞིན་དུ། སྔོན་ལ་ཉོན་མོངས་དང་ཉེ་བའི་ཉོན་མོངས་དང་ཉེས་སྤྱོད་རྣམས་ལ་ནག་པོའི་ལས་འབྲས་དང་། འཁོར་བའི་ཉེས་དམིགས་བསྒོམ་པ་ལ་སོགས་པའི་སྐབས་ནས་འབྱུང་བ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས། དེ་དག་གི་ཉེས་དམིགས་ཡང་དང་ཡང་དུ་བསྒོམས་པས། སེམས་ཀུན་ཏུ་གདུངས་པར་འགྱུར་བའམ། སྐྱོ་བར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་མེར་བསྲེག་པ་བཞིན་དུ་ནག་ཕྱོགས་རྣམས་ལས་ཡིད་ཕྱིར་ཕྱོགས་པར་བྱེད་ཅིང་། དྲི་མ་དེ་དག་སྦྱོང་ལ། བཤེས་གཉེན་གྱི་ཡོན་ཏན་དང་། དལ་འབྱོར་དོན་ཆེ་བ་དང་། དཀོན་མཆོག་གསུམ་གྱི་ཡོན་ཏན་དང་། དཀར་པོའི་ལས་འབྲས་དང་། བྱང་ཆུབ་ཀྱི་སེམས་ཀྱི་ཕན་ཡོན་ལ་སོགས་

p. 130

པའི་སྐབས་ནས་འབྱུང་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དེ་དག་གི་ཡོན་ཏན་ཡང་ཡང་བསྒོམས་པས། སེམས་བརླན་པར་འགྱུར་བའམ། དྭངས་པར་འགྱུར་བའི་ཡིད་བྱེད་ཀྱིས་གསེར་འགྱུར་འཁྲུ་བ་ལྟར། དཀར་ཕྱོགས་རྣམས་ཡིད་མངོན་དུ་ཕྱོགས་པ་དང་དགའ་བར་བྱས་ནས། དགེ་བའི་ཆོས་ཀྱིས་སེམས་བརླན་པར་བྱེད་དོ། །དེ་ལྟར་གྱུར་ན་ཞི་ལྷག་གང་སྒྲུབ་པར་འདོད་པ་དེ་ལ། ཡིད་གཏད་པ་ན་ཚེགས་མེད་པར་འགྲུབ་པས། དེ་ལྟ་བུའི་དཔྱད་སྒོམ་ནི་མི་རྟོག་པའི་ཏིང་འཛིན་སྒྲུབ་པའི་ཐབས་ཀྱི་མཆོག་ཡིན་ཞེས་གསུངས། དེ་བཞིན་དུ་འཕགས་པ་ཐོགས་མེད་ཀྱི་ཞལ་ནས། དཔེར་ན་མགར་བའམ། མགར་བ་མཁས་པའི་སློབ་མ་མཁས་པ་ཞིག་གིས་གང་གི་ཚེ། གསེར་རམ་དངུལ་ཞིག་དྲི་མ་དང་སྙིགས་མ་ཐམས་ཅད་སྦྱང་བའི་ཕྱིར། དུས་དུས་སུ་མེར་བསྲེགས་ཤིང་ཆུས་བཀྲུས་ན་རྒྱན་དེ་དང་དེ་དག་ཏུ་བྱ་བ་མཉེན་ཞིང་། ལས་སུ་རུང་བའི་ཚུལ་གྱིས་མངོན་སུམ་དུ་བྱས་པར་འགྱུར་ཏེ། དེ་ལ་མགར་བའམ་མགར་བའི་སློབ་མ་མཁས་པ་དེ་དང་མཐུན་པའི་བཟོ་ཤེས་པ་དེས་མགར་དཔྱད་ཀྱིས་རྒྱན་གྱི་རྣམ་པ་ཅི་འདོད་

p. 131

པ་དེ་སྒྱུར་བར་བྱེད་པ་དེ་བཞིན་དུ། རྣལ་འབྱོར་པས་ཀྱང་གང་གི་ཚེ། སེམས་དེ་བརྣབ་སེམས་ལ་སོགས་པ་དྲི་མ་དང་སྙིགས་མ་ལ་མི་ཕྱོགས་པ་ཉིད་ཀྱིས་སྐྱོ་བར་བྱས་ལ། ཉོན་མོངས་པ་ཅན་གྱིས་ཡིད་མ་བདེ་བ་ལ་མི་ཕྱོགས་པ་ཉིད་དང་། དགེ་བའི་ཕྱོགས་ལ་མངོན་པར་དགའ་བ་ལ་མངོན་དུ་ཕྱོགས་པ་ཉིད་ཀྱིས་མངོན་པར་དགའ་བར་བྱས་ན། རྣལ་འབྱོར་པ་དེས་སེམས་དེ་ཞི་གནས་ཀྱི་ཕྱོགས་སམ། ལྷག་མཐོང་གི་ཕྱོགས་གང་དང་གང་ལ་ངེས་པར་སྦྱོར་བར་བྱེད་པ་དེ་དང་དེ་དག་ལ་ཤིན་ཏུ་ཉེ་བར་འབྱོར་བ་དང་། ཤིན་ཏུ་རྣལ་དུ་དབབ་པ་དང་། མི་གཡོ་བ་དང་མི་འགུལ་བར་འགྱུར་ཞིང་། ཇི་ལྟར་བསམ་པའི་དོན་ཡང་དག་པར་འགྲུབ་པའི་ཕྱིར། འགྲོ་བར་ཡང་འགྱུར་རོ། །ཞེས་གསུངས་པ་ལྟར། དབུ་རྫོགས་ཕྱག་ཆེན་སོགས་ཀྱི་མཚན་ལྡན་བླ་མ་རྣམས་ཀྱིས་གང་ཟག་ལས་དང་པོ་པ་ལ་ཐབས་ཀྱི་ཆ་རྣམས་རིམ་པར་བསྟན་ནས་སེམས་ལས་སུ་རུང་ཚེ། ཤེས་རབ་ཀྱི་ཆ་ཡང་དག་པའི་ལྟ་བ་ལེགས་པར་བསྟན་ནས། སློབ་མ་དེ་ཐབས་ཤེས་ཟུང་འབྲེལ་གྱི་ལམ་ནས་ཐམས་ཅད་མཁྱེན་པའི་ས་ལ་

p. 132

འཁྲིད་པ་ཡིན་ལ། དེས་ན་གཞན་ཐབས་ཤེས་ཡ་བྲལ་གྱི་ལམ་རྣམས་སྨད་པ་ཙམ་མ་གཏོགས། དབུ་རྫོགས་ཕྱག་གསུམ་སོགས་ཐབས་ཤེས་ཟུང་འབྲེལ་གྱི་རྣམ་དག་ལམ་བཟང་རྣམས། ནམ་ཡང་སྨད་པར་མ་སེམས་ཤིག །འཇིག་རྟེན་ན་ཡང་བློ་ལྡན་གྲོགས་ཀྱིས་གཞན་ལ་ཕན་པའི་དགོས་པ་ཆེ་དུས། བསྟོད་སྨད་ཀྱི་ཚིག་སྨྲས་ན། འཇིག་རྟེན་པའི་མི་དང་མི་འགལ་བར་མ་ཟད་ལྷག་པར་དེ་སྐད་སྨྲས་པས་ཕན་ཐོགས་བྱུང་ཚེ། དྲིན་ཅན་པོས་དེ་སྐད་སྨྲས་པས། བཟང་པོ་བྱུང་ཟེར་ཚིག་གི་གཏང་རག་ཡན་ཆད་ཐོབ་པ་ལྟར། རྒྱལ་བ་སྲས་བཅས་རྣམས་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་ཡིན་པས། གདུལ་བྱ་རྣམས་ལ་ཕན་པའི་དགོས་པ་ཆེ་དུས། དེ་འདྲའི་བསྟོད་སྨད་ཀྱི་གསུང་བྱོན་པ་ཆོས་དང་མི་འགལ་བར་མ་ཟད། ལྷག་པར་དེ་འདྲ་གསུངས་པས་གདུལ་བྱ་ལ་ཕན་ཐོགས་མང་པོ་འབྱུང་བས་ན། བཀའ་དྲིན་ཆེ་ཞེས་དད་པ་བྱེད་དགོས། རྒྱལ་བའི་གསུང་དེ་དང་དེ་འདྲ་ལ་བསྟན་པ་དང་སེམས་ཅན་ལ་དངོས་སམ་བརྒྱུད་ནས་ཕན་པའི་དགོངས་གཞི་དེ་དང་དེ་འདྲ་མང་པོ་ཡོད་པས་དགོངས་པ་ལོན་དགོས། གལ་ཏེ་བློ་གྲོས་ཀྱི་མཐུ་ཆུང་

p. 133

ནས་དགོངས་པ་ལོན་དཀའ་ཡང་། སྒྲ་ཇི་བཞིན་པར་བཟུང་ནས། ཆོས་དང་གང་ཟག་གཞན་ལ་ཁ་གཏོང་མི་རུང་། སྔོན་བུད་མེད་ཅིག་གིས་བུ་བཙའ་དུས་ན་ཚ་ཟུག་གཟེར་དྲག་པོ་བྱུང་ནས་འཆི་ལ་ཁད་བྱས་ཚེ། ཕོ་སྐྱེ་ན་རེ། ཡང་ན་ཁོང་མ་བུ་གསུམ་རེད། ཡང་ན་དྲི་བོ་ཁོ་གཅིག་པུ་རེད་སྨྲས་པ་ལྟར། བླ་མ་འགའ་ཞིག་གིས་གྲུབ་མཐའ་གཞན་ངན་ཚུལ་ཞེས་ལུང་རིགས་གི་ཆར་ཕབ་པ་མཐོང་ཐོས་ཚེ། ངས་སྔར་བཤད་པ་ལྟར་དགོངས་པ་ལོན་ན། ཕོ་སྐྱེས་ཀྱིས་ཁོང་མ་བུ་གསུམ་རེད་སྨྲས་པ་ལྟར། གྲུབ་མཐའ་གང་ལའང་ཕྱོགས་མེད་ཀྱི་དད་གུས་དག་སྣང་གསུམ་རྒྱུན་དུ་སྐྱེ་བས་ཕུན་སུམ་ཚོགས་ལ། དེ་ལྟར་དགོངས་པ་མ་ལོན་ན། དྲི་བོ་ཁོ་གཅིག་པུ་རེད་སྨྲས་པ་ལྟར་དད་པ་ཕྱོགས་རེ་བ་ཙམ་མིན་མི་སྐྱེ། དེ་ཡང་འགྱུར་ལྡོག་ཆེ་བས་མི་བརྟན་ལ། མ་བུ་གཉིས་ཤི་བའི་རོ་བས་ཀྱང་ལྕི་བས། ཆོས་སྤོང་དང་ཉེས་འགལ་གྱི་ཁུར་གྱིས་ནོན་པར་འགྱུར་རོ། །སྔར་ཆོས་པ་དགའ་མོ་ཚོས་ཀྱང་དེ་དང་དེ་འདྲའི་དགོངས་པ་མ་ལོན་པར། ལོག་རྟོག་གི་གདོན་གྱིས་འཁྲུལ་ནས། ཆོས་ལོག་སུན་འབྱིན་ཟེར་བའི་

p. 134

ཉེས་བཤད་བརྩམས་ནས་ཀུན་ལ་བཤད། སྔར་མེད་པའི་དཔེ་ངན་གཏམ་ངན་ཤུལ་དུ་བཞག །ཆོས་ལ་བརྟེན་པའི་སྡིག་སྡུག་གཏམ་ངན་གྱི་ཁུར་ཆེན་པོ་རྒྱབ་ཏུ་ཁུར་ནས། བར་དོའི་འཕྲང་རིང་པོ་བརྒལ། ཞལ་ཐུར་དུ་བསྒྱུར་ནས། དམྱལ་བའི་ཟངས་ཆེན་གྱི་ཁར་སོང་བའི་བླ་མ་འཁུར་ཤེད་ཅན་མང་པོ་བྱུང་ཞེས། ཞང་གཡུ་བྲག་འགྲོ་མགོན་སོགས་སྐྱེས་བུ་དམ་པ་མང་པོས་གསུངས། དེས་ན་འདི་འདྲའི་དགོངས་པ་ལོན་པ་ཤིན་ཏུ་གལ་ཆེ། སྤྱིར་རྒྱལ་བ་རྣམས་ཀྱིས་སེམས་ཅན་དབང་པོ་རབ་འབྲིང་ཐ་གསུམ་མཐའ་ཡས་པའི་བློ་ཁ་དང་མཐུན་པའི་ཆོས་རབ་འབྲིང་ཐ་གསུམ་མི་འདྲ་བ་མཐའ་ཡས་པ་གསུངས། གསུང་རབ་མདོ་རྒྱུད་ཀྱི་ཚིག་རེ་རེ་ལའང་དོན་མི་འདྲ་བ་སྣ་ཚོགས་འབྱུང་སྟེ། དགོངས་པ་ལུང་སྟོན་གྱི་རྒྱུད་ལས། ཚིག་གཅིག་ལ་ནི་སྣ་ཚོགས་དོན། །གསུངས། དེས་ན་རྒྱ་བོད་ཀྱི་པཎྜི་ཏ་མང་པོས་མདོ་རྒྱུད་ཀྱི་ཚིག་རེ་ལ་ཡང་། དོན་འགྲེལ་མི་འདྲ་བ་མང་པོ་གནང་། ཁྱད་པར་མན་ངག་གབ་པ་དང་། ལུང་གཅུས་པ་དང་། རྒྱུད་དཀྲུགས་པ་མང་བས། དེ་དག་གི་དགོངས་པ། འེ་ཚོ་འདྲ་བས་ལོན་དཀའ་སྟེ།

p. 135

རྗེ་ས་སྐྱ་པཎྜི་ཏའི་ཞལ་ནས། མཁས་པ་ཀུན་གྱི་དགོངས་པ་འདི་ཡིན་མོད། །ད་དུང་བླུན་པོ་རྣམས་ཀྱིས་རྟོགས་པར་དཀའ། །གསུངས། འོ་ན་སུས་ཤེས་ན། སངས་རྒྱས་ཀྱི་སྤྲུལ་པ་ཞིག་གམ། ཡང་ན། རྒྱལ་སྲས་བྱང་ཆུབ་སེམས་དཔའ་མཁས་པ་ཞིག་གིས་དེ་དག་གི་དགོངས་པ་མཁྱེན་ཏེ། བདེ་མཆོག་རྩ་རྒྱུད་ལས། རྫོགས་སངས་རྒྱས་དང་དེ་ཡི་སྲས། །བདག་ཉིད་ཆེན་པོ་རྣམས་ཀྱིས་མཁྱེན། །གསུངས། །དེ་ལྟ་བུའི་མཁས་པས་ཀྱང་མཐའ་གཅིག་ཏུ་མི་འཛིན་པར་ཚིག་དེ་རེ་རེའི་དགོངས་པ་གང་ཡིན་དཔྱད་དགོས་ཏེ། ཆོས་རྗེ་རིན་པོ་ཆེས། འདི་མཐའ་འདི་ཙམ་ཁོ་ན་གནས་སོ་ཞེས། །དེ་མཐའ་དེ་ཙམ་ཁོ་ན་རྗེས་དཔག་ན། །འགྲོ་བའི་བླ་མའི་གསུང་ལ་བརྒལ་བ་སྟེ། །དེས་ན་མཐའ་མིན་དགོངས་པ་དཔྱད་པར་བྱ། །གསུངས། དཔྱད་པ་དེ་ཡང་མཐའ་དྲུག་ཚུལ་བཞིའི་སྒོ་ནས་ཞིབ་ཏུ་དཔྱད་དགོས་ཏེ། རྗེ་བུདྡྷ་བཛྲ་གྱིས། མཐའ་དྲུག་དང་ནི་བཤད་ཚུལ་བཞིའི། །གང་གང་འདུལ་བ་དེ་ལ་དེ། །སྟོན་ཤེས་བླ་མ་མཁས་པ་སྟེ། །གསུངས། དེ་ལྟར་དཔྱད་ནས། རྒྱལ་བའི་གསུང་རབ་

p. 136

དགོངས་འགྲེལ་འདི་ནི། ངེས་པའི་དོན་ལ་དགོངས་ནས་གསུངས་པ་རེད། འདི་ནི་དྲང་བའི་དོན་ལ་དགོངས། འདི་ནི་ཐབས། འདི་ནི་ཤེས་རབ། འདི་ནི་གང་ཟག་དབང་པོ་རབ། འདི་ནི་འབྲིང་། འདི་ནི་ཐ་མ། འདི་ནི་ལས་དང་པོ་བ། འདི་ནི་བརྟན་པ་ཐོབ་པ། འདི་ནི་ཤིན་ཏུ་བརྟན་པ་ཐོབ་པ་ལ་དགོངས་ནས་གསུངས་པ་རེད། འདི་ནི་གབ་པ། འདི་ནི་གཅུས་པ། འདི་ནི་དཀྲུག་པ་རེད། འདི་ནི་སྤྱིར་བཏང་དུ་གསུངས་པ་རེད། འདི་ནི་བྱེ་བྲག་དམིགས་བསལ་ཅན་གྱི་གསུང་རེད། ཅེས་དེ་དག་གི་དོན་སོ་སོར་བཀྲལ་ནས་གསུང་རྒྱུ་འདྲ་ཞིག་ཡིན་ན། མདོ་རྒྱུད་མན་ངག་ཐམས་ཅད་ནང་ཕན་ཚུན་ཚིག་གི་ངོས་ནས་འགལ་བ་ལྟར་སྣང་ཡང་། དོན་གྱི་ངོས་ནས་འགལ་བ་ཕར་ཞོག །གཅིག་གྲོགས་སུ་གཅིག་འགྲོ་བ་ཤ་སྟག་ཡིན། དེང་སང་ཀུན་གྱིས་རྒྱལ་པོ་གླང་དར་གྱིས་བསྟན་པ་ལ་གནོད་བསྐྱལ་ཞེས་གླེང་བ་ལ། ཕྱག་ན་པདྨོའི་རྣམ་འཕྲུལ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་ཀྱིས། རྒྱལ་པོ་གླང་དར་གྱིས་བསྟན་པ་ལ་ཕན་བཏགས་ཞེས་བཀའ་གདམས་གླེགས་བམ་ལས་གསུངས། དེ་གཉིས་ཚིག་གི་ངོས་ནས་འགལ་བ་ལྟར་

p. 137

སྣང་ཡང་། དོན་གྱི་ངོས་ནས་དཔྱད་ན། ཀུན་གྱིས་བསྟན་པ་ལ་གནོད་ཅེས་ཟེར་བ། ཕུགས་སུ་ཕན་ཀྱང་འཕྲལ་དུ་བསྟན་པར་གནོད་པ་ལྟར་བྱུང་བ་ཡིན་པས། ཆ་གཅིག་ན་དེ་བདེན་པས། དེ་སྐད་སྨྲས་པར་རིགས་ལ། འབྲོམ་རིན་པོ་ཆེས་ཕན་བཏགས་གསུངས་པ་དེ། རྒྱལ་པོ་གླང་དར་ཡན་ཆད་ལ། སྡོམ་ལྡན་ཉིན་སྐར་བཞིན་རེ་གཉིས་ཙམ་མ་གཏོགས་དཀོན། རབ་བྱུང་ཐམས་ཅད་སེར་ཁྱིམ་དུ་ཤོར་ནས། ཁྱིམ་པ་དང་རབ་བྱུང་གང་ཡིན་ངོ་མི་ཤེས་པ་ལྟ་བུ་བྱུང་ནས་བསྟན་པ་འཆོལ་སོང་ཡོད་པ་ཡིན་པས། དེ་དག་ཀུན་རྒྱལ་པོ་གླང་དར་སྐྱེ་རྒྱུ་མིན་ན། ད་དུང་དེ་བས་ཇེ་ངན་ཇེ་ངན་དུ་སོང་ནས་ད་ལྟ་བསྟན་པའི་མིང་ཙམ་ཡང་མེད་ཚོད་ཡིན། རྒྱལ་པོ་གླང་དར་ཨ་མའི་བུ་རྒོད་པོ་སྐྱེས་ནས། དཔེར་ན་ཁྱིམ་པ་འགའ་རེས་ཞིང་སྟེང་དུ་ལྡུམ་བུ་འཕྱུར་ཡོད་ཚད་ས་གཤག་པས་ཐམས་ཅད་རྩ་བ་ནས་འདོན་པ་ལྟར། ཁྲིམས་འཆལ་དེ་ཐམས་ཅད་ཚར་བཅད་ནས་རྩ་བ་ནས་མེད་པ་བཟོས། སྔར་ལྡུམ་བུ་སྐྱེས་པའི་ཤུལ་དུ་འགའ་རེས་གྲོ་ནས་བཏབ་པ། སྟོན་ལོ་ཡག་གི་སྙེ་མ་གང་གི་གང་བཟང་འཁྲུངས་པ།

p. 138

མགོ་གུག་ནས་འཇམ་ལྡེམ་མེ་གནས་པ་ལ་བལྟས་ནས་ཉམས་དགའ་བ་ལྟར། སྔར་གྱི་ཁྲིམས་འཆལ་རྣམས་ཀྱི་ཤུལ་དུ་ཁྲིམས་ལྡན་སྐྱེས་བུ་དམ་པ་འགའ་ཞིག་གིས་སྡོམ་རྒྱུན་གཙང་མ་སྤེལ་ནས། འདུལ་ཁྲིམས་གཙང་སང་ངེ་སྲུང་མཁན་གྱི་སྡོམ་བརྩོན་གང་གི་གང་བཟང་བྱུང་། ཞི་ཞིང་དུལ་བ་བལྟས་ན་དྭངས་བ་འདྲེན་ཅིང་། བསྟན་པ་སྔར་བས་ཇེ་བཟང་ཇེ་ལེགས་སུ་སོང་། ད་ལྟ་སངས་རྒྱས་ཀྱི་བསྟན་པ་ཉི་མ་བཞིན་ཤར་ཡོད་པ། རྒྱལ་པོ་གླང་དར་གྱི་ཁྲིམས་འཆལ་ཚར་བཅད་པའི་དྲིན་ཡིན་པས། རྒྱལ་པོ་དེས་འཕྲལ་དུ་བསྟན་པ་ལ་གནོད་པ་ལྟར་སྣང་ཡང་། ཕུགས་སུ་བསྟན་པ་ལ་ཕན་ཆེན་པོ་བཏགས་འདུག་དགོངས་ནས་དེ་སྐད་གསུངས་པ་ཡིན་པས། དེ་ཡང་ཆ་གཅིག་ན་ཐུགས་ཤིན་ཏུ་མད་པར་གདའ། དེ་ལྟར་དགོངས་པ་ལོན་ཚེ། གང་ཡིན་ཡང་བདེན་ཁི་སྙམ། འདོར་ལེན་མི་བྱེད་པར་མ་ཟད། དད་གུས་འོང་བའི་རྒྱུ་ཞིག་ཡིན་པར་གདའ། དེ་ལྟར་མ་གོ་ན་ཚིག་དེ་གཉིས་ཀྱི་གཅིག་རེད་གཅིག་མ་རེད་ཅེས་འདོར་ལེན་བྱེད་དགོས་པ་བྱུང་། དེས་ན་ཚིག་རེ་མ་མཐུན་ཚེ། གཞན་སྨད་ཅིང་སྤང་མི་རུང་བའི་རྒྱུ་མཚན་དེ་

p. 139

སོགས་ཤིན་ཏུ་མང་། དེ་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོས། ཤེས་རབ་མེད་པ་ལ་འགལ་བ། ཤེས་རབ་ཅན་ལ་མི་འགལ་བ་མཐའ་ཡས། གསུངས་པ་དེ་ལ་གོ་རྒྱུ་ཆེན་པོ་ཞིག་ཡོད་པས། བློ་གྲོས་ཅན་རྣམས་ཀྱིས་དེ་འདྲའི་ཚིག་གི་འགལ་འབྲེལ་མ་བརྩི་བར། དོན་གྱི་འགལ་མི་འགལ་བརྩི་དགོས། དེས་ན་རྒྱལ་བ་རྣམས་ཀྱི་གསུང་དེ་འདྲའི་དགོངས་དོན་གང་ཡིན་འཚོལ་བ་ལ་འབོད་ཅེས་སྙིང་གཏམ་སྨྲས་པ་ཡིན་པས་དེ་ལུགས་གྱིས། རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་ཀྱི་དགོངས་པ་ལོན་ན། ཐམས་ཅད་ཉམས་སུ་བླང་འོས་ཁོ་ན་ཡིན་ཏེ། རྒྱལ་དབང་ལྔ་པ་རིན་པོ་ཆེས། འཕགས་བོད་མཁས་གྲུབ་ནམ་མཁའི་སྐར་ཚོགས་ཀྱི། །རྣམ་དག་སོ་སོའི་ལུགས་བཞིན་ཡོངས་བསྟར་བས། །དུས་གསུམ་རྒྱལ་རྣམས་གཤེགས་ཤུལ་ཉེར་བགྲོད་པ། །མང་བྱུང་ཉམས་སུ་བླང་འོས་ཁོ་ནའི་ཡུལ། །འོན་ཏེ་རྐང་འཐུང་ཁྲོད་ན་ཡོངས་འདུ་ལྟར། །ཤིང་རྟ་ཆེ་གཉིས་བཞེད་གཞུང་སྐྱེས་བུ་གསུམ། །ལམ་གྱི་རིམ་པ་དི་བཾ་ཀཱ་ར་ནས། །ཡོངས་བརྒྱུད་བཀའ་གདམས་བསྟན་པའི་གྲགས་པ་འབར། །

p. 140

ཞེས་གསུངས་སོ། །ཡང་རྒྱལ་དབང་རིན་པོ་ཆེས། འཇམ་མགོན་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་ཆེན་པོས། ཚད་མ་རྣམ་འགྲེལ་གྱིས་ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བསྟན་པར་བཞེད་པ་ལ། སྟག་ཚང་ལོ་ཙ་བས། རིགས་གནས་ཀུན་ཤེས་རྩ་འགྲེལ་དུ་དགག་པ་མཛད་པ་ནི། ལོ་ཙཱ་བ་མཁས་པ་ཆེན་པོ་ཡིན་པས་དགོངས་པ་ཅན་གྱི་གསུང་ཡིན་མཆིས། དེ་ལྟར་མིན་ན་ས་པཎ་གྱིས། ཆོས་ཀྱི་གྲགས་པའི་གསུང་རབ་དྲི་མ་མེད། ཅེས་འགྱུར་བྱང་དུ་མཛད་པས། གསུང་རབ་ཡིན་ཕྱིན། སྡེ་སྣོད་དང་། དེའི་དགོངས་འགྲེལ་གང་རུང་ལས་མ་འདས་ཤིང་། དེ་གང་རུང་ཡིན་ཕྱིན། ཐར་པ་དང་ཐམས་ཅད་མཁྱེན་པའི་ལམ་བརྗོད་བྱར་མི་བྱེད་པ་མི་སྲིད་པས་དོན་མེད་ཀྱི་དགག་པ་མི་མཛད་པར་ཞུ། གཞན་ཡང་དཔང་ལོས། མངོན་པ་ལུང་གི་མངོན་པ་དང་། རིགས་པའི་མངོན་པ་གཉིས་སུ་བཞེད་པས་ཀྱང་། རྗེ་བླ་མས་དགོངས་པའི་རྒྱབ་སྐྱོར་དུ་འགྲོའོ། །དྭགས་བརྒྱུད་པ་ཅི་རིགས་ཀྱིས། སྟག་ཚང་པའི་གསུང་དེ་དག་ལ་བརྟེན་ནས། རྗེ་བླ་མ་ལ་ཟུར་ཟ་བར་འདོད་པའི་ཚིག་གི་སྦྱོར་བ་བྱེད་པ་ནི། ས་དགེའི་མཁས་པ་

p. 141

ལུང་རིགས་ཀྱི་ལུས་སྟོབས་རྫོགས་པའི་སྟག་སེང་ཁ་འཐབ་པའི་བར་དུ། བཀའ་བརྒྱུད་པའི་སྒོམ་ཆེན་ཝ་སྐྱེས་ལྟ་བུ་དག་རྒྱུ་བ་ནི་ཤིན་ཏུ་མཚང་ཆེ་བས་བག་ཡོད་པར་བྱོས་ཤིག་གསུངས། སྤྱན་སྔ་བས། ཞི་བ་འོད་ཀྱི་སྔགས་ལོག་སུན་འབྱིན་ནས། ཀུན་བྱེད་རྒྱལ་པོ་སོགས་སེམས་སྡེ་མ་བུ་བཅོ་བརྒྱད་ཀྱི་སྐོར་རྣམས། དྲང་ང་ཤག་ཚུལ་གྱིས། ཉང་སྟོད་ཀྱི་ཉང་རོ་ཁྲོ་གང་དུ་བརྩམས་ཞེས་དང་། འགོས་ལོ་ཙཱ་བ་ཆེན་པོས་སྔགས་ལོག་སུན་འབྱིན་ནས། རྨ་རིན་ཆེན་མཆོག་དང་། བཻ་རོ་ཙ་ན་དང་། གནུབས་སངས་རྒྱས་ཡེ་ཤེས། ཨ་རོ་ཡེ་འབྱུང་དང་། ཟུར་ཆུང་ཤེས་རབ་གྲགས་ཀྱིས། རྫོགས་ཆེན་ལ་རྫུས་མ་མང་དུ་བྱས། དེའི་ཕྱིར་རྒྱལ་པོས་ཆད་པ་བཅད་དེ། བཻ་རོ་ཙ་ན་ཚ་བའི་རོང་དུ་སྤྱུགས། རྨ་རིན་ཆེན་མཆོག་བྲོས་ནས་ཉང་སྟོད་ཉང་རོར་འདས། ཉང་སྟོད་དུ་ཤེའུ་སྟོན་བྱང་བྱ་བས། རྫོགས་ཆེན་ཨ་མ་ན་སེའི་ཆོས་སྐོར་རྫུན་མ་བརྩམས། ཇོ་བོའི་སྔོན་དུ་ཨ་ཙ་ར་དམར་པོ་བྱ་བས། ཕྱག་ཆེན་ཐིག་ལེའི་རྒྱུད་དང་། རིམ་ལྔའི་འགྲེལ་རྫུས། ཀུན་རིག་གི་ཆོ་ག་ཀུན་སྙིང་གིས་མཛད་ཟེར་བ་སོགས་

p. 142

ཆོས་ལོག་མང་དུ་བརྩམས། ཞེས་དང་། མཆིམས་ཀྱི་འབྱམས་ཡིག་ན་དེ་འདྲ་མང་པོ་དང་། དགེ་བཤེས་སྟོན་པས་སྒྲུབ་པའི་ཁ་བཟུང་བ་ལ་བརྟེན་ནས་ཤེས་རབ་ཀྱི་བསླབ་པའི་བསྟན་པ་ལ་གནོད་པ་བྱས་ཟེར་ཏེ། དེ་ལྟར་ན་ཆོས་རྒྱུད་ཐམས་ཅད་ཀྱིས་བསྟན་པ་ལ་གནོད་པ་བསྐྱལ་ཟེར་དགོས་པས་རང་ཉིད་ཀྱིས་མ་གོ་བར་ཟད་དོ། །ཞེས་དང་། ཆོས་རྗེ་རེད་མདའ་བའི་སློབ་མ་ཀུན་མཁྱེན་ཤེར་འོད་ཀྱིས། རྒྱལ་པོ་སྲོང་བཙན་སྒམ་པོ་ཡན་ལ་བོན་མེད། དེ་ནས་རང་བཟོ་བྱས་ནས་བོན་བྱུང་། ཁྲི་སྲོང་ལྡེའུ་བཙན་གྱི་དུས་ཧྭ་ཤང་བསྐྲད་ཀྱང་། སློབ་མ་འགས་རྫོགས་ཆེན་བརྩམས། དེ་ལ་བརྐུས་ནས་བོན་གྱིས་ཐེག་པ་རིམ་དགུ་བརྩམས། ཞེས་དང་། ད་ལྟའི་རྫོགས་ཆེན་པ་དང་འདོད་ལུགས་གཅིག་པར་བཤད་དེ། རྫོགས་ཆེན་གྱི་རྣམ་བཞག་རྒྱ་ཆེ་ཞིང་། བོན་གྱི་རྩ་བའི་གཞུང་གི་གནད་རྟོགས་ན། རྫོགས་ཆེན་གྱི་ལྟ་སྒོམ་སྤྱོད་གསུམ་དང་འདྲ་ས་མི་འདུག་ལ། བན་གྱི་རྩ་བ་རྣམས་རྫོགས་ཆེན་ལ་བརྐུས་པའང་འོང་ས་མི་འདུག་གོ་གསུངས། ཀུན་མཁྱེན་ཐུབ་ཀྭན་བློ་བཟང་ཆོས་ཀྱི་ཉི་མའི་ཞལ་ནས། འགའ་ཞིག་གིས་སློབ་དཔོན་པདྨ་

p. 143

བོད་དུ་ཟླ་བ་ཁ་ཤས་ལས་མ་བཞུགས་ཤིང་། དེའི་རིང་ལ་ལྷ་སྲིན་འདུལ་བ་དང་། བསམ་ཡས་ཀྱི་རབ་གནས་མཛད་པ་ཙམ་ལས་ཆོས་མང་དུ་མ་གསུངས། སློབ་དཔོན་ཕྱིར་གཤེགས་རྗེས། མུ་སྟེགས་པ་ཞིག་སློབ་དཔོན་དུ་བརྫུས་ནས་མགོ་ལ་རྒོད་སྒྲོ་བཙུགས་པ་སོགས། དེང་སང་ཨོ་རྒྱན་ཟ་ཧོར་མར་གྲགས་པ་འདིའི་ཆ་བྱད་ཀྱིས་བོད་དུ་འོང་ནས། རྙིང་མའི་ཆོས་སྣ་ཚོགས་པ་འདི་དར་བར་བྱས་སོ། །ཟེར་བ་ནི་ཆགས་སྡང་གི་གཏམ་ཡིན་པར་མངོན་ནོ། །ཡང་འགའ་ཞིག་གིས། རྙིང་མའི་ཆོས་རྣམས་གུ་རུ་ཆོས་དབང་གིས་བྱས་པ་ཡིན། དེང་སང་ཨོ་རྒྱན་ཟ་ཧོར་མ་ཞེས་གྲགས་པ་འདི་ཡང་གུ་རུ་ཆོས་དབང་གི་ཆ་བྱད་ཡིན་ཟེར་བ་ནི། གུ་རུ་ཆོས་ཀྱི་དབང་ཕྱུག་དུས་ཕྱིས་བྱུང་བའི་གཏེར་སྟོན་ཞིག་ཡིན་པས། དུས་ཀྱང་མི་མཚུངས་པར་མ་ཤེས་པའི་བབ་ཅོལ་སྨྲ་བར་ཟད་དོ། །ཞེས་དང་། ལོ་ཆེན་རིན་ཆེན་བཟང་པོའི་ཆོས་དང་ཆོས་མིན་རྣམ་འབྱེད་དང་། ལྷ་བླ་མ་ཡེ་ཤེས་འོད་དང་། ཞི་བ་འོད། ཙ་མི་ལོ་ཙཱ། ཆག་ལོ་རྣམས་ཀྱི་སྤྲིངས་ཡིག་དང་། རྔོག་གི་གཟེ་མ་ར་མགོ །པཎ་ཆེན་གྱི་སྡོམ་

p. 144

གསུམ་རབ་དབྱེ་རྣམས་སུ་རྙིང་མ་ལ་དམིགས་ཕུག་པའི་སྐྱོན་བརྗོད་མི་གསལ་ཡང་། བོད་དུ་དར་བའི་ཆོས་ལུགས་མ་དག་པ་རིས་མེད་ལ་དགག་པ་མཛད་པའི་གསེབ་ཏུ། རྙིང་མ་ལ་དབུ་ཕོག་ཞབས་ཕོག་གི་གསུང་རེ་གཉིས་ཡོད་པར་སྣང་། འགོས་ཁུག་པ་ལྷས་བཙས་དང་། འབྲི་གུང་དཔལ་འཛིན་གཉིས་ཀྱིས་སྒྲུབ་བྱེད་མང་དུ་བཀོད་ནས། རྙིང་མ་ཆོས་རྣམ་དག་མ་ཡིན་པར་བསྒྲུབས་ཤིང་། ཤཱཀྱ་མཆོག་ལྡན་དང་། ཀརྨ་མི་བསྐྱོད་རྡོ་རྗེས་ཀྱང་དེའི་རྗེས་ཟློས་བྱས་འདུག །བུ་སྟོན་གྱིས་མཛད་པ་ཡིན་ཁུལ་ཞིག་འདུག་པ། གསུང་འབུམ་གྱི་དཀར་ཆག་རྣམས་སུ་མི་སྣང་ཞིང་། ཚིག་སྦྱོར་ལ་དཔག་ཀྱང་མཁས་པའི་གསུང་གི་ཉམས་མི་འདུག་པས། བླུན་པོ་ཞིག་གིས་བྲིས་ནས། བུ་སྟོན་རིན་པོ་ཆེ་ལ་ཁ་གཡར་བར་ཟད་དོ། །ལོ་ཙཱ་བ་རོང་ཟོམ་བཟང་པོ། ཀུན་སྤངས་ཐུགས་རྗེ་བརྩོན་འགྲུས། ཀརྨ་རང་བྱུང་རྡོ་རྗེ། གྲུབ་ཐོབ་ཨོ་རྒྱན་པ། བཅོམ་ལྡན་རལ་གྲི། ཐར་ལོ་ཉི་མ་རྒྱལ་མཚན། ཕྱིས་ཀྱི་འབྲུག་པ་པདྨ་དཀར་པོ། དཔའ་བོ་གཙུག་ལག་སོགས་གྲུབ་མཐའ་གཞན་གྱི་མཁས་པར་གྲགས་པ་དང་། འཁོན་སྟོན་དཔལ་

p. 145

འབྱོར་ལྷུན་གྲུབ་དང་། གོང་ས་ལྔ་པ་ཆེན་པོ་སོགས་རང་ཕྱོགས་པ་འགའ་ཞིག་གིས་ཀྱང་ཆོས་རྣམ་དག་ཏུ་འཆད་གསུངས། འབྲུག་པ་ཀུན་ལེགས་ཀྱིས། སྡོམ་གསུམ་རབ་དབྱེ་དེ་ཚོ་ཕྱི་ཡག་པོ་འདུག །ལ་ལ་ན་མ་གོ་བ་སོགས་དད་པ་ལོག་ཉེན་འདུག །གོ་བ་ཚོའང་ཚིག་པ་ཟ་ལེའང་འདུག །བློ་བྲལ་ལ་དེ་ཡིན། དེ་མ་ཡིན་ཟེར་བ་དེ་འདྲ་འདུག །དེའང་དེ་མ་ཡིན་ཟེར་བ་འདི་ཞེ་ལོག་པོ། རྣམ་རྟོག་གིས་བཅོས་པའི་རྐུབ་སྐམ་ཤེས་རབ་ཆེ་ཆེ་མོ། དབྱེ་དྭངས་ཤེས་ཤེས་མོ་འགའ་རེ་ཟེར་བའང་སྣང་གསུངས། བུ་སྟོན་ཐམས་ཅད་མཁྱེན་པས། སྔ་འགྱུར་གསང་སྔགས་རྙིང་མ་ནི། ལོ་ཙཱ་བ་རིན་ཆེན་བཟང་པོ་དང་། ལྷ་བླ་མ་ཡེ་ཤེས་འོད་དང་། ཕོ་བྲང་ཞི་བ་འོད་དང་། འགོས་ཁུག་པ་ལྷས་བཙས་ལ་སོགས་པ་ཡང་དག་མ་ཡིན་པར་སྨྲས་ལ། ཁོ་བོའི་བླ་མ་སྐད་གཉིས་སྨྲ་བ་ཉི་མའི་མཚན་ཅན་དང་། རིག་རལ་པ་སོགས་བསམ་ཡས་ནས་རྒྱ་དཔེ་རྙེད་ཕྱིར་དང་། ཕུར་པ་རྩ་བའི་དུམ་བུའི་རྒྱ་དཔེ་བལ་པོར་ཡང་སྣང་བས། རྒྱུད་ཡང་དག་གོ །ཞེས་གསུངས། ཁོ་བོས་ནི། ཡིད་ཀྱི་ཉེས་པ་རང་བཞིན་

p. 146

གདུག་པ་སྟེ། །མི་རིག་པ་ཡིས་གཟུགས་ལའང་མི་རིག་ན། །ཐེ་ཚོམ་ཟ་བའི་ཆོས་ལ་སྨོས་ཅི་དགོས། །དེ་ཕྱིར་བཏང་སྙོམས་བཞག་ལ་ཉེས་པ་མེད། །ཅེས་གསུངས། རྗེ་གཞོན་ནུ་དཔལ་གྱི་རྣམ་ཐར་ལས། མཁན་ཆེན་བསོད་རིན་པ་དེ་འབྲི་གུང་དཔལ་འཛིན་གྱི་གྲོགས་མཆེད་དུ་འདུག་པས། འཕྲོས་གཏམ་གྱི་ཞོར་ལ། རྙིང་མ་ལ་ཞལ་མང་དུ་གཏོང་ཞིང་འདུག །ཁྱད་པར་གསང་སྙིང་ན། ཚེག་ནི་ཤེས་རབ་མིང་དུ་སྨྲ་ཟེར་བ་ཡོད། རྒྱ་གར་གྱི་ཡི་གེ་ལ་ཚེག་མི་ཡོང་། དེས་ཀྱང་རྒྱ་གར་མ་ཡིན་པ་གྲུབ་ཟེར་བས། གཞན་སུས་ཀྱང་ལན་མི་གསུངས་ལ། དེའི་ལན་མཛད་དེ། དཔུང་བཟང་ནས། བཟླས་བརྗོད་བྱེད་ཚེ་མི་དལ་མི་མྱུར་ཞིང་། །གུག་བསྐྱེད་ཚེག་བར་ཀླད་གོར་ཉམས་པས་མིན། །ཞེས་ཚེག་བར་ཡོད་པར་ཡང་གསུངས། ངོ་བོ་ཉིད་མེད་པས་མཛད་པའི་མདོ་སྡེ་རྒྱན་གྱི་འགྲེལ་བཤད་ན། ཨི་ནི་དབང་ཕྱུག་ཆེན་པོ་འོ། །ཞེས་བྱ་བ་ནི་ཡིག་གེ་གཅིག་མ་ཡིན་ཏེ། ཚེག་གིས་གཅད་པར་བྱ་བའི་ཕྱིར་རོ། །ཞེས་བཤད་འདུག་གསུངས་པས་ཁོང་ཅི་ཡང་མི་གསུངས། ཡང་ཁོང་ན་རེ། དུས་ཡིན་ན་འདུས་བྱས་ཡིན་པ་

p. 147

ལ། གསང་སྙིང་པ་རྣམས་འདུས་མ་བྱས་ཀྱི་དུས་ཁས་ལེན་པར་འདུག་ཟེར་བས། གསང་སྙིང་ན་འདུས་མ་བྱས་ཀྱི་དུས་བྱ་བ་བཤད་པ་མེད། དུས་གསུམ་གྱི་སྟེང་དུ་འབྱུང་བར་མ་ངེས་པ་ཞེས་བྱ་བ་ཞིག་དང་བཞིར་བཤད་དེ། དེ་མ་འོངས་པ་ལ་འབྱུང་ངེས་པ་གཅིག་དང་། མ་ངེས་པ་གཅིག་གཉིས་སུ་ཕྱེ་བ་ཡིན་གསུངས་པས། ཡང་ཅི་ཡང་མི་གསུང་བར་འདུག་ཅེས་དང་། ཚེག་རྒྱ་དཔེ་ལ་ལར་འདུག །ཐམས་ཅད་ལ་ཡོད་པའི་ངེས་པ་མི་འདུག་སྟེ། དེས་སྐྱོན་བཟུང་མ་བཟུང་མེད། དུས་ལའང་འདུས་མ་བྱས་ཀྱི་དུས་ཡོང་མི་ཡོང་ལས། འདུས་མ་བྱས་ཀྱི་འཁོར་བ་ཡོད་པ་ཡང་དཔལ་ཕྲེང་གི་མདོ་ལས་གསུངས། ཞེས་གསུངས། དེས་ན་སྔ་སོར་དབུ་རུ་སྟོད་ཀྱི་འབྲི་གུང་དཔལ་འཛིན་དང་། ཕྱིས་ཀྱི་ཨ་མདོའི་ཕྱོགས་ཀྱི་དགེ་བཤེས་སུམ་བྷ་རིན་པོ་ཆེ་ལ་སོགས། གསར་མའི་བླ་མ་དགེ་བཤེས་མང་པོས་རྙིང་མ་བཀའ་བརྒྱུད་པ་ཞི་བྱེད་གཅོད་སོགས་ཀྱི་གྲུབ་མཐའ་རྣམས་ཆོས་རྣམ་དག་མིན་ཚུལ་གྱི། ཤེས་བྱེད་ཀྱི་ལུང་རིགས་མང་པོ་བཀོད་ནས་དགག་པ་བཏང་བ་ལ། ཀུན་མཁྱེན་ཀློང་ཆེན་རབ་

p. 148

འབྱམས་པ་དང་། ཐུབ་ཀྭན་བློ་བཟང་ཆོས་ཀྱི་ཉི་མ་ལ་སོགས་ཀྱིས། ཆོས་རྣམ་དག་ཡིན་ཚུལ་གྱི་ཤེས་བྱེད་མང་པོ་བཀོད་ནས་ལན་བཏབ་པ་དང་། སྟག་ཚང་ལོ་ཙཱ་བ། འབར་ཆུང་བ་བཀྲ་ཤིས་རྒྱ་མཚོ་སོགས། རྙིང་མ་བཀའ་བརྒྱུད་པ་སོགས་ཀྱི་བླ་མ་མང་པོས། དགེ་ལུགས་པའི་གྲུབ་མཐའ་འདི། ཆོས་རྣམ་དག་མིན་ཚུལ་གྱི་ཤེས་བྱེད་མང་པོ་བཀོད་ནས་སྨད་པ་ལ། གསར་མའི་བླ་མ་དགེ་བཤེས་དུ་མས་ཡིན་ཚུལ་གྱི་ལུང་རིགས་བརྒྱ་ཕྲག་མང་པོས་བསྒྲུབས་ཚུལ་རྣམས་ལ་བལྟས་ན། བསྟན་པའི་ག་དར་ལ་དེ་གཅིག་པུས་ཆོག་བཀའ་དྲིན་ཆེ་སྙམ་ཁི། དེས་ན་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་གཅིག་གིས་གཅིག་ལ་དོགས་པ་བསླངས་ནས། བསྟན་པ་ཐམས་ཅད་ལ་བྱི་དོར་བྱས་པ་ཡིན་པས། ཐུགས་ཀྱི་གཏིང་ནས་སྨད་པ་མ་ཡིན། དེ་མ་ཡིན་པའི་རྟགས་སུ་དགག་པ་གཏོང་མཁན་གྱི་བླ་མ་དེ་རྣམས་ཀྱིས་ལེགས་བཤད་གཞན་བརྩམས་ཡོད་པའི་ནང་ན། རྒྱལ་བའི་གསུང་རབ་གང་ཡིན་ཡང་། ཁ་གཏོང་མི་རུང་། ཐམས་ཅད་གདམས་པར་འཆར་དགོས། ཐ་ན་ཁྱི་རྒན་མགོ་སེར་ཞིག་ཡན་ཆད་ལ་སྟོན་པའི་འདུ་ཤེས་བཞག །

p. 149

དག་སྣང་སྦྱང་དགོས་ཞེས་གསུངས་པའི་ཕྱིར་རོ། །ཡང་ཁ་ཅིག་ལ་དེ་འདྲའི་དགོས་གཞི་གང་ཡང་མེད་པར་ལོག་ལྟ་ཆགས་སྡང་ཕྲག་དོག་རྙེད་བཀུར་སོགས་ཀྱི་གདོན་ཁོག་ཏུ་ཞུགས། ཤེས་པ་རང་དབང་མ་ཐོབ་པར་མྱོས་ནས། གྲུབ་མཐའ་གཞན་དང་། དེ་འཛིན་པའི་སྐྱེས་བུ་དམ་པ་ཡོངས་ལ་སྒྲོ་སྐུར་ངན་པ་བཏབ་པའང་ཡོང་སྲིད་དེ། སྔོན་ལེགས་སྐར་དང་ལྷས་སྦྱིན་ཕྱི་རོལ་པ་སོགས་ཀྱིས་ཐུབ་པའི་དབང་པོ་ཟོལ་ཟོག་མཁན་ཞེས་སྒྲོ་སྐུར་བཏབ་པ་དང་། ཡང་འགའ་རེས་ཆགས་སྡང་གི་དབང་གིས་ཨོ་རྒྱན་ཟ་ཧོར་མ་མུ་སྟེགས་པ་ཞིག་ཡིན་ཟེར་བ་དང་། ཕྲག་དོག་གི་དབང་གིས་སྟོན་པ་དར་ལོ་དང་ལོ་སྟོན་གཉིས་ཀྱིས། རྗེ་བཙུན་མི་ལ་ལ། མུ་སྟེགས་ཆོས་ལོག་པ་ཡིན་སྨྲས་པ་དང་། དགོན་པ་འགའ་རེས། ཆད་ལྟ་བ་ཡིན་སྨྲས་པ་དང་། ཕྱག་རྫོགས་པ་འགའ་ཞིག་གིས་རྗེ་རྒྱལ་བ་གཉིས་པ་ལེགས་པའི་སྐར་མ་ཡིན། མདོ་རྒྱུད་བསྟན་བཅོས་བླང་དོར་མང་དུ་བྱས་པའི་རྣམ་སྨིན་གྱིས་སྐུ་ཚེ་ཐུང་དུ་སོང་། ནད་ངན་པ་ཀླུ་ནད་ཀྱིས་བསྙུངས་ནས་གཤེགས་སོང་ཟེར་བ་དང་། འབྲོམ་གྱིས་ཇོ་བོ་རྗེར་སྔགས་

p. 150

གསུང་དུ་མ་བཅུག་པའི་རྣམ་སྨིན་གྱིས་སྐུ་ཚེ་མཇུག་ཡང་ཀླུ་ནད་ཀྱིས་གཤེགས་ཞེས། སྐྱེས་བུ་དམ་པ་དེ་ཚོ་ལ་སྐུར་བ་འདེབས་ན་གཞན་སྨོས་ཅི་དགོས། སྐལ་ཆད་ལོག་ལྟ་ཅན་གྱི་ཁ་སངས་རྒྱས་ཀྱིས་ཡང་མི་ཆོད། དེས་ན་འོ་སྐོལ་རྣམས་ཀྱིས་དེ་རྣམས་ཀྱི་ལད་མོ་བྱས། ཁ་ཁོག་གཉིས་ཀས་གཞན་གང་ལའང་སྨོད་ག་ལ་རུང་། བླ་མ་དམ་པ་རྣམས་ཀྱིས་བསྟན་པ་དང་སེམས་ཅན་ལ་ཕན་པའི་དགོངས་གཞི་ཡོད་ནས་གསུངས་པ་དང་། འགའ་ཞིག་གིས་ཕྱོགས་རིས་ཆགས་སྡང་ཕྲག་དོག་གི་གདོན་གྱིས་སྨྱོས་ནས་ལབ་པ་གང་ཡིན་མི་ཤེས། རྒྱལ་བའི་གསུང་རབ་རྣམ་དག་ཡིན་མིན་དེ་ཀུན་མཁྱེན་སངས་རྒྱས་ཤིག་ཡིན་ན་མ་གཏོགས། འོ་སྐོལ་རྣམས་ཀྱིས་ཆོས་འདི་བཟང་། ཀ་ངན་ཞེས་ཐག་བཅད་ནས་སྤང་བླང་བློ་གྲོས་ཅན་སུ་ཞིག་གིས་བྱེད། རི་བོང་ཅལ་འདྲོགས་བཞིན་བླ་མ་འགའ་རེས་ཚིག་རེ་གསུང་བ་བདེན་པར་བཟུང་ནས། ཆོས་དང་གང་ཟག་ལ་སྐུར་བ་བཏབ་ན། རང་ཉིད་ཤི་མ་ཐག་ནས་ཁ་ཐུར་དུ་བལྟས་ནས་མར་དམྱལ་བར་འགྲོ་ངེས་པས་གཟབ་འཚལ། དཔེར་ན་དབུ་རྫོགས་ཕྱག་གསུམ་གྱི་གྲུབ་མཐའ་ཕ་མ་བུ་གསུམ་

p. 151

དང་འདྲ། རྙིང་མའི་བསྟན་པ་ཀུན་གྱི་སྔོན་དུ་དར་བས་ན་ཕ། དེའི་འཕྲོ་ཕྱག་ཆེན་དར་བས་ན་མ། དེ་གཉིས་ཀྱི་འཕྲོ་ལ་གསར་མ་དགེ་ལུགས་པ་དར་བས་བུ་ཡིན། འཇིག་རྟེན་ན་ཕ་མ་བུ་གསུམ་བཟང་རུང་ངན་རུང་འགྲིགས་ན་བཟང་བ་ལྟར། དབུ་རྫོགས་ཕྱག་གསུམ་པོ་བཟང་རུང་ངན་རུང་འགྲིགས་མཐུན་ན་བཟང་། ཕ་རྒོད་པོ་ཤ་ཟན་ལ་བུ་ཁྭ་ཏ་སྐྱག་ཟན་སྐྱེས་ཀྱང་། ཕ་བཟང་པོས་བུ་ལ་ལྷག་པར་བྱམས། ཕ་ཁ་བཅད་ལ་བུ་ཁ་ཕྱུར་སྐྱེས་ཀྱང་བུ་བཟང་པོས་ཕ་མ་གཉིས་ལ་ལྷག་པར་བྱམས་དགོས་པ་ལྟར། ཕྱག་རྫོགས་པ་གཉིས་བཟང་ནས། དབུ་མ་ཚང་ངན་ཀྱང་དབུ་མ་སང་ལ་ལྷག་པར་བྱམས་དགོས། དབུ་མ་སང་བཟང་ནས། ཕྱག་རྫོགས་པ་ངན་ཀྱང་ལྷག་པར་བྱམས་དགོས་སྡང་མི་རུང་། དཔེར་ན་ཕ་མ་བུ་གསུམ་འཛོམ་ན་གཅིག་གཅིག་གི་རྒྱན་དུ་སོང་། ཕྱིའི་དགྲ་འདུལ་ཡང་ཐུལ། ནང་གི་གཉེན་སྐྱོང་ཡང་འཁྱོངས་པ་ལྟར། དབུ་རྫོགས་ཕྱག་གསུམ་པོ་བོད་དུ་འཛོམ་ནས་མ་ཉམས་པར་བསྡད་ན། གཅིག་གཅིག་གི་རྒྱན་དུ་སོང་། ཕྱི་རོལ་རྒོལ་ངན་ལྟ་བུ་ཞིག་ཚར་གཅོད་དགོས་བྱུང་ཡང་། རྩོད་པ་

p. 152

ནུས་མཐུ་གང་གི་སྒོ་ནས་བཏུལ་ཀྱང་ཐུལ། ནང་པའི་བསྟན་པ་དང་འགྲོ་བའི་དོན་གང་མཛད་ཀྱང་ཡོང་། དཔེར་ན་ཕ་མ་བསད་ནས་བུས་ཕ་མའི་རོ་ཤུན་གོན་པ་དང་། བུ་བསད་ནས་ཕ་མས་བུའི་རོ་ཤུན་གྱོན་བསྡད་ན་མཚང་ཞིག་མིན། དགེ་ཞིག་མེད་པ་ལྟར། ཕྱག་རྫོགས་ཀྱི་དགོན་པ་གཏོར་ནས། དགེ་ལུགས་པས་ཤུལ་བདག་ཏུ་འཛིན་པ་དང་། དགེ་ལུགས་པའི་དགོན་པ་ཉམས་སུ་བཅུག་ནས་ཕྱག་རྫོགས་པས་ཤུལ་བཟུང་ན་བསྟན་པ་བཤིག་པ་ཡིན་པས་བཟུང་མ་སྙམ། དཔེར་ན་ཕ་མ་བུ་གསུམ་གྱི་གཅིག་གིས་གཅིག་གང་བསད་ཀྱང་ཤུལ་ལུས་དེ་ལ་དམེ་བོ་ཟེར་བ་ལྟར། དབུ་རྫོགས་ཕྱག་གསུམ་གྱི་བསྟན་པ་གང་ཉམས་སུ་འཇུག་མཁན་ལ་བསྟན་བཤིག་ཟེར་དགོས། དཔེར་ན་ཕ་མ་བུ་གསུམ་གང་ཡིན་ཡང་ཟས་གོས་ཀྱིས་ཕོངས་ཚེ། གཅིག་གིས་གཅིག་ལ་ཕན་འདོགས་པ་ལྟར། དབུ་རྫོགས་ཕྱག་གསུམ་གྱི་བསྟན་པ་གང་ཡིན་ཡང་ཉམས་དམའ་ཚེ། གཅིག་གིས་གཅིག་ལ་ཕན་འདོགས་དགོས། དཔེར་ན་ཕ་མ་བུ་གསུམ་གྱི་སུ་ལ་ཡང་གཅིག་གིས་ཕན་ཐོགས་ན། དེ་ལ་དྲིན་ཅན་ཟེར་བ་བཞིན། དབུ་རྫོགས་ཕྱག་གསུམ་གྱི་

p. 153

བསྟན་པ་གང་ཡིན་ཡང་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ལ་བསྟན་འཛིན་ཟེར། དེས་ན་སྐྱེས་བུ་བློ་གྲོས་ཅན་རྣམས་ཀྱིས། བསྟན་པ་ཐམས་ཅད་ཀྱི་བདག་པོ་སྐྱེ་འགྲོ་ཀུན་གྱི་ཕྱག་མཆོད་གསོལ་བ་འདེབས་པ་རྣམས་གཤེགས་ཀྱང་། མཚན་བསྐལ་པར་མི་ནུབ་པ་སྔོན་གྱི་དམ་པ་གོང་མའི་མཛད་པ་ལྟ་བུ་ཞིག་གྱིས། སྤྱིར་ཚེ་ཐུང་རང་ནམ་འཆི་ཆ་མེད་ཚེ་ཕྱེད་ཤོར་སོང་། ཚེ་ལྷག་ལ་མགོའི་ཉི་ཟེར་ལྟ་བུའི་ཡུད་ཙམ་ཞིག་འདུག་རིང་ལ་གཏན་གྱི་བཙན་ས་སངས་རྒྱས་ཀྱི་གོ་འཕང་འཐོབ་པའི་ཐབས་ཆོས་རྣམ་དག་ཅིག་མི་བྱེད་པར། ཆགས་སྡང་གི་གཞི་མ་དགོན་གོག་གཅིག་བརྩིགས་ནས་ཅི་ཞིག་བྱ། དུས་གཏན་དུ་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོའི་ནང་དུ་མི་ལྟུང་བར་ཐར་པའི་བཙན་ས་ཞིག་ཚེ་འདིར་ཟིན་པར་འདོད་ན། ཆོས་སྒྲུབ་པའི་བར་ཆད་བདུད་ལ་དགོན་གཞི་འདི་ལས་ཆེ་བ་ཞིག་གཞན་ན་མེད་པས། བདུད་ལྷ་རུ་མི་མཐོང་བར། བདུད་ལ་བདུད་དུ་ངོ་ཤེས་པ་འདི་ཤིན་ཏུ་གལ་ཆེ་སྟེ། རྗེ་རྒོད་ཚང་པས། བསོད་ནམས་ཀྱིས་ཅི་བྱེད། ཆོས་ཞེ་ནས་བྱེད་ན། འཚོ་བ་བསོད་སྙོམས་བྱས་ཀྱང་ཆོག །ཡང་

p. 154

དག་པར་རྫོགས་པའི་སངས་རྒྱས་ཀྱིས། དགོས་འདོད་ཐམས་ཅད་སྒོ་རྩར་འོང་བ་མཁྱེན་ཏེ། མ་མཛད་པར་བསོད་སྙོམས་མཛད་པ་ལགས་མོད། དགོན་ཆུང་འཛིན་པ་ཀུན་བདུད་ཀྱིས་ཁྱེར་བ་ཡིན། ཞེས་དང་། ཚེ་བློས་བཏང་ནས་གྲུབ་ཐོབ་གཅིག་བྱེད་པ་ཡིན། འཁོར་བ་མ་སྟོངས་བར་དུ་གཞི་དགོན་གྱི་བདག་འཛིན་མི་བྱེད། སོ་ནམ་མི་བྱེད། གསུངས། བཀའ་གདམས་བླ་མ་གོང་མ་འགའ་རེས། སྙིགས་མའི་དུས་སུ་དགོན་པ་ཞིག་བཏབ་པ་ལས། གང་ཟག་གཅིག་གི་རྒྱུད་ལ་ཕན་བཏགས་པ་བསོད་ནམས་ཆེ་གསུངས། རྗེ་བཙུན་མི་ལ་རས་པས། གྲོང་ལྟག་གི་དགོན་ཆུང་ཁྲ་བོ་དེ། །མིང་དགོན་པར་བཏགས་ཀྱང་གྲོང་པ་ཡིན། །བཀའ་གདམས་ཀྱི་བཙུན་ཆུང་སྲང་རྡོ་མགོ །མིང་བཙུན་པར་བཏགས་ཀྱང་ལུས་བསྒྱུར་ཡིན། །གསུངས་པ་ཡང་། ཆ་ལ་ལར་བལྟས་ན་ཐུགས་མད་དེ། དེང་སང་བླ་མ་དགེ་བཤེས་དབེན་པར་བསྒོམས་ན་ཚེ་འདིར་ལམ་སྣ་ཟིན་ཚོད་ན་འདུག་པ་འགའ་ཞིག་གིས་ཀྱང་། གདུལ་བྱར་ཕན་དུ་རེ་ནས་དཀའ་ལས་འོ་བརྒྱལ་མྱངས་ནས་དགོན་པ་བཏབ་པ་ཕལ་ཆེར་ལ་བལྟས་ན། ཕྱོགས་རིས་ཆགས་སྡང་

p. 155

ང་རྒྱལ་ཕྲག་དོག་སེར་སྣ་སོགས་ཉོན་མོངས་ཁྱིམ་པ་བཞིན་ཆེ། འཇིག་རྟེན་ཆོས་བརྒྱད་དཀར་ནག་ཁྲ་གསུམ་མི་དགེ་བཅུ་སོགས། འཁོར་བ་ངན་སོང་དུ་ལྟུང་བའི་རྒྱུ་ལས་ངན་པའི་ཕྱོགས་ལ་སོ་ནམ་བཞིན་རེམ་པ་མཐོང་ན། ཁྱིམ་པ་དང་ཁྱད་པར་མེད་གསུངས་པའི་དོན་ཧ་གོ་ནས་ངེས་ཤེས་འདྲོང་པར་གདའ། ཡང་གཏེར་སྟོན་འགའ་རེས་མ་འོངས་ལུང་བསྟན་ན། སྙིགས་མའི་དུས་སུ་བླ་མ་རེས་བདག་ཏུ་བཟུང་བའི་དགོན་པ་རེ་བཏབ། དགོན་པའི་ས་བདག་ཏུ་བཟུང་བའི་སྦྱིན་བདག་རེ་བཙལ། དགོན་པ་གཉིས་རེའི་ཡོན་བདག་རེ་རེ་བརྩད་ནས་འཁོན་འཛིན་མཐུ་གཏད་སོགས་བསམ་ངན་སྦྱོར་རྩུབ་བྱས། སངས་རྒྱས་ཀྱི་བསྟན་པ་བཤིག་སྐད། དེ་ཡང་ཆ་གཅིག་ན་ཐུགས་མད་པར་སྣང་། དེང་སང་དགོན་པ་གཉིས་རེས་ས་ཆའམ་སྦྱིན་བདག་རེ་བརྩད་ནས་རྒྱབ་འདྲེ་བརྒྱབ། མི་བསད་རྟ་དེད་བྱས་ཟེར་བ་མཐོང་ཐོས་ཀྱང་མང་པོ་ཡོད་ལ། དེ་ལ་དགོངས་ནས། རྗེ་མི་ལས་བུ་རྒྱུད་རྣམས་ལ། བདག་ཏུ་བཟུང་བའི་དགོན་པ་མ་འདེབས་གསུངས། སྤྱན་སྔ་བས། ཆོས་དང་འཇིག་རྟེན་གཉིས་ཀ་མེད། །

p. 156

འོག་ནས་འོག་ཏུ་ལྷུང་སྲིད་པས། །དགོན་གོག་གཞི་མ་དགྲ་ལྟར་ལྟོས། །གསུངས། གང་ཤར་རང་གྲོལ་གྱིས། དགོན་གནས་གྲྭ་ཚང་ལ་ཆགས་པའི་བླ་མ་ཡི་ཚོགས་རྣམས། །ཚེ་མཇུག་དོན་མེད་དུ་ཟད་ཚེ་གང་འདྲ་རང་བྱེད་དམ། །གསུངས། རྗེ་སྐལ་ལྡན་རྒྱ་མཚོས། སྔོན་རྒྱལ་པོས་བསྐྱང་ཚེ་གྲྭ་ཚང་བཙུགས། །དེ་བ་ཧར་རྒྱས་ཐབས་མི་བྱེད་པར། ཁོང་སངས་རྒྱས་བྱང་སེམས་མཉེས་ཕྱིར་དུ། །བདག་འདི་རུ་མི་སྡོད་རི་ལ་འགྲོ །གསུངས། བཀའ་གདམས་གསུང་སྒྲོས་ཐོར་བུ་ལས། རི་ཁྲོད་དགོན་པ་མི་འགྲིམས་པར། འཁོར་བའི་མུན་ཁང་བརྩིགས་པ་འདི་ཡང་འཁྲུལ། གཅིག་པུར་དོན་ཉིད་མི་སེམས་པར། འཁོར་མང་ནང་དུ་ཆོས་འཆད་འདི་ཡང་འཁྲུལ། །གསུངས། དེས་ན་བདག་འདྲའི་བླ་མ་སྒོམ་ཆེན་པའི་སེམས་ལ་གང་འཆར་མི་ཤེས་པས། ཐུགས་བསམ་ཞིབ་ཏུ་གཏོང་དགོས་འཁྲུལ་མི་རུང་སྟེ། གང་ཤར་རང་གྲོལ་གྱིས། ཕྱོགས་མེད་རྒྱལ་ཁམས་ཡངས་པའི་ས་ཕྱོགས་སུ། །ལྟོས་མེད་སློང་ཞིང་རང་རྒྱུད་མི་འདུལ་བར། །སྐྱིད་མེད་དགོན་ཆུང་རེ་ལ་ཞེན་ནས་སྡོད། །སྙིང་མེད་པོ་ཚོ་ད་ནི་མནོ་བསམ་

p. 157

ཐོངས། །གསུངས། ད་ངས་བསམ་བློ་བཏང་ན། དེང་སང་བླ་མ་དགེ་བཤེས་འགའ་ཞིག་གིས། རང་གི་ཚེ་གང་པོར་ཐོས་བསམ་སྒོམ་གསུམ་བྱེད་དགོས་པ་ཐམས་ཅད་བློས་བཏང་བ་ཕར་ཞོག །ཐ་ན་ཞག་བདུན་གྱི་མཚམས་ཡང་མ་བསྡམས་པར། དང་པོ་དགོན་པ་འདེབས་རྒྱུ་ཡིན་ཟེར། སྡེ་ལ་ཁྲལ་དང་འུ་ལག་མང་པོ་བཞག །མི་ཕྱུགས་མང་པོས་ས་རྡོ་ཤིང་མང་པོ་བླངས། བྲན་གཡོག་མང་པོ་ངལ། ཁལ་རྟ་མང་པོ་སྒལ་པ་བཏོན། རྭ་ལུག་དང་འབུ་སྲིན་མང་པོ་བསད། བར་དུ་དགོན་པ་སྐྱོང་རྒྱུ་ཡིན་ཟེར། མི་རྟ་མང་པོ་དང་བཅས་ཡོན་བདག་མང་པོའི་སྒོར་སོང་ནས་དཀོར་མང་པོ་བསྡུས་འོང་། ཐ་མར་འགྱེད་ཕོགས་མང་པོ་བཏང་ཡང་། བླ་མ་ལ་ལྐོག་ན་གྲྭ་པ་མང་པོས་ངན་སྨྲས་མང་པོ་བྱས། དེའི་རྣམ་སྨིན་གྱིས་དམྱལ་བར་འགྲོ་བ་མང་པོ་སྣང་། དེས་ན་དེང་སང་སྙིགས་དུས་འདིར་བདེ་སྐྱིད་སྙན་གསུམ་འདོད་ནས། བླ་མ་འགའ་རེས་དགོན་པ་བརྩིག་པ་སྡིག་སྡུག་གཏམ་ངན་གྱི་གཞི་མ། ཆུང་མ་བདུད་མོ་ཞིག་བླངས་པ་ལས་ཀྱང་ཐུ། དགོན་ངན་གྱིས་ཕར་རེ་ཚུར་རེ་མ་བྱིན་ལེན།

p. 158

མི་ཆོས་བླ་མའི་རྫུན་སོགས་སྨྲས། རྩ་བཞིའི་སྡོམ་པ་ཡན་ཆད་ཤོར། མཐར་ཐུག་གི་འཐོབ་བྱ་སྡིག་སྡུག་གཏམ་ངན་གསུམ་མ་གཏོགས་འདི་ཕྱིར་བདེ་སྐྱིད་ཀྱི་ཡོང་སྒོ་མཆོད་ཅིག་མ་མཐོང་། དེ་བས་དགོན་གོག་རེ་བདག་ཏུ་མ་བཟུང་བར་སྤངས་ན་སྐྱིད་ཆེ་སྟེ། སྐྱིད་པའི་རྒྱང་གླུ་ལས། བདག་འཛིན་དགོན་པ་ནི་མི་འདུག །དངོས་པོའི་གསོག་བསྲུང་ནི་མི་སྣང་། །མི་ངན་ངོ་སྲུང་དང་བྲལ་བའི། །ཀུན་སྤངས་བློ་བདེ་ཚོའི་སྐྱིད་པ། །ཞེས་དང་། བྱ་བཏང་མགྲིན་པ་ཡི་མཛོད་ནས། །སྐྱིད་གླུ་དེ་འདྲ་ཞིག་ཐལ་སོང་། །ཚིག་དོན་སྙིང་དབུས་སུ་ཟུངས་དང་། །སྐྱིད་པའི་ཉི་མ་ཞིག་འཆར་ངེས། །གསུངས། འདི་ལ་བློ་གྲོས་ཅན་གྱིས་དཔྱད་ཤེས་ན་སྙིང་གཏམ་སྨྲས་པ་ཡིན་ཏེ། རྗེ་བསོད་ནམས་སེང་གེས། སྣ་ཚོགས་ཐབས་ཀྱིས་འཁོར་མང་བསྡུས་ནས་ནི། །མཐུན་རྐྱེན་འཛོམ་པའི་དགོན་གཞི་འཛིན་པ་ཡང་། །རྩོད་པའི་གཞི་དང་བདག་སེམས་ཞེན་པའི་རྒྱུ། །གཅིག་པུར་སྡོད་པ་ཁོ་བོའི་སྙིང་གཏམ་ཡིན། །གསུངས། སྙིང་གཏམ་དེ་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་། ད་ལྟའི་སྐྱེས་བུ་དམ་པ་ཡན་ཆད་ཀྱི་བར་བྱོན་པའི་

p. 159

བླ་མ་དམ་པ་གོང་མ་ཐམས་ཅད་ཀྱི་རྣམ་ཐར་དང་ཞལ་གསུང་འཁྲུལ་མེད་ཡིན་པས། གདམས་ངག་གི་ཆེ་ཤོས་ཤིག་ཡིན་ཏེ། སྔོན་སྟོན་པ་སངས་རྒྱས་ཀྱིས་དགོན་གཞི་ཞིག་བརྩིགས་ནས་སླར་བཤིག་པ་ཕར་ཞོག །སྐུ་ཚེ་གང་པོར་དགོན་པ་ཚྭ་འབུམ་གྱི་ཁང་པ་ཙམ་ཞིག་ཀྱང་མ་བརྩིགས་པར། དུས་རྒྱུན་དུ་གནས་བླ་གབ་མེད་པའི་ཤིང་དྲུང་སོགས་ལ་བརྟེན་ནས་འཚོ་བ་བསོད་སྙོམས་མཛད་པ་ཡིན་ལ། དགོན་པ་ཞིག་བརྩིགས་དགོས་ན་ཁོང་གིས་མ་འཛོམ་པ་དང་། མ་མཁྱེན་པ་ཡང་མིན་ཏེ། རྗེས་འཇུག་འོ་སྐོལ་རྣམས་ཀྱིས་ཕྱི་ནས་ཁོང་གི་ལད་མོ་བྱས། དགོན་གཞི་བདག་ཏུ་བཟུང་། གསོག་འཇོག་བྱས། ཆགས་སྡང་གི་ལས་ངན་པ་བསགས་ནས་ངན་སོང་དུ་འགྲོ་བ་མཁྱེན་ནས་མ་མཛད་པ་ཡིན་པས་ཤེས་ན་འོ་སྐོལ་རྣམས་ལ་བཀའ་དྲིན་ཆེ། དེ་བཞིན་དུ་རྗེ་མི་ལ་སོགས་སྔོན་བྱོན་སྐྱེས་ཆེན་དམ་པ་ཐམས་ཅད་ཀྱིས་སངས་རྒྱས་ཐུགས་རྗེ་ཅན་གྱི་རྣམ་ཐར་ལྟར་དགོན་གཞི་མ་བཟུང་བར། རི་ཁྲོད་དབེན་པ་བརྟེན། མི་ནོར་ཟས་གསུམ་སྤངས། སྒྲུབ་པ་སྙིང་པོ་བྱས་པ། འོ་སྐོལ་རྣམས་ཀྱི་ཁ་མིག་ཡར་བལྟ་བྱེད་

p. 160

པའི་སླད་དུ་བྱས་པ་ཡིན་པས་ཤིན་ཏུ་དྲིན་ཆེ་སྟེ། རྒྱལ་བ་རྒོད་ཚང་བས། ངའི་ལུས་ལོངས་སྤྱོད་གཞིས་དགོན་ཡོན་བདག་ལ་སོགས་པ་བདག་འཛིན་མི་བྱ་བ་འདི། ཁྱེད་བུ་སློབ་རྣམས་ལ་དྲིན་ཆེ་བ་ཡིན། ང་ལ་གང་ཤར་ཆོས་སྐུར་འཆར་བར་འདུག་སྟེ། ཚེ་གང་པོ་སྒྲུབ་པ་བྱེད་པ་ཁྱེད་ཚོའི་དོན་ཡིན་གསུངས། ཡང་སངས་རྒྱས་ཐུགས་རྗེ་ཅན་གྱིས། འདོད་ཡོན་ཤིག་ཙམ་རེ་བརྟེན་ན། སྡུག་བསྔལ་རི་ཙམ་རེ་སྟེང་དུ་འོང་བ་མཁྱེན་ནས། རྗེས་འཇུག་འོ་སྐོལ་རྣམས་ལ་རྒྱུ་ནོམ་གྱི་གསོག་འཇོག་ཕར་ཞོག །གསེར་དངུལ་ལ་རེག་མི་རུང་བ་ལ་སོགས་པའི་བཅས་པ་མཛད། གནས་ཤིང་དྲུང་། ཟས་བསོད་སྙོམས་གྱིས་ཞེས་གསུངས་པ་མ་གཏོགས། རྗེས་འཇུག་རྣམས་ཀྱིས་ཁོང་གི་རྣམ་ཐར་འདི་ལྟར་བྱེད་མི་དགོས། དེ་མི་ནུས། དགོན་པ་བརྩིགས། གསོག་འཇོག་ལ་རེམ་དང་། རང་གཞན་བསྟན་འགྲོའི་དོན་ཐམས་ཅད་ཤུགས་ཀྱིས་འགྲུབ་ཅེས་ནམ་ཡང་མ་གསུངས་ལ། དེས་ན་ཚེ་ཐུང་ནམ་འཆི་ཆ་མེད་སོམས་ལ། ལས་ཉོན་གསག་པའི་གཞི་མ་དགོན་གོག་འཛིན་པའི་བསམ་སྦྱོར་སྔར་སྐྱེས་པའམ་ཕྱིས་གསར་དུ་སྐྱེས་ཀྱང་

p. 161

བོར་ལ། བདག་ཅག་གི་སྟོན་པའི་རྣམ་ཐར་ཞལ་གསུང་ལྟར་དམ་པ་གོང་མའི་གདན་ས་མི་མེད་དབེན་དགོན་གྱི་ལྗོན་ཤིང་བསིལ་གྲིབ་ཏུ། ཟས་སྐོམ་ངན་ངོན་བསོད་སྙོམས་ཙམ་རེ་ལ་བརྟེན་ནས་དགེ་སྦྱོར་རྣམ་དག་བྱེད་དགོས་ཏེ། ཀློང་ཆེན་རབ་འབྱམས་པས། མང་པོའི་ནང་ན་འདུ་འཛིས་གཡེངས། །སྡེ་དགོན་ཡིན་ཡང་ཕན་པ་མེད། །ཕྱོགས་རིས་ཆགས་སྡང་ཟག་པ་འཕེལ། །རི་ཁྲོད་དབེན་པ་འགྲིམ་དུ་གཤེགས། །ཞེས་དང་། བླ་མ་ཞང་གིས། ལར་སྒོམ་ཆེན་པ་གཤའ་མ་གཅིག་བྱེད་ན། གྲོང་ལྟག་གི་དགོན་པ་དཀར་ཁྲ་ཤིག་གེ་བ་ལ་བློ་རྩེ་གཏད་པས་མི་འོང་། རི་ཁྲོད་དུ་རི་དྭགས་བཞིན་སྡོད་དགོས་པ་ཡིན། གསུངས། དེ་ལྟར་བྱས་ན་རྒྱལ་བ་གོང་མའི་རྣམ་ཐར་དང་གདན་ས་བཟུང་། གསུང་བསྒྲུབས། ཐུགས་དགོངས་བསྐངས། གདུང་འཚོབ་བསྟན་པ་བཟུང་བ་ཡིན་པས། མིང་དོན་མཐུན་པའི་བསྟན་འཛིན་དེ་ལ་ཟེར་བས་དེ་ལུགས་གྱིས་དང་བཟང་། ཡང་ཁ་ཅིག་ན་རེ། འོ་ན་སྔར་གྱི་རྒྱ་བོད་ཀྱི་ཆོས་རྒྱལ་པཎ་གྲུབ་མང་པོས་དགོན་པ་བཏབ་པ་དང་། ད་ལྟའི་བླ་མ་རྣམས་ཀྱིས་

p. 162

དགོན་བརྩིགས་གསོག་འཇོག་བྱེད་པ་འདི་ཀུན། བདག་ཅག་གི་སྟོན་པའི་རྣམ་ཐར་བཅས་པ་དང་འགལ་ནས་བདུད་ཀྱི་དབང་དུ་སོང་བ་ཡིན་ནམ་ཟེར་ན། ངས་ཁྱོད་ལ་བྱེ་བྲག་ཕྱེད་པར་བཤད་ཀྱིས། ལེགས་པར་ཉོན་ལ་ཡིད་ལ་ཟུངས། འོ་སངས་རྒྱས་ཐུགས་རྗེ་ཅན་གྱིས་འོ་སྐོལ་ལས་དང་པོ་བ་ཤེས་རྒྱུད་ཐ་མལ་ལས་མ་འཕགས་པ་རྣམས་ཀྱིས་ཐར་པའི་བཙན་ས་ཟིན་པའི་བར་ཆད་དུ་འགྲོ་བར་དགོངས་ནས། དེ་སྐད་གསུངས་པ་ཡིན་ལ། དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ་བླ་མ་དགེ་བའི་བཤེས་གཉེན་རྒྱལ་བ་པཎ་ཆེན་རྣམ་གཉིས་ལྟ་བུ་དང་། སྐུ་ཚེ་སྔ་མའམ་ཚེ་འདིར་མདོ་སྔགས་ཀྱི་ལམ་ལ་སྦྱངས་ནས། ས་ལམ་ཐམས་ཅད་མཐར་ཕྱིན་ནས་ཆགས་ཞེན་སོགས་སྐྱོན་གྱི་རིགས་མཐའ་དག་སྤྲིན་ལྟར་དག །མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་ཐམས་ཅད་ཉི་ཟླ་གཟའ་སྐར་ལྟར་རྒྱས། དུས་རྟག་ཏུ་ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་ལས་མ་གཡོས་བཞིན་དུ། གང་ལ་གང་འདུལ་གྱི་སྐུ་དང་གསུང་གི་བཀོད་པ་མཐའ་ཡས་པ་བསྟན་ནས་འགྲོ་བའི་དོན་མཛད་ནུས་པའི་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱིས་བསྟན་འགྲོའི་བདེ་སྐྱིད་ཀྱི་

p. 163

དཔལ་དུ་འགྱུར་བར་མཁྱེན་ནས། རང་འདོད་ཀྱི་དྲི་མ་སྤུ་ཙམ་མེད་པར་གཞན་ཕན་གྱི་ལྷག་བསམ་དུང་ལྟར་དཀར་བའི་སྒོ་ནས། དགོན་པ་བརྩིགས་པ་བདུད་ཀྱི་དབང་དུ་སོང་བ་ཡིན་ཞེས་གསུངས་པ་ག་ལ་ཡིན། དེ་ཡིན་ན་དགོན་པའི་གཟིམས་ཁང་གི་མིང་ཡང་སྤོས་ནས་བདུད་ཁང་ཟེར་དགོས་པར་འགྱུར། ཁྱོད་ཀྱིས་འདི་ལྟར་བྱེ་བྲག་མ་ཕྱེད་བར་གཅིག་རེའི་མགོར་འདུག་མཁན་ཚོ་རེད། ཨ་རྫི་འདི་ཅི་དྲག །ད་དུང་གདམས་པ་ཟབ་མོ་སྟོན་པས། ལོག་པའི་འདུ་ཤེས་རྒྱང་རིང་པོར་སྤོངས་ལ། དར་ཅིག་གསོན་དང་ཁོ་རེ། བསྟན་པ་དང་འགྲོ་བ་ལ་ཕན་ན། སྔོན་སངས་རྒྱས་ཀྱིས་མ་མཛད་པ་མ་གསུངས་པའི་བྱ་བ་ཞིག་བྱས་ཀྱང་། དོན་གྱིས་རྣམ་ཐར་གསུང་དང་མི་འགལ་བར་མ་ཟད། རྣམ་ཐར་བཟུང་། གསུང་རྣམས་བསྒྲུབས་པ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱི་སྐུ་དང་གསུང་གི་མཛད་པ་དང་གསུང་རབ་རྣམས་བསྟན་འགྲོ་ལ་ཕན་ཐབས་ཤ་སྟག་ཡིན་ལ། དེ་ཇི་བཞིན་སྒྲུབ་པ་ཡིན་པའི་ཕྱིར་རོ། །ཡང་བསྟན་འགྲོ་དང་། རང་གིས་ཐར་པ་སྒྲུབ་པའི་བར་ཆད་དུ་འགྲོ་ན།

p. 164

སངས་རྒྱས་ཀྱི་རྣམ་ཐར་གསུང་དང་མཐུན་མཐུན་འདྲ་ཡང་། དོན་གྱིས་གསུང་རབ་དང་རྒྱབ་འགལ་ཆེ་བས་བདུད་ཀྱི་དབང་དུ་སོང་བ་ཡིན་ཏེ། དེ་ཅིའི་ཕྱིར་ཞེ་ན། སངས་རྒྱས་ཀྱིས་ནམ་ཡང་སེམས་ཅན་ལ་གནོད་པའི་བྱ་བ་ཕར་བལྟས་ན་བཟང་བ་ལྟར་སྣང་ཡང་མི་བྱེད་ཅིང་། རྗེས་འཇུག་རྣམས་ལ་ཡང་མ་བྱེད་གསུངས་པའི་ཕྱིར། དེ་དང་འགལ་ནས་བསྟན་འགྲོ་ལ་ཕན་འདོགས་པ་ལྟར་བྱས། ཕམ་གླན་ན་བདུད་ཀྱི་དབང་དུ་སོང་བ་ཡིན་ཏེ། དེ་མིན་ན་བདུད་དབང་དུ་ཤོར་བ་དེ་ཅི་འདྲ་ཞིག་ལ་ཟེར་ཤོད་སྨྲས་ན། ལྗགས་ཐུང་ངུར་འགྱུར་ངེས། ཡང་གསོག་འཇོག་མ་བྱེད་ཅེས་སངས་རྒྱས་ཀྱིས་བཅས་པ་མཛད་པ་དེ་ཡང་། འོ་སྐོལ་ཆགས་ཞེན་རྡོ་ལ་རི་མོ་བྲིས་པ་བཞིན་ཡོད་པ་བསྟན་འགྲོའི་དོན་གང་ཡང་མི་འོང་ངན་སོང་གི་རྒྱུར་འགྱུར་བ་རྣམས་ལ་བཅས་པ་མཛད་པ་མ་གཏོགས། གཞན་ས་ཐོབ་ཀྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ། བླ་མ་དགེ་བའི་བཤེས་གཉེན་ཆགས་ཞེན་གཏན་ནས་ཟད་པ་བསྟན་འགྲོའི་དོན་རྒྱ་ཆེན་མཛད་པ་རྣམས་ལ་བཅས་པ་མཛད་པ་མ་ཡིན་ཏེ། དེ་ཡིན་ན་དད་ཅན་གྱིས་ནོར་རྫས་སོགས་ཚོགས་གསོག་

p. 165

ཕྱིར་ཕུལ་ཀྱང་བཞེས་ན་སངས་རྒྱས་ཀྱིས་བཅས་པ་དང་འགལ་བས་མི་རུང་ཟེར་དགོས་པས་དེ་མི་འགྲིགས། ད་ཡང་ངས་ཁྱོད་ལ་བཤད་ཀྱིས། དཔེར་ན་ལྷ་སྐུའི་མདུན་དུ་མཆོད་རྫས་བཞག་པ་ལྟར། བླ་མ་འདོད་སྲེད་ཆགས་ཞེན་གཏན་ནས་མེད་ན་ནོར་རྫས་རི་རབ་ཙམ་སྤུངས་པའི་དཀྱིལ་གོས་དར་གྱི་ནང་ན་དབུ་ཚོ་ཐུང་ཙོག་གེ་གནས་ཀྱང་ཕན་གནོད་སྤུ་ཙམ་མི་འབྱུང་། སྔོན་སངས་རྒྱས་ཀྱིས་ཆོས་འཁོར་བསྐོར་དུས། ཐོག་མར་གདུལ་བྱ་བཀྲེས་སྐོམ་པ་ལ་ཟས་སྐོམ་གྱི་ཆར་ཕབ་ནས་ཚིམ་པར་བྱས། དེ་ནས་ཚངས་པའི་དབྱངས་ཀྱིས་ཆོས་ཀྱི་འཁོར་ལོ་བསྐོར་བ་ལྟར། བླ་མ་དམ་པ་རྣམས་ཀྱིས་ཐབས་མཁས་བསྡུ་བ་རྣམ་བཞིའི་སྒོ་ནས་འགྲོ་དོན་བྱས་ན་སངས་རྒྱས་ཀྱི་རྣམ་ཐར་གསུང་རྣམས་དང་མི་འགལ་བར་མ་ཟད་ཤིན་ཏུ་མཐུན་ལ་ཉེས་པ་མེད་པར་མ་ཟད། བསོད་ནམས་ཀྱང་མང་དུ་འཕེལ། དེ་འདྲ་མ་ཡིན་པར་མི་ནོར་ཟས་གསུམ་གང་ལ་འདོད་སྲེད་ཆེ། རང་དོན་ཁོ་ན་མ་གཏོགས་གཞན་བསྟན་འགྲོ་ལ་ཕན་པའི་དོན་དུ་ནོར་རྫས་གཅིག་ཀྱང་མི་གཏོང་ན། གོས་དར་གྱི་ནང་ན་དབུ་ཚོ་ཐུང་ཙོག་གེ་

p. 166

བཞུགས་པ་ཀུན་ཀྱང་བདག་ཅག་གི་སྟོན་པའི་རྣམ་ཐར་གསུང་རབ་ཀུན་དང་རྒྱབ་འགལ་ཡིན་པས་གཞན་མ་སེམས། དཔེར་ན་སཏྭ་རེ་དང་རལ་གྲི་རྣོན་པོ་སོགས་མཚོན་ཆ་ཐམས་ཅད་ཀྱི་དགོས་པ་ཕ་རོལ་ཤིང་སོགས་དངོས་པོ་ཆེ་ཆུང་གང་གཅོད་འབུག་པའི་ཐབས་སུ་གཅིག་པ་ལྟར། རྒྱལ་བའི་གསུང་རབ་ཐེག་པ་ཆེ་ཆུང་ཐམས་ཅད་ཀྱི་དགོས་པ། བདག་འཛིན་འདུལ་བའི་ཐབས་སུ་གཅིག་ལ། མཚོན་ཆ་འཕྱར་ནས་བརྒྱ་དབྱུག་ཀྱང་། དུག་སྡོང་གི་ཕྱོགས་སུ་མ་སོང་བར་སྦོམ་ཡེ་རེ་ལུས་སོང་བ་ལྟར། ཆོས་བརྒྱ་བྱས་ཀྱང་བདག་འཛིན་ཕུང་རྒན་གྱི་ཕྱོགས་སུ་མ་སོང་བར་སྦོམ་ཡེ་རེ་ལུས་ན། བྱས་ཚད་དོན་མེད་དུ་སོང་བ་ཡིན་པས། དེ་ཆོས་པ་ཡིན་ཞེས་མཁས་པ་སུ་ཞིག་གིས་སྨྲ། དཔེར་ན་མཚོན་གྱིས་བརྒྱབ་ནས་དུག་སྡོང་རྩ་བ་བཅད་ནས་འགྱེལ་ཚེ། ཡལ་ག་ལོ་མ་འཕེལ་བའི་གནས་མེད་པ་ལྟར། ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་སོང་ནས་ཐུལ་ཚེ། ཆགས་སྡང་སོགས་ཉོན་མོངས་པ་མི་སྐྱེ། ཉོན་མོངས་མ་སྐྱེས་ན་འཁོར་བ་ངན་སོང་གི་རྒྱུ་ལས་ངན་པ་མི་གསོག །དེ་མ་བསགས་ན་འཁོར་བར་འཁྱམས་དོགས་མེད་པས།

p. 167

ཆོས་གང་བྱས་དོན་ཡོད་དུ་སོང་བ་ཡིན་ལ། ཆོས་པ་དེ་ལ་མི་ཟེར་ན་གང་ལ་ཟེར། ནང་བློ་ཡི་དྲི་མ་མཐའ་དག་སྦྱོང་བའི་ཐབས་ས་དགེ་རྙིང་འབྲུག་སོགས་ཀྱི་ཆོས་གང་ཡིན་ཡང་རྒྱུད་ལ་སྐྱེས་པའི་རྟགས་ཁྱད་པར་ཅན་ཞིག་འདི་ཡིན་ལ། ཆོས་གང་ཉམས་སུ་བླངས་ཀྱང་། ཆོས་སུ་སོང་མ་སོང་གི་ཁྱད་པར་འདི་ན་ཡོད་པས། བློ་གྲོས་ཅན་གྱིས་རང་གཞན་རྒྱལ་བའི་གསུང་རབ་དང་མཐུན་མི་མཐུན། རྣམ་ཐར་དང་འགལ་མི་འགལ། ཆོས་ཉོན་མོངས་པའི་གཉེན་པོར་སོང་མ་སོང་། ཆོས་པ་རྣམ་དག་ཡིན་ནམ་མ་ཡིན། བཟང་ངན་སྐྱོན་ཡོན་གང་ཡོད་ཤེས་པར་འདོད་ན། འདི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན་པས། བཏེགས་ན་གསལ་བར་མངོན་ཏེ། བློ་སྦྱོང་དོན་བདུན་ལས། ཐེག་པ་ཆེ་ཆུང་གི་ཆོས་རྣམས་ཀྱི་དགོས་པ་བདག་འཛིན་འདུལ་བར་འདུས་པས། བདག་འཛིན་གྱི་གཉེན་པོར་མ་སོང་ན། ཆོས་བྱས་ཚད་དོན་མེད་དུ་སོང་བ་ཡིན། ཆོས་བྱས་ཚད་བདག་འཛིན་གྱི་གཉེན་པོར་འགྲོ་ཡིན་འདུག་ན་བློ་སྦྱོང་རྒྱུད་ལ་སྐྱེས་པའི་རྟགས་ཡིན། ཆོས་ཆོས་སུ་སོང་མ་སོང་གི་ཁྱད་པར་འདི་ན་ཡོད་པས།

p. 168

འདི་ཆོས་པ་སྲང་ལ་འཇལ་བའི་རྒྱ་མ་ཡིན། གསུངས་སོ། །འོན་ཀྱང་ཡབ་སྲས་མཇལ་མདོར། ལ་ལར་བདུད་ཀྱི་ཆ་བྱད་ཀྱིས། །སེམས་ཅན་རྣམས་ནི་འདུལ་བར་མཛད། །འཇིག་རྟེན་པ་རྣམས་རྟོགས་མི་ནུས། །གསུངས་པས་ན། རྒྱ་མར་འགྱོགས་མི་རུང་། ངས་ཀུ་རེ་བྱས་པ་ཡིན་པས་བདེན་པར་མ་འཛིན། དེང་སང་གང་ཟག་འགའ་རེས་ཆགས་ཞེན་མེད་རུང་ཞེན་པའི་ཚུལ་མཛད་པ་སོགས་མང་། བླ་མ་དགེ་བཤེས་སྒོམ་ཆེན་ཆོས་པ་འགའ་ཞིག་གིས་ཕྱིའི་བྱ་སྤྱོད་ལ་བལྟས་ནས། ནང་གི་ཐུགས་དགོངས་ལོན་དཀའ། སྤྱོད་ལམ་རྒྱལ་བའི་གསུང་རབ་དང་འགལ་བ་ལྟར་སྣང་ཡང་། བསྟན་འགྲོ་ལ་ཕན་པའི་དགོས་པ་ཅན་ཤིན་ཏུ་མང་། རང་ཉིད་ཀུན་མཁྱེན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་བར་དུ། གཞན་བླ་མ་དགེ་བཤེས་གྲོགས་མཆེད་ཀྱི་གཙོར་བྱས། གང་ཟག་མཆོག་དམན་འབྲིང་གསུམ། ཆོས་ལུགས་རབ་འབྲིང་ཐ་གསུམ་གང་གི་སྐྱོན་མཐོང་ཡང་། དཔེར་ན་མཁྲིས་ནད་ཅན་གྱིས་དུང་སེར་པོར་མཐོང་བ་ལྟར། རང་སྣང་མ་དག་པའི་དབང་གིས་བྱུང་བ་ཡིན། འདི་རྣམས་ལ་སྐྱོན་མེད་པ་ཙམ་དུ་མ་ཟད། དཔེར་ན་

p. 169

དུང་དཀར་པོ་ཡིན་པ་ལྟར། དཀར་པོའི་ཡོན་ཏན་ཀྱང་ཡོད་སྲིད་དེ། རང་གི་ལས་ཉོན་གྱི་སྒྲིབ་པ་མཐུག་དྲགས་པས་ཅི་ཙམ་བལྟས་ཀྱང་མཐོང་བའི་སྐལ་བ་མ་བྱུང་བ་ཡིན། འདི་འདྲའི་བྱ་བ་མི་མཛེས་པ་མཛད་པ་བསྟན་འགྲོ་ལ་དངོས་སམ་ཡང་ན་བརྒྱུད་ནས་ཕན་པའི་དགོས་པ་ཡང་ཡོད་སྲིད། སངས་རྒྱས་བྱང་སེམས་རྣམས་ཀྱི་རྣམ་འཕྲུལ་བསམ་གྱིས་མི་ཁྱབ་པས་ན་དོན་ལ་འདི་རྣམས་སངས་རྒྱས་བྱང་སེམས་ཀྱི་རྣམ་འཕྲུལ། གང་སྨྲས་ཐམས་ཅད་བདག་དང་འགྲོ་བ་ཡོངས་ལ་ཕན་པའི་གདམས་པ་ཤ་སྟག་ཡིན། ལོག་ལྟ་བྱེད་མི་རུང་སྙམ་དུ། ལོག་ལྟ་བརྙས་སྨོད་ཁྱད་གསོད་སུན་འབྱིན་སོགས་ཕ་རོལ་པོའི་རྒྱུད་ལ་གནོད་པའི་ལས་སྐད་ཅིག་ཙམ་ཡང་མི་བྱེད་པར་ཀུན་ལ་སྟོན་པའི་འདུ་ཤེས་བཞག །དད་གུས་དག་སྣང་འབའ་ཞིག་མཛད། དངོས་སམ་ཡིད་གང་རུང་གིས་ཕྱག་བསྐོར་མཆོད་བསྟོད་བཀུར་བ་ལ་བརྩོན་པ་གཅེས་སོ། །ཡང་འགའ་རེས། རྗེ་རིན་པོ་ཆེས་མཛད་པའི་ལམ་རིམ་ཆེ་ཆུང་གང་ལ་ཡང་བརྒྱུད་པ་མེད། རྗེ་ཡན་ཆད་ལ་བརྒྱུད་པ་མེད་བཞིན་དུ་སྟོན་པ་སངས་རྒྱས་ཀྱི་བར་དུ་

p. 170

བརྒྱུད་པ་འཇོག་པ་དང་། ལམ་རིམ་གྱི་མགོ་ན། འདིའི་གཞུང་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས། དེ་མཛད་པ་པོ། འདིའི་ཡང་མཛད་པ་པོ་གསུངས། མཇུག་ན་འདི་ནི་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་རི་བོ་དགའ་ལྡན་དུ་སྦྱར་གསུངས་པ། དགོངས་གཞི་ཆེ་ཡང་འགལ་བ་ཤིན་ཏུ་ཆེ་སྟེ། དམ་པའི་ཆོས་ཐམས་ཅད་རྒྱལ་བའི་གསུང་རབ་དང་པཎྜི་ཏའི་བསྟན་བཅོས་གཉིས་སུ་འདུ་ལ། ལམ་རིམ་འདི་བསྟན་བཅོས་ཡིན་ཞེས་སྨྲས་ན། རྒྱལ་བའི་གསུང་ཡིན་ཟེར་བ་བུད། དེ་བུད་ན། རྒྱལ་བ་ནས་མཁས་གྲུབ་འདི་འདྲ་བརྒྱུད་ཡོང་ཟེར། བརྒྱུད་པ་ལྟར་སྣང་བཞག་ཡོད་པ་དེ་ཡང་འབུད་དགོས། དེ་ཅིའི་ཕྱིར་ཞེ་ན། པཎྜི་ཏའི་བསྟན་བཅོས་ཡིན་པའི་ཕྱིར་རོ། །རྒྱལ་བའི་གསུང་རབ་ཡིན་ཟེར་ན། ནམ་ཚོད་གསུངས་པའི་ཁུངས་སྟོན། ཡང་རྒྱལ་བའི་གསུང་རབ་དང་མཐུན་པས་རྒྱལ་བ་ནས་བརྒྱུད་ཟེར་ན། དེ་ཡིན་ན་དགོངས་འགྲེལ་ཐམས་ཅད་རྒྱལ་བའི་གསུང་རབ་དང་ཤིན་ཏུ་མཐུན་པས་དེ་ཀུན་ཀྱང་རྒྱལ་བ་ནས་བརྒྱུད་ཅེས་ཁས་ལོངས། དེ་ཁས་ལེན་ན་མདོ་དང་བསྟན་བཅོས་

p. 171

ཞེས་མིང་གཉིས་ཀྱང་མི་དགོས། ཀླུ་སྒྲུབ་དང་ཐོགས་མེད་ཀྱིས་མཛད་ཅེས་པའི་བསྟན་བཅོས་ཀྱང་དེས་མཛད་གསུངས་པ་རྫུན་ཡིན་ཞེས་ཁས་ལོངས། དེ་ཁས་ལེན་ན་ཁོ་བོས་ཀྱང་རྒྱལ་བའི་གསུང་དང་མཐུན་པ་ཞིག་བརྩམས་ནས། རྒྱལ་བའི་གསུང་ཡིན་རྒྱལ་བ་ནས་བརྒྱུད་ཅེས་བརྒྱུད་པ་བཞག་ཆོག་པ་སོགས་ཧ་ཅང་ཐལ་ཆེས་པར་འགྱུར། ཡང་ལམ་རིམ་རྗེ་རིན་པོ་ཆེས་མཛད་པ་ཡིན་ན། མགོ་ན་འདིའི་མཛད་པ་པོ། ཇོ་བོ་རྗེ་ཡིན་ཞེས་པ་འགལ་བས་དེ་བུད། ཇོ་བོ་རྗེས་མཛད་པར་ཁས་ལེན་ན། མཇུག་ན་ཤར་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་མཛད་ཟེར་བ་དེ་བུད། ཡང་ལམ་སྒྲོན་དང་མཐུན་པས་དེའི་མཛད་པ་པོ་འདིའི་ཡང་མཛད་པ་པོ་ཞེས་པ་ཡིན་ཟེར་ན། ཁོ་བོས་ཀྱང་ལམ་རིམ་ཆེན་མོ་དང་མཐུན་པ་ཞིག་བརྩམས་ནས་རྗེ་རིན་པོ་ཆེས་མཛད་པ་ཡིན་ཞེས་བརྗོད་ན་ཆོག་པར་ཁས་ལོངས། དེ་ཆོག་ཟེར་ན་མཛད་པ་པོ་ཁྲིག་ཁྲིག་མེད་ཅེས་ཁས་ལོངས། དེ་ཁས་ལེན་ན་ཁྱོད་ཀྱི་སྙིང་ཁམས་འདྲ་མ་བདེ་བ་མ་ཡིན་ནམ། སེམས་རྣལ་དུ་ཕོབ་ལ་ལན་དྲང་པོ་ཐོངས་ཤོག །ཡ་ཚོ་ཟེར་ན། ཨ་རྫིའི་

p. 172

སྙིང་རྗེ། རང་གི་བློ་གྲོས་དམན་པས་རྒྱལ་བ་བློ་བཟང་གྲགས་པའི་གསུང་གི་དགོངས་པ་མ་ལོན་པར་འདི་འདྲ་སྨྲ་ཕོད་པ་འཇིགས་རྒྱུ་ཞིག་དང་། མ་ཤེས་པའི་དབང་གིས་སྨྲས་པ་ལོས་ཡིན་སྙམ་སྙིང་རྗེ་རྒྱུ་ཞིག་གཉིས་དུས་གཅིག་ལ་བྱུང་། ཁྱོད་ཀྱིས་འདི་སྔར་ནས་བསམ་པ་ཡིན་ནམ། ད་དྲན་བྱུང་། རྗེ་རིན་པོ་ཆེ་བློ་གྲོས་དམན་པའི་སྟབས་ཀྱིས་འདི་འཕྱུགས་ཡོད་པ་དེ་ཁྱོད་བདེན། འདི་དག་གི་དོན་རྣམས་རྗེས་འཇུག་མཁས་གྲུབ་རྣམས་ཀྱིས་བརྒྱ་དགོས་ན་སྟོང་གསུངས་འདུག །ཁྱོད་ཀྱིས་མ་གོའམ། འོ་ན་ཁྱོད་ཀྱིས་མ་གོ་ཁག་མེད་ལོག་རྟོག་གི་རླུང་སྟོབས་ཀྱིས་ཤེས་རབ་ཀྱི་རྣ་བ་འོན་པའི་ཕྱིར་རོ། །ད་ངས་ཁྱོད་ཀྱི་ལོག་ལྟའི་རླུང་ནད་སེལ་ཕྱིར་ལེགས་བཤད་སྨན་ཐུན་ཆུང་ངུ་ཞིག་ཕངས་པ་མེད་པར་སྟེར་བས། ཁྱོད་འོན་པའི་རྣ་བས་ཡང་སྔར་བཞིན་སྒྲ་ལོག་མ་གོ་བར་ལེགས་པོ་གྱིས་ཉོན་ཅིག །འོ་ས་གསུམ་གྱི་སྒྲོན་མེ་ཆེན་པོ་བྱང་ཆུབ་ལམ་རིམ་ཆེན་མོ་ལ། བརྒྱུད་པ་ཡོད་ཚུལ་དཔེའི་སྒོ་ནས་སྟོན། ཅི་འདྲ་ཞིག་ཡིན་ཟེར་ན། དཔེར་ན་རྒྱལ་བྱེད་ཚལ་ནས་སྨན་ཐམས་ཅད་ཀྱི་ནང་ནས་ཅུང་ཟད་རེ་བླངས་ནས་སྨན་ཐུན་བྱས། གཞན་ནད་པ་ལ་

p. 173

བྱིན་ན། དེ་སྨན་པའི་ལག་ནས་རྒན་གཞོན་བར་མ་སུ་ཞིག་གིས། སྨན་ཐུན་དེ་འོང་བའི་ཁུངས་རྒྱལ་བྱེད་ཚལ་མིན། དེ་ཚོང་བ་འདི་འདྲ་ཞིག་གི་ལག་བརྒྱུད་ནས་འོང་ཟེར་བ་རྫུན་ཡིན། སྨན་པ་ཁོ་རང་གི་ལག་ནས་བྱུང་བ་ཡིན་མི་ཟེར་བ་ལྟར། ཡུལ་རྒྱ་གར་འཕགས་པའི་ཡུལ་གྱི་མཉམ་མེད་སྟོན་པ་ཤཱཀྱའི་རྒྱལ་པོའི་གསུང་རབ་རྣམས་རྒྱལ་བ་རང་དང་ས་བཅུའི་བྱང་ཆུབ་སེམས་དཔའི་སྤྲུལ་པ་ལོ་ཙཱ་བ་དང་། མཁས་གྲུབ་དཔག་མེད་ཀྱིས་བོད་ཡུལ་མཐའ་འཁོབ་ཏུ་གདན་དྲངས་པ་རྣམས། བསྟན་པའི་བདག་པོ་རྒྱལ་བ་གཉིས་པའི་ཕྱག་ཏུ་འབྱོར་ཚེ། རྒྱལ་བའི་གསུང་རབ་ཀུན་གྱི་བཅུད་བསྡུས་པ་བྱང་ཆུབ་ལམ་རིམ་མཛད་ནས་གདུལ་བྱ་ལ་གནང་བ་རྗེ་རིན་པོ་ཆེའི་ཞལ་ལས་ཐོན་ཀྱང་། མཁས་བླུན་བར་མ་སུ་ཞིག་གིས། བྱང་ཆུབ་ལམ་རིམ་དེ་འོང་བའི་ཁུངས་རྒྱལ་བའི་གསུང་རབ་མིན། མཁས་གྲུབ་བར་མ་ཆད་དུ་བརྒྱུད་ནས་འོང་ཟེར་བ་རྫུན་ཡིན། རྗེ་རིན་པོ་ཆེའི་རང་བཟོ་ཡིན་ཞེས་ཁྱོད་མ་གཏོགས་སུ་ཞིག་གིས་སྨྲ་སྤོབས། ཁྱོད་ཀྱི་གཏམ་དེ་དཔེ་བཞག་ན། སྨན་པ་མཁས་པས་སྨན་སྦྱར་བ། ཁོ་རང་

p. 174

གི་ལག་གམ་ལུས་ཀྱི་ཆ་ཤས་ཞིག་ལས་བྱུང་། རྒྱལ་བྱེད་ཚལ་སོགས་ནས་འོང་བ་མིན་སྨྲས་པ་དང་མཚུངས་སོ། །ཡང་བྱང་ཆུབ་ལམ་རིམ་ལ་བརྒྱུད་པ་མེད་ན། སྔོན་ཨོ་རྒྱན་པདྨས་གདུལ་བྱ་ལ་བློ་དམན་ལེ་ལོ་ཅན་རྣམས་ཀྱི་ཆེད་དུ་གསང་སྔགས་ཀུན་གྱི་བཅུད་བསྡུས་པ་ཡིན་ཚོ་ཟེར། སྔགས་ཆོས་མང་པོ། གཏེར་སྟོན་འགའ་རེས་གཏེར་ནས་བཏོན། ཨོ་རྒྱན་ནས་ཀུན་བཟང་གི་བར་བརྒྱུད་པ་འཇོག་པ་དེ་ཡང་བརྒྱུད་པ་ལྟར་སྣང་ཙམ་ཡིན། ངེས་དོན་གྱི་བརྒྱུད་པ་ཞིག་མེད་ཅེས་ཁས་ལེན་དགོས་པས། དེ་ཡིན་ན་ཁྱོད་ཀྱིས་རང་གི་བླ་མ་བརྒྱུད་པ་དང་བཅས་པ་ཡང་རྫུན་དུ་བཏང་བྱུང་བས། ད་བརྒྱུད་པ་ཡོད་མེད་དེ་ཙམ་གྱིས་ཆོག་ནི་གྱིས། བློ་གྲོས་ཅན་རྣམས་ཀྱིས་བསམས་ན། ཁྱོད་ཀྱིས་ཧ་གོ་བ། གཏམ་སྔོན་ཆད་མཁས་པས་མ་ཐོས་པ། །གཏམ་དེ་འདྲ་སྨྲ་མཁན་ཁྱོད་མིན་སུ། །གཏམ་དེ་འདྲ་ཐོས་ཚེ་མཁས་གྲུབ་ཀུན། །གཏམ་སྨྲ་བ་བཞག་ནས་ཅིས་མི་བཞད། །ཅེས་གླུ་ལེན་པར་རིགས་སོ། །ཡང་དཔེར་ན། སྨན་སྣ་མང་ཐུན་བྱས་ཡོད་པའི་ནང་ན། རྒྱལ་བྱེད་ཚལ་ནས་འོང་བའི་སྨན་མང་ན། དེ་རྒྱལ་བྱེད་ཚལ་ནས་ཡིན།

p. 175

དེ་ཀུན་འདི་ལྟར་ཉོས། མི་འདི་འདྲ་བརྒྱུད་ནས་འོང་། བཤད་ཀྱང་མི་འགལ་བ་ལྟར། པཎྜི་ཏའི་བསྟན་བཅོས་ལམ་རིམ་ཡིན་ཡང་། རྒྱལ་བའི་གསུང་རབ་ཀྱི་ལུང་འདྲེན་མང་ན། རྒྱལ་བའི་གསུང་རབ་ཡིན། དུས་འདི་འདྲ་ཞིག་ལ་གསུངས་ཤེས་སྔོན་གྱི་ལོ་རྒྱུས་དང་། མཁས་གྲུབ་འདི་འདྲ་ཞིག་ལ་བརྒྱུད་གསུངས་པ་འགལ་བ་སྤུ་ཙམ་མེད་པས། རྒྱལ་བའི་གསུང་ཡིན་མཁས་གྲུབ་མང་པོ་བརྒྱུད་འོང་སྨྲ་བ་འབུད་ཅི་དགོས། དཔེར་ན་སྨན་བརྡུངས་པ་དང་མ་བརྡུང་བ་དོན་གྱིས་གཅིག་ཀྱང་། སྨན་པས་བརྡུངས་པའི་སྨན་ཐུན་དུ་བྱས་པ་དེ་རྒྱལ་བྱེད་ཚལ་ནས་བརྡུངས་ནས་བརྒྱུད་འོང་བ་ཡིན་ཟེར་ཅི་ལ་དགོས། སྨན་བརྡུངས་པ་དང་མ་བརྡུང་བ་ཞེས་མིང་གཉིས་བཏགས་པ་འགལ་བ་མེད་པ་ལྟར་རྒྱལ་བའི་གསུང་རབ་དགོངས་འགྲེལ་གཉིས་དོན་གྱིས་གཅིག་ཀྱང་། པཎྜི་ཏས་རྒྱལ་བའི་དགོངས་པ་ཇི་བཞིན་བཀྲལ་པའི་བསྟན་བཅོས་དེ་རྒྱལ་བའི་གསུང་ཡིན་རྒྱལ་བ་ནས་བརྒྱུད་ག་ལ་ཟེར་དགོས། མདོ་བསྟན་བཅོས་ཞེས་མིང་གཉིས་སོ་སོར་བཏགས་པ་འགལ་བ་མེད་པས། མདོ་བསྟན་བཅོས་ཞེས་

p. 176

མིང་གཉིས་བཏགས་པ་གཅིག་དགོས་པ་དང་། ཀླུ་སྒྲུབ་ཐོགས་མེད་སོགས་ཀྱིས་བསྟན་བཅོས་མཛད་པ་པོ་ཁོང་གཉིས་མིན། རྫུན་ཡིན་ཞེས་ཁས་ལེན་དགོས་པའི་ཁྱབ་པ་ཅི་ཡོད། དཔེར་ན་རྒྱལ་པོ་ཞིག་གི་གསུང་ཇི་བཞིན་པ་བྲན་གཡོག་ཅིག་གིས་བསྒྲགས་ཀྱང་། རྒན་པོ་ཐམས་ཅད་ཀྱིས་དེ་རྒྱལ་པོའི་ཚིག་རེད། བློན་འབངས་བརྒྱུད་ནས་གོ་བ་རེད། ཅེས་ཁས་ལེན་པ་ལྟར། ད་ཁྱོད་ཀྱིས་ཀྱང་རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་ཇི་བཞིན་པའི་ལེགས་བཤད། བྱང་ཆུབ་ལམ་རིམ་ལྟ་བུ་ཞིག་རྩོམ་ནུས་ན་རྒྱལ་བའི་གསུང་རེད། རྒྱལ་བ་ནས་མཁས་གྲུབ་བརྒྱུད་ནས་འོང་བ་རེད། ཅེས་དབུ་མ་སང་གིས་ཀྱང་ཁས་ལེན། ཡང་ལམ་རིམ་གྱི་མཛད་པ་པོ་ཇོ་བོ་ཞེས་ཞལ་འཕང་མཛད་ནས། ཇོ་བོ་རྗེའི་བསྔགས་བརྗོད་གསུངས་པ་དེ་ལ་དགོངས་གཞི་ཆེ། དེ་སྐད་གསུངས་ན་ཆོས་ཁུངས་བཙུན་པར་འགྱུར་བའི་ཕྱིར་ཡིན་པས་འགལ་བ་མེད། ཁོང་ཇོ་བོ་རྗེ་དངོས་ཡིན་ཞིང་། ལམ་རིམ་ཡང་ཇོ་བོས་མཛད་པའི་ལམ་སྒྲོན་ཚུར་ལུང་དུ་དྲངས་ནས་གཞུང་ཤིང་ལྟ་བུར་བྱས། མདོ་རྒྱུད་མན་ངག་གིས་བརྒྱན་ནས་ཇེ་གསལ་དུ་བཏང་བ་མ་གཏོགས་

p. 177

དོན་གྱིས་གཅིག་ཡིན་པས། ཁོང་རྣམ་གཉིས་ཀྱི་སུའི་གསུང་ཡིན་ཞེས་བཤད་ཀྱང་འགལ་བ་མེད་པར་མ་ཟད། ཤུགས་ཀྱིས་ཁོང་ཡང་ཇོ་བོ་རྗེའི་སྤྲུལ་པ་ཡིན་པར་ཞལ་གྱིས་བཞེས། བྱང་ཆུབ་ལམ་རིམ་ཁུངས་ཤིན་ཏུ་བཙུན་པར་བྱས་པ་བློ་གྲོས་ཅན་རྣམས་ཀྱིས་བསམས་ན། རྗེ་བླ་མར་དད་གུས་ཁྱད་པར་ཅན་སྐྱེ་བའི་རྒྱུ་ཞིག་འདི་ན་སྣང་། གཞན་ཡང་ཉམས་མགུར་ལས། གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །གསུངས་པ་ལྟར་སྤྱིར་བྱང་ཆུབ་ལམ་གྱི་རིམ་པར་རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་འདུས་པས། མཛད་པ་པོ་རྗེ་རྣམ་གཉིས་ཡིན་ཞེས་བརྗོད་པ་མི་འགལ་བར་མ་ཟད། ཡང་དག་པར་རྫོགས་པའི་སངས་རྒྱས་ནས་བཟུང་། སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་ཐམས་ཅད་ཀྱིས་མཛད་པ་ཡིན་ཞེས་བརྗོད་ཀྱང་དོན་གྱིས་འགལ་བ་མེད། དེས་ན་ལམ་རིམ་གྱི་མགོ་ན་ཇོ་བོས་མཛད་གསུངས། མཇུག་ན་ཁོང་གིས་མཛད་གསུངས་པ། གང་ཡིན་ཡང་འབུད་ཅི་ལ་དགོས། ཁྱོད་ཀྱིས་ཇོ་བོ་རྗེ་དང་རྗེ་རྣམ་གཉིས་ཀྱི་དགོངས་དོན་

p. 178

ཇི་བཞིན་པའི་ལེགས་བཤད་བརྩམས་ནས། ཇོ་བོ་རྗེ་དང་རྗེ་རིན་པོ་ཆེས་གསུངས་ཞེས་བརྗོད་ན་དོན་གྱིས་འགལ་བ་མེད་པས་ཆེས་ལེགས་ཏེ། ཆུ་དང་འོ་མ་བསྲེས་པ་བཞིན་ཡིན་ན་བརྒྱའི་ནང་དུ་མིན་ནི་སྟོང་བསྲེས། ལེགས་བཤད་ཉེས་བཤད་ཀྱིས་བརྫད་པའི་སྔོན་མེད་ལམ་རིམ་ཞིག་བརྩམས་ནས་འདིའི་མཛད་པ་པོ་ཇོ་བོ་རྗེའམ་རྗེ་རིན་པོ་ཆེ་ཡིན་ཞེས་ཁྱིའི་མིང་ལ་སེངྒེ། མི་འབྱོར་ནི་ལ་རབ་འབྱོར་བཏགས་ན་ཆོག་པར་སེམས་པ་མཁས་པའི་བཞད་གད་ཀྱི་གནས་ཡིན་པས་གཞན་མ་སེམས། ད་ངས་བསམ་ན་ཁྱོད་ཀྱི་སྐད་གསང་མཐོན་པོས་དེ་ཡིན་ན་གཅིག་མར་བུད་ཚོ་ཟེར། སྨྱོ་གཏམ་རྐྱང་ལབ་ཚུལ་འདི་ཚོ་ལ་བལྟས་ན། ཁྱེད་སང་གི་སྙིང་ཁམས་ཤིག་མ་བདེ་བ་ཨེ་ཡིན། སེམས་རྣལ་དུ་ཕོབ། བསམ་བློ་ཞིབ་ཏུ་ཐོངས་ལ། །ཕྱིན་ཆད་འདི་འདྲའི་སྨྲ་བའི་རིགས་བཅད་ན་ལེགས་སྟེ། རྗེ་བཙུན་བསོད་ནམས་སེང་གེས། རང་ཕྱོགས་སྐྱོང་ཞིང་གཞན་ཕྱོགས་དགག་པའི་རྒྱུ། །བགྲོ་གླེང་ཆོས་ཀྱི་ག་དར་ཡིན་མོད་ཀྱང་། །དེ་ལ་བརྟེན་ནས་ཉོན་མོངས་སྐྱེ་བའི་རྒྱུ། །སྨྲ་བཅད་བྱེད་པ་ཁོ་བོའི་སྙིང་གཏམ་ཡིན། །གསུངས། ཡང་

p. 179

འགའ་རེས་རྙིང་མ་བ་འདིས། གཏེར་སྟོན་ཆུང་ནས་བཞག་པའི་སྐྲ་རྙིང་ཚོ་དུད་པར་སོང་ནས། རྙིང་དྲིའི་མི་ཚད་དུད་དྲི་ཚད་གི་འགྲོ་བ་མང་པོས། དེང་སང་ས་འོག་རྡོ་འོག་ནས་སེར་པོར་འགྲོ་རག་བར་དུ་བཞག་པའི་ཆོས་རྙིང་པ་བཏོན་ནས་གཏེར་གསར་ཟེར། རླན་དྲི་མ་ཡལ་བ་མཁའ་འགྲོའི་ཁ་རླངས་མ་ཡལ་བའི་ཟབ་ཆོས་ཚོ་ཟེར། བླུན་པོའི་མགོ་བསྐོར་བ་འདི་ཡ་མཚན། འདི་ལ་བརྒྱུད་པའི་ཁུངས་ཤིག་འཇོག་ན། ས་ཟད་གི་རྔ་མ་རྡོ་ཐུག་ཟེར་བ་ལྟར། བརྒྱུད་པའི་ཐུག་ས་བོ་ཕར་འདེད་རྒྱུ་ཡིན་ན། སའམ་རྡོ་ཞིག་རེད། ཧ་ཧ་ཁམས་ཆེས་སྣང་། འདི་ཚོ་འདིའི་བརྒྱུད་པ་གང་ཡིན་ཟེར་རམ། གཅིག་འདྲི་རྒྱུ་ཡོད་ཁི་ཟེར་ན། འོ་དེ་ཁྱོད་བདེན་འདྲི་རྒྱུ་ཡོད་ན་དེ་ལ་བཤད་རྒྱུ་ཡང་ཡོད་པས། ཁྱོད་གཞུང་ལུགས་ལ་སྦྱངས་སྦྱངས་པའི་མཁས་པ་ཞིག་གིས་གླེན་གཏམ་སྨྲས་ནས་ཧ་ཧ་ཚོ་ཟེར་གླེན་རྒོད་བྱས། བླུན་པོའི་ལད་མོ་བྱེད་པར་མི་རིགས་ཏེ། སྡེ་གཞན་ཚོའི་གོ་ན་ངོ་རེ་ཚ། ཁ་རོག་པར་ཉོན་དང་། ངས་དཔེ་བཞག་ནས་ཤེས་ཚོད་ཅིག་བཤད་ཀྱིས། དཔེར་ན་འབྲོག་པའི་བུད་མེད་མཛངས་མ་ཞིག་

p. 180

གིས་མཛོ་འབྲི་བརྒྱ་སྟོང་གི་འོ་མ་རྣམས་བཞོས་ཤིང་དཀྲོགས་ནས་མར་བླངས་ནས། དེ་ལ་འཁོད་པའི་ཉེ་འཁོར་རྣམས་ལ་ཡང་བྱིན། ཕྱི་འདངས་བརྒྱབ་ནས་མར་དེ་ཀུན་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་སྣོད་དུ་བཅུག་ནས་མཛོད་དུ་སྦས། ཕྱིས་དགོས་དུས་སུ་མོ་རང་ངམ་ཡང་ན་མར་ཡོད་པ་ཆ་རྒྱུས་ཆེ་བའི་ཉེ་འཁོར་གྱི་མི་ཞིག་གིས་བླངས་ནས། དགོས་དོན་སྒྲུབ་པ་ལྟར། སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་གདུལ་བྱ་བློ་དམན་ལེ་ལོ་ཅན་ལ་ཕན་པའི་སླད་དུ། གསང་སྔགས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་ཕྱོགས་གཅིག་ཏུ་བསྡུས་པའི་གདམས་པ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་རླངས་ཆེན་དཔལ་གྱི་སེང་གེ་སོགས་ལས་ཅན་དག་པའི་འཁོར་རྣམས་ལ་བསྟན། ཕྱི་རབས་གདུལ་བྱའི་དོན་དུ་གདམས་པ་བཟང་པོ་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར། རིན་ཆེན་གཏེར་གྱི་སྒྲོམ་བུར་བཅུག་ནས་རི་བྲག་སོགས་ལ་སྦས། ཕྱིས་གདུལ་བྱའི་དུས་ལ་བབ་ཚེ་ཁོང་གི་སྤྲུལ་པའི་གཏེར་སྟོན་ནམ། མཚོ་རྒྱལ། དཔལ་སེང་སོགས་རྗེ་འབངས་ཉེར་ལྔའི་སྤྲུལ་པའི་གཏེར་སྟོན་འཁྲུལ་མེད་ཀྱིས་བླང་ཚེ། སྤྲུལ་པའི་གཏེར་སྟོན་ཆེན་པོ་དེ་ལ་སློབ་དཔོན་

p. 181

རིན་པོ་ཆེས་དངོས་སམ་ཉམས་གང་རུང་ལ་གཏེར་ཆོས་དེའི་དབང་ལུང་ཁྲིད་དང་བཅས་པ་གནང་བའི་བྱིན་རླབས་ཀྱི་དྲོད་མ་ཡལ་བ། དེ་སྐལ་བཟང་གི་གདུལ་བྱ་ལ་སྤེལ་བ་ཡིན་ལ། ཨོ་རྒྱན་རིན་པོ་ཆེ་སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ་ཡིན་པས། ཆོས་དང་བརྒྱུད་པ་ཐམས་ཅད་འདུས་མོད། འོན་ཀྱང་གདུལ་བྱའི་སྣང་ངོར་འོག་མིན་མན་ཆད་ཀྱི་ཞིང་ཁམས་ཐམས་ཅད་དུ་རྫུ་འཕྲུལ་གྱིས་བྱོན་ནས། དཔལ་ཀུན་ཏུ་བཟང་པོ་མན་ཆད་ཀྱི་སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི་གསུང་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཐམས་ཅད་ཀྱི་དབང་ལུང་ཁྲིད་གསུམ་གསན་པའི་ཚུལ་གནང་། རྒྱ་གར་དུར་ཁྲོད་བརྒྱད་སོགས་སུ་བཀའ་བརྒྱད་སྒྲུབ་པ་མཛད། དངོས་གྲུབ་བརྒྱད་ཐོབ། གུ་རུ་མཚན་བརྒྱད་དུ་གྲགས། བོད་དུ་རྒྱལ་པོ་ཁྲི་སྲོང་གི་སྐུ་བསོད་ཀྱིས་སྤྱན་དྲངས། རྗེ་འབངས་ཉེར་ལྔ་སོགས་སྐལ་བཟང་གི་གདུལ་བྱ་ལ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་པ་ཡིན་པས། འདི་ལས་ཆོས་དང་བརྒྱུད་པ་ཁུངས་བཙུན་པ་ཞིག་གཞན་སུ་ལ་མེད་ཅེས་སྐད་གསེང་མཐོན་

p. 182

པོས་བསྒྲགས་ནས་ངོམས་ཆོག་པའི་ཚོད་ཡིན། ཁྱོད་ཀྱིས་རྙིང་མའི་གཏེར་ཆོས་འདིའི་བརྒྱུད་པ་ཕར་དེད་ན་སའམ་རྡོ་རེད་ཚོ་ཞེས་ཧ་ཧ་ཟེར་བ་དེ། དཔེར་ན་དེད་དཔོན་ཞིག་གིས་རྒྱ་མཚོའི་གླིང་གི་རིན་པོ་ཆེ་ཁྱེར་འོང་ནས། རྡོ་ཤིང་གི་སྣོད་ལྟ་བུ་ཞིག་ཏུ་སྦས་ནས་སྣོད་མཛོད་དུ་བཞག་ཡོད་པ། ཕྱིས་དེད་དཔོན་དེའམ་དེའི་ཉེ་འཁོར་བ་ཞིག་གིས་བཏོན་དུས། གླེན་པའམ་བྱིས་པ་ཅི་ཡང་མི་ཤེས་པ་ཞིག་གིས་རིན་པོ་ཆེ་དེ་རྣམས། དང་པོ་འོང་བའི་ཁུངས་རྡོ་ཤིང་དེ་རེད་སྙམ་ནས་ཁ་ནས་ཚིག་དེ་སྐད་བཏོན་པ་དང་འདྲ་བས། དེ་འདྲའི་གཏམ་བླུན་པོ་ལ་སྨྲས་ན་ཅི་ཤེས། མཁས་པའི་དྲུང་དུ་སྨྲས་ན་བཞད་གད་ཀྱི་གནས་ཡིན་པས་གཞན་མ་སེམས། སློབ་དཔོན་པདྨས་མཛད་པའི་གསང་སྔགས་ཀྱི་བཅུད་ལྟ་བུའི་གཏེར་ཆོས་ལ་བརྒྱུད་པ་མེད་སྨྲས་ན། ཁྱོད་ཀྱིས་ཉམས་སུ་མི་ལོན་རུང་བློས་གཏོད་ས། རྗེ་རིན་པོ་ཆེས་མཛད་པའི་མདོ་སྔགས་ཀྱི་བཅུད་ལྟ་བུའི་བྱང་ཆུབ་ལམ་རིམ་ལ་ཡང་བརྒྱུད་པ་མེད་ཅེས། ཁས་རྙིང་མ་པ་སང་ལ་བཤད་བཤད་ཅིག་མ་བྱས་པ་ཙམ་མ་གཏོགས་མཁས་པས་དཔྱོད་དང་། དོན་གྱིས་སྐུར་པ་བཏབ་པར་འགྱུར།

p. 183

དེ་ཡིན་ན། ཁྱོད་སྔར་མེད་པའི་མི་བརྗོད་བདག་བརྗོད་བྱེད་པའི་མཁས་པ་ཞིག་གསར་དུ་བྱུང་བ་ཡིན་པས་ཁྱོད་ཀྱིས་ཧ་གོ །མི་བརྗོད་བདག་བརྗོད་མཁས་པ་ཞིག །མི་ཁྱོད་མ་གཏོགས་གཞན་ན་གང་། །མི་རྣམས་མཁས་པའི་ངོ་ལ་བལྟས། །མི་ཟད་བཞད་གད་ཅིས་མི་བྱེད། །ཅེས་གླུ་ལེན་པར་རིགས་སོ། ཡང་འགའ་རེས་ཁོ་ཨ་དུར་གི་མཁས་པ་ཨ་རྫི་འཇིགས་པ་སུས་མདུན་ནས་ཁ་གྲགས་མི་ཐུབ་པ་ཞིག་བཅའ་སྙམ་ནས། སྤྱིར་གཏེར་ཟེར་བ་ཞིག་གཏན་ནས་མེད། རྙིང་མ་སང་འདི་པས་རྫབ་རྫུབ་བྱས་ནས་གཏེར་ཟེར་ནི་ཞིག་འཐོན་གི །དེ་འདོན་ཚད་ཉམས་སུ་ལེན་ཚད་ཐམས་ཅད་ས་འོག་རྡོ་འོག་གི་སྡོམ་སྡིག་སོགས་འབུ་སྲིན་མི་སྡུག་པར་སྐྱེ། འདོན་མི་རུང་ཚོ་ཟེར་བ་དེ་ལ་ཕན་པའི་དགོངས་གཞི་ཆེ་ན་མ་གཏོགས། གཞན་རང་གར་སྨྲས་པ་ཡིན་ན་མི་དེ་ལ་སེམས་མེད་དམ། ཡང་ན་སེམས་མགོ་ཅིག་གིས་བཀབ། རྣ་བ་འོན་ནམ། ཡང་ན་ཁ་གཅིག་གིས་བཅད། མིག་ཞར་རམ་ཡང་ན་བཙུམས་ནས་བསྡད་པ་ཞིག་གི་གཏམ་ཡིན་ཏེ། ཆོས་དང་ནོམ་གཏེར་རྒྱ་བོད་ཀྱི་རྒྱལ་བློན་པཎ་གྲུབ་

p. 184

རྣམས་ཀྱིས་ཕར་སྦས་པ་དང་། ཚུར་བླངས་པའི་ལོ་རྒྱུས་བརྒྱ་དགོས་ན་སྟོང་དང་། སྟོང་དགོས་ན་ཁྲི་ཡོད། པདྨ་བཀའ་ཐང་། ཐང་ཡིག་སྡེ་ལྔ་དང་། མཁས་གྲུབ་དུ་མའི་ལུང་བསྟན་ན། མ་འོངས་པ་ན་ཡང་གཏེར་འདོན་རྒྱུ་མཐའ་ཡས་པ་ཡོད་པར་གསུངས། འདི་རྣམས་མ་ཤེས་མ་གོ་མ་མཐོང་ན། ཁྱོད་ལ་སེམས་མེད་འོན་ལོང་མི་ཟེར་ན་སུ་ལ་ཟེར། དེང་སང་ང་ཚོས་ཀྱང་རིན་ཆེན་སྨན་སྣ་བསྡུས་ནས་གཏེར་བུམ་པ་སོགས་ས་ལ་མི་འཇུག་གམ། དེ་ལ་ཡང་གཏེར་གྱི་མིང་ཐོགས་པས། གཏེར་ཟེར་ནི་ཞིག་གཏན་ནས་འཇིག་རྟེན་ན་མེད་ཟེར་བའི་གཏམ་ངན་དེ་ཁྱོད་མ་གཏོགས་གཞན་སུ་ཞིག་གིས་སྨྲ། གཏེར་སྔར་ཡོད་པའི་རྟགས་སུ་འཇིག་རྟེན་རྒན་རྒོན་རྣམས་ཀྱི་གཏམ་དཔེ་ཚོར་ཡང་། དེ་མི་འཛད་པའི་གཏེར་མ་རེད། ཕར་གཏེར་བཞིན་སྦས། ཚུར་གཏེར་བཞིན་བཏོན་ནས་ཞེས་གཏམ་དཔེ་རུ་མི་བཤད་དམ། ད་གཏེར་ཟེར་ནི་ཞིག་ཡོད་མེད། གཞན་ལ་འདྲི་མི་དགོས། ཁྱོད་སོང་ལ་གྲོང་གི་རྒན་རྒོན་བྱིས་པར་དྲིས་དང་བཤད་ཡོང་། ཡང་ཁོ་བོས་ནོམ་གཏེར་མེད་བཤད་ནི་མིན། ཆོས་གཏེར་མེད་ཅེས་བཤད་ནི་ཡིན་ཟེར་ན།

p. 185

ཨ་ཧོ། ཁྱོད་ཀྱིས་ཟེར་བ་དེ་ཅི་ཞིག་རེད། རྒྱལ་བ་སྲས་བཅས་ཀྱིས་ངན་སྐྱུགས་ལྟར་སྨད་པའི་གནས། ནོར་རྫས་ཀྱི་གཏེར་ཡོད་ན། རྒྱལ་བས་ཡང་ཡང་བསྔགས་པའི་གནས་འཇིག་རྟེན་ཁམས་ན་ཡིད་བཞིན་ནོར་ལས་དཀོན་པའི་དམ་པའི་ཆོས་ཀྱི་གཏེར་ཡོད་པ་སྨོས་ཅི་དགོས། གཏེར་ལ་ངན་པ་སྦེད་དམ། བཟང་པོ་སྦེད་བསམ་བློ་ཐོངས་གི་ཐོངས་གི་ཤོད་དང་། གཏེར་ཆོས་སྤྱད་ན་འབུ་སྲིན་དུ་སྐྱེ་ཞེས་རྒྱལ་བའི་གསུང་ནས་མ་མཐོང་བ། གཏམ་ངན་དེ་འདྲ་སྨྲས་ན་ས་འོག་རྡོ་འོག་གི་སྡིག་པ་རྭ་ཅན་ཚོར་སྐྱེ་ཞེས་རྒྱལ་བའི་གསུང་རབ་ན་མང་པོ་སྣང་བས་ཁྱོད་ཀྱིས་གཟབ་འཚལ། དེས་ན་བླ་མ་སྐྱེས་བུ་དམ་པ་རྣམས་ཀྱིས་དེ་འདྲའི་གཏམ་འདྲ་སྨྲས་བྱུང་ཡང་དགོངས་གཞི་ཡོད། རང་དགར་སྨྲ་དོན་མེད། དམ་པ་དེ་རྣམས་ཀྱི་དེ་དགོངས་པ་གང་ཡིན་ཆ་མེད་བཞིན་ལད་མོ་བྱས། གཅིག་གིས་གཅིག་ལ་བརྒྱུད་པ་མེད་ཁུངས་མི་དག་ཚོ་ཟེར་བ། རི་བོང་ཅལ་འདྲོག་གིས་བསླུས་པ་ཡིན་པས། སེངྒེ་མཆོང་སར་ཝ་སྐྱེས་ལྡིང་བ་བཞིན་རང་གཞན་བསླུ་བར་གདོན་མི་ཟའོ། །ཡང་འགའ་རེས་མ་གཅིག་ལབ་

p. 186

སྒྲོན་ནས་བརྒྱུད་པའི་གཅོད་ཀྱི་གདམས་པ་ཟབ་མོ་འདི་ལ་ཡང་བརྒྱུད་པ་སྐབས་ཤིག་ཆད་སོང་། ད་བརྒྱུད་པ་མེད། ཁུངས་ཡང་མི་དག་ཟེར་བ་སོགས་བྱུང་། དེང་སང་སེམས་ཅན་བསོད་ནམས་དམན་པའི་སྟབས་ཀྱིས་ཆོས་དང་གང་ཟག་བཟང་པོ་ཐམས་ཅད་ལ་སྒྲོ་སྐུར་འདེབས་མཁན་མང་བས། བློ་གྲོས་ཅན་རྣམས་ཀྱིས་ཕྱིན་ཆད་དེ་འདྲའི་གཏམ་ལ་ནམ་ཡང་ཡིད་བརྟན་མི་བྱའོ། །སྤྱིར་ཆོས་ཁུངས་བཙུན་པའི་ཕྱིར་བརྒྱུད་པ་དགོས་མོད། འོན་ཀྱང་དུས་གསུམ་སངས་རྒྱས་ཀྱི་སྤྲུལ་པ་མཚན་ལྡན་གྱི་བླ་མ་ཞིག་ཡིན་ན་དོན་གྱི་བརྒྱུད་པ་ཡོད་པར་མ་ཟད་ཉེ་སྟེ། སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །ཅེས་པ་དང་། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་པ་དང་། བླ་མ་སངས་རྒྱས་ཡིན་པ་མ་ཤེས་པར། །བརྒྱུད་པ་ཉེ་རིང་བྱས་པ་མཐོལ་ལོ་བཤགས། །ཞེས་གསུངས་པའི་ཕྱིར་རོ། །གཞན་ཡང་གནས་ལུགས་ཆོས་སྐུའི་དགོངས་པ་མངོན་དུ་གྱུར་པའི་བླ་མའི་ཐུགས་རྒྱུད་ལ། རྩ་བརྒྱུད་ཀྱི་བླ་མ་སོགས་འཁོར་འདས་ཀྱི་ཆོས་ཐམས་ཅད་རྫོགས་ཏེ། རིན་ཆེན་སེམས་

p. 187

ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་པ་དང་། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་སྟེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །ཞེས་པ་དང་། མཁའ་འགྲོ་མ་ཀུན་སྤྱོད་ལས། དེས་ན་ཧེ་རུ་ཀ་དཔལ་རྒྱུད། །སེམས་རྒྱུད་དྲི་མེད་ཡིན་པར་བཤད། །ཅེས་པ་ལ་སོགས་ལུང་མཐའ་ཡས། དེས་ན་རྗེ་རིན་པོ་ཆེ་དང་སྔོན་བྱོན་གཏེར་སྟོན་སོགས་སངས་རྒྱས་དངོས་ཡིན་པས། གང་ལྟར་ནའང་བརྒྱུད་པ་ཡོད་པས། རང་ལ་དད་གུས་དག་སྣང་ཡོད་ན་དབུ་མའི་བྱིན་རླབས་འཇུག་པར་མ་ཟད་ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་བཅས་ཀྱི་བྱིན་རླབས་ཡང་ཞུགས་ནས་བརྒྱུད་པ་ཐམས་ཅད་ཀྱི་བདག་པོར་འགྱུར་བ་གདོན་མི་ཟའོ། །དད་གུས་མེད་ན་བརྒྱུད་པ་གཅིག་ཏུ་མ་ཟད་དགུ་བརྩེགས་བྱས་ཡོད་ཀྱང་། རང་རྒྱུད་ལ་བྱིན་རླབས་ཏིལ་འབྲུ་ཙམ་ཡང་འབྱུང་བར་རྒྱལ་བ་སྲས་བཅས་ཀྱིས་མ་གསུངས། དེས་ན་གང་ལ་སྒྲོ་སྐུར་མི་འདེབས་པར་ཐམས་ཅད་གོང་དུ་ཁུར་ན་ལེགས་ཏེ། རྗེ་བཙུན་བསོད་ནམས་སེང་གེས། བླ་མ་བཀའ་བརྒྱུད་གྲུབ་མཐའ་ལ་སོགས་པ། །

p. 188

ཕྱོགས་རིས་ཁ་འཛིན་ཞབས་ཏོག་ཡིན་སྙམ་ཡང་། །བདག་བསྟོད་གཞན་སྨོད་ཆགས་སྡང་དག་གི་རྒྱུ། །ཐམས་ཅད་གོང་ཁུར་ཁོ་བོའི་སྙིང་གཏམ་ཡིན། །གསུངས། ཡང་ཕྱག་རྫོགས་པ་འགའ་རེས། རྗེ་མི་ལ་སོགས་སྔོན་བྱོན་དམ་པ་འགའ་རེའི་གསུང་གི་དགོངས་གཞི་གང་ཡིན་མི་འཚོལ། ཚིག་སྒྲ་ཇི་བཞིན་པར་བཟུང་། དགོས་པ་མཆོད་ཅིག་མེད་བཞིན་གླེན་གཏམ་དུ་དབུ་མ་རྟོག་གེ་བ་འདི་རྣམས་ཀྱིས་ཚེ་གང་པོ་འགལ་འབྲེལ་རྩིས་ནས་རྩོད་པ་རྐྱང་པ་བྱས་པས། ཆོས་ལ་ལོག་ལྟ་ཡིད་གཉིས་ཐེ་ཚོམ་སྐྱེ་བ་མ་གཏོགས། དོན་གོ་ཅི་ཡང་མི་སྣང་སྟེ། ཞང་གཡུ་བྲག་འགྲོ་མགོན་གྱིས། རྟོག་སྤྱོད་འཁྲུལ་པའི་ཡལ་ག་ཡིན། ཁ་བཤད་ཚིག་གི་ལོ་མ་ཡིན། །རྟོག་གེས་མ་བརྟགས་དགུ་བརྟགས་ཀྱང་། །ཞེན་པས་འཆིང་ལས་གྲོལ་མི་སྲིད། །ཞེས་དང་། རྗེ་མི་ལས། ཐ་སྙད་མཁན་གྱི་སྟོན་ཆེན་རྣམས། །ཚིག་ལ་མཁས་ཏེ་དོན་ལ་རྟུལ། །གསུངས། བཀའ་ཐང་ལས། ཚིག་ལ་མཁས་པ་མཁས་པ་མ་ཡིན་ཏེ། །མི་གཡོ་དོན་ལ་མཁས་ན་མཁས་པ་ཡིན། །གསུངས། གཤེད་དམར་གྱི་རྒྱུད་ལས། རྟོག་ཅིང་དཔྱོད་པའི་

p. 189

རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །གསུངས། སྒོམ་ཐུན་ཙམ་མ་བྱས་པར། མི་ཚེ་བཟང་པོ་དོན་མེད་ཅིག་གི་ངང་དུ་ཟད་ནས་ཤི་འགྲོ་བ་འདི་རྣམས་སྙིང་རྗེ། བྱ་བ་དེའི་བཙོག་ཨང་། དོན་གོ་ཅི་བྱུང་ཚོ་ཟེར། གོ་ལོག་གི་སྙིང་རྗེ་བྱེད་པ་དེ། དབུ་མའི་ཆོས་ལ་རྒྱུས་ཆེ་བའི་ཕྱག་རྫོགས་དབུ་གསུམ་སོགས་ཀྱི་མཁས་གྲུབ་ཀྱི་སྙན་གྱིས་གསན་མ་ཐག་ནས། ཤེད་ཀྱིས་བཞད་རྒྱུ་ཞིག་འོང་བའི་འཕྲོར་ལུ་རྒྱུ་ཞིག་ཀྱང་འོང་བའི་རྒྱུ་ཞིག་ཡིན་པར་གདའ། དབུ་མ་རྟོག་གེ་བ་ལས་ངན་ཆ་བོས་མི་ཚེ་བཟང་པོ་སྡུག་གཟན་བྱས་ནི་རེད། ཁྱོད་ཀྱིས་འདོད་ཡོན་དུག་ཆུ་ལྟ་བུ་ལ་བག་མེད་དུ་སྤྱོད་ཞོར་ལ། འདྲེ་འདུལ་གྲོང་ཆོག་སོགས་བྱས། མི་ཚེ་གང་པོ་སྐྱིད་ལ་ཟད་ཀྱི་ཡོད་པ་དེ་སུ་ལ་བཤད། གཞན་སྡེ་དབུ་མ་བ་ཨ་མའི་བུ་རྒོད་སང་གིས། དཔེར་ན་རྟ་གསར་པ་ཤེད་ཅན་འགའ་རེས་རྩྭ་བཟང་པོ་གཅོད་ལྡད་མིད་གསུམ་དུས་གཅིག་ལ་བྱེད་པ་ལྟར། ཐོས་བསམ་སྒོམ་གསུམ་ཐམས་ཅད་སྟན་ཐོག་གཅིག་ནས་བྱས། སྙིགས་དུས་ཀྱི་ཚེ་ཐུང་རེའི་རིང་ལ་ཀུན་མཁྱེན་སངས་རྒྱས་དང་མཉམ་པར་བྱས། བཤད་སྒྲུབ་ཀྱི་

p. 190

བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོའི་བར་དུ་བསྒྲེངས་ནས། མཐར་ངོ་མཚར་བའི་ལྟས་བཟང་པོ་དང་བཅས་བདེ་བ་ཅན་དང་དགའ་ལྡན་སོགས་དག་པའི་ཞིང་ཁམས་ཉམས་དགའ་བ་གཞན་ལ་བུ་ཕ་ཁྱིམ་དང་བུ་མོ་མ་ཁྱིམ་དུ་འགྲོ་བ་ལས་ཀྱང་སྤྲོ་བཞིན་གཤེགས་འགྲོ་བའི་ལས་ལ་ཁྱོད་གཅིག་འགྱོད་པ་བཟང་། གསར་མ་ཁྲེལ་མེད་རེད། ཕྱི་ནས་ཡོད་པ་ཐམས་ཅད་དགའ་བ་མ་གཏོགས་འགྱོད་པ་སྤུ་ཙམ་ཡང་མི་བྱེད་པར་འདུག །ཁྱོད་ཀྱིས་གོ་བཅད། གཡང་རྒན་པོ་བཟང་། ཡང་གསར་མ་པ་འགའ་རེས། དཔལ་ལྡན་ས་སྐྱ་པ་སོགས་དམ་པ་གོང་མ་འགའ་རེས་གསུང་གི་དགོངས་པ་མ་ལོན། དགོས་པ་མཆོད་ཅིག་མེད་བཞིན་དུ་གླེན་གཏམ་དུ། ཕྱག་རྫོགས་པ་བླུན་པོ་འདི་རྣམས་ཀྱིས་ཚེ་གང་པོ་ལ་འདོད་ཡོན་ལྔ་དང་ཁྱད་པར་བུད་མེད་ལ་དབྱར་གྱི་གླང་དང་། སྟོན་གྱི་ཁྱི་བཞིན་བག་མེད་དུ་སྤྱད། ཞི་གནས་ཀྱི་གསལ་ཆ་ཙམ་ཞིག་ལ་ལྷག་མཐོང་དུ་འཁྲུལ་ནས་སེམས་བཟུང་བཟུང་ནས་དུད་འགྲོའི་རྒྱུ་སྒྲུབ་པ་ཚོ་སྙིང་རྗེ། རྗེ་ས་སྐྱའི་ལེགས་བཤད་ལས། བསྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་ཐོས་རྒྱ་ཆུང་རྣམས་སྨྲ། །ཐོས་པ་

p. 191

མེད་པར་བསྒོམ་པ་ཙམ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །ཞེས་པ་དང་། སྡོམ་གསུམ་རབ་དབྱེ་ལས། བླུན་པོས་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གདའ། །གསུངས། འབའ་ར་བས། གནས་ལུགས་སྒྲོ་འདོགས་མ་ཆོད་ན། །ཐོས་ཆུང་གླེན་བསྒོམས་དུད་འགྲོའི་རྒྱུ། །ཆོས་ལམ་དུ་འགྲོ་བ་ཤིན་ཏུ་དཀའ། །སྒྲོ་འདོགས་ཆོད་ན་ཆོས་པ་ཡིན། །གསུངས་པ་དང་། མུ་ཏིག་ཕྲེང་བ་ལས། བློ་གྲོས་མེད་ལ་ཐོས་མེད་མ་ཐོས་པ་ལ་འང་བསམ་པ་མེད། །གཉིས་བྲལ་རྣལ་འབྱོར་མེད་ཅིང་རྣལ་འབྱོར་མེད་ལ་དངོས་གྲུབ་མེད། །གསུངས། སོ་སོར་ཐར་པའི་མདོ་ལས། བྱང་ཆུབ་ཏུ་སེམས་བསྐྱེད་ནས་ཐོས་པ་མང་པོ་ལ་མི་བརྩོན་པ་གང་ཡིན་པ་དེ་ནི། བདུད་སྡིག་ཅན་གྱིས་བྱིན་གྱིས་བརླབས་པ་ཉིད་ཡིན་ནོ། །གསུངས། ཐོས་བསམ་སྤུ་ཙམ་མ་བྱས་པར་ཤི་འགྲོ་བའི་བྱ་བ་དེས་བཙོག་ཨང་། སྡིག་པའི་བཤེས་གཉེན་དང་འཕྲད་ན་དེ་འདྲ་འབྱུང་རྒྱུ་རེད། དེ་འདྲར་མ་སྐྱེས་པས་སྐྱིད་ལ་མི་སྐྱེ་བའི་སྨོན་ལམ་ཐོབ་ཨང་ཟེར། གཅིག་འཁུན་ནས་འདུག་པ། ཕྱག་རྫོགས་

p. 192

པའི་ཆོས་ལ་རྒྱུས་ཡོད་པ་དབུ་རྫོགས་ཕྱག་གསུམ་གྱི་མཁས་གྲུབ་རྣམས་ཀྱིས་མཐོང་ཞིང་ཐོས་ན། རྒོད་རྒྱུ་ལུ་རྒྱུ་བརྩེག་གི་བརྩེག་གི་འོང་བའི་རྒྱུ་ཞིག་ཡིན་པར་གདའ། ཕྱག་རྫོགས་པའི་བླུན་པོ་རྣམས་ཀྱིས་འདོད་ཡོན་ལ་བག་མེད་དུ་སྤྱད་ནས། མི་ཚེ་དོན་མེད་དུ་ཟད་པར་མ་ཟད། ད་དུང་དེའི་སྟེང་དུ་ཕལ་ཆེར་གྱིས་དུད་འགྲོའི་རྒྱུ་བསྒྲུབ་ནི་རེད། ཁྱོད་འདོད་ཡོན་དཀོར་ནག་དུག་ཆུའི་འདམ་རྫབ་ཏུ་ལྷུང་ནས་རྐེ་ཚོ་ཐུང་ཙོག་གེ་བསྡད། ཆགས་སྡང་གི་མིག་ཧྲིག་ཧྲིག་དགྲ་གཉེན་ལ་བལྟས། མི་ཚེ་སྐྱིད་ལ་ཟད། བདེ་འགྲོའི་རྒྱུ་སྒྲུབ་ཁི་ཡོད་པ་དེ་སུ་ལ་བཤད། གཞན་སྡེ་ཕྱག་རྫོགས་པ་ཨ་མའི་བུ་རྒོད་སང་གིས། ཚེ་འདི་ཐེད་ལ་བོར། མཚན་ལྡན་བླ་མ་བསྟེན། མདོ་སྔགས་ཟབ་ཆོས་ཞུས། བསྐྱེད་རིམ་གྱིས་ཐ་མལ་སྣང་ཞེན་བཅད། གང་སྣང་ལྷ་སྐུར་བསྒྱུར། རྫོགས་རིམ་གྱིས་དབུ་མའི་རྩ་མདུད་གྲོལ། འོད་གསལ་ཉམས་སུ་མྱོང་། འདོད་ཡོན་རྒྱན་དུ་རོལ་བཞིན། ཉིན་རེ་རེ་ལ་ཏིང་ངེ་འཛིན་གྱི་སྒོ་འཕར་བརྒྱ་ཕྲག་ཕྱེ། ངོ་མཚར་བའི་ལྟད་མོ་དཔག་མེད་ལ་ཉིན་མཚན་འཁོར་མོ་ཡུག་ཏུ་ངོམས་མེད་བལྟས། མཐོང་ཐོས་དྲན་རེག་

p. 193

གི་གདུལ་བྱ་སྐལ་བཟང་བྱེ་བ་ཐེར་འབུམ་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་མཐར། ངོ་མཚར་ཕུལ་དུ་བྱུང་བའི་ལྟས་དང་ཆོ་འཕྲུལ་དཔག་མེད་བཅས་འཇའ་ལུས་འོད་སྐུར་གྲོལ་བའམ། ཡང་ན་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པ་དང་། ཡང་ན་གཟུགས་ཕུང་རྣམ་སྣང་གདུལ་བྱ་ལ་དད་རྟེན་དུ་བཞག་ནས། འཇའ་འོད་རོལ་མོ་མེ་ཏོག་གི་ཆར་དང་བཅས་འོག་མིན་མཁའ་སྤྱོད་སོགས་ཞིང་ཁམས་གཞན་དུ་གཤེགས་ནས། སངས་རྒྱས་ཀྱི་ཞིང་ཁམས་གཅིག་ནས་གཅིག་ཏུ་བྱོན། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་འགྲིམས་ནས། ངོ་མཚར་བའི་ལྟད་མོ་བལྟ་ཞིང་། རིགས་ཀྱི་བདག་པོ་རྣམས་ཀྱི་ཞལ་མཐོང་། གསུང་ཐོས། ཟབ་རྒྱས་ཀྱི་ཆོས་གསན་ནས་སངས་རྒྱས་ཐམས་ཅད་ཀྱི་སྲས་ཀྱི་ཐུ་བོར་གྱུར་པ་ལ། ཁྱོད་ཀྱིས་སྙིང་རྗེ་བ་ཡ་མཚན། སྨོན་ལམ་བཏབ་པ་དེ་ཡང་ངོ་མཚར་དེ་ཁྱོད་ཀྱི་ཐོས་བསམ་གནད་ལ་སོང་བའི་ལག་རྗེས་ཡིན་སར་སྣང་། ཕྱག་རྫོགས་པ་བླུན་པོ་རྣམས་ཀྱིས་རྗེས་སུ་ཡི་རང་མ་གཏོགས། སྙིང་རྗེ་ཟེར་མཁན་དང་སྨོན་ལམ་དེ་འདྲ་ཞིག་འདེབས་མཁན་གཅིག་མི་སྣང་།

p. 194

ཁྱོད་ཀྱིས་གོ་བཅད། དྲིན་ཅན་པོ་བཟང་། ངོ་ཚ་རྒྱུ་སུ་ལ་ཡང་མེད། མི་ངན་ཁ་ནས་གཏམ་ངན་ཟེར་བ་ལྟར། དེང་སང་གི་མི་ངན་འགའ་རེས་ཚིག་ངན་འདི་འདྲ་སྨྲས་པ་མང་། ལེགས་བཤད་ལས། ཁྭ་ཏས་མི་གཙང་ཟོས་པའི་མཆུ། །ས་གཙང་དག་ལ་འབད་ནས་ཕྱི། །གསུངས་པ་ལྟར། རང་གིས་མ་དད་ལོག་ལྟས་མི་གཙང་ཟོས་ནས་སྒྲོ་སྐུར་གྱི་མཆུ་ཚད་ལྡན་གྱི་ཆོས་དང་གང་ཟག་ས་གཙང་ལྟ་བུ་ལ་ཕྱི་ནས། དང་གུས་ཅན་གྱི་ཞེན་པ་ལྡོག་གི་མ་འཇུག །མི་གཙང་མཁའ་ལ་གཏོར་གྱུར་ན། །འཐོར་མཁན་པོ་ཡི་སྤྱི་བོར་འབབ། །གསུངས་པ་ལྟར་གཞན་ཆོས་དང་གང་ཟག་དྲི་མེད་ནམ་མཁའ་ལྟ་བུར་སྒྲོ་སྐུར་ཚིག་ངན་མི་གཙང་བ་དོར་ན་རང་ཐོག་ཏུ་མི་སྙན་གཏམ་གྱི་མི་གཙང་བའི་ཆར་འབེབས་ངེས། གཞན་ལ་ལྟ་བའི་མིག་ཡོད་ཀྱང་། །རང་ལ་བལྟ་ན་མེ་ལོང་དགོས། །གསུངས་པ་ལྟར་གཞན་ཆོས་དང་གང་ཟག་གི་སྐྱོན་ཡོན་ལ་ལྟ་བའི་ཤེས་རབ་ཀྱི་མིག་ཡོད་ཀྱང་། རང་གི་སྐྱོན་ཡོན་ལ་བལྟ་ན་རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་ཀྱི་མེ་ལོང་འདི་ལ་ལྟོས། རྗེ་སྐལ་ལྡན་རྒྱ་མཚོས། གཞན་སྐྱོན་མ་འཚོལ་རང་གི་སྐྱོན་

p. 195

ལ་ལྟོས། །སྐྱོན་མཚང་རང་ལ་ཡོད་དོ་རི་ཁྲོད་པ། །གསུངས་པ་ལྟར་རང་ལ་བལྟས་ན། ཡོན་ཏན་ཐམས་ཅད་ཀྱི་རྩ་བ་དད་གུས་དག་སྣང་སྡོམ་གསུམ་སོགས་ཡོན་ཏན་སྣ་རེ་ཡང་མེད། ཕྱོགས་རིས་ཆགས་སྡང་ང་རྒྱལ་ཕྲག་དོག་འཇིག་རྟེན་ཆོས་བརྒྱད་ཀྱི་སྣང་ཤས་སོགས་སྐྱོན་མཚང་ཆེ། དེས་ན་བློ་གྲོས་ཅན་རྣམས་ཀྱིས་ཕྱིན་ཆད། དུས་གསུམ་རྒྱལ་བ་སྲས་བཅས་ཀྱི་ཐུགས་ཀྱིས་ཁྲེལ་ཞིང་། ཆོས་རྒྱུས་ཆེ་བའི་བླ་མ་མཁས་པ་རྣམས་ཀྱིས་བཞད་གད་ཀྱི་གནས། རང་ཐོག་ཏུ་མི་སྙན་གཏམ་ངན་གྱི་སྣ་འདྲེན་པའི་རྒྱུ། སྐུར་འདེབས་ཀྱི་ཚིག་ངན་འདི་འདྲ་ཁོག་ཏུ་ཤར་ཡང་ཁ་སྒོ་ནས་ཕར་མ་འདོན་དང་བཟང་། ཡང་འགའ་རེས་ཕྱག་རྫོགས་པ་འདིས་སྐབས་རེ། འཁོར་བའི་ཆོས་ཡོད་དོ་ཅོག་གྲོལ་བྱེད་ཀྱི་རྒྱུ་ཡིན། རྣམ་རྟོག་ཅི་ཙམ་མང་ཡང་ཆོས་སྐུའི་གྲོགས་ཡིན་ཚོ་ཟེར། དགའ་བཞིན། འཁོར་བར་གནས་ཀྱང་ཉམ་ང་མེད། །འཁོར་བ་བྱང་ཆུབ་ལམ་དུ་བདེ། །རྣམ་རྟོག་ངོ་བོ་ཆོས་དབྱིངས་ཡིན། །བྱུང་ན་དགའ་སྟེ་བསྐུལ་འདེབས་བཟང་། །ཞེས་སྐྱིད་གླུ་བླངས། ཡང་སྐབས་རེ་འཁོར་བ་སྡུག་བསྔལ་རྒྱ་

p. 196

མཚོ་ཐར་པའི་གེགས། བཟང་ངན་གྱི་རྣམ་རྟོག་འདི་འཁོར་བར་སྐྱུར་མཁན་གྱི་དགྲ་ཡིན་ཟེར་ཧྭ་ཤང་གི་ཚིག་ངན་དེ་ཡང་ཁ་ནང་དུ་འཕྲེད་ལ་བཟུང་ནས་སྐྱོ་བཞིན་དུ། འཁོར་བའི་གནས་ན་བདེ་བ་མེད། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་སྐྱོ་གླུ་བླངས། ངེས་འཇོག་མེད་པར་སྨྱོན་པས་བཤད་བཤད་བྱས། གང་ལ་ཉན་རྒྱུ་ཡིན་མི་ཤེས་པར་འདུག །ཁྱེད་ཕྱག་རྫོགས་པའི་སྙིང་ཁམས་འདྲ་མ་བདེ་བ་ཡིན་ནམ། སེམས་རྣལ་དུ་ཕོབ་ལ་ལན་ཐོངས་ཤོག་ཟེར་ན། ཡ་ལེགས་སོ། ཁྱེད་དབུ་མ་བས་ང་གིས་ཕྱག་རྫོགས་པའི་སྨྱོན་པ་ཆ་བོ་མ་བསྡིགས་སྙིང་རྗེ། ཁྱེད་སང་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱངས་སྦྱངས་ཡོད་པ། སྐད་གསེང་མཐོན་པོ་བྱས་ནས་ཤེད་ཀྱིས་མ་བསྡིགས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཚོས་གོ་སོང་ན་ངོ་རེ་ཚ། སྨྱོན་པ་ཡིན་ནཱོ་ཁྱོད་བདེན་ཏེ། རྗེ་མི་ལས། ཕ་སྨྱོ་བུ་སྨྱོ་བརྒྱུད་པ་སྨྱོ། །བརྒྱུད་པ་རྡོ་རྗེ་འཆང་ཆེན་སྨྱོ། །ཡང་མེས་ཏེ་ལོ་ཤེར་བཟང་སྨྱོ། །མས་པོ་ནཱ་རོ་པཎ་ཆེན་སྨྱོ། །ཕ་རྒན་མར་པ་ལོ་ཙཱ་སྨྱོ། །ང་རང་མི་ལ་

p. 197

རས་པ་སྨྱོ། །གསུངས། སྨྱོ་ཚུལ་མི་འདྲ་སྟེ། བླ་མ་གཅིག་གིས། ང་སྨྱོ་བ་ཆོས་ཀྱི་དབྱིངས་སུ་སྨྱོ། ཁྱོད་སྨྱོ་བ་འཁོར་བའི་འདམ་དུ་སྨྱོ། །གསུངས། ངས་ཀྱི་ལྟས་ན་ཁྱེད་སང་ལ་ཡང་སྨྱོ་ཞད་ཅིག་འདུག །སྐད་གསང་མཐོ་གི །སྨྱོ་ལུགས་གང་ཡིན་མི་ཤེས་པར་གདའ། འོན་ཀྱང་ཁྱེད་སང་མ་སྨྱོ་བ་གྱིས། ཤེས་བཞིན་ཕྱག་རྫོགས་པའི་སྨྱོན་པ་ཚོའི་ཁ་སློང་ནི་ལོས་ཡིན། དེ་ལ་ལན་སྨྱོན་པ་ཚོས་འདི་སྐད་ཟེར། འཁོར་བའི་ཆོས་རྣམས་གྲོལ་བྱེད་ཀྱི་རྒྱུ། རྣམ་རྟོག་ཆོས་སྐུའི་གྲོགས་ཡིན་ཟེར་བ་ནི། དཔེར་ན་རྫས་སྔགས་སྨན་སོགས་ཡོད་ན་དུག་ཐམས་ཅད་ཕུང་པོ་གསོ་བའི་ཟས་སུ་འགྱུར་བ་དང་། གསེར་འགྱུར་གྱི་རྩི་ཡོད་ན་ལྕགས་རྣམས་རིན་ཐང་ཆེ་བའི་གསེར་དུ་འགྱུར་བ་ལྟར། བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས། འཁོར་བ་དང་རྣམ་རྟོག་གཞི་མེད་སྟོང་པ་ཉིད་དང་། མ་དག་སྣོད་བཅུད་དག་པའི་འཁོར་ལོར་སྒྱུར་བའི་བསྐྱེད་རྫོགས་རྫོགས་ཆེན་སོགས་ཀྱི་གདམས་པ་ཡོད་ཅིང་ཉམས་སུ་ལེན་པ་རྣམས་ཕུང་ཁམས་སྐྱེ་མཆེད། འདོད་ཡོན་ལྔ་ལ་སོགས་གྲོལ་བྱེད་ཀྱི་རྒྱུ་ཡིན་ཞེས་སྨྲས་པ་ཡིན་ལ།

p. 198

དཔེར་ན་རྫས་སྔགས་སྨན་དང་གསེར་འགྱུར་མེད་པ་ལྟར། སྔར་བཤད་པ་ལྟ་བུའི་གདམས་པ་ཟབ་མོ་དང་མི་ལྡན་པ་ལ། འཁོར་བ་སྡུག་བསྔལ་བཟང་ངན་གྱི་རྣམ་རྟོག་གིས་ལས་བཟང་ངན་བསགས་ན་འཁོར་བ་མཐོ་དམན་དུ་འཁོར་བས། ཐར་པའི་གེགས་ཡིན་ཞེས་བཤད་པ་ཡིན་པས་སེམས་རྣལ་དུ་ཅི་ལ་འབེབས་དགོས། དེ་ལ་སེམས་རྣལ་དུ་འབེབས་དགོས་ན། ཁྱེད་དབུ་མ་སང་གིས་ཡང་བསྐྱེད་རྫོགས་ཀྱི་སྐབས་སུ། བུད་མེད་བྱང་ཆུབ་ཀྱི་གྲོགས་ཡིན་ཚུལ་བརྗོད། སྤྲོ་བཞིན། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །པདྨར་རྡོ་རྗེ་རབ་བཅུག་ལ། །གྱེན་དུ་བྱང་སེམས་རྒྱུན་དུ་འབབ། །ཟེར། ཡང་འདུལ་བའི་སྐབས་སུ། བུད་མེད་བྱང་ཆུབ་ཐོབ་པའི་གེགས་ཡིན་ཚུལ་བརྗོད། འཇིགས་བཞིན། འཇིག་རྟེན་འདི་དང་ཕ་རོལ་དུ། །འཇིགས་བྱེད་ནང་ན་བུད་མེད་འཇིགས། །དུག་སྦྲུལ་ཤིན་ཏུ་ཁྲོ་བ་ལྟར། མཁས་པས་དེ་ནི་རྣམ་པར་སྤང་། །ཞེས་འདི་འདྲའི་འགལ་གཏམ་ཁྱེད་སང་གིས་ཡང་མི་བྱེད་དམ། འདི་འདྲ་རྒྱལ་བའི་གསུང་རབ་དགོངས་འགྲེལ་ན་མང་བས། ཁྱེད་སང་གིས་ཀྱང་སེམས་

p. 199

རྣལ་དུ་ཕོབ། གོང་མ་རྣམས་ཚོ་ཡང་ཁྱེད་སང་གིས་རྣལ་དུ་ཕོབ་ཞུས་དང་། ཕྱག་རྫོགས་པ་སྨྱོ་བ་ཆོས་རྣལ་དུ་འབེབ་དགོས་ན་ཅིའི་ཕྱིར་མི་འབེབ། འབེབ་ངེས། ད་ངས་བསམ་ན། འགལ་འབྲེལ་བརྩི་མི་རུང་། གདུལ་བྱ་སེམས་ཅན་ནི་ནམ་མཁའི་མཐའ་མཉམ། དབང་པོ་རབ་འབྲིང་ཐ་གསུམ་ནི་མཐའ་ཡས། རྒྱལ་བའི་གསུང་རབ་མཁའ་ལྟར་རྒྱ་ཆེ། རྩི་ཤིང་ལྟར་གྲངས་མང་བས། མཁས་པ་ཞིག་གིས་མི་འགལ་བ་ཞིག་ལ་ཡང་། འགལ་བ་འཕུད་ནུས། འགལ་བ་ཞིག་ཀྱང་མི་འགལ་བར་བྱེད་ནུས་ཏེ། སྔོན་གྱི་གསར་མའི་བླ་མ་ཞེད་པོ་ཚོའི་གསུང་གི་ལེགས་བཤད་འདི་བདེན་སྙམ་པ་ལ། ཕྱག་རྫོགས་ཀྱི་བླ་མ་མཁས་པ་རྣམས་ཀྱིས་རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་འགལ་ཡོད་དམ། འབྲེལ་ཡོད་དཔྱད་ནས་འགལ་བ་དུ་མ་ཕུད་ཚུལ་ལ་བལྟས་ན་དེ་བདེན་གི་སྙམ། དེ་ལ་སླར་ཡང་གསར་མའི་ལུང་རིགས་ལ་སྦྱངས་པའི་མཁས་པ་རྣམས་ཀྱིས་ཁྱོད་འཁྲུལ་འདུག །འདི་ཡིན་ཚུལ་ཞེས་འགལ་འབྲེལ་མང་པོ་བཞག་པ་ལ་བལྟས་ན་དེ་ཡང་བདེན་གི་སྙམ། དེ་བཞིན་དུ་གསར་མའི་བླ་མ་

p. 200

འགའ་རེས་ཕྱག་རྫོགས་པའི་བླ་མ་མཁས་པའི་གསུང་གི་འགལ་འབྲེལ་བརྩིས་ནས་འགལ་བའི་ཁུར་ཆེན་བཏེགས་པ་དེ་ཡང་བདེན་གི་སྙམ། དེ་ལ་སླར་ཡང་ཕྱག་རྫོགས་པའི་མཁས་པས་ལན་བཏབ་ཚུལ་ལ་བལྟས་ན་དེ་ཡང་བདེན་གི་སྙམ་པ་མང་བས། འགལ་མི་འགལ་དེ་གསུང་རབ་ལ་རག་མ་ལུས། རང་གི་བློ་གྲོས་ཀྱི་མཐུ་ཆེ་ཆུང་ལ་རག་ལས་འདུག་པས། དེས་ན་རང་གི་རྟོག་ངན་ས་རྡུལ་མི་གཙང་བ་རེ་རྒྱལ་བའི་གསུང་རབ་དགོངས་འགྲེལ་ཛམྦུ་ཆུ་བོའི་གསེར་བཟང་པོ་ཚོའི་སྟེང་དུ་བཀབ་ནས་འདི་ནི་རྣམ་དག་མ་རེད་ཅེས། རྒྱལ་བའི་གསུང་རབ་གསེར་སྦྱངས་བཙོ་མ་ནམ་ཡང་མ་སྨོད་དང་བཟང་། ཡང་འགའ་རེས། རྒྱལ་བའི་གསུང་རབ་དགོངས་འགྲེལ་ཚད་ལྡན་ཐམས་ཅད་ན། འཁོར་བ་ཐོག་མ་མེད་ཅེས་ཐག་བཅད་ནས་ཡང་ཡང་གསུངས་པ་ལ། རྫོགས་ཆེན་ན་ཐོག་མ་ཞིག་བཞག་ཡོད་པ་འདི་གཉིས་འགལ་བ་ཆེ་བ་ཅི་ཡིན་ཟེར་ན། འོ་དེ་ཐུན་མོང་མ་ཡིན་པའི་ལམ་རྫོགས་ཆེན་གྱི་བཞེད་སྲོལ་ཞིག་ཡིན་པར་གདའ། ཐུན་མོང་གི་བཞེད་ཚུལ་དང་མི་མཐུན་ཡང་། དེའི་དགོངས་པ་ལོན་ན། དོན་གྱིས་འགལ་བ་མེད། དེ་ལྟར་

p. 201

ཚིག་གི་ངོས་ནས་མི་མཐུན་པ་འགལ་བ་ལྟར་སྣང་བ། རྒྱལ་བའི་གསུང་རབ་དགོངས་འགྲེལ་མཁས་གྲུབ་ཀྱི་གསུང་རྒྱུན་ན་མང་སྟེ། སངས་རྒྱས་ཀྱི་ཞལ་ནས། ང་ནི་བསྐལ་པ་དཔག་ཏུ་མེད་པའི་ཡང་ཆེས་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཟིན་ཟིན་པ་གཅིག་ཡིན་གསུངས། རྒྱུད་ལས། འོག་མིན་སྟུག་པོ་བཀོད་དགའ་བར། །ཡང་དག་སངས་རྒྱས་དེར་སངས་རྒྱས། །སྤྲུལ་བ་པོ་གཅིག་འདིར་སངས་རྒྱས། །གསུངས། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྣམས་ནི། མངོན་པར་རྫོགས་པར་སངས་མ་རྒྱས། འཚང་མི་རྒྱ། མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །གསུངས། བསྔགས་འོས་བསྔགས་བསྟོད་ལས། ཁྱོད་ཀྱིས་གང་ལས་འགྲོ་བ་དག །མ་དྲངས་རྒུད་པ་དེ་གང་མཆིས། །གང་དང་འཇིག་རྟེན་མ་སྤྲད་པའི། །ཕུན་ཚོགས་དེ་ཡང་གང་ཞིག་མཆིས། །ཞེས་དང་། མདོ་ལས། ཐུབ་རྣམས་སྡིག་པ་ཆུ་ཡིས་མི་འཁྲུ་ཞིང་། །འགྲོ་བའི་སྡུག་བསྔལ་ཕྱག་གིས་མི་སེལ་ལ། །ཉིད་

p. 202

ཀྱི་རྟོག་པ་གཞན་ལ་འཕོ་མི་ནུས། །གསུངས། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མ་བཅས་པ་གནས་ལྷུང་ཞིང་། །རི་དང་གྲོང་དུ་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་དང་། ལྷའི་བུ་བློ་གྲོས་རབ་གནས་ཀྱིས་ཞུས་པའི་མདོ་ལས། ལྷའི་བུ་ཆོས་ཐམས་ཅད་ནི་རྫུན་པ་སྒྱུ་མ་ལྟ་བུའོ། །ང་ཡང་དེ་བཞིན་དུ་སྟོན་པར་བྱེད། དེས་ན་ང་ནི་རྫུན་དུ་སྨྲ་བའོ། །གསུངས། ཡུམ་ལས། རྒྱལ་བ་འདས་དང་མ་འོངས་ད་ལྟ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། ཞེས་དང་། རྗེ་བཙུན་དུས་འཁོར་ཞབས་ཀྱིས། དུས་ཀྱི་འཁོར་ལོ་ཞེས་པ་འདི་མ་ཤེས་ན། ཆོས་གང་དང་གང་གིས་ཀྱང་སངས་རྒྱས་མི་སྲིད་གསུངས། ཏིང་འཛིན་རྒྱལ་པོ་ལས། ལུས་དང་ངག་དང་ཡིད་རབ་དྭངས་པ་ཡིས། །རྟག་ཏུ་སངས་རྒྱས་དག་གི་བསྔགས་པ་བརྗོད། །དེ་ལྟར་ཡང་ནི་སེམས་ཀྱི་རྒྱུན་བསྒོམས་པས། །ཉིན་མཚན་དུ་ཡང་འཇིག་རྟེན་མགོན་པོ་མཐོང་། །ཞེས་དང་། སུམ་བརྒྱ་པ་ལས། གང་གིས་ང་ལ་གཟུགས་སུ་མཐོང་། གང་གིས་ང་ལ་

p. 203

སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་པ་སྟེ། །སྐྱེ་བོ་དེ་ཡིས་ང་མི་མཐོང་། །གསུངས། རྗེ་ནཱ་རོ་པས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །ཅེས་དང་། སངས་རྒྱས་ལག་བཅང་ལས། བླ་མ་མེད་པའི་གོང་རོལ་ན། །སངས་རྒྱས་ཀུན་ཏུ་བཟང་པོ་ཡོད། །གསུངས། སློབ་དཔོན་ཀླུ་སྒྲུབ་ཀྱིས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡི། །གསལ་བ་དེ་ལ་མཚོན་པ་འོ། །ཞེས་དང་། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང་། །བུད་མེད་གཟུགས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། །གསུངས། ཀྱེ་རྡོར་ལས། དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། རྒྱུད་ཆེན་དགྱེས་པ་རྡོ་རྗེ་ལས། འདོད་ལ་ཆགས་པར་འགྱུར་བ་དང་། །བུད་མེད་དབང་ཕྱུག་ཤིན་དུ་སྦྱོར། །ཞེས་དང་། སློབ་དཔོན་བཻ་རོ་ཙ་ནས། བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན། །སེམས་ཅན་གང་གིས་འཁོར་ཡང་ལ་

p. 204

འུར་འཆི། །ཞེས་དང་། དྲན་པ་ཉེར་བཞག་ལས། གལ་ཏེ་བདེ་བ་མཆོག་འདོད་ན། །དེ་ལྟར་བུད་མེད་རྣམ་པར་སྤོངས། །གསུངས། ཇོ་བོ་རྗེའི་ཞལ་ནས། འདོད་པའི་གཞི་ལ་ཆགས་པའི་རྒྱུས། །སྒྲུབ་པའི་སྤྱོད་ལས་ཉམས་པའི་མི། །འཇིག་རྟེན་འདས་དང་འཇིག་རྟེན་གྱི། །ཕུན་སུམ་ཚོགས་པ་ཐམས་ཅད་ལས། །ཤིན་ཏུ་རིང་བ་ཁོ་ནར་འགྱུར། །འཁོར་བའི་བཙོན་ར་ཉམ་ང་རུ། །ཉོན་མོངས་འཆིང་བ་སྣ་ཚོགས་ཀྱིས། །རབ་ཏུ་བསྡམས་པས་ཉམ་ཐག་ཅིང་། །འཁོར་བའི་སྡུག་བསྔལ་དཔག་མེད་ཀྱིས། །དེ་ཡི་རྒྱུད་གདུངས་མི་བདེར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། རི་མོར་བྲིས་པའི་བུད་མེད་ལའང་། །མིག་གིས་བལྟ་བར་མི་བྱེད་དོ། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་ལས་ནི་སྐྱེས་བུའི་ཁམས། །ཟད་ལས་འཆི་བ་ཞེས་སུ་བརྗོད། །ཤི་ལས་དེ་ནས་སླར་ཡང་སྲིད། །སྲིད་པ་ལས་ནི་སླར་འཆི་འཕོ། །ཞེས་དང་། རྣལ་འབྱོར་བླ་མེད་རྒྱུད་ཆེན་ལས། སློབ་དཔོན་སྨད་པར་མི་བྱ་སྟེ། །བུད་མེད་སངས་རྒྱས་སྤང་མི་བྱ། །གསུངས།

p. 205

མདོ་ལས། སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་དང་། ལུང་གཞན་ལས། དེ་ཉིད་རིག་པའི་རྣལ་འབྱོར་པས། །མི་བྱ་བ་ནི་ཅུང་ཟད་མེད། །དེ་ཉིད་ཤེས་ནས་དེ་ནས་ནི། །དཔའ་བོ་འདོད་པ་ལྔ་ལ་སྤྱོད། །གསུངས། མདོ་ལས། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །ཞེས་དང་། པདྨ་སམ་བྷ་ཝས། རྡོ་རྗེ་ཚིག་དྲུག་མ་ཤེས་ན། །རྒྱུ་ལ་འབད་པས་འབྲས་མི་འབྱུང་། །གསུངས། རྗེ་རལ་པ་ཆེན་པོའི་ཞལ་ནས། རྒྱུ་ལ་མ་བརྟེན་གྱི་འབྲས་བུ་དཀའ། །བརླན་ལ་མ་བརྟེན་གྱི་མེ་ཏོག་དཀའ། །ཞེས་དང་། རྗེ་ཏེ་ལོ་བས། རྒྱུ་ལས་མ་བྱུང་འབྲས་བུ་ནི། །མེད་ཅེས་ཐུབ་པས་མདོ་རུ་གསུངས། །རྒྱུ་མེད་འབྲས་བུ་དག་པ་ནི། ཁྱོད་ཀྱི་ཡུལ་མིན་བདེན་པའི་བཀའ། །གསུངས། ཞང་གཡུ་བྲག་འགྲོ་མགོན་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་ལ། །པ་ན་སེ་འི་འབྲས་བུ་བཞིན། །རྒྱུ་དང་འབྲས་བུ་དུས་མཚུངས་ཤིང་། །

p. 206

མཚན་མ་རང་སར་གྲོལ་བ་ཡིན། །ཞེས་དང་། སློབ་དཔོན་ཞི་བ་ལྷའི་ཞལ་ནས། གལ་ཏེ་རྒྱུ་ལ་འབྲས་གནས་ན། །ཟན་ཟ་མི་གཙང་ཟ་བར་ཐལ། །རས་ཀྱི་རིན་གྱིས་རས་བལ་གྱི། །ས་བོན་ཉོས་ལ་བགོ་བར་གྱིས། །གསུངས། ཤེས་རབ་སྙིང་པོ་ལས། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པར་རྣམ་པར་དག་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་དང་། སམྦུ་ཊ་ལས། སྟོང་དང་མི་སྟོང་འཛིན་པ་ལས། །ཐ་མལ་པ་ཡི་རྣམ་རྟོག་སྐྱེ། །སྟོང་པ་ཞེས་བྱ་རྣམ་རྟོག་སྟེ། །དེས་ན་དེ་ཉིད་སྤང་བར་བྱ། །གསུངས། ཏིང་འཛིན་རྒྱལ་པོ་ལས། སོ་སོར་དེ་བརྟག་གལ་ཏེ་སྒོམ་བྱེད་པ། །དེ་ནི་མྱ་ངན་འདས་ཐོབ་འབྲས་བུའི་རྒྱུ། །ཞེས་དང་། ཚངས་པས་ཞུས་པ་ལས། དཔྱོད་པ་ཇི་སྙེད་པ་དེ་ཐམས་ཅད་ནི་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ། །གསུངས། འབའ་ར་བས། དང་པོ་ལྟ་བའི་ཕུ་ཐག་བཅད། །ལྟ་བ་མཐའ་བྲལ་འདི་ལ་བྱས། །ཞེས་དང་། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གི་འགྱུ་བ་མེད། །གསུངས། རྗེ་སྐལ་ལྡན་རྒྱ་མཚོས། དོན་དེ་ཕྱིར་སྟོན་པ་སངས་

p. 207

རྒྱས་ཀྱིས། །ཆོས་ལྟ་བའི་སྒོ་མོ་མཐའ་ཡས་གསུངས། །ཞེས་དང་། ས་སྐྱ་པཎ་ཆེན་གྱིས། ཕ་རོལ་ཕྱིན་པའི་ལྟ་བ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །ཞེས་གསུངས། སློབ་དཔོན་ཞི་བ་ལྷས། དོན་དམ་བློ་ཡིས་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། ཅེས་དང་། འཕགས་པ་སྒྲ་གཅན་འཛིན་གྱིས་ཡུམ་ལ་བསྟོད་པ་ལས། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །སོ་སོ་རང་རིག་ཡེ་ཤེས་སྤྱོད་ཡུལ་བ། །གསུངས། སཾ་བུ་ཊ་ལས། རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །ཞེས་དང་། སློབ་དཔོན་མདའ་བསྣུན་གྱིས། རྣམ་རྟོག་ཡེ་ཤེས་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོ་སྐེམ་བྱེད་ཡིན། །གསུངས། ཀློང་ཆེན་པས། འཁོར་བའི་གནས་ན་བདེ་བ་མེད། །སྡུག་བསྔལ་ཆུ་བོའི་གཉེར་མ་འདྲ། །ཞེས་དང་། རས་ཆུང་བས། འཁོར་བར་འཁྱམས་ཀྱང་ཉམ་ང་མེད། །འཁོར་བ་བྱང་ཆུབ་ལམ་དུ་བདེ། །གསུངས། སྒོམ་རིམ་ལས། དེ་ཁོ་ན་ཉིད་ལ་དཔྱོད་པ་གང་

p. 208

ཡིན་པ་དེ་ནི་ལྷག་མཐོང་ཡིན། གསུངས། ལུང་གཞན་ལས། བླ་མ་དམ་པས་དཔྱད་པ་མེད། །གསུངས། བིརྺ་པས། སངས་རྒྱས་མཆོད་སོགས་རྣམས་ལ་དོན་མི་འབྱུང་། །འདོད་དང་རྩོལ་བ་ཡོད་ན་འཚང་མི་རྒྱ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་དུ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་སྨིན་པར་འགྱུར། །གསུངས། གསོ་སྦྱོང་ལས། དེང་ནས་སྲོག་གཅོད་མི་བྱ་ཞིང་། །མ་བྱིན་པར་ཡང་བླངས་མི་བྱ། །འཁྲིགས་པའི་ཆོས་ཀྱང་མི་སྤྱད་ཅིང་། །རྫུན་གྱི་ཚིག་ཀྱང་མི་སྨྲ་འོ། །ཞེས་དང་། ཀྱཻ་རྡོར་ལས། ཁྱོད་ཀྱིས་སྲོག་འདི་ནི་ངེས་པར་སྲོག་གཅོད་སོགས་གྱིས་ཞེས་པ་མ་རེད།ཆགས་གསད་པར་བྱ། །མ་བྱིན་པར་ཡང་བླང་བར་བྱ། །གཞན་གྱི་བུད་མེད་ལོངས་སྤྱོད་ཅིང་། །རྫུན་གྱི་ཚིག་ཀྱང་སྨྲ་བར་བྱ། །གསུངས། གསང་རྒྱུད་ལས། མ་འདི་ཡང་ངེས་པར་མ་དང་སྲིང་མོ་སོགས་ལ་སྤྱོད་གསུངས་པ་མ་རེད།དང་བུ་མོ་སྲིང་མོ་ལ། །འདོད་པའི་སེམས་ཀྱིས་སྤྱད་བྱས་ན། པདྨ་རིགས་ཀྱི་ཞིང་དུ་སྐྱེ། །ཞེས་དང་། འབྲོམ་སྟོན་རིན་པོ་

p. 209

ཆེས། ཉེ་དུ་བདུན་རྒྱུད་ཚུན་ཆད་ལ་མི་ཚངས་པ་སྤྱོད་མི་རུང་། སྤྱད་ན་ངན་འགྲོར་ལྟུང་གསུངས། གསང་འདུས་རྒྱུད་ལས། རྡོ་རྗེ་གསང་ཆེན་འདི་ལྟ་བུའི། །སེམས་ཅན་ཐམས་ཅད་བསད་ན་ནི། །མི་བསྐྱོད་སངས་རྒྱས་ཞིང་དག་ཏུ། །རྒྱལ་བའི་སྲས་སུ་སྐྱེ་བར་འགྱུར། །ཞེས་དང་། མདོ་ལས། སྡིག་པ་ཆུང་ངུ་བྱས་པས་ཀྱང་། །འཇིག་རྟེན་ཕ་རོལ་འཇིགས་ཆེན་དང་། །ཕུང་ཁྲོལ་ཆེན་པོ་བྱེད་འགྱུར་ཏེ། ཁོང་པར་སོང་བའི་དུག་བཞིན་ནོ། །ཞེས་གསུངས། འོད་གསལ་གྱི་རྒྱུད་སེངྒེ་རྩལ་རྫོགས་ལས། དཀོན་མཆོག་གསུམ་པོར་རྒྱབ་འདི་ཡང་ངེས་པར་དཀོན་མཆོག་གསུམ་པོ་རྒྱབ་ཕྱོགས་གསུངས་པ་མ་རེད།ཕྱོགས་ན། །ཞིང་ཁམས་ཐམས་ཅད་མཐོང་བར་འགྱུར། །ཞེས་དང་། ཕ་དམ་པས། གློ་སྙིང་བྲང་གསུམ་དཀོན་མཆོག་གསུམ་ལ་གཏོད། །བྱིན་རླབས་ཤུགས་ལ་འབྱུང་ངོ་དིང་རི་བ། །གསུངས། འདུལ་བ་ལུང་ལས། ཕ་མ་ལ་ཕན་པར་བྱ་ཡི། གནོད་པ་མ་བྱེད་ཅིག །གསུངས། མ་སྐྱེས་དགྲས་ཕ་བསད་པ་ལ། ཕ་དང་མ་ནི་གསད་བྱ་ཡིན། གསུངས། ཟླ་བ་སྒྲོན་མེའི་མདོ་ལས། སྨད་པར་

p. 210

བྱ་བའི་ཁྱིམ་ན་གནས་པ་དེས། །ནམ་ཡང་བླ་མེད་བྱང་ཆུབ་མཆོག་མི་འཐོབ། །ཅེས་དང་། བརྟག་གཉིས་ལས། འཁོར་བ་གཞན་དུ་སྤངས་ནས་ནི། །མྱ་ངན་འདས་པ་རྟོགས་མི་འགྱུར། །ཞེས་གསུངས། གསང་བ་སྡོམ་པ་གསུམ་བསྟན་པའི་མདོ་ལས། འོད་སྲུངས་གང་བླ་ན་མེད་པའི་བྱང་ཆུབ་དོན་དུ་གཉེར་བ་དེ་ལ་ནི། བྱང་ཆུབ་ཀྱིས་ཅི་ཞིག་བྱ་སྟེ། དེ་དག་ནི་མཐོ་རིས་ཀྱི་བདེ་བ་དང་ཡང་རིངས་སོ། །ཞེས་དང་། ཇོ་བོས། རྡོ་རྗེ་གདན་ལ་བསྐོར་བ་མཛད་ནས། ཇི་ལྟར་བྱས་ན། མྱུར་དུ་རྫོགས་པའི་སངས་རྒྱས་འཐོབ་སྙམ་དུ་དགོངས་པ་ན། སྐུ་གཟུགས་ཆུང་བ་རྣམས་བཞེངས་ནས་ཆེ་བ་ལ་ཕྱག་བྱས། མྱུར་དུ་སངས་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞེས་དྲིས་པ་ན། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ། །གསུངས། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། གང་ཡིད་ལ་བྱེད་པའི་ཆོས་ཐམས་ཅད་ནི་མི་དགེ་བའོ། །གང་ཡིད་ལ་མི་བྱེད་པའི་ཆོས་ཐམས་ཅད་ནི་དགེ་བའོ། །ཞེས་དང་། ཀུན་བཟང་སྨོན་ལམ་ལས། ཅིར་ཡང་དྲན་མེད་ཐོམ་མེ་བ། །དེ་ཀ་མ་རིག་འཁྲུལ་པའི་རྒྱུ། །གསུངས། བུ་མོ་ཟླ་བ་

p. 211

མཆོག་གིས་ཞུས་པ་ལས། བདག་གིས་སྔོན་ཆད་ཁྱེད་རྣམས་ཐམས་ཅད་བསད། །བདག་ཀྱང་ཁྱེད་ཀྱིས་སྔོན་ཆད་གཤག་ཅིང་གཏུབས། །ཀུན་ཀྱང་ཕན་ཚུན་དགྲ་དང་གསོད་པ་ཡིན། ཁྱེད་ཆགས་ཇི་ལྟར་འདོད་ཆགས་སེམས་ཀྱང་སྐྱེ། །ཞེས་དང་། སྐུ་གསུམ་དོན་ཐིག་ལས། འགྲོ་བ་དྲུག་གི་སེམས་ཅན་ཐམས་ཅད་ནི། །བདག་གི་ཕ་མར་མ་གྱུར་གཅིག་ཀྱང་མེད། །ཕ་མ་འདི་དག་འཁོར་འཁྱམས་སྙིང་རེ་རྗེ། །གསུངས། མདོ་ལས། སྦྱིན་སོགས་དྲུག་ལ་མངོན་པར་ཞེན་པ་བདུད་ཀྱི་ལས་སོ། །ཞེས་དང་། རྗེ་རིན་པོ་ཆེས། སྦྱིན་པ་འགྲོ་བའི་རེ་སྐོང་ཡིད་བཞིན་ནོར། །གསུངས། རྒྱལ་བའི་ཡུམ་ལས། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ནི་ཉན་ཐོས་ཀྱི་ལམ་གང་ཡིན་པ་དང་། རང་སངས་རྒྱས་ཀྱི་ལམ་གང་ཡིན་པ་དང་། སངས་རྒྱས་ཀྱི་ལམ་གང་ཡིན་པ་ཐམས་ཅད་བསྐྱེད་པར་བྱ་ཞིང་། ལམ་ཐམས་ཅད་ཤེས་པར་བྱའོ། །དེ་དག་ཀྱང་ཡོངས་སུ་རྫོགས་པར་བྱ་ཞིང་། དེ་དག་གི་ལམ་གྱི་བྱ་བ་ཡང་བྱ་ལ། ཞེས་དང་། ལུང་ལས། དམྱལ་བར་འགྲོ་བ་སངས་རྒྱས་ལ། །གཏན་གྱི་གེགས་བྱེད་མ་

p. 212

ཡིན་ཏེ། །རང་སངས་རྒྱས་ཀྱི་ས་རྣམས་དང་། །ཉན་ཐོས་ས་ཡི་གེགས་ཕྱེད་དོ། །ཞེས་དང་། ཕར་ཕྱིན་བསྡུས་པ་ལས། འཇིག་རྟེན་དོན་སྒྲུབ་ཚུལ་ལ་མཐུ་མེད་པས། །ཐེག་པ་གཉིས་པོ་གཏན་དུ་སྤངས་བྱས་ཤིང་། །ཐུབ་རྒྱལ་ཐེག་པ་སྙིང་རྗེ་བསྟན་པ་ལ། །གཞན་ཕན་རོ་གཅིག་རང་བཞིན་དེ་དག་འཇུག །གསུངས། རྗེ་རིན་པོ་ཆེས། དལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག །འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། །ཞེས་དང་། རྗེ་མི་ལས། ཕུང་པོ་མི་གཙང་རྫས་ཀྱི་རྐྱལ་བ་ལ། །བཟང་འདོད་བྱི་དོར་བྱེད་པ་ཤིན་ཏུ་གླེན། །གསུངས། རྗེ་རྒོད་ཚང་བས། སྨད་ར་དང་། མི་སྙན་པ་ཐམས་ཅད་རང་ལ་མཛད་གསུངས། ལེགས་གྲུབ་ལས། བདག་ལ་སྨད་པར་མི་བྱ་ཞིང་། །རང་ལ་མི་དགའ་མི་བྱ་སྟེ། །གསུངས། ཇོ་བོ་རྗེས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །འབད་པས་རབ་ཏུ་བཀག་པའི་ཕྱིར། །གསང་བ་ཤེས་རབ་དབང་བསྐུར་བ། །ཚངས་པར་སྤྱོད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་འགྱུར་བའི་ཕྱིར། །

p. 213

དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །དེ་ནི་ངན་སོང་དེ་ལྟུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །ཞེས་དང་། བླ་མ་ཞང་གིས། གསང་ཆེན་བླ་ན་མེད་པ་ཡི། །དཀྱིལ་འཁོར་ཆོ་ག་ཐམས་ཅད་ལས། །དང་པོ་སོ་སོ་ཐར་པ་དང་། །ཐེག་ཆེན་སྡོམ་པ་གཉིས་བྱིན་པས། །དེ་མ་ཐག་ཏུ་བུམ་པའི་དབང་། །དེ་རྗེས་གསང་བའི་དབང་བསྐུར་ནས། །ཡོལ་བ་སོགས་ཀྱིས་དབེན་བྱས་ཏེ། །ལས་ཀྱི་ཕྱག་རྒྱ་དེར་གཏད་ནས། །ཐབས་ཀྱི་གདོང་ནི་གཡོགས་པ་དང་། །ཤེས་རབ་གདོང་ཡང་གཡོགས་བྱས་ལ། །བོ་ལ་ཀ་ཀོ་ལ་སྦྱར་བས། །གསུམ་པ་ཉམས་སུ་མྱོང་བྱས་ལ། །གོང་གི་དཀའ་ཐུབ་སྡོམ་པ་དེ། །མ་ཉམས་སྟེང་དུ་སླར་འཕེལ་བ། །མཆོག་ཐོབ་རྣམས་ལ་མྱོང་བས་གྲུབ། །གསུངས། ཨོ་རྒྱན་རིན་པོ་ཆེས། པད་འབྱུང་སྲིན་པོ་འདུལ་དུ་འགྲོ་བ་ལ། །མྱ་ངན་མ་བྱེད་ཞལ་གདམས་འདི་ཉིད་ནི། །ང་ཉིད་བཞུགས་དང་ཁྱད་མེད་སེམས་ལ་ཆོངས། །སྔགས་པ་ཕུང་བྱེད་རྒྱུ་ནི་ཆང་ནག་ཡིན། །ཆང་ལ་འདོད་ཆགས་ཞེ་སྡང་གཏི་

p. 214

མུག་དང་། །ང་རྒྱལ་ཕྲག་དོག་ཉོན་མོངས་མ་ལུས་པ། །སློང་བའི་རྒྱུ་ཀུན་འདི་ལ་ཚང་བས་ན། །དེ་ཕྱིར་ཆང་ནག་མ་འཐུངས་ཞལ་གདམས་ཡིན། །ཞེས་སོགས་ཉེས་དམིགས་ཆེ་ཚུལ་གྱི་ཞལ་གདམས་གསུངས། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། ཆང་གི་མེས་པོ་དྲུག་པ་རྡོ་རྗེ་འཆང་། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་མཆོད། །སྐལ་བཟང་རྣམས་ཀྱི་བཏུང་བའི་མཆོག་གྱུར་པའི། །བདུད་རྩི་ཆང་གི་ཡོན་ཏན་བཤད་ཀྱིས་ཉོན། །ཡིད་འོང་མཐོ་རིས་ལྷ་ཡི་གྲོང་ཁྱེར་ལས། །བདུད་རྩིའི་ཐིགས་པ་མཆོག་གཅིག་ལྷུང་བ་ནི། །འཛམ་གླིང་སྐྱེ་བོ་ཡོངས་ཀྱི་བསོད་ནམས་ལས། །འབྲུ་རྣམས་བཅུད་ཆགས་ཆང་གི་དྭངས་མར་གྱུར། ཁ་དོག་རོ་ལྡན་སྦྲང་རྩི་ལྟ་བུ་ལ། །དྲི་བསུང་ཕུན་ཚོགས་ལྷ་ཡི་བདུད་རྩི་བཞིན། །མཐོང་ན་ཡིད་དགའ་བརྟེན་པས་འབྲལ་མི་ཕོད། །ཞིམ་མངར་ཆང་གི་ཡོན་ཏན་ཕུན་སུམ་ཚོགས། །ཞེས་སོགས་ཡོན་ཏན་ཆེ་ཚུལ་གྱི་མགུར་བདུད་རྩི་ཟིལ་མངར་མ་ཞེས་བྱ་བ་གསུངས། ར་ལོའི་ཞལ་ནས། ཤ་ཆང་ཟ་བ་ཚོགས་ཀྱི་འཁོར་ལོ་ཡིན། །རིག་མ་བསྟེན་པ་ལས་ཀྱི་ཕྱག་རྒྱ་ཡིན། །དགྲ་

p. 215

བགེགས་སྒྲོལ་བ་སྔགས་ཀྱི་དམ་ཚིག་ཡིན། །གསུངས། ཁ་རག་སྒོམ་ཆུང་པས། ཤེས་པ་འཕྱོ་ལ་ལུས་ལ་གནོད། །མཁས་བཙུན་རྣམས་ཀྱིས་སྨད་པའི་གནས། །ཉེས་པ་ཐམས་ཅད་འབྱུང་བའི་རྒྱུ། །ཆང་དང་བུད་མེད་སྤོངས་ཤིག་ཨང་། །གསུངས། རྗེ་མི་ལས། བསྙེན་སྒྲུབ་ཚད་དུ་འཁྱོལ་ནས་ཀྱང་། །སྙིང་རྗེ་ཆེན་པོས་ཀུན་བསླངས་ནས། །ཡི་དམ་གསལ་བའི་ཏིང་འཛིན་གྱིས། །བསྟན་པའི་སྤྱི་དོན་མ་ལགས་པའི། །མཐུ་དང་ངན་སྔགས་མ་བྱེད་ཨང་། །ལས་ཀྱི་སྲིན་པོར་སྐྱེ་ཉེན་གདའ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ལས་སུ་མཐུ་སྒྲུབ་བྲན་དུ་ལྷ་འདྲེ་བཀོལ། །ནོར་དུ་རྫས་སོགས་མཚོན་དུ་ཀླུ་གཏད་རྒྱོབ། །ལྟོ་རུ་དགྲ་ཟོ་གོས་སུ་སྒྲུབ་ཁང་གྱོན། །གྲོགས་སུ་མ་མོ་མཁའ་འགྲོ་དམ་ཅན་བོས། །མཐུ་དང་ཆོས་སུ་ལྡན་པར་འགྲོ་དོན་གྱིས། །གསུངས། སྤྱན་སྔ་བས། འཇིག་རྟེན་པ་དང་འཇིག་རྟེན་འདས། །ཡོན་ཏན་ཅི་སྙེད་ཐམས་ཅད་ནི། །མི་རྟོག་མ་ཡེངས་པ་ཡི་སུ། །བསམ་ལས་འབྱུང་ངོ་ཞེས་གསུངས་ཤིང་། །སེམས་ནི་མི་རྟོག་མཉམ་བཞག་ནའང་། །ཡང་དག་ཇི་བཞིན་

p. 216

ཤེས་འགྱུར་ཞེས། །ཕན་ཡོན་གཞན་དང་གཞན་དག་ཀྱང་། །དཔག་ཏུ་མེད་པ་མདོ་རྒྱུད་དང་། །བསྟན་བཅོས་ཀུན་ལས་གསལ་བར་བཤད། །ཅེས་དང་། ཅི་ཡང་མི་རྟོག་ཏིང་འཛིན་ལ། །མདོ་རྒྱུད་ཀུན་ནས་རབ་བསྔགས་ཤིང་། །གངས་ཅན་ཁྲོད་ཀྱི་སྒྲུབ་བརྒྱུད་ཀྱི། །བཤེས་གཉེན་ཀུན་གྱིས་མགྲིན་གཅིག་ཏུ། །བསྟོད་ཅིང་ཉམས་སུ་བླང་བའི་ཕྱིར། །འདི་ལ་འབད་པ་སྐྱེད་ཅིག་ཅེས། །བདག་ནི་གསོལ་བ་འདེབས་པར་བྱེད། །ཅེས་དང་། ཡང་། ཅི་ཡང་མི་རྟོག་འབའ་ཞིག་ལ། །སྒྲོ་འདོགས་སེལ་བར་ནུས་པ་ཡི། །རྣམ་དཔྱོད་ཤེས་རབ་མེད་ཕྱིར་དང་། །གཉིད་འཐུག་དག་དང་ཁྱད་མེད་ཅིང་། །ཉོན་མོངས་སྤོང་བར་མི་ནུས་པར། །མངོན་སུམ་དུ་ནི་མཐོང་ཕྱིར་དང་། །ཞེས་དང་། ཅི་ཡང་ཡིད་ལ་མི་བྱེད་པའི། །ཧྭ་ཤང་ལྟ་སྒོམ་མཐར་ཐུག་བྱེད། །དེ་ལྟས་ཕྱོགས་རྣམས་ཕལ་ཆེར་ཁྱབ། །རང་ཉིད་ལེགས་སུ་འདོད་པ་ཡིས། །ཆོས་ཀྱི་རྒྱལ་པོ་ཙོང་ཁ་བའི། །གཞུང་ལུགས་ལེགས་པར་སྦྱངས་བྱས་ན། །གསུངས། རྗེ་རིན་པོ་ཆེས། བྱང་ཆུབ་ལམ་རིམ་གྱི་མགོ་ན། འདིའི་གཞུང་ནི། བྱང་ཆུབ་ལམ་གྱི་སྒྲོན་མ་ཡིན་པས།

p. 217

དེ་མཛད་པ་པོ་འདིའི་ཡང་མཛད་པ་པོའོ། །གསུངས། མཇུག་ན། འདི་ནི་མང་དུ་ཐོས་པའི་དགེ་སློང་སྤོང་བ་པ་ཤར་ཙོང་ཁ་བ་བློ་བཟང་གྲགས་པའི་དཔལ་གྱིས་རི་བོ་དགེ་ལྡན་དུ་སྦྱར་བའོ། །གསུངས། ཇོ་བོ་རྗེས། ཚེ་འདི་ཡུན་ཐུང་ཤེས་བྱའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །རང་གི་འདོད་པ་དང་དུ་བླང་བར་བགྱི། །ཞེས་དང་། རྗེ་བཙུན་བྱམས་པས། རིགས་པའི་གནས་ལྔ་དག་ལ་མཁས་པར་མ་བྱས་ན། །འཕགས་མཆོག་གིས་ཀྱང་ཐམས་ཅད་མཁྱེན་པ་མི་འཐོབ་སྟེ། །དེ་བས་གཞན་དག་ཚར་བཅད་རྗེས་སུ་གཟུང་ཕྱིར་དང་། །རང་ཉིད་ཀུན་ཤེས་བྱ་ཕྱིར་དེ་ལ་དེ་བརྩོན་བྱ། །གསུངས། མདོ་ལས་ཟས་མ་མཆིས་ན་སྲོག་མ་མཆིས། སྲོག་མ་མཆིས་ན་ཆོས་ཀྱང་མ་མཆིས་སོ། །གསུངས། སྤྱན་སྔ་བས། སྙིང་ནས་དམ་ཆོས་བྱ་འདོད་ན། །སྐྱིད་འདོད་ཚེ་འདི་བློས་ཐོངས་ལ། །མི་ཡི་ཁྱུ་ནས་རོ་ལྟར་བུད། །ཟ་འདོད་འཐུང་འདོད་དུག་ལྟར་སྤོངས། གསུངས། རྗེ་མི་ལས། བྱང་ཆུབ་བསྒོམས་ནས་ཐོབ་པ་ལ། །སྒོམ་ཆེན་སློབ་

p. 218

གཉེར་བྱེད་པ་ཕངས། །གདམས་ངག་སྣོད་བཟང་ལྡུག་རྒྱུ་ལ། །སྐལ་མེད་རྣམས་ལ་སྟེར་བ་ཕངས། །ཞེས་དང་། ས་སྐྱ་པཎ་ཆེན་གྱིས། བསྒོམ་ན་ཐོས་པ་མི་དགོས་ཞེས། །བླུན་པོ་བློ་རྒྱ་ཆུང་རྣམས་སྨྲ། །ཐོས་པ་མེད་པར་སྒོམ་པ་དེ། །འབད་ཀྱང་དུད་འགྲོའི་སྒྲུབ་ཐབས་ཡིན། །གསུངས། ཁ་རག་སྒོམ་ཆུང་པས། ཚེ་ལ་ལོང་མེད་ཐ་སྙད་ཐུག་པ་མེད། །དེ་བས་དམ་པའི་དགོངས་པ་ལོངས་མཛོད་ལ། །འདུ་འཛི་སྤངས་པས་དབེན་གནས་ཞི་བ་བརྟེན། །བསེ་རུ་ལྟ་བུར་གཅིག་པུར་གནས་པར་བྱ། །ཞེས་དང་། ས་སྐྱ་རིན་པོ་ཆེས། རིགས་པ་ནངས་པར་འཆི་ཡང་སློབ། །ཚེ་འདིར་མཁས་པར་མ་གྱུར་ཀྱང་། །ཕྱི་མའི་དུས་ན་བཅོལ་བ་ཡི། །ནོར་ལ་རང་ཉིད་ལེན་པ་འདྲ། །གསུངས། རྗེ་མི་ལས། གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་ཆད་པ་ཡིན། །ཞེས་དང་། རྩ་ལྟུང་འགྲེལ་པ་ལས། འདུལ་བའི་བསམ་པས། གཞན་གྲུབ་མཐའ་སྨད་པ་ནི། ཉེས་པ་མེད་དེ་བསོད་ནམས་ཀྱང་མང་དུ་འཕེལ་ལོ། །གསུངས། དམ་པ་འགའ་རེས། བླ་མ་བཟང་པོས་སློབ་མར་ཕན། །སློབ་མ་བཟང་

p. 219

པོ་བླ་མའི་རྒྱན། །གསུངས། སྤྱན་སྔ་བས། སློབ་མ་གཅིག་ཡོད་སྡུག་བསྔལ་དུ་མ་ཡོད། །སློབ་མ་བརྒྱ་ཡོད་སྡུག་བསྔལ་བརྒྱ་ཕྲག་ཡོད། །གསུངས། མདོ་ལས། བཟོད་པ་དཀའ་ཐུབ་དམ་པ་ནི་བཟོད་པ། མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། །གསང་འདུས་ལས། དཀའ་ཐུབ་སྡོམ་པ་མི་ཟད་པ། །བསྟེན་ཀྱང་འགྲུབ་པར་མི་འགྱུར་རོ། །གསུངས། སྤྱན་སྔ་པ་རིན་པོ་ཆེས། ཇ་ཐུད་ཤ་མར་ལ་སོགས་པ། །བཀྲ་མི་ཤིས་པ་དེ་དག་གིས། །ཁྱོད་ལ་ལྟས་ངན་གཏོང་འགྱུར་གྱིས། །སྦྲུལ་དུག་དེ་དག་མྱུར་སྤོངས་ལ། །དཔག་ཚད་བརྒྱ་ཡི་ཕ་རོལ་སོང་། །གསུངས། གཞན་ལས། དཔོན་སློབ་མི་འབྲལ་ལྷན་ཅིག་འཛོམ། །སྐུ་ཚེ་མི་འགྱུར་སྲ་ཞིང་བརྟན། །ཇ་ཆང་བཞེས་གྲོ་རྒྱུན་མི་འཆད། །སྐྱིད་ལ་ཆོས་འཕེལ་བཀྲ་ཤིས་ཤོག །གསུངས། ཟླ་བའི་སྙིང་པོའི་མདོ་ལས། འདོད་པ་ཐམས་ཅད་ཡོངས་སྤངས་ན། །མཆོག་ཏུ་བདེ་བ་འཐོབ་པར་འགྱུར། །ཞེས་དང་། གསང་འདུས་ལས། འདོད་པའི་ཡོན་ཏན་ཐམས་ཅད་ལ། །བརྟེན་ན་མྱུར་དུ་འགྲུབ་པར་འགྱུར། །

p. 220

གསུངས། སྔོན་ཇོ་བོ་བོད་ལ་ཕེབས་དུས་ཇ་དྲངས་པ་ཐུགས་མཉེས། ཇ་འདི་འཐུང་ན་སྨྲ་ལྕེ་བདེ་ཞིང་། ཕུང་པོ་ལ་ཕན་པ་དང་། རིག་པ་དྭངས་པ་སོགས་ཡོན་ཏན་མང་པོ་སྣང་གསུངས་བསྔགས་པ་བརྗོད་སྐད། སྤྱན་སྔ་བས། ཇ་ཡིས་ནད་སྣ་དུ་མ་བསྐྱེད་ཚུལ་སོགས་ཉེས་པ་དུ་མ་ཡོད་ཚུལ་གྱི་གཏམ་སྨྱོ་ཆུ་སུན་འབྱིན་གསུངས། བཀའ་གདམས་གསུང་སྒྲོས་ཐོར་བུ་ལས། གཅིག་པུར་དོན་ཉིད་མི་སེམས་པར། །འཁོར་མང་ནང་དུ་ཆོས་འཆད་འཁྲུལ། །ཞེས་དང་། ཁྱིམ་བདག་དྲག་ཤུལ་ཅན་གྱིས་ཞུས་པའི་མདོ་ལས། གྲོང་དང་གྲོང་ཁྱེར་དང་གྲོང་རྡལ་དང་། ལྗོངས་དང་ཡུལ་འཁོར་དང་ཕོ་བྲང་དག་ཏུ་ཞུགས་ཏེ་ཆོས་བསྟན་པར་བྱའོ། །གསུངས། གཞུང་ཕལ་ཆེར་ན། རབ་བསྐལ་ཆེན་གྲངས་མེད་དུ་ཚོགས་བསགས་ནས་འཚང་རྒྱ། འབྲིང་དང་ཐ་མ་དེ་བས་ཀྱང་རིང་གསུངས། གཞུང་འགའ་རེ་ན། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཚུལ་ལས་རྣམ་པར་འཁྲུལ་པ་ངེས་པར་སེལ་བ་གཟི་བརྗིད་འབྱུང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན། ཚེ་གཅིག་ལུས་གཅིག་ལ་འཚང་རྒྱའོ། །གསུངས།

p. 221

ཡུམ་ཆེན་མོ་ལས། སངས་རྒྱས་རྗེས་སུ་དྲན་པ་ནི་དྲན་པ་མེད་པ་དང་། ཡིད་ལ་བྱེད་པ་མེད་པའོ། །གསུངས། གཞུང་གཞན་ལས། སངས་རྒྱས་རྗེས་སུ་མི་དྲན། ཡིད་ལ་མི་བྱེད་ན། རྗེས་དྲན་ག་ལ་ཡིན་གསུངས། དཀོན་མཆོག་བརྩེགས་པ་ལས། སངས་རྒྱས་ཀྱི་འདུ་ཤེས་མེད། ཆོས་ཀྱི་འདུ་ཤེས་མེད། དགེ་འདུན་གྱི་འདུ་ཤེས་མེད། ཡང་དག་པའི་མཆོད་པའོ། །གསུངས། གཞུང་གཞན་ནས། དཀོན་མཆོག་གསུམ་ལ་དཀོན་མཆོག་གསུམ་ཡིན་པའི་འདུ་ཤེས་ཙམ་ཡང་མེད་ན། དེ་མཆོད་པར་ག་ལ་འགྱུར། གསུངས། ཚངས་པ་སེམས་ཀྱིས་ཞུས་པའི་མདོ་ལས། མི་འཛིན་པ་ནི་སྦྱིན་པའོ། །མི་སྲུང་བ་ནི་ཚུལ་ཁྲིམས་སོ། །མི་གནས་པ་ནི་བཟོད་པའོ། །མི་བརྩོན་པ་ནི་བརྩོན་འགྲུས་སོ། །མི་བསམ་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །གསུངས། གཞུང་གཞན་ནས། མི་སྲུང་བ་ཚུལ་ཁྲིམས་དང་། མི་བརྩོན་པ་བརྩོན་འགྲུས་ག་ལ་ཡིན། གསུངས། ཐལ་འགྱུར་ལས། བསྲུང་མཚམས་ཀུན་ལས་རྒྱལ་བ་ན། །དམ་ཚིག་ཀུན་གྱི་རྩེ་མོར་

p. 222

བཤད། །གསུངས། གཞུང་གཞན་ནས། དམ་ཚིག་བསྲུང་རྒྱུ་མེད་ན། དམ་ཚིག་ཀུན་གྱི་རྩེ་མོར་ཕར་ཞོག །ཐ་མ་ཡང་མིན་གསུངས། མ་གཅིག་གིས། བྱས་པས་ཕུང་། བསྒོམས་པས་གོལ། བསམས་པས་བརླག །སྐྱུར་ལ་ཐོངས། གློད་ལ་ཞོག །ཡན་པར་ཞོག །སངས་རྒྱས་འཐོབ། བྱང་ཆུབ་འགྲུབ། གསུངས། ལུང་གཞན་ལས། ཐོས་བསམ་སྒོམ་བྱས་ན། བྱང་ཆུབ་འཐོབ། བཞག་པས་མི་འཐོབ་པར་གསུངས། སྡོམ་གསུམ་བསྟན་པའི་མདོ་ལས། གང་ཡིད་ལ་བྱེད་པ་ཡོད་པ་དེ་ལ་ངར་འཛིན་པ་ཡོད་དོ། །གསུངས་པ། གཞུང་གཞན་ལས། ཡིད་ལ་བྱེད་པ་ཡོད་ཚད་ལ་ངར་འཛིན་ལྷན་སྐྱེས་ཡོད་པར་མ་གསུངས། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །གསུངས། གཞུང་གཞན་ལས། སངས་རྒྱས་ག་ལ་ཡིན་རྒྱུ་ཙམ་ཞིག་ཡིན་གསུངས། བཀའ་གདམས་བླ་མ་འགའ་རེས། འགྲོ་འདུག་མང་པོ་དགེ་སྦྱོར་གྱི་སད། འདུག་ས་གནོན་པ་མན་ངག་ཡིན། གསུངས། ཡང་དམ་པ་འགའ་རེས། ཕྱོགས་མེད་ཀྱི་རི་ཁྲོད་འགྲིམས། གཅིག་ཏུ་མ་འདུག་གསུངས།

p. 223

སྤྱན་སྔ་བས། དགེ་བཤེས་སམ། སྒོམ་ཆེན་པ་སུ་ཡིན་ཡང་ཡོན་ཏན་ཅུང་དྲགས་ཏུ་སོང་བ་ན་ཆོས་བཤད་བྱེད་འདོད་འདིས་བརླག་ཏུ་བཅུག་གསུངས། གཞུང་གཞན་ལས། ཆོས་བཤད་བྱས་ན་མི་བརླག་པར་མ་ཟད་ཡོན་ཏན་མཐའ་ཡས་པ་བསྐྱེད་གསུངས། དེ་འདྲ་ཕར་བལྟས་ན་འགལ་བ་ལྟར་སྣང་བ། རྒྱལ་བའི་གསུང་རབ་ན་བརྒྱ་དགོས་ན་སྟོང་ཡོད། འདིར་མང་དུ་དོགས་ནས་དེ་ཙམ་ལས་མ་བྲིས། དེ་རྣམས་ཀྱི་དགོངས་གཞི་དགོས་ཆེད། གདུལ་བྱའི་མཐོ་དམན་གང་ལ་གསུངས། དྲང་དོན་ངེས་དོན། གབ་སྦས། གཅུས་དཀྲུག་སོགས་གང་ཡིན་གྱི་དགོངས་པ་ལོན་ན་ཚིག་འགལ་བ་ལྟར་སྣང་ཡང་དོན་མི་འགལ་བར་མ་ཟད་བསྟན་འགྲོ་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་རྒྱ་ཆེན་འབྱུང་བའི། དགོས་པ་དུ་མ་ཡོད་པས། ཁ་གཏོང་བ་ཕར་ཞོག །རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཐབས་མཁས་ཐུགས་རྗེ་ཅི་ཞིག་ཆེ་ནི་རེད་སྙམ། དད་གུས་སྐྱེ་བའི་རྒྱུ་ཞིག་ཡིན། འདི་རྣམས་དང་འདི་འདྲའི་དགོངས་པ་མ་ལོན་པར་ཕྱིན་ཅི་ལོག་ཏུ་གོ་ན་ཤིན་ཏུ་ཉེན་ཆེ་ལ། དེ་བས་རྫོགས་ཆེན་

p. 224

པས་འཁོར་བ་ཐོག་མ་ཞིག་བཞག་པས་གདུལ་བྱར་མ་ཕན་ཀྱང་ཡེ་མི་གནོད་པས་ཉེན་ཆུང་། ལར་འཁོར་བ་ཐོག་མ་ཡོད་མེད་དེ་ཀུན་མཁྱེན་མ་གཏོགས་ང་འདྲས་ཐག་བཅད་ནས་བཤད་པར་མི་རིགས་མོད། འོན་ཀྱང་འཁོར་བ་ཐ་མ་ཡོད་ན་ཐོག་མ་ཞིག་ཀྱང་ཡོད་ཅེས་བཤད་ཀྱང་མི་ཆོག་རྒྱུ་མེད་ལ། གལ་ཏེ་ཐོག་མ་མེད་རུང་གདུལ་བྱ་ལ་ཕན་པའི་དགོས་པ་ཆེ་ན་ཐོག་མ་ཞིག་ཡོད་ཅེས་གསུངས་སྲིད་དེ། སངས་རྒྱས་ཀྱིས་གདུལ་བྱ་འགའ་ཞིག་ལ་གང་ཟག་གི་བདག་མེད་རུང་བདག་ཡོད་གསུངས་པ་ལྟ་བུའོ། །དཔེར་ན་བྱིས་པ་ཞིག་རི་རྩེ་ཞིག་ཏུ་འཁྲིད་པ་ལ། ཁོ་འགྲོ་འདོད་མེད་ན། བློ་ལྡན་མི་རྒན་འགའ་རེས། བྱིས་པ་ལ་ཡར་ལྟོས་དང་། རི་རྩེ་ཡ་ཀི་ན་གནམ་ས་གཉིས་ཐུག་འདུག །ཟླ་བ་ཡང་རི་མགོ་དང་ཐག་ཉེ་བར་འདུག །འེ་ཚོས་ཅི་འདྲ་ཞིག་རེད་ལྟད་མོ་བལྟ་རུ་འགྲོ་བཤད་ན། བྱིས་པས་ཡར་གཅིག་བལྟས། བདེན་ཁི་སྙམ། མགྱོགས་པོར་སོང་ནས་རི་རྩེ་ལ་སླེབ་པ་ལྟར། བྱིས་པ་ལྟ་བུའི་གདུལ་བྱ་བློ་ཁ་དམན་པ། རི་རྩེར་འགྲོ་བ་ལྟ་བུའི་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་འདོད་ཀྱི་བློ་མེད་པ་ལ། མི་རྒན་ལྟ་བུའི་

p. 225

ཐབས་མཁས་རྒྱལ་དང་རྒྱལ་སྲས་བྱང་ཆུབ་སེམས་དཔའ་རྣམས་ཀྱིས། གནམ་ས་ཐུག་མེད་རུང་། ཐུག་འདུག་ཟེར་བ་ལྟར། འཁོར་བ་ཐོག་མ་མེད་རུང་། ཐོག་མའི་གཞི་འདི་འདྲ་ཡིན་ཞེས་ཐོག་མ་ཞིག་བཞག །ཅི་འདྲ་ཞིག་རེད་བལྟ་རུ་འགྲོ་ཟེར་བ་ལྟར། ད་ལམ་འདི་ལྟར་ཉམས་སུ་ལེན་དགོས་གསུངས་ན། བྱིས་པས་བདེན་ཁི་སྙམ་ནས་ལམ་དུ་ཞུགས་ནས་མགྱོགས་པོར་འགྲོ་བ་ལྟར། གདུལ་བྱ་རྣམས་ཀྱིས་བདེན་ཁི་སྙམ་ནས་ལམ་ཉམས་སུ་བླངས་ན། བྱིས་པ་མྱུར་དུ་རི་རྩེར་ཕྱིན་པ་ལྟར། གདུལ་བྱ་རྣམས་ཀྱིས་མཐར་ཐུག་གི་འབྲས་བུ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་ངེས། དེ་རྒྱལ་བའི་གསུང་རབ་དང་ཡང་མི་འགལ་མཐུན་ཏེ། སངས་རྒྱས་ཀྱིས་ང་བསྐལ་པ་དཔག་ཏུ་མེད་པའི་ཡང་ཆེས་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཟིན་ཟིན་པ་ཞིག་ཡིན་གསུངས་པ་དང་། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་གསུངས་པ་དང་། ནམ་མཁའ་མཐའ་མེད་རུང་། ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་གསུངས་པ་དང་མཚུངས་པའི་

p. 226

ཕྱིར་རོ། །དེ་འགལ་ན་བསྐལ་པ་དཔག་ཏུ་མེད་པ་ལ་སྔོན་བཞག་པ། བསྐལ་ཆེན་གྲངས་མེད་གསུམ་བཞག་པ། ནམ་མཁའ་མཐའ་མེད་པ་ལ་མཐའ་བཞག་པ་ཡང་འགལ་བར་འགྱུར་རོ། །ད་བན་རྒན་ངའི་བསམ་པ་ཡིན་ན། འཁོར་བ་ཐོག་མ་ཡོད་དང་མེད་ཅེས་གསུངས་པས་ལམ་གང་ཉམས་སུ་བླངས་ཀྱང་འཁོར་བ་མཐའ་ཅན་བྱེད་ནུས་ན། དོན་གྱི་དགོངས་པ་ཕྱོགས་གཅིག་ཏུ་བབ་འདུག་པས་འགལ་བ་སྤུ་ཙམ་ཡང་མེད། ཆོས་གང་ཡིན་ཡང་ཉམས་སུ་བླངས་ན་ཐར་པ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རབ་ཀྱིས་ཚེ་གཅིག་ལུས་གཅིག །འབྲིང་གིས་བར་དོ། ཐ་མས་ཀྱང་མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས་འཐོབ་ནུས་པ་སྔོན་ཆད་ཀྱང་། རྒྱ་བོད་ཀྱི་མཁས་གྲུབ་ཕོ་མོ་ནམ་མཁའི་སྐར་ཚོགས་ཙམ་བྱུང་བས་ཤེས་ནུས། ད་ལྟ་ཡང་བྱུང་བ་མཐོང་ཐོས་མང་ལ། མ་འོངས་པ་ནའང་འབྱུང་བར་འགྱུར་རོ། །ཆོས་གང་གིས་འཁོར་བ་མཐའ་མེད་མཐའ་ཅན་བྱེད་ན། ཨེ་ཚོ་དེ་དགོས་པ་ལགས་མོད། འཁོར་བ་ཐོག་མ་ཡོད་ཀྱང་རུང་མེད་ཀྱང་རུང་ད་བར་འཁོར་ཚར་འདུག །ད་དེས་ཅི་བྱ། འདི་

p. 227

འདྲའི་མི་མཐུན་པ་ཅུང་ཟད་རེ་མཐོང་ཚེ་དགོངས་པ་མ་ལོན་པར་ཚ་གྲང་ལྟར་འགལ་བར་འཛིན་པ་རང་གི་བློ་གྲོས་ཀྱི་མཐུ་ཆུང་བ་དང་། མཐུ་ཆེ་ཡང་ཞིབ་ཏུ་དཔྱོད་མ་ནུས་པར་རྟོག་པ་རྩིང་བ་ཡིན་ཏེ། རྗེ་རིན་པོ་ཆེས། གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་རེ་མཐོང་ནས་ཚ་གྲང་ལྟར་ཐམས་ཅད་དུ་འགལ་བར་འཛིན་པ་ནི། རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ། །གསུངས། ཡང་འགའ་རེས། ཐེག་པའི་ཡང་རྩེ་བཀའ་རྫོགས་པ་ཆེན་པོ་ནི་རྒྱུ་འབྲས་རྩོལ་སྒྲུབ་ལས་འདས་པའི་ཆོས་ཡིན་ཟེར་བ། ཐེག་པ་ཀུན་གྱི་ཡང་རྩེ་ཡིན་ན། དེའི་གོང་ན་ཆོས་གང་ཡང་མི་སྣང་ཤིན་ཏུ་ལེགས་ཏེ། ལས་རྒྱུ་འབྲས་མེད། སྒོ་གསུམ་གྱི་རྩོལ་སྒྲུབ་མི་དགོས་ན། དེ་མན་ན་ཆོས་ཤིག་མི་སྣང་ཤིན་ཏུ་བཙོག་གི །སྒོ་གསུམ་གྱི་འབད་རྩོལ་ཅི་ཡང་མི་དགོས་པར་ཁ་རོག་པ་ཉལ་བསྡད་ན་གྲོལ་ཟེར་བ། རྒྱ་ནག་གི་མཁན་ངན་ཧྭ་ཤང་གི་ལུགས་གཞན་དང་མ་འདྲེས་པ་ཁོ་ནར་སྣང་མོད། དེ་ཁ་རྒྱ་སྟོན་སྔགས་པ་སྐྱུར་དད་མཁན་ཚོས་དུད་སེར་དུ་འགྲོ་རག་བར་དུ་སྦས། ད་དུང་ཟད་ཟད་བར་དུ་ཀློག །སྐལ་བཟང་ཐར་འདོད་རྣམས་ལ་མཁོ་བ་

p. 228

མེད་ཟེར་ན། དེ་གཏན་ནས་མ་གོ་བའི་ཅལ་ཅོལ་ཆེན་པོ་ཞིག་སྨྲས་པ་ཡིན་ཏེ། རྫོགས་ཆེན་ལ་ལས་རྒྱུ་འབྲས་མེད་པས་འདོར་ལེན་གྱི་རྩོལ་སྒྲུབ་སོགས་གཏན་ནས་མི་དགོས་ཞེས་བཤད་པ་ག་ལ་ཡིན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་རྒྱུད་སྡེ་འོག་མ་ཚོ་ལྟར་སྒོ་གསུམ་གྱི་རྩོལ་སྒྲུབ་ཧ་ཅང་ཆེན་པོ་མི་དགོས་པར། ཚེགས་ཆུང་ངུའི་སྒོ་ནས་སངས་རྒྱ་བའི་ཆོས་ཡིན་ཞེས་གདུལ་བྱ་དྭངས་བ་འདྲེན་ཕྱིར་ཆོས་ཀྱི་ཆེ་བ་བརྗོད་པ་ཡིན་ཏེ། རྒྱལ་དབང་རིན་པོ་ཆེས་ཀྱང་། པད་འབྱུང་བི་མ་ལ་དང་བཻ་རོ་དང་། །བཀའ་གཏེར་ལས་འོང་སྔ་འགྱུར་རྫོགས་པ་ཆེ། །མཁས་བླུན་བར་མ་གང་གིས་ཉམས་བླངས་ཀྱང་། །ཚེགས་ཆུང་དོན་ཆེ་འཕྲུལ་གྱི་གནད་གསང་ཟབ། །གསུངས། དེ་ལྟར་མ་གོ་བར་ཕྱིན་ཅི་ལོག་ཏུ་གོ་ནས་ཐེག་པ་ཆེན་པོའི་ཆོས་ལ། དེ་མན་ན་ཆོས་ཤིག་མི་སྣང་ཞེས་སྐུར་པ་འདེབས་ནུས་པ་སྨྱོས་པ་མིན་ནམ། ཨ་རྫིའི་ཕྱིན་ཆད་བློ་གྲོས་ཅན་རྣམས་ཀྱིས། མཁས་པའི་མིང་བཟུང་ནས་དོན་གྱིས་བླུན་པོའི་གོ་ས་ན་འགྱིང་བའི་ཁ་ནས་འདི་འདྲའི་ཅལ་ཅོལ་གྱི་གཏམ་གོ་ན་འཁྲུལ་བར་མི་བྱ་སྟེ། རྫོགས་ཆེན་

p. 229

པས་ལས་རྒྱུ་འབྲས་འདོར་ལེན་མི་བྱེད་ན་རྫོགས་ཆེན་གྱི་གཞུང་དུ་མ་ན། ལས་རྒྱུ་འབྲས་ཀྱི་རྣམ་བཞག་མཐའ་ཡས་གསུངས་པ་ཅི་ལ་དགོས། རྩོལ་སྒྲུབ་གཏན་ནས་མི་དགོས་ན་རྫོགས་ཆེན་བསྒོམ་དུས་ལུས་གནད་ལྟ་སྟངས་སོགས་སྒོ་གསུམ་གྱི་རྩོལ་བ་མང་པོ་བྱེད་དགོས་པ་དང་ཡང་འགལ་བའི་ཕྱིར་རོ། །དེས་ན་འདི་དང་འདི་འདྲའི་གསུང་ཇི་བཞིན་མ་གོ་བར། ཕྱིན་ཅི་ལོག་ཏུ་གོ་ནས་ཆོས་སྤོང་གི་ལས་ངན་པའི་ཁུར་གྱིས་ནོན་ནས། ཡར་ཐར་པའི་ལམ་ལ་མ་ཕྱིན་པར། མར་ངན་སོང་གི་རྦབ་ཏུ་འགྲིལ་སོང་བ་མང་བས་གཟབ་འཚལ། ཡང་འགའ་རེས་རྗེ་བདག་ཉིད་ཆེན་པོ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པའི་གསུང་འགའ་རེའི་དགོངས་པ་མ་ལོན་པར། བསྟན་པ་ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ་གསུངས་པ་དེ། འེ་ཚོ་དགེ་ལུགས་པས་ཉམས་སུ་ལེན་པའི་མདོ་སྔགས་ཀྱི་ཆོས། འཇམ་མགོན་དཔལ་ལྡན་བླ་མ་ཙོང་ཁ་པ་རིན་པོ་ཆེས། ཀླུ་སྒྲུབ་ཐོགས་མེད་ཀྱི་དགོངས་པ་བཞིན་ཕྱིན་ཅི་མ་ལོག་པར་བཀྲལ་ནས་བསྟན་པ་འདི་ལ་བསྟན་པ་ཐམས་ཅད་ཟེར། དེ་ལས་གཞན་ཕྱི་རོལ་པ་དང་ཧྭ་ཤང་

p. 230

དང་རྗེས་མཐུན་ཕྱག་རྫོགས་ཀྱི་ལྟ་བ་སོགས་ལྟ་བ་ལྟར་སྣང་རྣམས། འཇམ་དབྱངས་མི་ཡི་ཚུལ་འཛིན་ཁམས་གསུམ་ཆོས་ཀྱི་རྒྱལ་པོ་ཙོང་ཁ་པ་དང་། ཕྱག་ན་པདྨ་འཛིན་པ་མིའི་གཟུགས་སུ་ཤར་བ་རྒྱལ་དབང་ཐམས་ཅད་མཁྱེན་པ་གཉིས་ཀྱིས་དགག་པ་མང་པོ་བཏང་བ་མ་གཏོགས་ཞལ་གྱིས་མ་བཞེས་པས་བསྟན་པའི་གྲལ་དུ་བཞག་ན། གསེར་དངུལ་ཁྲོད་དུ་སློག་ཧྲུལ་བཞག་པ་བཞིན་མི་མཛེས་པར་འགྱུར་བས། ནམ་ཡང་བསྟན་པའི་གྲལ་དུ་མི་ཆུད་དེ། ས་གསུམ་གྱི་སྒྲོན་མེ་བྱང་ཆུབ་ལམ་རིམ་ཆེན་མོ་ལས། ཅི་ཡང་མི་རྟོག་པའི་སྒོམ་ཐམས་ཅད་སྟོང་པ་ཉིད་བསྒོམ་པའི་ཉམས་ལེན་དུ་འདོད་པ་ནི། མཁས་པའི་བཞད་གད་ཀྱི་གནས་ཡིན་ལ། ཞེས་དང་། དེས་ན་སྟོང་པ་ཉིད་སྒོམ་པའི་མི་རྟོག་པ་ཞིག་དང་། སྟོང་པ་ཉིད་ཅུང་ཟད་ཀྱང་མ་རྟོགས་པའི་མི་རྟོག་པ་གཉིས་ཡོད་པས། བདེ་གསལ་མི་རྟོག་པ་བྱུང་ཚད་ཐམས་ཅད་སྟོང་པ་ཉིད་ཀྱི་སྒོམ་དུ་གཟུང་བར་མི་བྱའོ། །ཞེས་དང་། མི་རྟོག་པར་འཇོག་པའི་ཏིང་འཛིན་འགའ་ཞིག་ལ། སྲིད་པའི་རྩ་བ་གཅོད་པའི་ལྷག་མཐོང་དུ་འཁྲུལ་ནས། དེ་ལ་དམིགས་མེད་དུ་རློམས་ནས།

p. 231

དུས་རྣམས་འདའ་བས་རང་གཞན་བསླུ་བར་གདོན་མི་ཟའོ། །ཞེས་དང་། ཅི་ཡང་མི་རྟོག་པ་ལྷག་མཐོང་ཟབ་མོ་ཡི་དོན་སྒོམ་པར་བྱེད་པ་ནི། རྒྱ་ནག་གི་མཁན་པོ་ཧྭ་ཤང་ལུགས་གཞན་དང་མ་འདྲེས་པ་ཁོ་ནར་སྣང་ལ་སོགས་གཞན་ལུགས་ཀྱི་འདོད་པ་བརྗོད་ནས་དགག་པ་མཐའ་ཡས་གསུངས། ཡང་གསེར་གྱི་ཡང་ཞུན་ལྟ་བུའི་ལམ་རིམ་ཆེན་མོའི་ཉིང་ཁུ་བསྡུས་པ་འཇམ་དབྱངས་ཀྱི་ཞལ་གྱི་བུམ་བཟང་ལས་གསར་དུ་ཐོན་པ་ལྟ་བུའི་ལེགས་བཤད་འཁྲུལ་མེད་འཆི་མེད་ཚེའི་བདུད་རྩི་ལྟ་བུ། འཁྲུལ་རྟོག་གི་དྲ་བ་གཅོད་པ་ལ་འཇམ་དབྱངས་སྤྲུལ་པའི་རལ་གྲི་ལས་རྣོ་ཞིང་སྐྱེས་བུ་གཅིག་གི་འདོད་དོན་མ་ལུས་པ་ཡོངས་སུ་སྐོང་བ་ལ། འཇམ་དབྱངས་སྤྲུལ་པའི་གླེགས་བམ་དང་རྣམ་པ་ཀུན་ཏུ་མཚུངས་པ་མཚན་སྙན་གང་གི་རྣ་བར་སོན་ན་དད་པའི་སྤུ་ལོང་གཡོ་ཞིང་བྱང་ཆུབ་མཆོག་གི་ས་བོན་རྒྱུད་ལ་སྐྲུན་ནུས་པའི་ངོ་མཚར་ཕུལ་བྱུང་ཟླ་མེད་བྱང་ཆུབ་ལམ་རིམ་འཇམ་དཔལ་ཞལ་ལུང་ཞེས་བྱ་བ་ལས། ཇི་སྐད་དུ། དཔེར་ན་ཡུལ་ཐག་རིང་པོ་ཞིག་ཏུ་འགྲོ་ན་འགྲོ་བའི་ལམ་གྱི་གནས་ཚུལ་མཐའ་དག་རང་སྟོབས་སམ།

p. 232

གཞན་ལ་བསྟེན་པ་གང་རུང་གིས་རྒྱུས་ཡོད་པ་ཞིག་ངེས་པར་དགོས་ཀྱི། ཐམ་ཐོམ་དུ་ཕྱིན་པས་དོན་མི་འགྲུབ་པ་ལྟར། སྒོམ་གྱི་སྐྱོན་སེལ་བོག་འདོན་གྱི་གནད་མི་ཤེས་པར་ལུས་གནད་བསྲངས་པ་དང་མིག་བཙུམ་ནས་སྡོད་པའི་སྙིང་རུས་ལ་གྲུབ་པའི་དབང་ཕྱུག་ཆེན་པོར་རེ་བ་མཐའ་དག་སྡོམ་གསུམ་དུ། བླུན་པོའི་ཕྱག་རྒྱ་ཆེན་པོ་བསྒོམ་པ་ཕལ་ཆེར་དུད་འགྲོའི་རྒྱུ་རུ་གདའ། གསུངས། ཞེས་པའི་དོན་ཐོག་ཏུ་བབ་པར་སྣང་མོད། དེང་དུས་ནི་རང་གཞན་ཀུན་ལ་ངང་ཚུལ་འདི་དག་གིས་དབྱར་གྱི་སྲིན་བུའི་གྲངས་བཞིན་ཁྱབ་ཅིང་འཕེལ་བའི་ཕྱིར། ཐམས་ཅད་མཁྱེན་པ་བུས། བདག་གིས་ཆོས་མིན་སྨྲ་རུ་ཆོས་དང་འགལ། །ཆོས་བཞིན་སྨྲས་ན་བོད་རྣམས་དགྲ་རུ་ལྡང་། །ཞེས་བགྲོ་གླེང་མང་བ་རང་ཉིད་བྱ་རོག་ལུས་དཀར་སྒྲུབ་པར་ཟད་དེ། ཞེས་དང་། ཡང་ས་དྭགས་སོགས་མཁས་བླུན་མང་པོས་རྟོག་པ་ཡོད་ན་ལྟ་བ་མིན། ཞེས་ལྟ་བ་སྒོམ་པར་རྟོག་པའི་འཕྲོ་འདུ་མེད་པ་ཞིག་དགོས། ཞེས་དང་། ལ་ལ་དག་ལྟ་བས་དཔྱད་པ་ཚར་རེ་སྔོན་དུ་བཏང་ནས། མཐར་ཅི་ཡང་ཡིད་ལ་མི་བྱེད་པས། དེ་ཁོ་ན་ཉིད་སྐྱོང་བ་དང་།

p. 233

འགའ་ཞིག་སྔར་དཔྱད་པ་བྱས་པའི་ལྟ་བ་དེ་དྲན་པ་ཙམ་གྱི་སྟེང་དུ་འཇོག་པ་སོགས་རྣམ་གྲངས་མང་དུ་བྱུང་ནའང་། ཞི་གནས་སྐྱོང་ཚུལ་ལས་དམིགས་པ་ཁྱད་པར་བ་མ་བྱུང་། ཞེས་དང་། སྒོམ་ཆེན་དུ་རློམ་པ་མང་པོ་ཞིག་གིས། རིགས་པས་དཔྱད་ནས་ལྟ་བ་གཏན་ལ་ཕབ། སྒོམ་པའི་དུས་མི་རྟོག་པ་འབའ་ཞིག་བསྒོམ་ཟེར་བ་ནི། གཞི་ལ་སྡོད་དུས་རྟ་ལེགས་པར་གསོས་ནས། བྱེས་ལ་འགྲོ་དུས་རྐང་ཐང་དུ་འགྲོ་ཟེར་བ་དང་ཁྱད་པར་ཅི་ཡང་མེད་པས། ཞི་གནས་ལ་བརྟེན་ནས་ལྷག་མཐོང་སྒྲུབ་ཚུལ་གྱི་གནད་ཅུང་ཟད་མ་གོ་བའི་རང་མཚང་དུ་ཟད་དོ་ཞེས་དཔེ་བཞག །ལུང་དྲངས་ནས་བཤད་འདུག །ཕྱག་རྫོགས་ས་སྐྱ་སོགས་རྐང་ཐང་པ་ཐམས་ཅད་ཀྱིས་དེ་ཁར་ཆུག །ཐུགས་རྗེ་ཅན་སང་གསུང་དེ་ཅི་ཞིག་རྣོ་ནི་རེད། ཁ་གྲག་རྒྱུ་མེད་ནི་བཅོས་འདུག །ཧ་ཧ་ཧ་ཚོ་ཟེར་ན། ཤེད་ཀྱིས་རྒོད་མི་དགོས། བན་རྒན་ངས་རྗེ་རྣམ་གཉིས་ཀྱི་དགོངས་པ་ཅུང་ཟད་ཅིག་བཤད་པས། ཁྱོད་ཉོན་དང་། འོ་དེ་འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་རྒྱན་སྙན་པའི་བ་དན་དཀར་པོ་འགྲོ་བ་ཡོངས་ཀྱི་རྣ་ལམ་དུ་ལྷང་

p. 234

ལྷང་གྲགས་པའི་འཕགས་པ་ཀླུ་སྒྲུབ་དང་ཐོགས་མེད་ཀྱི་དགོངས་པ་ཇི་བཞིན་དབུ་མའི་ལྟ་བ་གཏན་ལ་འབེབས་དུས། ཕྱག་རྫོགས་སོགས་གྲུབ་མཐའ་གཞན་གྱིས་ལྟ་བ་གཏན་ལ་ཕབ་ནས། སྐྱོང་ཚུལ་རྣམས་དང་ཅུང་ཟད་མི་མཐུན་པས། གཞན་དེ་རྣམས་དབུ་མ་རང་ལུགས་ཀྱི་ལྟ་བའི་བཞེད་སྲོལ་མིན་ཞེས་གསུངས་པ་མ་གཏོགས། གཞན་རྣམས་ལྟ་བ་གཏན་ནས་མིན་ཞེས་གསུངས་པ་ག་ལ་ཡིན། རྗེ་བདག་ཉིད་ཆེན་པོ་དང་། རྒྱལ་དབང་ཐམས་ཅད་མཁྱེན་པ་དེ་གཉིས་ཀྱིས་ཕྱག་རྫོགས་པའི་ལྟ་བ་རྣམ་དག་ཡིན་ཞེས། ཞལ་གྱིས་བཞེས་པ་ཙམ་དུ་མ་ཟད། ཉམས་སུ་བཞེས་པས་མཁས་པར་མ་ཟད་གྲུབ་པའི་དབང་ཕྱུག་ཆེན་པོར་གྱུར་པ་ཡིན་ལ། དེ་ཡང་རྗེ་བདག་ཉིད་ཆེན་པོས་ལྟ་བ་རྣམ་དག་ཡིན་ཞེས་ཞལ་གྱིས་བཞེས་པའི་ཚུལ་ནི། ལམ་རིམ་ཆེན་མོ་ལས། འོ་ན་བསྒོམ་པར་བྱ་བའི་ལྷག་མཐོང་དུ་ཞིག་ཡོད་སྙམ་ན། འདི་ན་ས་མཐོན་པོའི་སྐབས་ཀྱི་ལྷག་མཐོང་རྣམས་རེ་ཞིག་གཙོ་བོར་མི་སྟོན་གྱི། སོ་སོའི་སྐྱེ་བོའི་དུས་ཀྱི་བསྒོམ་པར་བྱ་བའི་ལྷག་མཐོང་གཙོ་ཆེར་སྟོན་པ་ཡིན་ནོ། །ཞེས་ཤུགས་ཀྱིས་ཞལ་བཞེས་སྣང་ལ། རིམ་ལྔ་

p. 235

གསལ་སྒྲོན་སོགས་ནས། དོ་ཧ་སོགས་ནས་བཤད་པ་རྣམས་སྔགས་ལམ་མཐོན་པོའི་སྐབས་ཀྱི་ཉམས་ལེན་ཡིན་ཞེས་དངོས་སུ་ཞལ་གྱིས་བཞེས་ཏེ། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ལ་སོགས་རྒྱ་གར་མཁས་གྲུབ་བྱེ་བའི་སློབ་དཔོན། ས་གསུམ་ན་འགྲན་ཟླ་མ་མཆིས་པ་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་སྙན་པ་ལྷ་མི་ཡོངས་ཀྱིས་ཡང་ཡང་གླེང་ཞིང་། ད་དུང་ཡང་མཚན་བསྐལ་པ་བྱེ་བ་བསམ་ཡས་སུ་ཡང་ནུབ་པར་མི་འགྱུར་བའི་དཔལ་ས་ར་ཧ་ཆེན་པོས་བསླུ་མེད་བདེན་པའི་ཚིག་དོ་ཧ་རྡོ་རྗེའི་གླུ་མཛད་པ་ལས། བྲམ་ཟེ་སྐུད་པ་འཁལ་བ་བཞིན། །རྣལ་འབྱོར་ཤེས་པ་ལྷོད་ལ་ཞོག །འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། སོ་མ་མ་བཅོས་ལྷུག་པར་བཞག །སོགས་འདི་འདྲའི་རྡོ་རྗེའི་གླུ་གསུངས་པ་མཐའ་ཡས། རྗེ་ཉིད་ཀྱིས་དོ་ཧ་སོགས་ཞེས་གསུངས་པའི་སོགས་ཁོངས་སུ་དེ་འདྲའི་ཚད་ལྡན་གྱི་མཁས་གྲུབ་ཐམས་ཅད་ཀྱི་གསུང་འདུས་པ་ཡིན། འོ་ན་ཚད་ལྡན་གྱི་མཁས་གྲུབ་གང་གི་གསུང་འདུས་ཟེར་ན། འདིར་ཟུར་ཙམ་ཞིག་བརྗོད་

p. 236

པས་ཉོན་ཅིག །ངོ་མཚར་རྨད་བྱུང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ་གདུལ་བྱའི་སྣང་ངོར་སངས་རྒྱས་ལས་ཀྱང་སྐུའི་ཆེ་བའི་ཡོན་ཏན་མངལ་སྐྱོན་གྱི་དྲི་མས་མ་གོས་པར་དྲི་བྲལ་མདངས་ལྡན་པདྨའི་གེ་སར་རྩེ་ལས་འཁྲུངས་ཤིང་། འཆི་མེད་རྡོ་རྗེའི་སྐུ་བརྙེས་ཨོ་རྒྱན་པདྨ་འབྱུང་གནས་ཞེས། མཚན་བྱིས་པ་ལོ་གཉིས་ཡན་ཆད་ཀྱིས་ཤེས་ཤིང་། རྒན་གཞོན་ས་ལ་འགྱེལ་བ་ཙམ་ལ་ཡང་ཨོ་རྒྱན་མཁྱེན་ཞེས་ཉིན་མཚན་མེད་པར་སྐྱེ་འགྲོ་ཡོངས་ཀྱིས་གསོལ་འདེབས་སྙན་མོའི་སྒྲ་དི་རི་རི་ཕྱོགས་ཕྱོགས་སུ་སྒྲོག་པ་མཚན་ཉི་ཟླ་ལྟར་ཡོངས་སུ་གྲགས་པའི་མཚུངས་མེད་འགྲོ་མགོན། བྱང་ཕྱོགས་མུན་པའི་སྨག་རུམ་དུ་སངས་རྒྱས་ཀྱི་བསྟན་པའི་སྒྲོན་མེ་ཆེན་པོ་སྦར་ནས། དེང་སང་འཕགས་ཡུལ་ལས་ཀྱང་ཆེས་ཆེར་གསལ་བར་མཛད་མཁན། བོད་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ་བའི་བླ་མ་མཚོ་སྐྱེས་རྡོ་རྗེ་རིན་པོ་ཆེའི་ཞལ་གྱི་བུམ་བཟང་ལས། རང་རིག་སྣང་བ་མཐའ་ཡས་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་མཐའ་ཡས་ལོགས་ན་མེད། །རང་རིག་ཆོས་སྐུ་ངོ་མཚར་ཆེ། །མ་འགགས་རང་

p. 237

གསལ་ཐུགས་རྗེ་ཆེ། །སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས། །ཐུགས་རྗེ་ཆེན་པོ་ལོགས་ན་མེད། །རང་བྱུང་ལོངས་སྐུ་ངོ་མཚར་ཆེ། །དྲན་རྟོག་རང་གྲོལ་པདྨ་འབྱུང་། །འཛིན་མེད་ཟང་ཐལ་ངང་ལ་ཞོག །པདྨ་འབྱུང་གནས་ལོགས་ན་མེད། །རང་བྱུང་སྤྲུལ་སྐུ་ངོ་མཚར་ཆེ། །གསུངས། ཡང་འཁོར་འདས་ཇི་ལྟར་སྣང་བ་འདི་དག་རང་གི་སེམས། སེམས་སྟོང་པ་སྤྲོས་བྲལ། སྤྲོས་བྲལ་གྱི་ངོ་བོ་ཆོས་སྐུའི་ངང་དུ་བློས་མ་བཅོས། འཛིན་པས་མ་བཅིངས་པར་བཞག །གསུངས། རྒྱལ་བའི་གསུང་རབ་ཀྱི་བཅུད་ལྟ་བུའི་དམ་ཆོས་སྡུག་བསྔལ་ཞི་བྱེད་ཀྱི་གདམས་པའི་མཛོད་འཛིན་འཇག་མ་བདུན་གྱི་རྩེ་ལ་སྐུ་བདུན་སྤྲུལ་ནས་སྐྱིལ་ཀྲུང་བྱས། འཇག་མའི་རྩེ་མོ་ཅུང་ཟད་ཙམ་གུག་པ་མེད་པར་བརྟན་པར་བཞུགས། རྗེ་མི་ལས་སྤྲུལ་པའི་ཚོགས་འཁོར་ཕུལ་བ་ཚིམ་པ་དྲུག་ལྡན་དུ་མཛད་པ་སོགས་རྫུ་འཕྲུལ་དཔག་ཏུ་མེད་པ་སྟོན་པའི་གྲུབ་ཐོབ་ཀྱི་འཁོར་ལོས་བསྒྱུར་བ་ཆེན་པོ་ཕ་དམ་པའི་ཞལ་ནས། གཅིག་པུར་ལྐོག་ཏུ་ཉལ་ཙ་ན། །རིག་པ་རྗེན་པར་འཇོག་པ་ཡིན། །མང་པོའི་གསེབ་ཏུ་སྡོད་ཙ་ན། །གང་

p. 238

ཤར་ངོ་ལ་ལྟ་བ་ཡིན། །བྱིང་ན་ཕཊ྄་ཀྱིས་གསེང་བ་ཡིན། །འཕྲོ་ན་རྩ་བ་གཅོད་པ་ཡིན། །རྒོད་ན་དབྱིངས་སུ་འཇོག་པ་ཡིན། །ལ་སོགས་པ་རྗེ་མི་ལས་དྲིས་ལན་དུ་གསུངས། གཞན་ཡང་ཕ་དམ་པས། སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། གཡེར་བོ་ཆེ། གཙིགས་པོ་ཆེ། དེ་ཡང་ཡེ་གདོད་མ་ནས། ང་དང་བདག་མེད། ཕྱོགས་དང་རིས་མེད། གཟུང་བ་དང་འཛིན་པ་མེད། བཟུང་བས་མ་ཟིན། བཏང་བས་མ་ཐོངས། བཞག་པས་མ་ཞོག །བཤིག་པས་མ་ཞིག །བཀྲལ་བས་མ་ཁྲོལ། དེ་ཁྱེད་རང་གི་གམ་ན་འདུག་པའི་ཤེས་པ་ཝལ་ལེ་འཁྱུག་གེ་བ་འདི་རང་ཡིན་ནོ། །གསུངས། དུས་གསུམ་རྒྱལ་བ་ཐམས་ཅད་སྐྱེད་པའི་ཡུམ་ཆེན་ཐུགས་སྤྲུལ་མི་མ་ཡིན་པའི་ཡེ་ཤེས་མཁའ་འགྲོ་མ་གནས་གཅིག་ནས་གཅིག་ཏུ་འཕོ་ཚེ་ནམ་མཁའ་ལ་བྱ་ལྟར་འབྱོན་བཞུད་མཛད་པ་ལ་སོགས་རྫུ་འཕྲུལ་དཔག་ཏུ་མེད་པ་ལ་མངའ་བརྙེས་པའི་ཕ་རོལ་ཕྱིན་མའི་གྲུབ་ཐོབ་མ། གང་གི་ཞལ་མཐོང་གསུང་ཐོས་པ་མདུན་དུ་འཁོད་པ་ཙམ་གྱིས་ཆགས་སྡང་ཉོན་མོངས་ཐམས་ཅད་རང་སར་གྲོལ་ནས། མི་རྟོག་པའི་ཡེ་ཤེས་ཀྱི་ངང་དུ་ལྷན་ལྷན་འགྲོ་བའི་སྐལ་

p. 239

ལྡན་ཀུན་གྱི་རྒྱུད་གྲོལ། གདུལ་བྱ་སྐལ་བཟང་བྱེ་བ་ཕྲག་བརྒྱ་གཅོད་ཡུལ་གྱི་སྒོ་ནས་སྨིན་གྲོལ་གྱི་ལམ་ལ་བཀོད་ནས། ཞལ་ཆེམས་གླུ་དབྱངས་སུ་བླངས་ནས་བརྩེ་བའི་སྤྱན་གྱིས་གདུལ་བྱ་ལ་གཟིགས་ཤིང་། ཞལ་འཛུམ་ཞིང་བཞད་བཞིན་དུ་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པའི་མ་གཅིག་ལབ་ཀྱི་སྒྲོན་མའི་ཞལ་ནས། གང་ཡང་ཡིད་ལ་མ་བྱས་ན། །གོལ་ས་ལྟུང་བ་ཅི་ལས་འབྱུང་། །བསམ་མེད་སྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །སེམས་ལ་གཉིས་སུ་མ་མཆིས་ཏེ། །བལྟ་རུ་མེད་པའི་ཚུལ་ཏུ་ལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །མཐོང་བ་མེད་པའི་ངང་ལ་ཞོག །མཐོང་བས་ཆོས་ཉིད་དོན་མི་རིག །དེ་བས་བལྟ་བར་བྱ་བ་ནི། །རྡུལ་ཙམ་གྲུབ་པ་མ་ཡིན་ནོ། །གང་ཡང་ཡིད་ལ་མ་བྱས་ན། །བག་ཆགས་མི་འབྱུང་ས་ལམ་རྫོགས། །ཞེས་དང་། ཉལ་བས་ཆོག་པའི་ཆོས་ཡིན་ཀྱང་། །བུ་སློབ་ཐམས་ཅད་ཉལ་མ་ནུས། །དེས་ན་རྒན་མོ་ཡིད་མ་ཆེས། །ཞེས་གསུངས། རྗེ་བདག་ཉིད་ཆེན་པོ་ལ་བཀའ་དྲིན་ཆེ་ཤོས་ཀྱི་རྩ་

p. 240

བའི་བླ་མ་དཔལ་གསང་བའི་བདག་པོ་དང་ཐ་མི་དད་ཀྱང་། གདུལ་བྱའི་སྣང་ངོར་ཐ་མལ་མི་ཡི་གཟུགས་བཟུང་ནས་དཔལ་གསང་བའི་བདག་པོའི་དྲུང་ནས་དངོས་སུ་ཟབ་རྒྱས་གདམས་པ་གསན་ཅིང་། འདས་མ་འོངས་ད་ལྟ་དུས་གསུམ་གྱི་ལུང་གང་སྟོན་ཀྱང་ཁ་དང་ལག་པ་གཉིས་སྤྲད་པ་ལས་ཀྱང་འཕྱུག་པ་མེད་པ། སྐུ་ལས་མེ་འབར་ཆུ་འབབ་པ་འདོད་དགུར་བསྒྱུར་ནུས་པ་སོགས་རྫུ་འཕྲུལ་གང་སྟོན་ཀྱང་ཐོགས་པ་མེད་པར་སྟོན་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་མཚན་སྙན་ལྷོ་བྲག་ནམ་མཁའ་རྒྱལ་མཚན་རིན་པོ་ཆེ་ཞེས། ལྷ་མི་ཡོངས་ཀྱིས་ད་དུང་གླེང་ཞིང་མ་འོངས་པ་ནའང་གླེང་བར་འགྱུར་བ་གང་དེའི་ཞལ་གྱི་བུམ་བཟང་ལས། ལུས་རྣམ་སྣང་ཆོས་བདུན་དང་ལྡན་པའི་སྒོ་ནས། ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན། མ་བཅོས་གཉུག་མའི་ངང་ལ་རྩོལ་སྒྲུབ་མེད་པར་ཞོག །ཉི་མ་སྤྲིན་དང་བྲལ་བ་བཞིན་ཀུན་གསལ་མདངས་དང་ལྡན་པར་ཞོག །བུ་ཆུང་གིས་ལྷ་ཁང་ལ་བལྟས་པ་ལྟར་གསལ་ཆ་མ་འགགས་ལ་འཛིན་པ་མེད་པར་ཞོག །རྒྱ་མཚོ་རླབས་དང་བྲལ་བ་ལྟར་སེམས་གཡོ་འགུལ་མེད་པར་ཞོག །རྒྱ་མཚོ་ལ་ཆུ་

p. 241

ཕྲན་ཐིམ་པ་ལྟར་བྱུང་ཚོར་ཐམས་ཅད་སེམས་སུ་ཤེས་པར་བྱས་ལ་ཞོག །ནམ་མཁའ་ལ་བྱ་འཕུར་བ་བཞིན་རིག་པ་རྗེས་མེད་དུ་ཞོག །ཅེས་དང་། དོན་དམ་པར་སེམས་ལ་སྐྱེ་ཤི་མེད་པར་ཐག་བཅད། ཕྱག་རྒྱ་ཆེན་པོ་ལ་བསྒོམ་རྒྱུ་མེད་པར་ཐག་བཅད། སྒོམ་མེད་ཀྱི་ངང་ལ་མ་ཡེངས་པར་བཞག་པས་ཡེ་ཤེས་ཟང་ཐལ་དུ་སོང་ནས་བར་དོ་མེད་པར་འཚང་རྒྱའོ། །ཞེས་གསུངས། ཡང་གཡག་དང་ལུག་གུའི་རོ་སོགས་ལ་འཕོ་བ་གྲོང་འཇུག་དངོས་སུ་མཛད་ནས་ཐ་མལ་སྐྱེ་བོའི་མ་དད་ལོག་ལྟ་བསྒྱུར། རི་རྭ་བ་ཁང་ཁྱིམ་རྩིག་པ་ལ་ཐོགས་རྡུགས་མེད་པར་ཐལ་བྱུང་དུ་འགྲོ་ཞིང་། སྐུ་དགྱེས་པ་རྡོ་རྗེ་འཁོར་ལོ་བདེ་མཆོག་གསང་བ་འདུས་པ་སོགས་སུ་སྤྲུལ་ནས་སྐལ་ལྡན་གྱི་སློབ་མ་ལ་སྟོན་པ་སོགས་རྫུ་འཕྲུལ་མཐའ་ཡས། གཤེགས་པའི་ཚེ་བུ་ཀུན་འཕོ་བ་འདི་ལྟར་གྱིས་ཞེས། འཕོ་བའི་སྤར་ཆོག་གསུངས་པའི་མཐར་ཧིག་བརྗོད་ཚེ་དབུ་གཙུག་ནས་འོད་ཟེར་ཁ་དོག་ལྔ་ལྡན་གྱི་གོང་བུ་བྱ་མ་གསར་གྱི་སྒོ་ང་ལྟ་བུ་གཅིག་ཡར་ཐོན་ནས་ནམ་མཁའ་ལ་ཐིམ་པ། སྐལ་བཟང་གདུལ་བྱ་ཕལ་ཆེར་གྱིས་

p. 242

མཐོང་ཞིང་མེ་ཏོག་གི་ཆར་རོལ་མོའི་སྒྲ་དང་བཅས་ངོ་མཚར་ཕུལ་དུ་བྱུང་བའི་ལྟས་དང་ཆོ་འཕྲུལ་དཔག་མེད་བཅས་དག་པ་མཁའ་སྤྱོད་དུ་གཤེགས་པའི་ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས། གདོད་ནས་དག་པའི་སེམས་རྒྱུད་འདི། །གློ་བུར་རྐྱེན་གྱིས་མ་བསླད་ན། །ནམ་མཁའ་བཞིན་དུ་འདུས་མ་བྱས། །ཕྱིན་ཅི་མ་ལོག་གནས་ལུགས་ཡིན། །ཡིད་ལ་བྱ་རྒྱུའི་རྡུལ་དང་བྲལ། །གཟུང་དུ་རྡུལ་ཙམ་མི་དམིགས་ཀྱང་། །མན་ངག་རྒྱུད་ལ་གོམས་པ་ཡིས། །ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །ཕ་རོལ་ཕྱིན་པའི་དབྱིངས་སུ་ཐིམ། །དེ་ལ་སྐྱེ་བ་ཡོད་མ་ཡིན། །ནམ་མཁའ་ལྟ་བུའི་རང་སེམས་དེ། །ན་བུན་རྟོག་པས་མ་བསླད་ཅིག །རྗེ་ནཱ་རོ་པཎ་ཆེན་འདི་སྐད་གསུངས། །ཆོས་ཚུལ་བཞིན་ཉམས་སུ་ལེན་པའི་ཚེ། །སྨྱུག་དོང་ནང་བཅུག་པའི་སྦྲུལ་བཞིན་དུ། །རྩོལ་བ་བྲལ་བས་ལུས་མི་འགུལ། །ཡིད་ལ་ཆགས་པའི་མྱ་ངན་རྣམས། །གནད་ལ་ཕོག་པའི་ཟུག་རྔུ་ལྟར། །བྱ་བ་བཏང་བས་སེམས་མི་ཡེངས། །སེམས་ཉིད་གཉུག་མའི་རང་བཞིན་གདོད་ནས་སྟོང་། །ཐོ་བས་དངོས་པོ་འཇོམས་པ་བཞིན། །མཐོང་དང་རེག་དང་དྲན་པས་གྲོལ། །

p. 243

དོན་དུ་ལེགས་པར་གོ་བར་མཛོད། །འདི་ཕྱག་རྒྱ་ཆེན་པོའི་བསྒོམ་དབྱངས་ཡིན། །གསུངས། ཡང་། བྱང་ཕྱོགས་མུན་པའི་སྨག་རུམ་དུ། གངས་ལ་ཉི་མ་ཤར་འདྲ་བའི། མཚན་སྙན་ཐོས་པ་དགའ་ཞེས་བྱ་བའམ། གངས་རིའི་ཁྲོད་ན་སེངྒེ་དཀར་མོ་སྲབ་མེད་དུ་འཕྱོ་བ་བཞིན་སྲིད་ཞིའི་འཇིགས་པ་དང་བྲལ་ཞིང་། ནམ་མཁའ་ལ་བྱ་ལྟར་འཕུར། ཆུ་ལ་ཉ་ལྟར་བརྒྱུགས། ཕ་བོང་འདམ་ལྟར་བརྫིས། ལུས་ལྷའི་སྐུ་དཔག་ཏུ་མེད་པར་སྤྲུལ་ནས་སྐྱེ་བོ་ཐ་མལ་པའི་མིག་ལམ་དུ་སྟོན་པ་སོགས་རྫུ་འཕྲུལ་ཡ་མ་ཟུང་དཔག་ཏུ་མེད་པ་བསྟན་ནས། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་རྩེའི་བར་དུ་སྒྲེང་མཁན་རྣལ་འབྱོར་གྱི་དབང་ཕྱུག་ཆེན་པོ་རྗེ་བཙུན་མི་ལ་རས་པའི་ཞལ་ནས། རྣལ་འབྱོར་མི་ལ་རས་པ་ངས། །ཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། །ཅོག་གིས་བཞག་པས་གནས་ལུགས་རྟོགས། །དངོས་ཀུན་སྟོང་པའི་ངོ་བོར་རྟོགས། །ལྷོད་ཀྱིས་གློད་པས་རང་ས་ཟིན། །རིག་པའི་ཆུ་བོ་དྭངས་སྙིགས་ཕྱེ། །ལིངས་ཀྱིས་བོར་བས་དྲན་རྟོག་ཆད། །རིགས་

p. 244

དྲུག་གཡངས་ས་རྦད་ཀྱིས་ཆོད། །སངས་རྒྱས་སེམས་སུ་ངོ་ཤེས་པས། །ཞེ་འདོད་བསྒྲུབ་བྱ་མ་མཆིས་སོ། །རྟོགས་པ་ནང་ནས་ཤར་ཙ་ན། །མུན་ལ་ཉི་མ་ཤར་བ་བཞིན། །ཉོན་མོངས་རྣམ་པར་རྟོག་པའི་ཚོགས། །བཅོས་མེད་རང་སར་ཡལ་ནས་ཐལ། །ཞེས་དང་། བདག་གིས་ཕྱག་རྒྱ་ཆེན་པོ་བསྒོམ་ཙ་ན། །དོན་ཡིན་ལུགས་ཀྱི་སྟེང་དུ་རྩོལ་མེད་བཞག །མ་ཡེངས་ངང་དུ་གློད་ནས་བཞག །སྟོང་པའི་ངང་དུ་གསལ་བར་བཞག །བདེ་བའི་ངང་དུ་རིག་པར་བཞག །མི་རྟོག་ངང་དུ་ལྷན་ནེ་བཞག །སྣ་ཚོགས་ངང་དུ་མཉམ་པར་བཞག །དེ་ལྟར་བཞག་པས་སེམས་ཉིད་ལ། །འགག་མེད་ངེས་ཤེས་སྣ་ཚོགས་འཁྲུངས། །རང་གསལ་རྩོལ་མེད་འཕྲིན་ལས་གྲུབ། །འབྲས་བུ་ཡིད་སྨོན་དུ་མ་ལུས་བློ་རེ་བདེ། །རེ་དོགས་གཉིས་འཛིན་དང་བྲལ་བ་ཉམས་རེ་དགའ། །འཁྲུལ་པ་ཡེ་ཤེས་སུ་ཤར་བ་དང་རེ་སྤྲོ། །ཞེས་དང་། ལྟ་བའི་སེམས་ལ་སྟོང་ཉིད་ཤར། །བལྟ་རྒྱུའི་ངོ་བོ་རྡུལ་ཙམ་མེད། །བལྟ་བྱ་ལྟ་བྱེད་སྟོར་ནས་ཐལ། །ལྟ་བའི་རྟོག་ཚུལ་བཟང་ནས་བྱུང་། །སྒོམ་པ་འོད་གསལ་ཆུ་བོའི་རྒྱུན། །བསྒོམ་པའི་ཐུན་མཚམས་གཟུང་དུ་

p. 245

མེད། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་པའི་སྙིང་རུས་བཟང་ནས་བྱུང་། །གསུངས། རྗེ་རས་པ་ཆེན་པོའི་སློབ་མ་ཉི་མ་ལྟ་བུ་ཡིན་ཞེས་མཁའ་འགྲོའི་ལུང་བསྟན་ཐོབ་པ། གདམས་པ་བསྟན་ནས་ཉམས་སུ་བླངས་པས། རླུང་ལག་སོར་དུ་འགྲེམས་པ་སོགས་ཟབ་མོའི་ལམ་བཟང་རྒྱུད་ལ་སྐྱེས་པའི་རྟགས་མྱུར་དུ་སྟོན་ཅིང་མངོན་ཤེས་རྫུ་འཕྲུལ་མངའ་བ། མཉམ་མེད་དྭགས་པོ་ལྷ་རྗེ་རིན་པོ་ཆེའི་ཞལ་ནས། ཨེ་མ་རང་རིག་ཡེ་ཤེས་སྐྱོང་འདོད་ན། །རས་བལ་བཞིན་དུ་ཤེས་པ་གློད་ལ་ཞོག །བྱ་བ་ཐོངས་ལ་སེམས་ལ་བརྟེན་མ་བཅའ། །ཤེས་པ་ཆེད་དུ་མ་འགུག་ཡན་པར་ཐོངས། །བྱིང་རྒོད་བྱུང་ན་དེ་ཉིད་རང་ལ་ལྟོས། །སེམས་ལ་གནོད་པའི་ལས་རྣམས་ཁད་ཀྱིས་སྤོངས། །ཞེ་འདོད་བྱུང་ན་བདུད་དུ་ཤེས་པར་གྱིས། །མ་བཅོས་བཞག་པའི་སེམས་ནི་སངས་རྒྱས་ཡིན། །བཅོས་མའི་སེམས་ནི་རྒྱལ་བའི་དགོངས་པ་མིན། །ཉིན་མཚན་འགྲོ་འཆག་ཀུན་ཏུ་ལྷུག་པར་ཞོག །དེ་ལྟར་བཞག་པའི་སེམས་ཉིད་དེ། །གསལ་ལ་འཛིན་མེད་ནམ་མཁའ་འདྲ། །ཕྱོགས་སུ་མ་ལྷུང་ལྟ་བ་ཡིན། །ཉམ་

p. 246

ང་མེད་པ་ཤུགས་ལས་བྱུང་། །དག་ཅིང་དྲི་མེད་ཤེལ་སྒོང་འདྲ། །གསལ་ལ་འཛིན་མེད་སྒོམ་པ་ཡིན། །རྒྱུན་ཆད་མེད་པ་ཤུགས་ལས་བྱུང་། །མ་བཅོས་ལྷུག་པ་བུ་ཆུང་འདྲ། །ཞེན་པ་བྲལ་བ་སྤྱོད་པ་ཡིན། །དགག་སྒྲུབ་མེད་པ་ཤུགས་ལས་བྱུང་། །རྒྱུ་འབྲས་དུས་མཚུངས་ཨ་མྲྀ་ཏ། །རེ་དོགས་མེད་པ་འབྲས་བུ་ཡིན། །གསུངས། རྗེ་མི་ལའི་སློབ་མ་ཟླ་བ་ལྟ་བུ་རྟ་མཆོག་ཁ་འབབ་ཆུ་ཆེན་པོ་ལ་རས་གོས་རྐྱང་གཅིག་གི་གྲུ་བཏང་ནས་བརྒལ་བ་སོགས་རྫུ་འཕྲུལ་དཔག་མེད་སྟོན་པའི་གྲུབ་པའི་དབང་ཕྱུག་ཆེན་པོ། མཐར་སྐུ་ལུས་མ་སྤངས་པར་མཁའ་སྤྱོད་དུ་གཤེགས་པའི་རས་ཆུང་རྡོ་རྗེ་གྲགས་པའི་ཞལ་ནས། རས་ཆུང་པ་ལ་ལྟ་བ་མེད། །ལྟ་བ་ནམ་མཁའི་མཐོངས་སུ་ཤོར། །མཐའ་དབུས་མེད་པར་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི །རས་ཆུང་པ་ལ་སྒོམ་པ་མེད། །སྒོམ་པ་མཚོ་མོའི་གཏིང་དུ་ཤོར། ཁ་གཏིང་མེད་པར་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི །རས་ཆུང་པ་ལ་སྤྱོད་པ་མེད། །སྤྱོད་པ་སྐྱི་སེར་རླུང་ལ་ཤོར། །ངོས་གཟུང་མེད་པར་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི །རས་

p. 247

ཆུང་པ་ལ་དམ་ཚིག་མེད། །དམ་ཚིག་ཤེལ་གོང་རྩ་རུ་ཤོར། །ཕྱི་ནང་མེད་པར་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི །རས་ཆུང་པ་ལ་འབྲས་བུ་མེད། །འབྲས་བུ་རིན་ཆེན་རྩ་རུ་ཤོར། །དགོས་འདོད་འབྱུང་ཀྱིན་ཤོར་ཏེ་ཐལ། །ཤོར་ཀྱང་ཕྱི་རྗེས་བཅད་རེ་ཤི །ཞེས་གསུངས། སྤྱན་དང་མངོན་ཤེས་རྫུ་འཕྲུལ་དཔག་མེད་ལ་མངའ་བརྙེས་པ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེའི་ཁུར་ཁྱེར་བ་ལ་ནམ་ཡང་མི་ངལ་བའི་གྲུབ་པའི་དབང་ཕྱུག་ཆེན་པོ་ཞང་གཡུ་བྲག་འགྲོ་མགོན་རིན་པོ་ཆེའི་ཞལ་ནས། ཕྱག་རྒྱ་ཆེན་པོ་སྒོམ་པ་ལ། །འདི་ཞེས་ཏིག་པོ་མི་བདོག་གི །ཐོག་མ་བར་དང་མཐའ་མེད་བར། །ནམ་དྲན་དུས་སུ་གློད་ལ་ཞོག །ཤེས་པ་ལྷོད་ཀྱིས་གློད་པའི་ཚེ། །གསལ་ལ་རྟོག་པ་མེད་པའི་ཉམས། །བར་སྣང་དག་པའི་དཀྱིལ་ལྟར་འཆར། །དེ་ནི་འོད་གསལ་ཆོས་སྐུ་ཡིན། །གསུངས། རྗེ་འབངས་ཉེར་ལྔའི་མཆོག་གྱུར་ལས་ཅན་དག་པའི་འཁོར་ལྔའི་ནང་ནས་ཀྱང་ཕུལ་བྱུང་། ཚུལ་ཁྲིམས་མིག་གི་འབྲས་བུ་ལྟར་སྲུང་བའི་སྡོམ་བརྩོན་ཀུན་གྱི་ཁྱུ་མཆོག །མདོ་སྔགས་ཆོས་ཀུན་སྒྱུར་མཁས་ལོ་ཙཱ་བ་

p. 248

བརྒྱ་རྩ་བརྒྱད་ཀྱི་མཆོག་གྱུར། མགར་བས་དུག་མདའ་བརྒྱབ་པས་མ་ཕུག །སླར་མདའ་གཞུ་གསེར་དང་གཡུ་རུ་བསྒྱུར་ནས་གནང་བ་སོགས་ངོ་མཚར་བའི་རྫུ་འཕྲུལ་དཔག་མེད་སྟོན་པའི་གྲུབ་ཐོབ་ཀྱི་འཁོར་ལོས་སྒྱུར་བ་སློབ་དཔོན་བཻ་རོ་ཙ་ན་ཞེས་སྙན་པའི་བ་དན་སྲིད་པ་གསུམ་ན་ལྷང་ངེ་བ་དེ་ཉིད་ཀྱི་ཞལ་གྱི་བུམ་བཟང་ལས། བྷཻཾ་དུ་མེད་པའི་ཆོས་དབྱིངས་ཆེན་པོ་ལ། །བསམ་དུ་མེད་པའི་རིག་པ་མ་ཡེངས་ཞོག །ཞེས་གསུངས། གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་དང་ཐ་མི་དད་པ། སྔ་འགྱུར་ཨོ་རྒྱན་ཆེན་པོའི་གསང་སྔགས་ཀྱི་བསྟན་པ་ལ། ཨོ་རྒྱན་ལས་ཀྱང་སྐུ་དྲིན་ཆེས་ལྷག་པ། སྔོན་མེད་ལེགས་བཤད་མཛོད་བདུན་ཤིང་རྟ་གསུམ་སོགས་བརྩམས་ཚེ། ཨོ་རྒྱན་རིན་པོ་ཆེ་དང་། མཁའ་འགྲོའི་གཙོ་མོ་ཡེ་ཤེས་མཚོ་རྒྱལ། མཁྱེན་རབ་འཇམ་དབྱངས་དང་། ངག་དབང་ལྷ་མོ་དབྱངས་ཅན་མ་སོགས་ཀྱིས་ཕྱག་ཏུ་བསྣམས། ཞུ་དག་མཛད་པའི་ཚུལ་གནང་། དབྱངས་ཅན་མའི་ཕྱག་ཏུ་བསྣམས་ནས་རི་རབ་གླིང་བཞི་གླིང་ཕྲན་ལ་བསྐོར་བ་བྱས་ནས་བསྟན་ཅིང་། བསྐལ་བཟང་གི་གདུལ་བྱ་བགྲངས་ལས་འདས་པ་སྨིན་

p. 249

གྲོལ་གྱི་ལམ་ལ་བཀོད་པའི་མཐར་གཤེགས་པའི་ཚེ་མེ་ཏོག་གི་ཆར་རོལ་མོའི་སྒྲ་གདུང་དང་རིང་བསྲེལ་སོགས། བར་དོར་མངོན་པར་རྫོགས་པར་སངས་རྒྱས་པའི་རྟགས་མ་ཚང་བ་མེད་པར་བསྟན་ནས། ཐུགས་རེ་ཞིག་ཆོས་ཀྱི་དབྱིངས་སུ་གཟིམས་པའི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཞེས་སྙན་གྲགས་དབྱར་གྱི་རྔ་བོ་ཆེ་ཕྱོགས་ཀུན་ཏུ་ལྡིར་བ་དེ་ཉིད་ཀྱི་ཞལ་ནས། སེམས་ཉིད་མ་སྐྱེས་གཉུག་མའི་དོན། །རང་བཞག་ཡོངས་གྲོལ་ནམ་མཁའ་འདྲ། །བསམ་མེད་ཡེ་ནས་རྫོགས་པ་ཆེ། །འདུ་འབྲལ་མེད་པའི་ཆོས་ཉིད་དོ། །ཞེས་དང་། ཕྱི་རུ་མི་སྤྲོ་ནང་དུ་མི་བསྡུ་ལ། །ཡིད་ལ་མི་བྱེད་དམིགས་གཏད་བློ་ལས་འདས། །སྒོམ་དང་མི་བསྒོམ་བསམ་ལས་འདས་པའི་ངང་། །རང་བྱུང་ཡེ་ཤེས་རྗེན་པར་ཟང་ཐལ་ལེ། །ཐུན་མཚམས་བྱར་མེད་རྒྱ་ཡན་རིག་པའི་འགྲོས། །རང་གསལ་རྗེན་པ་དམིགས་གཏད་བསམ་དང་བྲལ། །ཕྱི་ནང་ཡུལ་མེད་ཆོས་དབྱིངས་གདོད་མའི་ངང་། །བྱར་མེད་ཕྱལ་བ་ཆོས་སྐུར་ཟང་ཐལ་ལེ། །ཞེས་དང་། འཛིན་པས་མ་བཅིངས་གཟུང་བའི་ཡུལ་ལས་འདས། །དམིགས་

p. 250

གཏད་ཆོས་མེད་ཧར་སངས་རྒྱ་ཡན་པ། །མ་ཡེངས་དྲན་པ་ཟད་པའི་དགོངས་པ་ནི། །མཁའ་ལྟར་ཕྱལ་ཡས་སྒོམ་དང་མི་བསྒོམ་མེད། །འདི་ནི་ཀུན་བཟང་དགོངས་པའི་ཀློང་ཆེན་པོ། །ཞེས་གསུངས། མི་མེད་པའི་གངས་དང་རི་སུལ་རྣམས་སུ་མདོ་རྒྱུད་སྤྱི་དང་ཁྱད་པར་བསྐྱེད་རྫོགས་རྫོགས་ཆེན་གྱི་གདམས་པ་ཉམས་སུ་བཞེས་པས་དབུ་མའི་སྙིང་གའི་རྩ་མདུད་མ་ལུས་པར་གྲོལ་བས་འོད་གསལ་སྟོང་པ་ཆོས་སྐུའི་ངང་དུ་ཉིན་མཚན་ཁོར་ཡུག་ཏུ་གནས་ཤིང་། མགྲིན་པའི་རྩ་མདུད་གྲོལ་ནས་རྡོ་རྗེ་གླུའི་མཚོ་རྡོལ་ནས་གང་གསུང་ཐམས་ཅད་རྡོ་རྗེའི་གླུ་རུ་ལེན་པའི་རིག་འཛིན་གང་ཤར་རང་གྲོལ་གྱི་ཞལ་ནས། རང་སེམས་གསལ་སྟོང་འཛིན་པ་མེད་པ་འདི། །རང་སར་བཞག་ནས་རང་ལ་བལྟས་པའི་ཚེ། །སྐྱེ་འགག་གནས་གསུམ་བྲལ་བའི་ཆོས་སྐུ་རུ། །འབད་པ་མེད་པར་འཆར་རོ་མཆེད་གྲོགས་མ། །ཉོན་མོངས་རྣམ་རྟོག་ཕྲ་རགས་ཅི་བྱུང་ཡང་། །མ་སྤངས་མ་ཡལ་ངོ་བོར་བལྟས་ཙ་ན། །སྟོང་པ་ལས་གཞན་རྣམ་རྟོག་ཡེ་མེད་པས། །གསལ་སྟོང་རྗེན་པར་འཆར་རོ་མཆེད་གྲོགས་རྣམས། །ཞེས་དང་། ངས་རེ་འགའ་རིག་སྟོང་ལ་

p. 251

མཉམ་པར་གཞག །རིག་སྟོང་ལ་མཉམ་པར་བཞག་ཙ་ན། །གཉིས་མེད་ཀྱི་ཡེ་ཤེས་ཁོང་ནས་རྒྱས། །ལུས་ངག་གི་དགེ་སྦྱོར་རྒྱང་ལ་བསྐྱུར། །འདི་གཞན་མས་བལྟས་ན་སྙོམས་ལས་འདྲ། །མི་ང་རང་གིས་བསམས་ན་དོན་དང་ལྡན། །སྟོང་གསལ་གྱི་རིག་པ་རྗེན་པ་འདི། །འོད་གསལ་རྫོགས་ཆེན་གྱི་སྙིང་པོར་འདུག །ཅེས་གསུངས་པ་ལ་སོགས་སྔོན་གྱི་མཁས་གྲུབ་དཔག་ཏུ་མེད་པའི་གསུང་འདི་འདྲའི་རིགས། སྔོན་སྦྱངས་ལས་འཕྲོ་ཅན་གྱི་གྲོལ་ལ་ཁད་གང་ཟག་དབང་པོ་ཡང་རབ་ཅིག་ཆར་བ་དང་། སྔོན་གོམས་ཆ་མེད་པའི་སྐྱེས་བུ་གང་ཟག་དབང་པོ་རྟུལ་པོ་རིམ་གྱིས་པ་རྣམས་ལམ་ལ་རིམ་གྱིས་བསླབས་ནས་ལྟ་བ་མཐོན་པོར་སོང་བའི་སྐབས་ཀྱིས། ཉམས་སུ་ལེན་ཚུལ་ཡིན་ཞེས་བདག་ཉིད་ཆེན་པོས་ཞལ་གྱིས་བཞེས་པ་ཡིན་ནོ། དེ་ལྟར་མི་འདོད་ན་རྗེ་རིན་པོ་ཆེས་ཞལ་གྱིས་བཞེས་པ་ཡང་ཁྱོད་ཀྱིས་མ་བཞེས་ཞེས་ཁས་ལེན་དགོས་པར་འགྱུར་ཞིང་། ཁས་བླངས་ན། རྗེ་རིན་པོ་ཆེས། ཁོང་གི་བཀའ་དྲིན་ཆེ་ཤོས་རྩ་བའི་བླ་མ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་གྱི་གསུང་སོགས་སྔར་བཤད་

p. 252

པའི་ཚད་ལྡན་གྱི་མཁས་གྲུབ་ཐམས་ཅད་ཀྱི་གསུང་ཞལ་གྱིས་མ་བཞེས། ཆོས་སྤོང་གི་མི་ཚད་བླ་མ་ཡང་སྤངས། རྗེ་ཉིད་ཀྱི་གསུང་རབ་ས་གསུམ་སྒྲོན་མེ་བྱང་ཆུབ་ལམ་རིམ་ཆེན་མོ་ཡང་། མུན་ཁང་གི་སྒྲོན་མེ་བཞིན་ཆུང་། བསྟན་པ་ཐམས་ཅད་འགལ་མེད་དུ་མི་རྟོགས། གསུང་རབ་ཐམས་ཅད་གདམས་པར་འཆར་མི་ནུས་ཞེས། ཁས་མ་སྨྲས་པ་མ་གཏོགས་དོན་གྱིས་སྐུར་བ་བཏབ་པ་ཡིན་པས། རྗེ་རིན་པོ་ཆེའི་བསྟན་པ་སྨད་ནས་དེ་ཡན་གྱི་གནོད་ཆེན་པོ་སྐྱེལ་ཚུལ་མེད། འཇིག་རྟེན་གཏམ་དཔེ་འཐེན་དུས། བསྟོད་མི་ཤེས་ནི་ཞིག་གིས་བསྟོད་ར་ལས། སྨད་མི་ཤེས་ནི་ཞིག་གིས་སྨད་ན་དགའ། ཟེར་བ་ལྟར། ཁྱོད་ཀྱི་འདི་ལས་ཕྱག་རྫོགས་སོགས་ཀྱི་འགའ་རེས་རྗེ་རིན་པོ་ཆེ་སྨད་རྒྱུ་ཡིན་བྱས། སྨད་མ་ཤེས་བསྟོད་ར་བརྗོད་འདུག །ད་ཁྱོད་ཀྱིས་རྗེ་བདག་ཉིད་ཆེན་པོ་བསྟོད་ནས་དགའ་ལྡན་ན་ཐུགས་དགྱེས་ཡོད་མ་བསམ། དེའི་ལྡོག་ཕྱོགས་ཡོད་པ་དེ་སོམས་དང་། ངེས་ངེས་པོ་དེ་ཡིན་ས་སྣང་། རྗེ་བདག་ཉིད་ཆེན་པོས་ཕྱག་རྫོགས་ཀྱི་ལྟ་བ་རྣམ་དག་ཡིན་ཞེས་ཞལ་གྱིས་བཞེས་པར་མ་ཟད་ཉམས་སུ་བཞེས་པའི་ཚུལ་ནི།

p. 253

རྗེ་རིན་པོ་ཆེ་ཁོང་གིས་གཞན་མདོ་སྔགས་ཀྱི་དཀའ་གནས་ཐམས་ཅད་ཀྱི་དོགས་པ་མཐའ་དག་ཆོད་ཀྱང་། ལྟ་བའི་སྐབས་འགའ་ཞིག་གི་དོགས་པ་མ་ཆོད་པར་རྒྱ་གར་དུ་ཕེབས་དགོངས་ཚེ། ཁོང་གི་བླ་མ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་རིན་པོ་ཆེས་ད་ཁྱེད་ཀྱི་ལྟ་བའི་དོགས་པ་དེ་དག་བདག་གིས་ཡི་དམ་གསང་བའི་བདག་པོ་ལ་ཞུ། དེ་ནས་དོགས་པ་མ་སེལ་ན་ཁོང་རྒྱ་གར་ལ་ཕེབས་ཀྱང་ཡོང་གསུངས་ནས། དཔལ་གསང་བའི་བདག་པོ་ལ་ཞུས་པས། གསང་བདག་གིས་ཞུས་ལན་གནང་དགོས་པ་ཐམས་ཅད་ལ་ལན་གནང་། མི་དགོས་པ་དེ་ཁོང་རྒྱུས་ཆེ་གསུངས། དེའི་མཚན་དུ་ཞུས་ལན་བདུད་རྩི་སྨན་མཆོག་ཏུ་བཏགས། དེ་དར་གྱིས་དྲིལ་ནས་རྗེ་རིན་པོ་ཆེ་ལ་བསྐུར་བའི་དུས། ནམ་མཁའ་ནས་དཔའ་བོ་མཁའ་འགྲོ་མང་པོས། ལས་ཀྱི་རྡོ་རྗེ་བླ་མའི་མཆོག །ཕྱག་ན་རྡོ་རྗེ་ཡི་དམ་མཆོག །བདུད་རྩི་སྨན་མཆོག་ཆོས་ཀྱི་མཆོག །བློ་བཟང་གྲགས་པ་སློབ་མའི་མཆོག །ཅེས་བསྔགས་བརྗོད་མང་པོ་གནང་། གསང་བདག་གི་ཞལ་རླངས་མ་ཡལ་བའི་ཞུས་ལན་བདུད་རྩི་སྨན་མཆོག །རྗེ་རིན་

p. 254

པོ་ཆེའི་ཕྱག་ཏུ་འབྱོར། ཐུགས་ཉམས་སུ་བསྟར་བས་ལྟ་བའི་དོགས་པ་མཐའ་དག་ཆོད་ནས། རབ་དགའི་ས་ཐོབ་པ་ལྟ་བུའི་ཐུགས་སྤྲོ་བའི་ཤུགས་ཀྱིས། གསང་བདག་གསུང་གི་བདུད་རྩི་ཡིས། །ཡིད་ཀྱི་རེ་བ་རྫོགས་པར་བྱས། །ཉོན་མོངས་ནད་ལས་རྒྱལ་བར་གྱུར། །ལྕང་ལོ་ཅན་དུ་ཕྱིན་པ་སྙམ། །ཞེས་པ་ལ་སོགས་པའི་བསྔགས་བརྗོད་རྒྱ་ཆེན་པོ་མཛད་སྐད། འོ་ན་ཞུས་ལན་བདུད་རྩི་སྨན་མཆོག་ན་ཇི་འདྲ་གསུངས་ཡོད་ཟེར་ན། མགོ་ན་ཡབ་ཀུན་ཏུ་བཟང་པོའི་དགོངས་པ། ཡུམ་ཀུན་ཏུ་བཟང་མོའི་སྙིང་གཏམ། རྡོ་རྗེ་འཛིན་པ་བདག་གི་གསང་ཚིག་སྨན་ཆེན་པོ་སྒྲུབ་པ་ལ་སེམས་ཉིད་འོད་གསལ་གྱི་རྩད་ཆོད་ཅིག་གསུངས། བར་ཞིག་ན། ལས་ཀྱི་རྡོ་རྗེ། རིག་པའི་ངོ་བོ་སྟོང་པ་འདི་སུས་ཀྱང་མ་བཅོས་པ་རྒྱུ་མེད་པ་རྐྱེན་མེད་པ་ཡེ་གདོད་མ་ནས་གནས་པ་ཡིན། གསུངས། འདི་ལ་བཅའ་བཅོས་གང་ཡང་མ་མཛད་པར་ཁོ་རང་གང་འདུག་གི་སྟེང་དུ་ཞོག་དང་། གོལ་ས་མེད། ཀ་དག་གི་ཀློང་དུ་འཚང་རྒྱ་བ་ཡིན། དེ་བཞིན་དུ་རང་བཞིན་གསལ་བ་འདི། ཡེ་ནས་སྟོང་པ་ཉིད་དང་དབྱེར་མེད་དུ་ལྷུན་གྱིས་གྲུབ། དེའི་རྩལ་

p. 255

ཐུགས་རྗེ་འགག་མེད་གང་ཤར་ཀྱང་རང་བཞིན་གྱིས་མ་གྲུབ་པས་གསུམ་ཀ་ཟུང་འཇུག་ཆེན་པོར་ཤེས་པར་གྱིས་དང་། དབྱེར་མེད་དུ་འཚང་རྒྱ་བ་ཡིན་ནོ། གསུངས། མཇུག་ན། སྨན་འདི་དང་པོ་གདུལ་བྱ་རྣམས་ཀྱི་དང་ཁར་མི་འགྲོ་བའི་དཔེ་ཡོད། བར་དུ་དང་ཁར་སོང་ན་སྐྱུག་པའི་དཔེ་ཡོད། སྨན་འདི་དང་པོ་གསོལ་ནས་བར་དུ་མི་སྐྱུག་པར་ཞུ། དེ་ལྟར་མཛད་ན་འཁོར་བའི་གཅོང་ནད་འདི་ལས་མྱུར་དུ་གྲོལ་བར་འགྱུར་གསུངས་པ་སོགས་ལ་ལྟོས་དང་། ཕྱག་རྫོགས་ཀྱི་ལྟ་བ་ཇི་བཞིན་གསུངས་འདུག །དེ་ལས་ལྷག་ཅིག་ཕྱག་རྫོགས་སོགས་ན་ཡང་གསུངས་མེད་པའི་ཕྱིར་རོ། དེས་ན་ཁྱེད་ཚོས་ཕྱག་རྫོགས་ཀྱི་ལྟ་བ་འདི་བརྒྱ་ངན་བཤད་ཀྱང་རྗེ་བདག་ཉིད་ཆེན་པོའི་ལྟ་བའི་སྐབས་ཀྱི་དོགས་པ་ཐམས་ཅད་འདིས་བཅད་སོང་། ཁོང་གིས་གསང་བདག་གསུང་གིས་ཆོད་གསུངས་པ་མ་གཏོགས། གཞན་ཞིག་གིས་ཆོད་ཅེས་མ་གསུངས་འདུག །སྔོན་མི་གཅིག་གིས། བཤད་མི་དགོས་ཨ་བོའི་སེམས་ན་ཡོད། འདོན་མི་དགོས་ཡི་གེ་ངོ་ན་ཡོད། བཤད་པ་ལྟར། ལྟ་བའི་བཟང་ངན་བཤད་མི་དགོས་

p. 256

གསུང་འདི་གཅིག་པུས་ཤེས་ནུས། དེ་ཡང་གསང་བདག་གིས་ལུང་བསྟན་ལྟར། དམ་ཆོས་ཀྱི་སྨན་མཆོག་འདི་ཉོན་མོངས་གཅོང་ནད་ཚབས་ཆེན་གྱིས་ཐེབས་པའི་གདུལ་བྱའི་དང་ཁར་མི་འགྲོ་བ་མང་ཡང་། རྗེ་བདག་ཉིད་ཆེན་པོས་གསོལ་དུས་དུག་ཞིག་མིན་ལས་ཆེ། རྗེས་འཇུག་བློ་གྲོས་དང་ལྡན་པས་རྗེ་ཡི་རྣམ་ཐར་ལྟར་གསང་བའི་ཚུལ་དུ་ཅུང་ཟད་རེ་བརྟེན་དང་། རང་གི་ཉོན་མོངས་ཀྱི་ནད་ཞི་ཞིང་། རྗེ་རིན་པོ་ཆེའི་ཕྱི་ནང་གསང་བའི་རྣམ་ཐར་མཐའ་དག་ཀྱང་ཟིན་པ་ཡིན་པས། ཕྱོགས་རེ་ཙམ་འཛིན་པ་ཞིག་ཏུ་མ་གྱུར་པར་མཛོད། ཡང་སྔགས་ཀྱི་དབང་ལུང་ཁྲིད་གསུམ་གང་ཡོད་བུམ་པ་གང་བྱོའི་ཚུལ་དུ་རྗེ་རིན་པོ་ཆེར་གནང་ཞིང་། ཁྱད་པར་གསང་བདག་གི་གསུང་ལ་ཁོང་གིས་འགྲེལ་བ་གནང་བའི་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་སོགས་བཀའ་འབུམ་གང་ཡོད་ཀྱི་ཆོས་བདག་གི་བཀའ་བབ་གསང་བའི་ཚུལ་དུ་ཉམས་སུ་བཞེས་ཞེས་གསུང་སྟེ། ཙོང་ཁ་བརྒྱད་ཅུ་པ་ལས། ལྷོ་བྲག་གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ། །གསང་བའི་བདག་པོའི་སྙན་བརྒྱུད་གདམས་ངག་དང་། །མདོ་རྒྱུད་ལམ་གྱི་རིམ་པ་གསན་པ་ཡི། །བརྒྱུད་པའི་

p. 257

བཀའ་བབ་ཐོབ་པའི་ཙོང་ཁ་པ། །གསུངས། གསང་སྔགས་གསང་ནས་སྒྲུབ་དགོས་པ་ཐུགས་ཤིན་ཏུ་འདའ་དེ། གསང་སྔགས་གསང་ནས་སྒྲུབ་དགོས་པ། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །དབང་པོ་རྟུལ་པོ་རྣམས་ལ་གསང་། །གསུངས་པ་དང་། ཡོངས་སུ་མ་སྨིན་སེམས་ཅན་ལ། །གསང་བ་སྒྲོག་པ་བདུན་པ་ཡིན། །ཞེས་པ་དང་། ཐལ་འགྱུར་ལས། གནས་ལུགས་འདུག་ཚུལ་འདི་ལྟ་བུ། །བཤད་ན་ཉན་ཐོས་རང་རྒྱལ་ཡང་། །རབ་ཏུ་སྐྲག་ཏེ་བརྒྱལ་བར་འགྱུར། །དེས་ན་མཆོག་ཏུ་གསང་བར་བྱ། །གསུངས་པ་དང་། རིན་ཆེན་སྤུངས་པ་ལས། ཚིག་འདི་དག་ནི་ཉན་ཐོས་དང་། རང་སངས་རྒྱས་ལ་སོགས་པའི་ནང་དུ་རྡུལ་ཙམ་ཡང་བརྗོད་པར་མ་བྱེད་ཅིག །དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ཀྱིས་ཚིག་འདི་ཀུན་ཐོས་པས་སྐྲག་པ་དང་། དངངས་པ་དང་བརྒྱལ་བར་འགྱུར་ཏེ། དེའི་རྣམ་པར་སྨིན་པས་སེམས་ཅན་དམྱལ་བ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བས་ན། བསྟན་ཅིང་ཐོས་པ་དག་ལྟ་ཅི་སྨོས་ཏེ། རླུང་ཕྱོགས་ཙམ་དུ་ཡང་བརྗོད་པར་མི་བྱའོ། །ཞེས་གསུངས་པ་ལ་སོགས་རྒྱུད་

p. 258

མང་པོ་ནས་གསང་སྔགས་གསང་ནས་ཉམས་སུ་ལེན་དགོས་ཞེས་ནན་ཏན་དུ་གསུངས་སོ། །དེས་ན་རྗེ་རིན་པོ་ཆེ་ཐབས་མཁས་ལ་ཐུགས་རྗེ་ཆེ་ཞིང་སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་རྣམ་ཐར་མཐའ་ཡས་པས། བླ་མའི་གསུང་དང་། རྒྱུད་ཀྱི་དགོངས་དོན་ལྟར་གསང་སྒྲོག་གི་ཉེས་པ་སོགས་མི་འབྱུང་བའི་སླད་དུ་ཤིན་ཏུ་གསང་བའི་ཚུལ་དུ་ཉམས་སུ་བཞེས་པས། སྔར་མཁས་པ་ཡིན་པར་མ་ཟད། ཕྱིས་གྲུབ་པའི་དབང་ཕྱུག་ཆེན་པོར་སོང་། མཁས་གྲུབ་གཉིས་འཛོམས་སུ་གྱུར་ནས། བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པའི་རྒྱུ་རྐྱེན་རྟེན་འབྲེལ་ཀྱང་དེ་ཡིན་ཞེས། བླ་མ་དམ་པའི་གསུང་སྒྲོས་ལས་བྱུང་། རྒྱལ་དབང་ཐམས་ཅད་མཁྱེན་པས་ཕྱག་རྫོགས་ཞལ་གྱིས་བཞེས་པར་མ་ཟད། ཐུགས་ཉམས་སུ་བཞེས་པའི་ཚུལ་ཡོངས་ལ་གྲགས་ཆེ་བས་སྨོས་ཅི་དགོས། ཉམས་སུ་བཞེས་རྟགས་སུ་རིག་འཛིན་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་ཞལ་གྱི་བུམ་བཟང་ལས་གསར་དུ་ཐོན་པ་ལྟ་བུའི་ཟབ་མོའི་གདམས་པ་མྱོང་གྲོལ་འཆི་མེད་བདུད་རྩི་དང་མཚུངས་པའི་སྔོན་མེད་ལེགས་བཤད། མཚན་སྙན་པ་བསྐྱེད་རྫོགས་རྫོགས་པ་ཆེན་པོའི་

p. 259

ཁྲིད་ཡིག་རིག་འཛིན་ཞལ་ལུང་ཞེས་བྱ་བའི་ཡིད་བཞིན་གྱི་ནོར་ལས་ལྷག་པ་ཞིག །རྗེས་འཇུག་སྐལ་བཟང་གདུལ་བྱ་ཡོངས་ལ་མི་འཛད་པའི་གཏེར་དུ་འཇོག་པ་བྱས། བསྔགས་བརྗོད་རྒྱ་ཆེན་པོ་མཛད་དེ། །པད་འབྱུང་བི་མཱ་ལ་དང་བཻ་རོ་དང་། །བཀའ་གཏེར་ལས་འོང་ངེས་དོན་རྫོགས་པ་ཆེ། །མཁས་རྨོངས་བར་མ་གང་གིས་ཉམས་བླངས་ཀྱང་། །ཚེགས་ཆུང་དོན་ཆེ་འཕྲུལ་གྱི་མན་ངག་ཟབ། །དཔེར་ན་མི་ཕམ་མགོན་པོ་ཆེས་རྒན་པ། །བཻ་རོས་ཚེ་འདིར་བྱང་ཆུབ་ལམ་དུ་ཁྲིད། །རྒྱ་བོད་གཉིས་ཀ་རྟོགས་གྲོལ་དུས་གཅིག་ཏུ། །བྱུང་བའི་ངོ་མཚར་ལོ་རྒྱུས་ཕ་མཐའ་ཡས། །གསུངས་པ་སོགས་མང་ལ། ད་ཁྱེད་ཀྱིས་བསམ་བློ་ཐོངས་དང་། སྨད་ནི་རེད་ཨེ་སྙམ་ཁི། མ་ཤེས་གཅིག་རེ་མགོའི་བསྡད་ནི་སྔར་མང་པོ་བྱུང་། ད་བློ་གྲོས་ཅན་རྣམས་ཀྱིས་དེའི་རྗེས་ལ་མ་ཤོར་བ་ཞིག་བྱེད་པ་གལ་ཆེ། རྗེ་རིན་པོ་ཆེ་དང་རྒྱལ་དབང་ཐམས་ཅད་མཁྱེན་པ་གཉིས་བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས་སངས་རྒྱས་ཏེ། སྐལ་བཟང་གདུལ་བྱའི་སྣང་ངོར་སངས་མ་རྒྱས་པར་ས་བཅུའི་དབང་ཕྱུག་བྱང་ཆུབ་

p. 260

སེམས་དཔའ་སེམས་དཔའ་ཆེན་པོས་མཁྱེན་རབ་འཇམ་དཔལ་དབྱངས་དང་། ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས་ཀྱི་ཚུལ་བཟུང་། དེ་ཉིད་ཐ་མལ་གདུལ་བྱའི་སྣང་ངོར། ངུར་སྨྲིག་འཆང་བའི་ཚུལ་བཟུང་བ་ཡིན་པས། རྗེ་རྣམ་གཉིས་ཀྱི་ཐུགས་ནི་ནམ་མཁའ་ལྟར་རྒྱ་ཆེ། དགོངས་པ་མཚོ་ལྟར་གཏིང་ཟབ། སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་མཛད་པ་ནི་རྡུལ་ལྟར་གྲངས་མང་། གདུལ་བྱའི་སྣང་ངོར། ཕྱག་ཆེན་པ་རྫོགས་ཆེན་པ་བཀའ་གདམས་པ་ཞེས་མཚན་གསུམ་བཏགས་པ་མ་གཏོགས། ཕྱག་དང་མཆོད་པའི་ཞིང་མཆོག་ཐུབ་དབང་རྡོ་རྗེ་འཆང་སོགས་ཀྱི་གསུང་རབ་དགོངས་འགྲེལ་རྒྱ་ཆེན་པོ་རྣམས་ཉམས་སུ་བཞེས་པས་དོན་གྱི་ཕྱག་ཆེན་པ། རྒྱལ་བའི་གསུང་རབ་དགོངས་འགྲེལ་ཡོངས་སུ་རྫོགས་པ་སྐྱེས་བུ་ཆེན་པོའི་ལམ་རིམ་གྱི་ཁོངས་སུ་བསྡུས་ནས་ཉམས་སུ་བཞེས་པས་དོན་གྱི་རྫོགས་ཆེན་པ། རྒྱལ་བའི་གསུང་རབ་ཡི་གེ་ན་གཅིག་ཡན་ཆད་འདོར་རྒྱུ་མེད་པར་གདམས་པའི་མཆོག་ཏུ་མཐོང་ནས་ཐུགས་ཉམས་སུ་བཞེས། གདུལ་བྱ་སྐལ་བཟང་བྱེ་བ་ཐེར་འབུམ་ལ་དེ་ལྟར་འདོམས་པས་དོན་གྱི་བཀའ་

p. 261

གདམས་པ་ཆེན་པོ་ཡིན་པས། དེང་སང་སྙིགས་དུས་ཀྱི་དབུ་རྫོགས་ཕྱག་ཆེན་གྱི་རྣལ་འབྱོར་པ་མིང་ཁྱོག་སྐམ་པོའི་གཡུ་འབྲུག་འ་འུར་གྲགས་ནས། གདུལ་བྱའི་ཞིང་སར་ལུང་རྟོགས་ཡོན་ཏན་གྱི་སྦྲང་ཆར་གཏན་ནས་འབབ་རྒྱུ་མེད་པར། ཆགས་སྡང་གི་གློག་འཁྱུག །བདག་བསྟོད་གཞན་སྨོད་ཀྱི་སྐད་དྲག་ཏུ་ལྡིར། དད་ཅན་བྱིས་པ་སྐྲག་གི་བཅུག །བསམ་ངན་སྦྱོར་རྩུབ་ཀྱི་སེར་དྲག་ཕབ། ཐོག་འཕངས་ནས། རྒྱལ་བའི་བསྟན་པའི་ལྷ་ཁང་ལེགས་བཤད་ལོགས་བྲིས་དུ་མས་མཛེས་པར་བྱས་པ་རྣམས་རྩ་བ་ནས་བཤིག །མཐར་གནོང་འགྱོད་ཀྱི་སྐད་ངན་ཁྱོག་མི་རིང་བྱས། མར་འཁོར་བ་ངན་སོང་གི་རྫ་གསེབ་ཚོ་སོང་ནས་མག་སེ་བསྡད་འདུག་པ་དང་ག་ལ་གཅིག །རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཕྱི་ནང་གསང་བའི་ཡོན་ཏན་ནི། དཔལ་གསང་བའི་བདག་པོས་ཁོང་གིས་ཀྱང་མཐའ་རྟོགས་དཀའ་གསུངས་ཏེ། རྗེ་གཞོན་ནུ་དཔལ་གྱི་ཞལ་ནས། གསང་བའི་བདག་པོས་ལས་ཀྱི་རྡོ་རྗེ་ལ་གསུངས་པ། འདིའི་ཡོན་ཏན་གྱི་མཐའ་ངེད་ཀྱིས་ཀྱང་མི་རྟོགས་གསུངས་པ། དེ་ལས་ལྷག་པའི་བསྔགས་པ་

p. 262

བརྗོད་རྒྱུ་ཞིག་མི་སྣང་ནའང་། རྗེས་སུ་ཞུགས་པ་རྣམས་ཞུས་ལན་བདུད་རྩིའི་སྨན་མཆོག་ལ་དེ་ཙམ་གྱིས་རྩིས་མེད། རྗེ་རིན་པོ་ཆེ་དེ་གདུལ་བྱ་ཕྱོགས་གཅིག་པ་ཚོ་གཅིག་འདུལ་དུ་བྱོན་པར་འདུག་པས། གྲུབ་པའི་མཐའ་རྣམས་ཀྱང་གདུལ་བྱའི་བསམ་པའི་དབང་གིས་འབྱུང་བ་ཡིན་ཏེ། དཔེར་ན་གནས་དེར་དྲང་ངེས་རྣམ་འབྱེད་གསུངས་པའི་སྐབས་སུ། འདིར་བཤད་པ་དང་འགལ་བ་མིན་པའི། དྲང་ངེས་ཀྱི་འབྱེད་ལུགས་ཤིག་ཐེག་པ་ཆེན་པོ་རྒྱུད་བླ་མ་ནས་བཤད་འདུག་ཅེས་ཚོགས་སུ་གསུངས་ནའང་། གདུལ་བྱ་རྣམས་ལའང་དེའི་སྣོད་མེད་པས་ཕྲིན་ལས་དེ་འདྲ་ལ་གསུང་དེ་བྱུང་པའི་དུས་སུ་མཎྜལ་ཕུལ་ནས་གསོལ་བ་འདེབས་མི་གཅིག་ཀྱང་མ་བྱུང་གསུངས། འགའ་རེས་ཞུས་ལན་བདུད་རྩི་སྨན་མཆོག་གི་ལྟ་བ་འདི་ཀླུ་སྒྲུབ་ཐོགས་མེད་ཀྱི་བཞེད་སྲོལ། རྗེ་རང་ཉིད་ཀྱིས་ཕྱིན་ཅི་མ་ལོག་པར་གསལ་བར་བཀྲལ་པའི་དབུ་མའི་ལྟ་བ་སྐྱོང་ཚུལ་དང་གཏན་ནས་མི་མཐུན་པར་འདུག་པས། འདི་ལྟ་བ་རྣམ་དག་ཡིན་ནམ་མིན། རྗེ་བདག་ཉིད་ཆེན་པོས་འདི་ལྟར་ཉམས་སུ་བཞེས་མ་བཞེས་མི་ཤེས་འདུག་པས། བློ་གྲོས་ཅན་རྣམས་ཀྱིས་

p. 263

ཡིད་ཆེས་ཀྱི་གནས་སུ་གཟུང་བར་མི་བྱའོ་ཟེར་ན། དབུ་མའི་ལྟ་བ་ལས་དང་པོ་བས་ཐོག་མར་སྐྱོང་ཚུལ་དང་མི་མཐུན་པ་ཅུང་ཁྱོད་བདེན་ཀྱང་། ཡིད་ཆེས་ཀྱི་གནས་སུ་གཟུང་མི་རུང་གསུངས་པ་ཁྱོད་འཁྲུལ་འདུག །སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་སངས་རྒྱས་ནས། བསྐལ་མང་ཚོགས་བསགས་པའི་སངས་རྒྱས་རྣམས་ཡ་མཚན་དུ་འཇུག་པའི་བོད་གངས་ཅན་ཁྲོད་ཀྱི་སེང་གཅིག་རྣལ་འབྱོར་གྱི་དབང་ཕྱུག་རྗེ་མི་ལའི་ཞལ་ནས། ད་ལྟ་རྣལ་འབྱོར་པ་རྣམས་ཀྱིས་ཉམས་སུ་ལེན་པའི་སྟོང་ཉིད། མཉམ་ཉིད། བརྗོད་མེད། མི་རྟོག་པ་རྣམས་དབང་བཞི་དང་མཐུན་པས། གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རིམ་གྱི་ལྟ་བ་ཡིན་གསུངས་པ་ཁྱོད་ཡིད་མི་ཆེས་སམ། གལ་ཏེ་ཁྱོད་དེ་ལ་ཡིད་མི་ཆེས་ན། དཔལ་ས་ར་ཧའི་གསུང་ནས་བཟུང་ངས་སྔར་བཤད་ཚད་ཐམས་ཅད་ཀྱི་གཅིག་ལ་ཡང་ཡིད་བརྟན་མི་རུང་བའི་ཉེས་པ་ཁྱོད་ལ་འབབ། རྗེ་དང་རྒྱལ་དབང་གི་ཞལ་གྱིས་བཞེས། ཉམས་སུ་བླངས། བསྔགས་བརྗོད་མཛད་པ་ལ་ཡང་འགལ་བར་འགྱུར། དེ་དང་འགལ་ན་ཁྱོད་ཀྱི་སྟེང་དུ་ཉེས་འགལ་མི་གཙང་གི་

p. 264

ཆར་འབབ་པར་འདུག་པས། ཁྱོད་ཀྱི་ཐུགས་ལ་མ་བདེ་བ་ཞིག་བྱུང་བའམ། སེམས་རྣལ་དུ་ཕོབ་ཅིག །དེ་ཅིའི་ཕྱིར་ཞེ་ན། གསུང་རབ་ཐམས་ཅད་དང་འགལ་བའི་ཕྱིར་རོ། ད་ཁྱོད་ཉོན་དང་། ངས་ཁྱོད་ཀྱི་མགོ་ཉེས་འགལ་གྱི་མི་གཙང་བས་ཁེབས་འདུག་པ། བློ་གྲོས་ཀྱི་མཐུ་ཞན་རུང་ཡོད་ཚོད་ཀྱིས་གཅིག་ཕྱི། ཕྱིས་ནས་མ་དག་ན་ཁྱོད་ཀྱི་ལས་རེད། སྤྱིར་ལྟ་བ་ཟེར་བ་འདི་ལ་བཟང་ངན་མང་། ངན་པ་འདིར་མི་སྤྲོ་ལ། བཟང་པོ་ཀུན་རྫོབ་ཀྱི་ངོས་ནས། བླ་མ་ལ་སངས་རྒྱས་དངོས་སུ་ལྟ་བ། ལས་རྒྱུ་འབྲས་བདེན་པར་ལྟ་བ། དོན་དམ་པའི་ངོས་ནས། མཉམ་བཞག་ནམ་མཁའ་ལྟ་བུའི་ལྟ་བ། རྗེས་ཐོབ་སྒྱུ་མ་ལྟ་བུའི་ལྟ་བ། གྲུབ་མཐའི་ངོས་ནས། དབུ་མ་རང་རྒྱུད་པའི་ལྟ་བ། སེམས་ཙམ་པའི་ལྟ་བ། ཐལ་འགྱུར་བའི་ལྟ་བ། རྫོགས་ཆེན་གྱི་ལུགས་ལ། སེམས་སྡེའི་ལྟ་བ། ཀློང་སྡེའི་ལྟ་བ། མན་ངག་སྡེའི་ལྟ་བ། དེ་བཞིན་དུ་ཕྱག་རྒྱ་བ། ས་སྐྱ་སོགས་ལ་ཡང་ལྟ་བའི་དབྱེ་བ་མང་། ལྟ་བ་ཟེར་བ་འདི་རྒྱ་ཆུང་ཆུང་ཞིག་ལ་གོ་མི་རུང་། གང་ཟག་ལ་མཆོག་དམན་འབྲིང་གསུམ་ཡོད་པ་བཞིན། ལྟ་བ་ལ་ཡང་

p. 265

མཆོག་དམན་འབྲིང་གསུམ་མཐའ་ཡས་སྟེ། རྗེ་སྐལ་ལྡན་རྒྱ་མཚོས། ཚེ་སྔ་མར་སྟོང་ཕྱོགས་ཏིང་འཛིན་ལ། །ཡུན་རིང་གོམས་བག་ཆགས་སད་པ་ལ། །ཆོས་ལྟ་བའི་ཉམས་རྟོག་འཆར་སླ་ཡང་། །དེ་ལྟ་བུ་འཛམ་གླིང་འདི་ན་དཀོན། །སྔོན་གོམས་ཆ་མེད་པའི་སྐྱེས་བུ་ལ། །ཆོས་སྟོང་ཉིད་ཀྱི་གཏམ་དེ་བློར་ཤོང་དཀའ། །དོན་དེ་ཕྱིར་སྟོན་པ་སངས་རྒྱས་ཀྱིས། །ཆོས་ལྟ་བའི་སྒོ་མོ་མཐའ་ཡས་གསུངས། །ཞེས་དང་། ཉན་ས་ལས། ལྷག་མཐོང་དང་རྗེས་སུ་མཐུན་པའི་བཤད་པ་མང་བ། དེ་ཙམ་དུ་ནི་ལྷག་མཐོང་མང་བ་ཡིན་ནོ། །ཅི་ཙམ་དུ་ནི་ལྷག་མཐོང་མང་བ། དེ་ཙམ་དུ་ཞི་གནས་མང་བ་ཡིན་ནོ། །ཞེས་དང་། སྤྱན་སྔ་བས། ལྷག་མཐོང་ཡང་མཐའ་ཡས་གྲངས་མེད་པ་ཡོད་གསུངས་ན། ལྷག་མཐོང་རྒྱ་ཆུང་ཆུང་དེས་ཅི་བྱེད། སྐྱེས་བུ་རྣམས་གསུངས། འཕགས་པ་ཡུལ་འཁོར་སྐྱོང་གིས་ཞུས་པའི་མདོ་ལས། སྟོང་པ་ཞི་བ་སྐྱེ་བ་མེད་པའི་ཚུལ། །མ་ཤེས་པས་ནི་འགྲོ་བ་འཁྱམས་གྱུར་པ། །དེ་དག་ཐུགས་རྗེ་མངའ་བས་ཐབས་ཚུལ་དང་། །རིགས་པ་བརྒྱ་ཕྲག་གིས་ནི་འཇུག་པར་

p. 266

མཛོད། ཅེས་གསུངས་པས་ན། ལྟ་བ་ཐམས་ཅད་མཐའ་གཅིག་ཏུ་ངེས་པར་འཛིན་པ་དེ། ནས་འབྲུ་གཅིག་ལག་ཏུ་བཟུང་ནས་འབྲུ་ཐམས་ཅད་འདི་འདྲ་འབའ་ཞིག་གོ །ཞེས་སྨྲས་པ་དང་མཚུངས་པས་མཁས་པས་གོ་ན་བཞད་གད་ཀྱི་གནས་ཡིན་པས་གཞན་མ་སེམས། ལྟ་བ་དེ་ཐམས་ཅད་ཀྱིས་དངོས་སམ་བརྒྱུད་ནས་གནས་ལུགས་སྟོང་པ་ཉིད་ཀྱི་ལྟ་བ་རྟོགས་ནས་མངོན་དུ་འགྱུར་ཏེ། རྗེ་རིན་པོ་ཆེས། སྤྱིར་རྒྱལ་བའི་གསུང་རབ་ཐམས་ཅད་ནི་ལ་ལས་དངོས་སུ་དེ་ཁོ་ན་ཉིད་སྟོན། དངོས་སུ་མི་སྟོན་པ་རྣམས་ཀྱང་བརྒྱུད་ནས་དེ་ལ་གཞོལ་ཞིང་འབབ་པ་ཁོ་ན་ཡིན་གསུངས། ཇོ་བོ་རྗེས། ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་དང་། །བཞི་སྟོང་གསུངས་པ་ཐམས་ཅད་ཀྱང་། །ཆོས་ཉིད་འདི་ལ་གཞོལ་ཞིང་འབབ། །གསུངས། པཎ་ཆེན་རིན་པོ་ཆེས། སོ་སོར་མིང་འདོགས་མང་ན་ཡང་། །ངེས་དོན་ལུང་རིགས་ལ་མཁས་ཤིང་། །ཉམས་མྱོང་ཅན་གྱི་རྣལ་འབྱོར་པས། དཔྱད་ན་དགོངས་པ་གཅིག་ཏུ་འབབ། །གསུངས། འོ་ན་ཀུན་མཁྱེན་ས་སྐྱ་པཎ་ཆེན་རིན་པོ་ཆེས། ཕ་རོལ་ཕྱིན་དང་གསང་སྔགས་ལ། །ལྟ་བའི་ཁྱད་པར་བཤད་པ་མེད། །

p. 267

ཕ་རོལ་ཕྱིན་པའི་ལྟ་བ་ལས། །ལྷག་པའི་ལྟ་བ་ཡོད་ན་ནི། །ལྟ་དེ་སྤྲོས་པ་ཅན་དུ་འགྱུར། །གསུངས་པ་དེ་ཅི་ཡིན་ཟེར་ན། དེ་ལྟ་བ་ཐམས་ཅད་སྟོང་ཉིད་ལྟ་བ་རྟོགས་ནས་མངོན་དུ་འགྱུར་བའི་ཐབས་སུ་དོན་གྱིས་གཅིག་ཡིན་པས་ན། རྫུན་དུ་མི་འགྱུར། དཔེར་ན་བློ་ལྡན་སྦྱིན་གཏོང་མཁན་གྱིས་སྤྲང་པོ་ཉམ་ཆུང་ནད་པ་འགའ་རེས་ཟས་ཚོད་ཅིག་མ་བྱིན་ན་མི་འཇུ་བར་གནོད་པ་ཤེས་ནས། ཟས་མང་པོ་ཡོད་ཀྱང་འདི་མིན་མེད་ཟེར་བ་ལྟར་གང་ཟག་འགའ་རེ་ལ་ཕན་པའི་དགོངས་གཞི་གཅིག་ཡོད་ནས་དེ་སྐད་གསུངས་པ་ཡིན་ཏེ། དེ་མིན་ན་ཁོང་གིས་དབང་བཞི་རེ་རེ་ལ་ལྟ་བ་རེ་གསུངས་ནས་བཞི་འདུག་ཅེས་སྤྱན་སྔ་བ་ལྷ་གཟིགས་འབར་གྱིས་གསུངས། དེ་གཉིས་འགལ་བར་འགྱུར་བའི་ཕྱིར་རོ། ཁྱད་པར་ཀླུ་སྒྲུབ་ཐོགས་མེད་ཀྱི་བཞེད་སྲོལ་ཟབ་མོ་དབུ་མའི་ལྟ་བ་ཡང་ཐོག་མར་དཔྱད་བསྒོམ་གཙོ་བོར་བྱེད་ཀྱང་། བར་དུ་དཔྱད་འཇོག་སྤེལ་མ། ཐ་མ་འཇོག་བསྒོམ་གཙོ་བོར་བྱེད། ཅེས་ཟབ་མོ་དབུ་མའི་རྣལ་འབྱོར་ཉི་ཟེར་ལ་ཆོས་གོས་བཀལ་ནས་གུང་ཚིག་གི་གསོལ་ཇ་བསྐོལ་བར་མཛད་པ་སོགས་དབུ་མའི་

p. 268

ལམ་མངོན་དུ་གྱུར་པས། ངོ་མཚར་ཕུལ་དུ་བྱུང་བའི་རྫུ་འཕྲུལ་སྟོན་ཅིང་། རེབ་གོང་མུན་པའི་གླིང་ལྟ་བུར་རྗེ་རིན་པོ་ཆེའི་བསྟན་པའི་སྒྲོན་མེ་སྦར་ནས་སྐལ་ལྡན་གྱི་གདུལ་བྱ་རྒྱ་མཚོ་ཙམ་སྨིན་གྲོལ་གྱི་ལམ་ལ་བཀོད་པའི་མཐར། ལས་ཅན་དག་པའི་འཁོར་འགའ་རེའི་སྣང་ངོར། སེངྒེ་དཀར་མོ་རྒྱན་དུ་མས་བརྒྱན་པ་ཞིག་ལ་ཆིབས་ནས་མཁའ་སྤྱོད་དག་པའི་ཞིང་དུ་གཤེགས་པའི་ཚུལ་བསྟན་པའི་༧རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཞལ་ནས། ལར་དང་པོ་དཔྱད་པ་གཙོ་ཆེར་བྱེད། །དུས་བར་དུ་དཔྱད་འཇོག་སྤེལ་མར་བྱེད། །དུས་ཐ་མ་འཇོག་སྒོམ་གཙོ་བོར་བྱེད། །གསུངས། དེ་བཞིན་དུ་བཀའ་གདམས་བསྟན་པའི་སྲོག་ཤིང་། སྣང་བ་དཔེ་ཆར་ཤར་ནས་གང་གསུངས་དཔེ་ཡི་སྒོ་ནས་འཆད་པའི་མཉམ་མེད་པོ་ཏོ་པ་ཆེན་པོའི་ཞལ་ནས། གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་རྟོག་ཅིང་། །ཅུང་ཟད་མི་རྟོག་ཉིད་དུ་གནས་བྱ། །ཞེས་དང་། སྙན་པ་ལྷ་མི་ཡོངས་ཀྱིས་སྒྲོག་པའི་ཇོ་བོ་རྗེའི་ཞལ་ནས། ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པའི། །རང་བཞིན་མེད་པར་ཤེས་བྱས་

p. 269

ནས། །རྣམ་པར་རྟོག་མེད་སྒོམ་པར་བྱ། །ཞེས་དང་། རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ལྟ་བུ་མཁྱེན་པའི་ཕ་རོལ་ཏུ་ཕྱིན་པ་སྐུ་ཚེ་དེ་ཉིད་ལ་སྐུ་ལུས་མ་སྤངས་པར་རིགས་འཛིན་གྱི་གནས་སུ་གཤེགས་པའི་སློབ་དཔོན་མཁས་པ་དཔལ་ལྡན་ཨ་བྷ་བས། སློབ་དཔོན་ཆེན་པོ་འཕགས་པ་ཀླུ་སྒྲུབ་ཀྱི་གསུང་བཞིན་མཛད་པའི་དབུ་མ་རིན་ཆེན་སྒྲོན་མེ་ལས། དཔྱད་སྒོམ་བྱེད་ཚུལ་བཤད་མ་ཐག་པའི་མཇུག་ཏུ། བར་སྐབས་དེར་ཤེས་པ་ཅི་ལ་ཡང་མི་གནས། ཅི་ལ་ཡང་མི་རྟོག །ཅི་ལ་ཡང་སེམས་པ་མེད་པ། མཐའ་ཐམས་ཅད་ལ་མི་གནས་པ། ཤེས་པ་ཅིའི་ངོ་བོར་ཡང་མ་སྐྱེས་པ། ཅི་ཡང་མ་ཡིན་པར་བསྒོམ་པར་བྱའོ། །ཞེས་དང་། ཟུང་འཇུག་གི་སྐུ་བརྙེས་དགུང་ལོ་དྲུག་བརྒྱའི་བར་དུ་བཞུགས་ནས་བསྟན་པ་དང་འགྲོ་བའི་དོན་རྒྱ་ཆེན་པོ་མཛད་ཅིང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བསྐལ་པར་བརྗོད་ཀྱང་རྫོགས་པའི་ཡུལ་ལས་འདས་པ་སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ་སློབ་དཔོན་ཀླུ་སྒྲུབ་ཀྱིས་དོ་ཧ་རྡོ་རྗེའི་གླུ་མཛད་པ་ལས། གར་ཡང་མ་རྟོག་ཅི་ཡང་མ་སེམས་པར། །བཅས་བཅོས་མ་བྱེད་རང་བཞིན་ལྷུག་པར་

p. 270

ཞོག །ཤེས་རབ་ཕ་རོལ་ཕྱིན་ཆོག་གཉིས་མེད་ལམ། །དུས་གསུམ་སངས་རྒྱས་ཀུན་གྱི་གཤེགས་ཤུལ་ཡིན། །གཤིས་བཅིངས་གྲོལ་མེད་པའི་ཆོས་ཉིད་ལ། །དོན་ཡེངས་མེད་དྲན་པའི་བྱ་ར་བའི། །བློས་བསྒོམ་དུ་མེད་པའི་ངང་ལ་ནི། །ཡུལ་ཡུལ་ཅན་གཉིས་ཀྱི་རྩིས་གདབ་བྲལ། །འདི་ཕྱག་ཆེན་སྒོམ་གྱི་སྐྱོང་ཚུལ་ཡིན། །གསུངས། རིམ་ལྔ་ལས། ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ཉིད་བཞག་པ་བཞིན། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག །ཅེས་དང་། མགོན་པོ་བྱམས་པས། འདི་ལ་བསལ་བྱ་ཅི་ཡང་མེད། །གཞག་པར་བྱ་བ་ཅུང་ཟད་མེད། །ཡང་དག་ཉིད་ལ་ཡང་དག་བལྟ། །ཡང་དག་མཐོང་བས་རྣམ་པར་གྲོལ། །གསུངས། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ལྟ་བའི་མན་ངག་ལྔ་གསུངས་པའི་ལྔ་པ། དེས་ན་སྐབས་འདིར་དཔྱད་འཇོག་སྒོམ་པའི་ཞར་ལ་ལྟ་ཐོག་ནས་རྩེ་གཅིག་པའི་དེ་ཁོ་ན་ཉིད་བསྒོམ་པ་ལ་འཇོག་གསུངས། རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཡང་ཡིན་ཏེ། ལམ་རིམ་ཆུང་ངུ་ལས། ལུས་ལ་གནད་དུ་བསྣུན་པའི་ནུས་པ་ཐོབ་པའི་རྫོགས་

p. 271

རིམ་པའི་མཉམ་བཞག་ཏུ། དེ་ཉིད་སྐྱོང་བ་ན། ལྟ་ཐོག་ཏུ་བཞག་ནས་བསྒོམ་པ་ངེས་པར་དགོས་ཀྱང་། ལྷག་མཐོང་གི་དཔྱད་པ་གཞུང་གཞན་ནས་བྱུང་བ་ལྟར་མི་བྱེད་དོ། །གསུངས། ལམ་རིམ་ཆེན་མོའི་ཞི་ལྷག་ཟུང་འབྲེལ་འཐོབ་ཚུལ་བཤད་མ་ཐག་པའི་མཇུག་ཏུ། འདི་དག་གི་སྒོ་ནས་ཞི་ལྷག་གི་སྐྱོང་ཚུལ་ལའང་ཁྱད་པར་དུ་མ་ཞིག་འབྱེད་དགོས་པར་སྣང་མོད་ཀྱང་། ཚིག་མང་པོས་འཇིགས་ནས་མ་བྲིས་སོ། །ཞེས་གསུངས། སྔ་སོར་དཔྱད་སྒོམ་བྱེད་ཚུལ་བསྟན་ཟིན་པས། ད་སྐབས་འདི་ནས་བཟུང་འཇོག་སྒོམ་བྱེད་དགོས་ཞེས་ཤུགས་ཀྱིས་བསྟན་པ་ཡིན་ལ། ལྷག་མཐོང་སྐྱོང་ཚུལ་ལ་མི་འདྲ་བ་དུ་མ་ཞིག་བྱེད་དགོས་གསུངས་པ་ཐུགས་ཤིན་ཏུ་བདེན་དེ། ལས་དང་པོ་བའི་སྐབས། ཅུང་ཟད་བརྟན་པ་ཐོབ་པའི་སྐབས། བརྟན་པ་རབ་ཏུ་ཐོབ་པའི་སྐབས་ཀྱི་སྐྱོང་ཚུལ་དང་། རྒྱུད་ལ་སྐྱེ་ཚུལ་མི་འདྲ་སྟེ། དང་པོ་འདི་ལྟར་བསྐྱངས་ན་ཐོག་མཐའ་བར་གསུམ་དུ་འདི་ལྟར་སྐྱོང་དགོས་ཞེས་མཐའ་གཅིག་ཏུ་འཛིན་པ་ནི། བྱིས་པ་གཞོན་ནུ་མི་རྒན་གྱི་དུས་ཀྱི་ཁ་ཟས་ན་ཚོད་གཅིག་ཡིན་ཞེས་སྨྲས་པ་དང་

p. 272

འདྲ་བས། རྗེ་བདག་ཉིད་ཆེན་པོའི་ལམ་རིམ་ཆེ་ཆུང་གི་དགོངས་པ་ཕྱིན་ཅི་མ་ལོག་པར་ལོན་པའི་རྒྱལ་དབང་ཐམས་ཅད་མཁྱེན་པ་སོགས་དབུ་མའི་གཞུང་ལ་སྦྱངས་པ་མཁས་པས་བཞད་གད་ཀྱི་གནས་ཡིན་པས་གཞན་མ་སེམས། རྒྱལ་དབང་རིན་པོ་ཆེས། རྩོལ་བ་ལ་མ་ལྟོས་པའི་ཞི་ལྷག་ཟུང་འབྲེལ་གྱི་མགོ་བརྩམས་པ་ནས་བཟུང་། ཞི་གནས་ཆུ་མི་འགུལ་བ་ལ། ལྷག་མཐོང་ཉེའུ་ཆུང་འཁྱུག་པ་དེ་འདྲ་རང་ལུགས་སུ་མི་འདོད་པས། ཞེས་དང་། རྗེས་འབྲངས་རྣམས་ཀྱིས་ཀྱང་ལམ་རིམ་ཆེ་ཆུང་གི་དགོངས་པ་མ་རྙེད་པའི་རི་བོང་ཅལ་འདྲོག་གིས་བསླུས་པར་ཟད་མོད། ལམ་བསྒོམ་པའི་ཐོག་མཐའ་བར་གསུམ་ཉམས་ལེན་བྱེད་ཚུལ་དང་། རྒྱུད་ལ་འཆར་ཚུལ་གྱི་ཕྲ་ཞིབ་ཀྱི་དབྱེ་བ་མི་འབྱེད་པར། གཅིག་ཏུ་ཞེན་པ་ནི་བྱིས་པ་བཙས་མ་ཐག་པ་དང་། ལོ་བརྒྱ་ལོན་པ་གཉིས་ལ་ལུས་ཀྱི་ལང་ཚོ་དར་རྒུད་ལ་ཁྱད་པར་མེད་ཅེས་སྨྲས་པ་དང་འདྲ་བས་ལེགས་པར་སོམས་ཤིག་གསུངས། དེའི་ང་ཚོས་བསམ་ན་ཤིན་ཏུ་བདེན་ཏེ། དཔེར་ན་མ་བཟང་མོ་ཞིག་གིས་བུ་ཆུང་ཞིག་གསོ་ན། ཆུང་དུས་རྟག་ཏུ་བལྟ་རྟོག་བྱེད་དགོས། ཡར་ལོ་བཞི་ལྔ་

p. 273

སོང་ཚེ་སྔར་གྱི་དེ་འདྲ་ཙམ་མི་དགོས། བཅུ་ཉི་ཤུ་གྱུར་ཚེ་མེལ་ཚེ་གང་ཡང་མི་དགོས་པར་ཁོ་རང་གིས་རང་ཚུགས་ཟིན་པ་མིག་གིས་མཐོང་བ་ལ་ལྟོས། མི་འགའ་ཞིག་གིས་མེ་ཞིག་འབུད་རྒྱུ་ཡིན་ན། དང་པོ་མེ་ཁ་གསོ་དུས་དང་། བར་དུ་མེ་ཁ་སོས། ཐ་མ་མེ་འབར་དུས་ཀྱི་རྩོལ་སྒྲུབ་ལ་དྲག་ཞན་ཆེ་ཆུང་མཐའ་གཅིག་ཏུ་མ་ངེས་པ་དང་འདྲ་བའོ། །དེ་ལྟར་སྐྱོང་ཤེས་ན་ཉོན་མོངས་དང་ཤེས་སྒྲིབ་གཉིས་དང་བྲལ་བའི་མཐར་ཐུག་འཐོབ་བྱ་ཆོས་སྐུའམ་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་དགོས་ཏེ། དབུ་མ་རིན་ཆེན་སྒྲོན་མ་ལས། དཔེར་ན་ཤིང་གཉིས་དྲག་ཏུ་དྲུད་པ་ལས་མེ་བྱུང་བས་ཤིང་ཚིག་པར་གྱུར་པ་ན། མེ་ཉིད་ཀྱང་ཤི་བ་བཞིན་དུ། ཤེས་རབ་ཀྱང་མེད་པར་འགྱུར་རོ། །འདིའི་དོན་ཡང་འཕགས་པ་འོད་སྲུངས་ཀྱིས་ཞུས་པའི་མདོ་ལས་བྱུང་བ་དང་། གཞན་འཕགས་པ་རྒྱན་སྟུག་པོའི་མདོ་ལས་ཀྱང་། ཇི་ལྟར་སྲེག་པར་བྱེད་པའི་མེ། །བསྲེག་བྱ་མེད་པས་མི་གནས་སོ། །དེ་བཞིན་བསྲེག་བྱའི་ལྟ་ཚིག་ལ། །སྟོང་ཉིད་མེ་ཡང་འགག་པར་འགྱུར། །ལྟ་བ་འགོག་པའི་

p. 274

དུས་སུ་ཡང་། །ཡེ་ཤེས་མེ་ཡང་མི་འབྱུང་སྟེ། །ཉོན་མོངས་ཐམས་ཅད་སྲེག་པར་བྱེད། །ཉོན་མོངས་བསྲེགས་ན་རྣམ་པར་མཛེས། །ཞེས་གསུངས་སོ། བདེ་བ་ཆེན་པོའི་ཞལ་སྔ་ནས་ཀྱང་། ལྟ་བའི་བུད་ཤིང་ཕུང་པོ་རགས། །སྟོང་ཉིད་མེ་ཡིས་བསྲེགས་བྱས་ནས། །འདིར་ནི་ཞི་བ་ལ་གནས་ན། །དེ་བཞིན་ཉིད་ཀྱི་མེ་ཡང་འགག །ཅེས་གསུངས། ཇོ་བོ་རྗེས། རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །ཞེས་དང་། རྗེ་རྒྱ་རས་པས། བསྒོམ་མེད་ཆེན་པོ་སངས་རྒྱས་ས། །བྱ་རྩོལ་ཐམས་ཅད་བྲལ་བ་ཡིན། །ཞེས་གསུངས་སོ། །དེས་ན་དབུ་མའི་ལྟ་བ་མཐོན་པོར་གྱུར་པའི་སྐབས་ཀྱི་སྐྱོང་ཚུལ་ཕྱག་རྫོགས་དང་ཁྱད་མེད། ཕྱག་རྫོགས་ལྟ་བ་རྣམ་དག་ཡིན་པ་ཙམ་དུ་མ་ཟད། ལྟ་བ་མཐོན་པོ་ཡིན་ཏེ། རྗེ་བླ་མའི་རྣམ་ཐར་ཆེན་མོ་ལས། རྫོགས་ཆེན་གྱི་ལྟ་བ་རྣམ་དག་ཡིན་མིན་ཞུས་པ་ལ། རྗེའི་ཞལ་ནས། རྣམ་དག་ཡིན་གསུངས། གྲུབ་ཆེན་ལས་ཀྱི་རྡོ་རྗེས་གསང་བདག་ལ་དྲིས་པས། གསང་བའི་བདག་པོའི་ཞལ་ནས།

p. 275

རྫོགས་ཆེན་ལྟ་བ་མཐོན་པོ་ཡིན། གསུངས། རྫོགས་ཆེན་གྱི་ལྟ་བ་རྣམ་དག་ཡིན་ན་ཕྱག་ཆེན་དག་པ་ཤུགས་ཀྱིས་འབྱུང་ཏེ། ཕྱག་རྫོགས་ཀྱི་ལྟ་བ་ཁྱད་པར་མེད། དཔེར་ན་སྐས་རྐང་ཞིག་ལ་འཛེག་ནས་སྟེང་དུ་འགྲོ་བ་ལ། སྐས་རྐང་འོག་མ་ཐོག་མའི་གྲོགས་དང་། ཐོག་མ་འོག་མའི་གྲོགས་སུ་འགྲོ་བ་བཞིན་ཤེས་ན་དབུ་རྫོགས་ཕྱག་གསུམ་གྱི་ལྟ་བ་གཅིག་གྲོགས་སུ་གཅིག་འགྲོ་སྟེ། རྗེ་བཙུན་མི་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱོད་པ་ལྷག་མཐོང་རྟོགས་པའི་ཐབས་སུ་མེད་མི་རུང་སྐས་རྐང་འོག་མ་དང་འདྲ་གསུངས། གཞན་ལས། ཐབས་འདི་རྫོགས་པའི་སངས་རྒྱས་ཀྱིས། །སྐས་ཀྱི་རིམ་པ་ལྟ་བུར་གསུངས། །དེས་ན་བློ་གྲོས་ཅན་རྣམས་ཀྱིས་ཐོག་མར་དབུ་མའི་ལྟ་བ་ལ་བག་ཆགས་ཅི་ཐེབས་བྱས། དེ་ནས་ཕྱག་རྫོགས་ཀྱི་ལྟ་བ་བསྣན་ན་ཤིན་ཏུ་ངོ་མཚར། དེང་སང་གསར་རྙིང་སུ་ཡིན་ཡང་ལམ་ཞུགས་རྣམས་སྔོན་ཚོ་འདྲ་བ་མ་ཡིན་པར་སུད་སུད་ཞིག་གིས་སོང་ནས་དབུགས་ཟད་ཡོད་པ། ཆོས་ཀྱི་མགོ་རྔ་མ་ཞིག་མ་འཛོམ་པ་འདྲ། ཨེ་ཡིན་ཐུགས་བསམ་རེ་ཐོངས། གཅིག་གིས་གཅིག་

p. 276

སྤངས་ན་སྐས་རྐང་འོག་མ་བཅག་ནས་འཕངས་པ་དང་འདྲ་བས་མཁས་པར་མ་བསམ། དེའི་ལྡོག་ཕྱོགས་དེ་སོམས་དང་ཡིན། ཐབས་དང་ཤེས་རབ་རྣམས་གཅིག་གྲོགས་སུ་གཅིག་འགྲོ་ན། ལྟ་བ་གོང་འོག་རྣམས་གཅིག་གྲོགས་སུ་གཅིག་འགྲོ་བ་སྨོས་ཅི་དགོས། དེས་ན་ཕྱག་རྫོགས་འདི་བསྟན་པའི་གྲལ་དུ་ཆུད་པར་མ་ཟད། གྲལ་རིམ་ཞིག་བསྒྲིག་རྒྱུ་ཞིག་གི་དབང་དུ་སོང་ན། གྲལ་གྱི་གོང་ཞིག་ན་ཡོད་ཚོད་དུ་འདུག །ཡང་འགའ་རེས་རྗེ་རིན་པོ་ཆེའི་བསྟན་པ་འདི་རྒྱ་ཆུང་ཆུང་ཞིག་ཏུ་བཟུང་ནས། ཕྱག་རྫོགས་པས་ཀྱང་། ཁོང་ཚོ་བཀག་ཡོད་པ་མ་གཏོགས་གྲལ་ན་མེད་སྙམ་ནས་རྗེ་རིན་པོ་ཆེ་དང་། ལམ་རིམ་སྔགས་རིམ་ཚོར་ཁས་གཏོང་བ་དེ། དཔེར་ན་རང་གི་རིན་པོ་ཆེ་རྒྱལ་པོའི་དཀོར་མཛོད་དུ་བཞག་ནས་ཡོད་པ་ངོ་མ་ཤེས་པར་མི་འདུག་ཕངས་ཟེར་སེམས་ཁྲལ་བྱས། ཕྱུག་པོ་སེར་སྣ་ཆེ་མཛོད་ན་རིན་པོ་ཆེ་མེད་ཧྲལ་ཧྲུལ་ཡིན་ཟེར་ནས་ཁ་གཏོང་བ་དང་མཚུངས། གསར་མ་བས་ཀྱང་ཕྱག་རྫོགས་སོགས་གཞུང་བཟང་མཐའ་དག་བསྟན་པའི་གྲལ་དུ་མི་ཆུད་ཚོ་ཟེར། གྲལ་དབུ་ན་ཡོད་པ་མ་ཤེས་པར་ཕྱག་རྫོགས་པར་ཁ་

p. 277

གཏོང་བ་དེ། མགྲོན་པོ་ཁྱིམ་དུ་ཆུད་ཀྱང་ཁྱི་རྒན་སྒོ་ནས་ཟུག་པ་དང་འདྲ་བས། དེའི་ཁ་རྩད་གཅོད་སུས་བྱེད། དེ་རང་གཞན་གཉིས་ཀས་རྗེ་རིན་པོ་ཆེའི་དགོངས་པ་མ་ལོན་པར་རྗེ་དང་རྗེའི་གསུང་རབ་ལ་སྨད་པ་ཡིན་པས་བསྟོད་པར་མ་སེམས། རྗེ་རིན་པོ་ཆེའི་ཞལ་གྱི་བུམ་བཟང་ལས། འཛམ་གླིང་མཁས་པ་ཡོངས་ཀྱི་གཙུག་གི་རྒྱན། །སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་དུ། །ལེགས་བརྒྱུད་བྱང་ཆུབ་ལམ་གྱི་རིམ་པ་ཡིས། །སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །བསྟན་པ་ཐམས་ཅད་འགལ་མེད་རྟོགས་པ་དང་། །གསུང་རབ་མ་ལུས་གདམས་པར་འཆར་བ་དང་། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་པ་དང་། །ཉེས་སྤྱོད་ཆེན་པོའི་གཡང་ས་ལས་ཀྱང་བསྲུང་། །དེ་ཕྱིར་རྒྱ་བོད་མཁས་པའི་སྐྱེ་བོ་ནི། །སྐལ་བཟང་དུ་མས་བརྟེན་པའི་གདམས་པ་མཆོག །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་

p. 278

ཡིས། །ཡིད་རབ་མི་འཕྲོག་དཔྱོད་ལྡན་སུ་ཞིག་ཡོད། །གསུངས་པ་རྣམས་ལ་ཕྱག་རྫོགས་དབུ་གསུམ་གྱི་བློ་གྲོས་ཅན་རྣམས་ཀྱིས་ཞིབ་ཏུ་སོམས་དང་། ནང་ན་གོ་རྒྱུ་ཆེན་པོ་ཡོད། འདི་རྒྱ་ཆུང་ཆུང་ཞིག་མིན། དཔེར་ན་གངས་ཆུ་རྫ་ཆུ་བསིལ་མ་སོགས། ས་སྟེང་གི་ཆུ་ཕྲན་ཐམས་ཅད་རྒྱ་མཚོར་འདུས་པ་ཆུ་ཕྲན་འདི་ཞེས་མིང་སོ་སོར་བཏགས། ཐ་དད་དུ་རྒྱ་མཚོའི་ནང་ན་མི་གནས་ཀྱང་རྒྱ་མཚོའི་ཁ་ཞབས་ཕྱོགས་མཚམས་ན་འདྲེས་ནས་ཡོད་པ་བཞིན། རྗེ་བདག་ཉིད་ཆེན་པོའི་བསྟན་པ་འདིའི་ནང་དུ་གཞུང་བཟང་མཐའ་དག་འདུས་པས། ཕྱག་རྫོགས་ཞེས་སོ་སོར་མིང་བཏགས་ནས། ལེགས་བཤད་ནང་ན་མ་འདྲེས་པར་ཐ་དད་དུ་མེད་ཀྱང་། ལམ་རིམ་སྔགས་རིམ་ཆེན་མོ་རིམ་ལྔ་གསལ་སྒྲོན་སོགས། རྗེ་ཉིད་ཀྱི་གསུང་འབུམ་གྱི་ཐོག་མཐའ་བར་གསུམ་ན་མི་མངོན་པར་འདྲེས་ནས་རྒྱས་པར་ཡོད་པས། རང་གཞན་སུ་ཡིན་ཡང་འདི་ལ་མ་འདུས་ལུས་ཡོད་ནི་ཞིག་ཡོད་མ་བསམ། དཔེར་ན་སྨན་པ་མཁས་པ་ཞིག་གིས་རྗེས་འཇུག་སློབ་མས་སྨན་ངོ་ཤེས་པའི་སླད་དུ། ནད་བཞི་བརྒྱ་རྩ་བཞིའི་གཉེན་པོའི་སྨན་གྱི་རིགས་མཐའ་དག་

p. 279

བསྡུས་ནས་ཤོག་ཐུམ་བྱས་ཡོད་པ། དེ་འདྲའི་སྨན་གྱི་རིགས་གཞན་ན་རི་བཞིན་བརྩིག་ཡོད་ཚད་ཤོག་ཐུམ་ནང་གི་སྨན་དེ་ཆུང་ཡང་ངོ་ཤེས་ཚེ་སྨན་པ་མཁས་པའི་སློབ་མ་བློ་གྲོས་ཅན་གྱིས་དེ་དུག་རེད་ཅེས་འདོར་བ་ཕར་ཞོག །འདི་ན་ད་སྨན་མང་པོ་འདུག་ཟེར་ཧོབ་ལངས་ཅི་ཐུབ་ལེན་པ་ལྟར། རྗེ་རིན་པོ་ཆེས་རྗེས་འཇུག་གདུལ་བྱ་རྣམས་ཀྱིས་ཆོས་ངོ་ཤེས་པའི་སླད་དུ། སེམས་ཅན་གྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོ། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ཀྱི་ནང་ནས་ཅུང་ཟད་རེ་བླངས་ནས་ཕྱོགས་གཅིག་ཏུ་བསྡུས་ཏེ་གླེགས་བམ་བྱས་ཡོད་པ་ཡིན། དེ་འདྲའི་མདོ་རྒྱུད་བསྟན་བཅོས་རྒྱ་ཆེན་པོ་ཡང་། རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་ལ་བརྟེན་ནས་གདམས་ངག་ཡིན་པར་ངོ་ཤེས་ཚེ། རྗེ་ཉིད་ཀྱི་རྗེས་འཇུག་བློ་གྲོས་ཅན་གྱིས་དེ་ཆོས་ལོག་རེད་ཅེས་ཁ་གཏོང་བ་ཕར་ཞོག །འདི་ན་ད་གདམས་ངག་ཟབ་མོ་འདུག །ཅེས་དད་པ་བྱས་ནས་ཉམས་སུ་ཅི་ལོན་བྱེད་དགོས། རྗེ་རིན་པོ་ཆེ་སངས་རྒྱས་ཚར་ནས་གདུལ་བྱའི་སྣང་ངོར་ངུར་སྨྲིག་འཛིན་པའི་ཚུལ་བཟུང་བ་ཡིན་པས། རྒྱལ་བའི་གསུང་འདི་ལ་

p. 280

ཉམས་ལེན་མ་མཛད། འདི་མི་མཁྱེན་ཞེས་བྱ་བ་ཅུང་ཟད་ཀྱང་མེད་པས་གྲུབ་མཐའ་གཅིག་གི་ཁ་འཛིན་མཛད་པའི་སྐྱེས་བུ་མ་ཡིན། གྲུབ་མཐའ་ཐམས་ཅད་ཀྱི་བདག་པོ་ཡིན། ཕྱག་རྫོགས་སོགས་གཞན་གྲུབ་མཐའ་བཟང་བཟང་མཐའ་དག །ཐ་ན་ཕྱི་རོལ་པའི་གཞུང་བཟང་སྒྲ་སྙན་དངགས་སོགས་གང་བཟང་ཐམས་ཅད་རྗེ་རིན་པོ་ཆེའི་བསྟན་པ་རིན་པོ་ཆེ་འདིའི་ཁོངས་སུ་འདུས། སྔོན་བོད་དུ་སྔགས་པ་ཚན་གཅིག་གིས་ཆང་ཕུད་གཏོར་བ་ལ་ཁྲེལ་ནས། སྔགས་པ་ལྷ་མོ་འབར་བྱ་བས་ཆང་ཕུད་གཏོར་ནས། དཀོན་མཆོག་གསུམ་པོ་བཞེས། ཆོས་སྐྱོང་སྲུང་མ་བཞེས། དུས་གསུམ་ཕ་མ་བཞེས། འགྲོ་དྲུག་སེམས་ཅན་བཞེས། ད་ལུས་རྒྱུ་ཅང་གདའ་ཡེ་ཟེར་བ་བཞིན། རྗེ་རིན་པོ་ཆེའི་བསྟན་པ་འདི་ལ་རྒྱལ་བའི་གསུང་རབ་མདོ་རྒྱུད་མན་ངག་གང་ཡང་མ་འདུས་པ་མེད། དེ་ལྟར་འདོད་ན། ལམ་རིམ་བསྡུས་དོན་དབྱངས་བྱས་ནས། སྐྱེ་དགུའི་འདོད་དོན་མ་ལུས་སྐོང་བས་ན། །གདམས་པ་རིན་ཆེན་དབང་གི་རྒྱལ་པོ་སྟེ། །ཞེས་བཏོན་ན་ཤིན་ཏུ་བདེན། མིང་དོན་མཐུན་པས་རྗེ་རིན་པོ་ཆེ་ཡང་ཐུགས་ཀྱི་དགོངས་པ་མཐའ་དག་སྐོང་བ་ཡིན་

p. 281

པས་ཐུགས་དགྱེས། དེ་ལྟར་མི་འདོད་ན་དབྱངས་བྱས། གཞུང་བཟང་སྟོང་གི་ཆུ་བོ་འདུ་བའི་ཕྱིར། །དཔལ་ལྡན་ལེགས་པར་བཤད་པའི་རྒྱ་མཚོའང་ཡིན། །ཟེར་བ་ཁ་སྟོང་ནང་གི་ཚིག་སྟོང་ཡིན། སྟོང་མི་དགོས་བཅུ་ཡང་མི་འདུས་སོམས་དང་། ཧ་གོ་ཡོང་ངོ་། དཔེར་ན་བུ་ངན་འགའ་རེས་ས་ཞིང་གཞི་མ་མཁར་ཁང་། རྒྱུ་ནོམ་མང་པོ་ཡོད་པ་ཁོའི་མིན་ཞེས་ཁ་བཏང་ནས་གཞན་ལ་ཁྱེར་དུ་བཅུག་པ་དང་འདྲ་བས། བུ་སྐྱེས་ནི་མ་ཡིན་རུལ་ནི་ཡིན། རྗེ་བདག་ཉིད་ཆེན་པོ་ཡང་ཐུགས་མི་བདེ་བར་གཏད་པ་ཡིན་པས། ཐུགས་མཉེས་པར་མ་སེམས། དེ་ལ་ཐུགས་མཉེས་ན་ཕྱག་རྫོགས་པའི་ཅང་མི་ཤེས་པའི་བླུན་པོ་ཁ་གཏོང་མཁན་ལ་ཅིས་མི་མཉེས། ཁ་བཏང་བ་ལ་ཁྱད་མེད་པའི་ཕྱིར་རོ། །ད་ངས་བསམ་ན་ཕྱག་རྫོགས་དབུ་གསུམ་སུ་ཡིན་ཡང་། རྗེ་རིན་པོ་ཆེའི་བསྟན་པ་འདི་རྒྱ་ཆུང་ཆུང་ཞིག་ལ་གོ་མི་རུང་སྙམ་གི །བློ་གྲོས་ཅན་གྱིས་སོམས་དང་། འདི་ན་ཀུན་ལ་དད་པ་སྐྱེས་པའི་གནད་ཟབ་མོ་ཞིག་སྣང་། དེ་བཞིན་དུ་ཀློང་གསལ་ལས། སྟོན་པ་ཐུགས་རྗེ་ཆེན་པོ་ཡིས། །འདུལ་བྱེད་ཐེག་པ་མང་

p. 282

གསུངས་ཀྱང་། །བསྡུ་ན་རྫོགས་པ་ཆེན་པོར་འདུས། །གསུངས་པ་ལྟར་རྫོགས་ཆེན་གྱི་ལམ་བཟང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས་ཕྱེས་པའི་མཛོད་བདུན་ཤིང་རྟ་གསུམ་སོགས་ནའང་། རྗེ་བདག་ཉིད་ཆེན་པོའི་ལེགས་བཤད་མཐའ་དག་འདུས་ནས་ཡོད། །གསུང་གི་ཁྱད་མིན་མེད། མཁས་གྲུབ་ཐམས་ཅད་ཀྱིས་རྒྱལ་བའི་གསུང་རབ་ལ་གཞི་བྱས། ལེགས་བཤད་རྒྱས་འབྲིང་བསྡུས་གསུམ་བརྩམས་ནས། གདུལ་བྱ་ལ་བསྟན་པ་མི་རྒྱས་པ་ཐམས་ཅད་གང་ན་རྒྱས་ལ་ཡོད་ས་ནས་ཁ་བཀང་དགོས། འདི་ཨེ་རུང་སྙམ་དོགས་མི་དགོས། ཆོས་ཐམས་ཅད་བུ་རམ་གྱི་སྒོར་མོ་དང་མཚུངས། ཕྱོགས་གང་ནས་ཟོས་ཀྱང་ཞིམ་པ་བཞིན། གང་ཉམས་སུ་བླངས་ཀྱང་འཚེངས་པ་ཡིན། བློ་གྲོས་ཅན་རྣམས་ཀྱིས་ཕྱག་རྫོགས་དབུ་གསུམ་གྱི་དཔེ་ཆ་ལ་བལྟ་དགོས་པར་མ་ཟད། གཞན་བོན་པོ་ཡན་ཆད་ཀྱི་དཔེ་ཆ་ལ་ལྟོས་དང་། ཐོས་རྒྱུ་རིག་རྒྱུ་གོ་རྒྱུ་གཅིག་རེ་ཡོད། ཁྲོན་པའི་སྦལ་བས་ཆུ་འཁྱིལ་དེ་ཡར་རྙོགས་མར་རྙོགས་བྱས་བསྡད་ནས། རྒྱ་མཚོར་ཁ་གཏོང་བ་བཞིན། གྲུབ་མཐའ་རེར་ཞེན་ནས། དེ་ཕར་རྫོགས་ཚུར་རྫོགས་བྱས།

p. 283

འདི་ལས་ཟབ་པ་ཞིག་ཡོད་རྒྱུ་མ་རེད་སྙམ་ནས་གཞན་གྱི་གཞུང་བཟང་མཐའ་དག་ལ་ཁ་མ་གཏོང་དང་བཟང་། ཡང་འགའ་རེས། ཁྱེད་ཀྱིས་དཔེར་ན། ནོར་གྱི་རྨིག་པ་དང་། རྭ་གཉིས་མཐུན་ཤས་ཆེ་གི་སྙམ་ནས། རྨིག་པ་ཕུད་ནས་མགོ་ལ་བཞག །མགོའི་རྭ་རྫོགས་ནས་རྐང་མགོར་བཏགས་ནས་སྔར་བས་བཙོག་བཅོས་པ་ལྟར། ཕྱག་རྫོགས་པ་དང་དབུ་མའི་ལྟ་བ་མཐོན་པོར་སོང་བའི་སྐབས་ཀྱི་སྐྱོང་ཚུལ་གཉིས་མཐུན་གི་སྙམ་ནས། ཕྱག་རྫོགས་པའི་ལྟ་ངན་མཐོ་ཟེར་དབུ་མའི་ལྟ་བའི་གོང་དུ་བཞག །རྒྱལ་དབང་ལྔ་པས། དབུ་རྫོགས་ཕྱག་གསུམ་ལྟ་བ་བོད་འདིར་གྲགས། དབུ་མ་ཀླུ་སྒྲུབ་བཞེད་སྲོལ་ལྟ་བའི་རྩེ། །གསུངས་པ་འགབ་ཏུ་བཞག་ནས། སྔར་བས་བཙོག་པ་བྱས་འདུག་པ། གྲུབ་མཐའ་ཐམས་ཅད་གཅིག་གིས་གཅིག་ལ་དད་གུས་དག་སྣང་ཞིག་བྱུང་ན་ཅི་མ་རུང་སྙམ་ནས། ལྷག་བསམ་བཟང་པོའི་སྒོ་ནས་བཤད་ནི་ཡིན་ན། བྱིས་པས་ཕ་མ་ལ་བསླབ་བྱ་སྨས་ན་སྙིང་རྗེ་ནས་སྒྲུབ་པ་ལྟར། སྐྱོན་མི་སྣང་མཐུན་འགྱུར་བྱེད། དེ་མ་ཡིན་པར་ཕྱོགས་ལྷུང་གིས་ཀུན་ནས་བསླངས་ནས་དབུ་མའི་

p. 284

ལྟ་བ་སྨད་ནི་ཡིན་ན་ཁྱོད་ལ་ག་ལེར་བྱས་ནས་འདྲི་རྒྱུ་མང་པོ་སྣང་། ཁྱེད་ཀྱིས་ཕོ་དཔའ་མེད་རྒྱ་སྐད་ཁ་ན་ཡོད། །དགྲ་ལ་ལ་ཤོམ་གྱིས་ཐུལ་ཡང་ཐང་། །ཟེར་བ་ལྟར་ཁྱེད་ཀྱིས་ངེད་ཚོ་བློ་གྲོས་ཆུང་། ཆོས་ཆེན་པོ་ལ་མ་སྦྱངས་པས་ལན་པ་ཡིན་ཚོ་ཟེར། ཤོམ་བྱས་ཆུམ་རྒྱབ་པ། ལ་ལས་བདེན་སྙམ་ཡང་། མ་བཅང་ཝ་རྔ་སྦོམ་པོ་བཅང་ན་ཝ་རྔ་སུད་པོ་ཟེར་བ་ལྟར། འདི་ལྟར་བཤད་དུས་ཁྱེད་བློ་གྲོས་ཆེ་ཆེ་འདུག་སྟེ། འགའ་རྩོད་རྒྱུ་ཡིན་ན་བློ་གྲོས་སུ་ཆེ། ཆོས་ཆེན་པོ་སུས་སྦྱངས་བལྟ་རྒྱུ་ཡོད། སྡེ་གཟུ་གཏམ་མཁན་གྱི་མི་འགའ་རེས་ཁ་འཆམ་བྱེད་དུས་གཞན་དེས་མ་སྨྲས་པའི་གཏམ་སྙན་སྨྲ་གི་ཞེས་འདྲ་འདྲ་འགྲིགས་འགྲིགས་བཤད་ན་ཕལ་ཆེར་འགྲིགས། ཕལ་ཆེར་གྱིས་དེ་བཤད་མི་བཤད་ཁོའི་ཡིད་ལ་ཡོད་ཟེར་ཧ་བགད་བྱེད་པ་ལྟར། ཁྱེད་ཀྱིས་དབུ་རྫོགས་ཕྱག་གསུམ་ཨེ་འགྲིག་སྙམ། གཅིག་གཅིག་གིས་ཁས་མི་ལེན་པ་ཡང་ལེན་གི་ཞེས་འདྲ་འདྲ་འགྲིག་འགྲིག་གི་ཆོས་བཤད་མང་པོ་བཤད་པ་ལ་བླུན་པོ་མགོ་བོ་འཁོར་ནས་གཅིག་གཅིག་ལ་དད་ཀྱང་བློ་གྲོས་ཅན་རྣམས་མགོ་བསྐོར་ག་ལ་ནུས། ལྷག་པར་བཞད་གད་ཀྱི་

p. 285

གནས་ཡིན། མདོ་ལས་ཀྱང་། བསྲེགས་བཅད་བརྡར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་ལ་ང་ཡི་བཀའ། །བླང་བར་བྱ་ཡི་གུས་ཕྱིར་མིན། །གསུངས། ལུང་ལས། རྒྱལ་བ་ཉིད་ཀྱི་ཐ་མའི་བཀའ་ཆེམས་སུའང་། མདོ་སྡེ་དང་མི་མཐུན། འདུལ་བ་ན་མི་སྣང་། ཆོས་ཉིད་དང་འགལ་ན་སུས་སྨྲས་ཀྱང་དོར་ཞིང་། ལུང་རིགས་དང་མཐུན་ན་ལེགས་པར་བླང་། གསུངས། རང་ག་ཁྱི་དང་གློ་བ་འཕྲད་པ་བཞིན། ཆོས་ཤིག་གི་མིང་ཐོག་ཚད་ལ་རུབ་གཏོང་ག་ལ་རུང་། ཨ་ཁུ་རི་ཁྲོད་པ་ཟེར་ན། འོ་ཁ་ཐུར་དུ་འགྲོ་ལྟས། ར་རྦབ་དུ་འགྲིལ་ཟེར་བ་ལྟར། ཁྱོད་ཁ་དམྱལ་བར་འགྲོ་ལྟས། དཔེ་འཇོག་ས་དེའི་བཙོག་རེ་ལྟོས། ཁྱོད་ཀྱིས་སུ་བསྟོད་ནས་སུ་སྨད་ནི་ཡིན་ཟེར་ཨ་ཁ་ཁ། ང་ཚོའི་ཤེས་རྒྱུད་གཡག་རྭ་བཞིན་གྱོང་འདུག་ཚུལ་འདིར་བལྟས་ན། རྭ་འདྲ་བའི་ཆོས་ཤིག་ཉམས་སུ་ལེན་གི་ཡོད་ནི་ཞིག་དང་རིགས་གི །བནྡྷེ་གཅིག་ལ་བླ་རྒན་གཅིག་གིས་ཆོས་བསླབས་ནས་བླ་རྒན་ཚིག་པ་ཟོས་སྤྲོ་ལངས་ནས། དཔེ་ཆས་བནྡྷེའི་མགོ་ལ་བརྒྱབ་པས་གླེགས་ཤིང་དཀྱིལ་ནས་ཆགས་ཚེ། བནྡྷེ་ན་

p. 286

རེ། ཨ་ཧོ་འདི་ང་ལ་ཉན་རུང་ཆོས་རྡོ་རྗེ་གཅོད་པར་ཨེ་ཉན་ནམ་སྨྲས་པ་ལྟར། ངས་བླ་མ་དམ་པའི་གསུང་བཞིན་ཀུན་ལ་དད་གུས་སྐྱེ་ཕྱིར་ལུང་རིགས་ཀྱི་ལམ་ནས་ཆོས་ཅུང་ཟད་བཤད་པ། ཡར་གྱི་རྭ་སྣེ་དང་མར་གྱི་རྨིག་སྣེ་བརྗེས་ཞེས་དཔེ་ངན་བཞག་ནས་བཤད་པ་འདི་ང་ལ་ཉན་རུང་། རྗེ་བདག་ཉིད་ཆེན་པོ་དང་དཔལ་གསང་བའི་བདག་པོ་སོགས་ཀྱིས་ལྟ་བ་རྣམ་དག་མཐོན་པོ་ཡིན་ཞེས་ཞལ་གྱིས་བཞེས་པ་དང་། དབུ་རྫོགས་ཕྱག་གསུམ་གྱི་ཆོས་བཟང་པོ་ལ། འདི་ཟེར་ཨེ་ཉན་ནམ། རྒྱལ་དབང་རིན་པོ་ཆེས། ནམ་མཁའི་ཕ་མཐའ་གཞལ་དཀའི་སེམས་ཅན་གྱི། །དབང་པོ་དང་འཚམས་སྒྲིབ་གཉིས་གཉེན་པོ་རུ། །རྒྱལ་བས་ལེགས་གསུང་བགྲང་ཡས་ཆོས་ཕུང་ཚོགས། །བསྡུ་ན་རྒྱུ་འབྲས་ཐེག་པ་གཉིས་སུ་འདུ། །མཐའ་དག་འགྲོ་ལ་སྨན་པ་ཤ་སྟག་ལས། །དོན་མེད་དོན་ལོག་སྟོན་པར་མི་སྲིད་ཀྱང་། །མྱུར་དུ་སངས་རྒྱས་སྒྲུབ་ཐབས་གསང་སྔགས་ཀྱི། །ཉེ་ལམ་འདི་ཀོ་གཞན་ལས་ཁྱད་པར་འཕགས། །དེ་ཡི་ནང་ནས་ཐེག་པ་ཀུན་གྱི་རྩེ། །ཨ་ཏི་རྫོགས་པ་ཆེན་པོའི་མན་ངག་གིས། །ཕུང་པོ་འོད་སྐུར་ཚེ་འདིར་གྲོལ་ནུས་པས། །

p. 287

ལམ་འདི་བདེ་གཤེགས་རྣམས་ཀྱིས་བྱོན་པའི་ཤུལ། །ཞེས་རྙིང་ཕྱོགས་གསུང་དུས་རྫོགས་ཆེན་ཐེག་པ་ཀུན་གྱི་ཡང་རྩེ་ཡིན་ཞེས་གསུངས་འདུག །འདི་ཁྱོད་བློ་གྲོས་ཆེ། ཆོས་རྒྱ་ཆེན་པོ་སྦྱངས་པའི་སྟབས་ཀྱིས་མ་གོ་བ་ཨེ་ཡིན། ཁོང་རྣམས་ཀྱིས་འདི་འདྲ་གསུངས་པ་ཐམས་ཅད་པོ་གདུལ་བྱ་ལ་ཕན་པའི་དགོངས་གཞི་མང་པོ་ཡོད་པ་ཡིན་ཡང་། ཁྱོད་ཀྱིས་རྒྱལ་དབང་གིས་ཀྱང་གཉིས་བཤད་བྱས་འདུག་ཅེས་ཁ་མ་གཏོང་། ཕྱག་འཚལ། སྐུ་མཁྱེན། ཁྱོད་ཀྱི་བློ་གྲོས་ཆེ་ཞིང་། ཆོས་རྒྱ་ཆེན་པོ་སྦྱངས་པའི་ཧ་ད་གོ་གི་རེད་གོ །དེ་ཡིན་ན་ཁྱོད་ཀྱི་མགོ་འཇིག་རྟེན་ཆོས་བརྒྱད་མ་གཏོགས་གཞན་ང་འདྲའི་ཆོས་བཤད་ཀྱིས་བསྐོར་ག་ལ་ནུས། ད་ཁྱོད་སྤྲོ་མ་ལྡང་དང་ངེད་གཉིས་ཀྱི་བློ་གྲོས་ལྕགས་ངན་མ་རིག་ལོག་རྟོག་གི་གཡའ་ཞེན་པའི་སག་བརྡར་རྟུལ་པོ་འདི་འདྲས་རྒྱལ་བའི་གསུང་རབ་དགོངས་འགྲེལ་འཛམ་བུ་ཆུ་བོའི་གསེར་སྦྱངས་བཙོ་མ་ལྟ་བུ་བརྟག་དཔྱད་ཀྱིས་བརྡར་ནས་བླངས་པ་ཡིན་མ་སྙམ། བརྡར་ཟེར་བ་གཅིག་གོ་བ་བཟང་གི །ཁྱེད་དང་ངེད་གཉིས་ཀྱི་བློ་གྲོས་བརྡར་ངན་གྱིས། གསུང་

p. 288

རབ་གསེར་སྦྱངས་མ་ཆོད་ཚེ། བཟང་ཡང་འཕང་ཉེན་ཆེ་བས། དེ་བས་བློ་གྲོས་ངན་པའི་བརྡར་ངན་སུ་ལ་མ་སྟོན་པར་སྦོས། ཡིན་རུང་མིན་རུང་གསུང་རབ་ཡིན་ཟེར་ཚད་བླངས་ན་ཉེན་ཆུང་སྙམ། མདོ་སྡེ་དང་མི་མཐུན། འདུལ་བ་ལ་མི་སྣང་། ཆོས་ཉིད་དང་འགལ་ནི་ཁྱོད་ངེད་གཉིས་ཀྱིས་ཉིན་རེ་བཞིན་བཅའ་གི་འདུག་སྟེ་སུས་སྨྲས་ཀྱང་། དེ་མི་དོར་བར་བལྟས་ན་ཁ་རྗེ་ཆེ་གི །ལུང་རིགས་དང་མཐུན་ན་ལོངས་གསུངས་པ་ངེད་གཉིས་ཀྱི་བྱ་སྤྱོད་ལ་བལྟས་ན། གཅིག་ཀྱང་མི་མཐུན་པར་འདུག་པས་ལེན་རྒྱུ་ཞིག་མི་སྣང་། ད་ཁྱོད་ཀྱིས་བཤད་པ་ལྟར་ཁྱི་དང་གློ་བ་འཕྲད་པ་ལྟར། རྙེད་བཀུར་གྱི་སྟེང་དུ་རུབ་དང་བཟང་། ཆོས་ཀྱི་སྟེང་དུ་རུབ་ག་ལ་རུང་། དེ་ཁྱོད་བདེན། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བའི་ཕྱིར་རོ། །ཡང་ཁྱོད་ཀྱིས་བཤད་པ་ཕལ་ཆེར་ལུང་རིགས་དང་ཅུང་མཐུན་པས་ཁས་ལེན། ད་ཕྱག་རྫོགས་པའི་ལྟ་བ་རྣམ་དག་ཡིན་ཞེས་གཏན་ནས་ཁས་ལེན་མི་ཐུབ། ཁྱེད་ཀྱི་སེམས་ལ་མ་གནོད། སྔོན་མི་ཞིག་གི་གླུ་བླངས་ནས། འབྲོང་བྲེ་སེར་བློ་ཕུག་རྫ་ལ་གཏད། །རྫ་འགོ་རྡུགས་ཡིན་ནམ་མ་སྙམ་འདུག །

p. 289

སྟག་ངར་མའི་བློ་ཕུག་ནག་ས་ལ་གཏད། །ནགས་འདབ་ཟད་ཡིན་ནམ་མ་སྙམ་འདུག །མི་སྙོམ་ཆུང་བློ་ཕུག་དཔོན་ལ་གཏད། །དཔོན་གཉའ་གནོན་ཡིན་ནམ་མ་སྙམ་འདུག །ཟེར་བ་ལྟར་ཕྱག་རྫོགས་པས་ཁོ་བོའི་འདི་བཟང་སྙམ། བློ་ཕུག་གཏད་པའི་ལུང་འདྲེན་ཐམས་ཅད་ལ་རྗེ་ཐམས་ཅད་མཁྱེན་པས་འདི་གསུངས་འདུག །ཨ་ཁུ་རི་ཁྲོད་པ་ཁྱེད་ཀྱིས་བཤད་བཤད་ནས་ང་ལ་ཡོད། བར་སྐབས་འདིར་ག་ལེ་གྱིས། སྙན་ཚུར་ཅིག་གཡོར་དང་ཞུ་རྒྱུ་སྣང་། གང་ཡིན་ཤོད་དང་ཨང་ཟེར་ན། ཁ་སྦྱོར་ལས། སྟོང་པ་བསྒོམ་པར་མི་བྱ་སྟེ། །སྟོང་མིན་བསྒོམ་པར་མི་བྱ་འོ། །སྟོང་པ་མི་སྤོང་རྣལ་འབྱོར་པས། །སྟོང་མིན་ཡོངས་སུ་མི་སྤོང་ངོ་། །སྟོང་དང་མི་སྟོང་གཟུང་བ་ལ། །རྟོག་པ་ཉུང་མིན་སྐྱེ་བར་འགྱུར། །ཞེས་སྟོང་མི་སྟོང་གང་དུ་མི་འཛིན་པར་གསུངས་པ་དེ། ཀུན་རྫོབ་ཏུ་ཡང་མ་གྲུབ་པའི་ཆད་སྟོང་དང་། དོན་དམ་པར་མི་སྟོང་པར་འཛིན་པའི་རྟོག་པ་གཉིས་བསྒོམ་པ་བཀག་པ་ཡིན་གྱི། རང་བཞིན་མེད་པའི་སྟོང་ཉིད་དུའང་གཟུང་མི་རུང་བར་སྟོན་པ་མིན་ཏེ། ལུང་དེའི་གོང་དུ། །ཆོས་དབྱིངས་

p. 290

ཤིན་ཏུ་མཉམ་པ་ཉིད། །ཆུ་ཤིང་ལྟ་བུར་ཡོངས་སུ་བཟུང་། །ཞེས་སྙིང་པོའམ་རང་བཞིན་མེད་པར་གཟུང་བར་གསུངས་པའི་ཕྱིར་རོ། །བྱང་ཆུབ་སེམས་འགྲེལ་ལས། སྐྱེ་མེད་དང་ནི་སྟོང་ཉིད་དང་། །བདག་ཅེས་བྱ་བ་སྟོང་པ་ཉིད། །བདག་ཉིད་དམན་པ་གང་བསྒོམས་པ། །དེ་དེ་སྒོམ་པར་བྱེད་པ་མིན། །གསུངས་པ་དེ། སྟོང་ཉིད་བདག་མེད་པའི་དོན་ལ། བདེན་པར་འཛིན་མི་རུང་གསུངས་པ་ཡིན་ཏེ། འཇིག་རྟེན་ལས་འདས་པར་བསྟོད་པ་ལས། ཀུན་བརྟག་ཐམས་ཅད་བསལ་བའི་ཕྱིར། །སྟོང་ཉིད་བདུད་རྩི་སྟོང་མཛད་ན། །གང་ཞིག་དེ་ལ་ཞེན་གྱུར་པ། །དེ་ཉིད་ཁྱོད་ཀྱིས་ཤིན་ཏུ་སྨད། །ཅེས་གསུངས། རང་བཞིན་མེད་པར་གཟུང་མི་རུང་གསུངས་པ་མ་ཡིན་ཏེ། དེ་ཡིན་ན་ཤེར་སྙིང་ལས། ཕུང་པོ་ལྔ་པོ་དེ་དག་ལའང་རང་བཞིན་གྱིས་སྟོང་པ་རྣམ་པར་དག་པར་ཡང་དག་པར་རྗེས་སུ་བལྟའོ། །ཞེས་གསུངས་པ་ལ་སོགས་པའི་ལུང་དུ་མ་དང་འགལ་བའི་ཕྱིར་རོ། །ལུང་འདི་འདྲའི་རིགས་ཕྱིན་ཅི་ལོག་ཏུ་གོ་ནས། ཧྭ་ཤང་གི་རྗེས་སུ་འབྲངས་མཁན་མང་། ཞེས་གསུངས་འདུག་པས། ཕྱག་རྫོགས་པ་བསམ་བློ་

p. 291

ཐོངས། ལྟ་སྟངས་མཐོ་རུང་ལྟ་བ་མཐོ་རྒྱུ་མི་སྣང་། ཡང་ཨ་ཁུ་རི་ཁྲོད་པ་ཐམས་ཅད་མཁྱེན་པ་མི་མཁྱེན་དགུ་མཁྱེན་ཚང་ལ་ཕྱག་འཚལ་ལོ། །སྐྱབས་སུ་མཆིའོ། ལན་གསུངས་དང་ག་ལེ་བྱས་ཉན་ཟེར་ན། འདོད། དར་གཅིག་གསོན་དང་། མི་མཁྱེན་དགུ་མཁྱེན་ཁྱེད་ལྟར་མ་མཁྱེན་རུང་། རེ་རེ་གཉིས་གཉིས་ཤེས་ཡང་ཐང་། ཁྱོད་ཀྱིས་ཕྱག་རྫོགས་པ་བསམ་བློ་ཐོངས་ཚོ་ཟེར་ཤེད་ཀྱིས་མ་བཤད་དང་། ཕྱག་རྫོགས་པས་གསར་མ་བ་ཚང་མ་སྐྱེས་པའི་སྔོན་ཞིག་ནས་བསམ་བློ་བཏང་བཏང་བ་ཞིག་རེད། དེ་འཆུག་དོགས་མེད། ཨོ་རྒྱན་པདྨ་ཡང་རིག་པའི་གནས་ལྔ་མཁྱེན་པའི་པཎྜི་ཏ་ཞིག་ཡིན་རབ་ཡོད། བསམ་བློ་བཏང་བཏང་ནས་འཆི་མེད་རྡོ་རྗེའི་སྐུ་བརྙེས་སོང་། རྗེ་བཙུན་མི་ལ་རས་པ་ཡང་ཀུན་ཤེས་གཅིག་སྡུག་ཅིག་ཡིན་རབས་མེད། གཅིག་ཤེས་ཀུན་གྲོལ་ཞིག་ཡིན་རབས་ཡོད། བསམ་བློ་བཏང་བཏང་བས་ཚེ་གཅིག་ལུས་གཅིག་ལ་ཟུང་འཇུག་གི་སྐུ་བརྙེས་སོང་། དེ་བཞིན་དུ་ཕྱག་རྫོགས་པའི་བསམ་བློ་གཏོང་མཁན་ལ་དེའི་ཆ་འདྲ་བྱུང་འདུག་པས། རྗེ་བདག་ཉིད་ཆེན་པོའི་གསུང་

p. 292

རེའི་དགོངས་པ་མ་ལོན་པར་ཕྱག་རྫོགས་ཞེས་གཞན་ཐམས་ཅད་སྤྱི་བསྡུས་བྱས་ནས་ཁས་མ་གཏོང་དང་བཟང་། རྗེ་རིན་པོ་ཆེས་གདུལ་བྱ་བློ་ཁ་རབ་འབྲིང་ཐ་གསུམ་ཐད་ཀ་ཐད་ཀར་དགོངས་ནས་གསུངས་པས་གོང་འོག་ཏུ་ཁྱེར་མི་ཆོག་པ་མང་པོ་ཡོད། རྗེ་ཉིད་ཀྱི་གསུང་རེ་རེ་ཙམ་རྒྱལ་བའི་གསུང་རབ་ཐམས་ཅད་ཀྱི་ཐོག་མཐའ་བར་གསུམ་དུ་འཁྱེར་ན་ཨེ་འགྲིག་བསམ་བློ་ཐོངས། སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པས་ཀྱང་། སྐྱེས་བུ་ཆུང་ངུའི་བདེ་འགྲོ་དོན་གཉེར་གྱི་བློ། སྐྱེས་བུ་འབྲིང་ལ་འཁྲིད་དུས་བདེ་འགྲོ་དོན་གཉེར་གྱི་བློ་དེ་འདོར་དགོས་སམ་མི་དགོས། སྐྱེས་བུ་འབྲིང་གི་ཞི་བདེ་དོན་གཉེར་གྱི་བློ་སྐྱེས་ནས། སྐྱེས་བུ་ཆེན་པོར་འཁྲིད་དུས་སྐྱེས་བུ་འབྲིང་གི་སྐབས་ཀྱི་རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་དེ་འདོར་དགོས་སམ་མི་དགོས། སྐྱེས་བུ་ཆུང་འབྲིང་གི་བློ་དེ་མ་དོར་བཞིན་དུ། ཁྱེད་ཚོའི་བྱང་ཆུབ་ཀྱི་སེམས་བསྐྱེད་པ་ཨེ་ཡིན། འཇིག་རྟེན་ནའང་རྒན་གཞོན་བྱིས་པའི་ཁ་ཟས་གཅིག་ཡིན་ནམ། ཐ་དད་ཡིན། དེ་བཞིན་དུ་ལྟ་བ་ཡང་ལས་དང་པོ་པ་དང་། ཅུང་ཟད་བརྟན་པ་ཐོབ་པ། རབ་ཏུ་བརྟན་པ་ཐོབ་པའི་སྐྱོང་ཚུལ་མི་

p. 293

འདྲ་ཞེས་སྔར་རྒྱལ་དབང་ཐམས་ཅད་མཁྱེན་པས་མ་གསུང་ངམ། བསམ་བློ་མི་གཏོང་བར་གླེན་པས་ཨུ་ཚུག་བྱས་པ་དེ་འགྲོ་ས་གཅིག་དང་མི་འགྲོ་ས་ཀུན་ཡོད། དེ་བཞིན་ལྟ་བའི་སྐྱོང་ཚུལ་ཐམས་ཅད་མཐའ་གཅིག་ཏུ་བཟུང་ན། དེ་འགྲོ་ས་བརྒྱ་དང་མི་འགྲོ་ས་སྟོང་ཡོད། གཞན་ལ་ཁ་མ་གཏོང་བཏང་ན། བུ་ངན་སྐྱེས་ན་ཕ་ལ་བརྡུང་བ་ལྟར། ཨོ་རྒྱན་པདྨས་བསྟན་པ་བཙུག་པ་ལ་སྐུར་པ་བཏབ་ནས་དྲིན་ལན་ལོག་པར་གཞལ་བར་ཡང་འགྱུར། དཔེར་ན་ཆུ་མགོ་ནས་རྙོག་ཡོད་ན་མཇུག་ལྷག་པར་མི་དྭངས་པ་བཞིན། ཨོ་རྒྱན་པདྨའི་ལྟ་བ་གནད་དུ་མ་སོང་ན། ཁྱེད་ཚང་ཡང་མི་དག་པར་འགྱུར། གང་ལ་ཡིད་ཆེས་བློ་གཏད་གཅིག་མེད་པར་འགྱུར། སྔོན་མས་མ་མཁྱེན་སྨྲ་ན་ངོ་ཡང་ཚ། ཨོ་རྒྱན་དང་རྗེ་འབངས་ཐམས་ཅད་ཀྱིས་ལྟ་བ་གནད་དུ་མ་སོང་བར། འེ་ཚོས་གནད་དུ་སོང་བ་དེ་སུ་ལ་བཤད། གྲོལ་སོང་ན་གནད་དུ་མ་སོང་། མ་གྲོལ་ན་གནད་ལ་སོང་བ་ཡིན་ནམ་ཞེས་དྲིས་ན་ཁྱོད་ཀྱིས་ཅི་ཟེར་བསམ་བློ་ཐོངས། ཁྱེད་ཀྱིས་དྲིས་ལན་དངོས་ལ་ཕྱག་རྫོགས་པ་འགའ་རེས་འདི་སྐད་ཟེར་འདུག །

p. 294

ཁོང་ཚོའི་འདི་ཚིག་དོན་ཇི་བཞིན་པ་ཡིན་པས་འཆུགས་དོགས་མེད། མ་འཆུགས་པའི་རྟགས་སུ་ཁོང་ཚང་ལ་གངས་ཅན་འཛིན་མའི་ཁྱོན་འདི་དོགས་པོར་བགྱིད་ནུས་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་ནམ་མཁའི་སྐར་ཚོགས་ཙམ་བྱུང་། རྒྱལ་དབང་གིས་ཀྱང་། རྒྱ་བོད་གཉིས་ཀ་རྟོགས་གྲོལ་དུས་གཅིག་ཏུ། །བྱུང་བའི་ངོ་མཚར་ལོ་རྒྱུས་ཕ་མཐའ་ཡས། །གསུངས། བཤད་ན་བརྗོད་ཀྱིས་མི་ལང་། འཆུགས་ཡོད་མེད་གྲུབ་ཐོབ་ཀྱི་མང་ཉུང་རྩིས། བསམ་བློ་གཏོང་རྒྱུ་ཆོད་ཅིག་མེད། ཁྱེད་ཚང་གིས་འདི་འདྲའི་རིགས་མང་པོ་མཁས་པ་བཅའ་རྒྱུ་ཡིན་ཟེར། ཕྱིན་ཅི་ལོག་ཏུ་གོ་ནས། ཡར་སྐྱེད་ལས་མར་སྐྱེད་ཆེ་བ་བྱུང་། ཁྱེད་སང་ཁ་སྔ་བ་མ་གཏོགས། བསམ་བློ་གཏོང་ན་ཁྱེད་ཚང་ལ་ངེད་ཚོས་ཐོངས་ཞེས་བཤད་དགོས་པའི་ཚོད་དུ་འདུག་ཟེར། ད་ངས་བསམ་ན་དེ་ཡང་མ་རེད། འོ་ན་ཁྱོད་ཅི་ཟེར་ཟེར་ན་ངས་དེ་ཐམས་ཅད་བདེན་ཟེར། ཡ་རྒྱུ་མཚན་ཤོད་དང་ཉན་ནས་བསྡད་ཡོད་ཟེར་ན། སྤྱིར་མི་རྟོག་པ་གསུངས་པ་དེ་ཡང་། དགེ་བའི་ཕྱོགས་ལ་ཉིན་མཚན་དུ་རྟོག་ཅིང་དཔྱོད་པ་ལས། གཞན་མི་དགེའི་ཕྱོགས་ནམ་ཡང་ཡིད་ལ་མི་བྱེད་

p. 295

པའི་མི་རྟོག་པ། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་ཆོས་ཐམས་ཅད་མིང་གིས་ཕར་བཏགས་པ་མ་གཏོགས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་སྟོང་པར་ངེས་པའི་ངེས་ཤེས་དེ་ཉིད་ཀྱི་རྒྱུན་སྐྱོང་བ་ལས། གཞན་ཆོས་ཐམས་ཅད་ཚུགས་ཐུབ་བདེན་གྲུབ་ཏུ་འཛིན་པའི་བློ་ཐམས་ཅད་ཡིད་ལ་མི་བྱེད་པའི་མི་རྟོག་པ། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པར་གནས་ལུགས་སྟོང་པར་གཏན་ལ་ཕབ་ནས་སྒོམ་མཁན་གྱི་བློ་དེ་ཡང་རང་བཞིན་གྱིས་ཨེ་གྲུབ་དཔྱད་ནས། རང་བཞིན་རྡུལ་ཙམ་མེད་པར་སྟོང་པར་གྱུར་པའི་ངང་ལ་ཤེས་པ་ལྷོད་ཀྱིས་གློད་ཚེ། སྟོང་པ་ཡིན་པ་ལ་གསལ་ཞིང་དྭངས་པ། གསལ་སྟོང་དབྱེར་མེད་པ་ལ་ཁ་མཐོན་པོ་ནས་སྟོན་གནམ་གཡའ་དག་པ་ལ་བལྟས་པ་ལྟ་བུའི་གསལ་སིང་ངེ་བ་ཞིག་ཕར་བློ་ཡིས་བཅོས་པ་མ་ཡིན་པར། ཚུར་རང་བཞིན་ཤུགས་ཀྱིས་འཆར་བའི་ངང་དུ་མཉམ་པར་འཇོག་པ་ལས། གཞན་སྟོང་མི་སྟོང་སོགས་བཟང་ངན་གྱི་རྟོག་པ་ཕྲ་རགས་གང་ཡང་ཡིད་ལ་མི་བྱེད་པའི་མི་རྟོག་པ་སོགས་མང་བས། མཐའ་གཅིག་ཏུ་འཛིན་པ་ནི། དཔེར་ན་ནས་

p. 296

འབྲས་ཤིག་ལག་ཏུ་བཟུང་ནས་འབྲས་ཐམས་ཅད་འདི་འདྲ་ཡིན་དགོས། འདི་དང་མི་མཐུན་པ་འབྲས་མ་ཡིན་ཞེས་འབྲས་གཞན་དོར་བ་དང་འདྲ་བས། ཆོས་སྤོང་གི་ལས་ངན་པ་གསོག་པའི་རྩ་བ་ཡིན་ལ། དེ་བཞིན་དུ་ཐབས་དང་ཤེས་རབ་ལྟ་སྒོམ་སྤྱོད་པ་འབྲས་བུ་སོགས་ཀྱང་མཐའ་ཡས་པ་མཐའ་གཅིག་ཏུ་བཟུང་ནས། གཞན་འདོར་བ་ནི་ཐུབ་པའི་བསྟན་དགྲ་མ་རུངས་པ་ཞིག་བྱུང་བ་ཡིན་པས་གཞན་མ་སེམས། སྒོས་སུ་སངས་རྒྱས་ཀྱི་གསུང་རེ་རེ་ལ་ཡང་གོ་ལུགས་མི་འདྲ་བ་ཐ་དད་བྱུང་། གོ་ལུགས་མི་འདྲ་བ་རྣམས་ཀྱང་གོ་ལོག་གོ་བ་མ་ཡིན། དཔེར་ན་སྦྱིན་པ་གཏོང་མཁན་གྱིས་མི་དབུལ་པོ་ཆེ་ཆུང་མང་པོ་ལ་ཟས་སྣ་ཚོགས་སྦྱིན་པ་བཏང་ན། སྤྱིར་མི་ཐམས་ཅད་འཚོ་བའི་ཟས་ཡིན་མོད། མི་ཐམས་ཅད་ལ་ཟོ་ཞེས་བྱིན་ནིའང་ཡིན་མོད། འོན་ཀྱང་བྱིས་པས་དེ་ཚོད་ཀྱི་ཟས། རྒན་པས་དེའི་ཚོད་ཀྱི་ཟས་མ་ཟོས་ན། རྒན་པའི་ཟ་རྒྱུ་ཤ་ཐུད། བྱིས་པའི་ཁ་ནང་དུ་བརྫང་ན་ཟས་བཟང་ཡང་ལོག་པར་སོང་ནས་འཆི་བར་ཕ་མས་ཤེས་ནས་རེ་ཞིག་གི་བར་དུ་ཤ་ཐུད་མི་སྟེར་བར་རྩམ་ཉོགས་སོགས་བྱིན་ནས་གསོ་བ་ལྟར། རྒྱལ་བས་གདུལ་བྱ་

p. 297

རྣམས་ལ་སྤྱིར་ལྟ་བའི་སྒོ་མོ་མཐའ་ཡས་པ་གསུངས་པ་གདུལ་བྱ་གྲོལ་བའི་ལྟ་བ་ཡིན་མོད། དེ་བཞིན་ཉམས་སུ་ལོངས་ཞེས་གསུངས་པའང་ཡིན་མོད། འོན་ཀྱང་ཚེ་སྔ་མར་སྟོང་ཕྱོགས་ལ་གཏན་ནས་བློ་ཁ་མ་ཕྱོགས། ཐ་ན་རྣ་བས་ཀྱང་མ་གོ་བའི་སྐལ་དམན་དང་། ཚེ་འདིར་ཡང་ཆོས་ལ་བློ་ཁ་མ་ཕྱོགས། ཁྱད་པར་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་གནས་ལུགས་ཅུང་ཟད་ཀྱང་མ་རྟོགས་པའི་བྱིས་པ་ལྟ་བུ་ལ། ལྟ་བ་མཐོན་པོའི་སྐབས་ཀྱི་སྐྱོང་ཚུལ་ཤ་ཐུད་ལྟ་བུ་བསྟན་ན་ལོག་པ་ཡིན་པ་མཁྱེན་ནས། རྗེ་རིན་པོ་ཆེས། དེ་འདྲའི་གདུལ་བྱ་སྙིགས་དུས་འདིར་མང་བས་ཕན་ཆེ་བར་དགོངས་ནས། དེ་སྐད་གསུངས་པ་ཡིན། དེ་ཡང་ཐུགས་ཤིན་ཏུ་བདེན་དེ། བློ་བཟང་ཆོས་ཀྱི་ཉི་མའི་ཞལ་ནས། མཐོན་པོའི་ལྟ་བ་དེ་ལྟ་བུ་ནི། ཨོ་རྒྱན་ཆེན་པོ་སོགས་བྱོན་པའི་དུས་སྐབས་བཟང་པོའི་གདུལ་བྱ་དབང་པོ་ཡང་རབ་ཏུ་གྱུར་པ་དེ་དག་ལ་རྒྱུད་ཚོད་དང་འཚམ་པའི་དབང་གིས་མངོན་དུ་གྱུར་པར་སྣང་ཡང་། དེང་སང་གི་སྐྱེ་བོ་ཤེས་རྒྱུད་ཐ་མལ་ལས་ཅུང་ཟད་ཀྱང་མ་འཕགས་པ་དག་ལ། ལྟ་བ་མཐོན་པོ་

p. 298

དེ་ལྟ་བུས་ཕན་པ་ལས། གཅིག་ཤོས་སུ་འགྱུར་བའི་ཉེན་ཆེ་བར་སེམས་གསུངས། དབོན་སྟོན་རིན་ཆེན་སྒང་པས། ཆོས་རྒྱུད་དང་འཚམ་པར་མི་བྱེད་པར། །ཐེག་པ་ལ་མཐོ་སྙེགས་བྱེད་པ་འདི། །རྟ་རྒོད་ལ་བུ་ཆུང་བསྐྱོན་པ་འདྲ། །རང་རྒྱུད་དང་འཚམ་པ་འདི་གལ་རེ་ཆེ། །ཞེས་དང་། མདོ་ལས་ཀྱང་། བྱིས་དང་རྒན་པའི་ཁ་ཟས་ཐ་དད་བཞིན། །དེ་ཡི་ཆོས་ཀྱི་རང་བཞིན་ཐ་དད་དོ། །ཞེས་དང་། གཞན་ཡང་། རྣལ་འབྱོར་པ་ཡི་བློ་ཁྱད་ཀྱིས། །གོང་མ་གོང་མ་དག་གིས་གནོད། །གསུངས་སོ། དེ་འདྲའི་རིགས་ཅན་ལ་ཕྱག་རྫོགས་པའི་བླ་མ་མཁས་པས་ཀྱང་། ལམ་ལ་རིམ་པས་སློབ་ཏུ་འཇུག་པའི་དགོངས་པ་མཐུན་ནོ། །དཔེར་ན་མས་ཆུང་ནས་བསྐྱངས་པའི་བུ་གཞོན་ནུ་ལང་ཚོ་དར་ལ་བབ། བསམ་ཤེས་གང་དུ་སོང་ནས་བསྡད་ཀྱང་རང་ཚུགས་ཐུབ། བླང་དོར་ཤེས་པ་ལ་ཤ་ཐུད་སོགས་སྟེར་བ་ལྟར། ཚེ་སྔོན་མར་ལམ་ལ་ཡང་དང་ཡང་དུ་སྦྱངས་སྦྱངས་པས་གྲོལ་ལ་ཁད་ཀྱི་སྐལ་ལྡན་ལས་འཕྲོ་ཅན་དང་། ཚེ་འདིར་ཡང་མཚན་ལྡན་གྱི་བླ་མས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པས་རྒྱུད་སྦྱངས། ཆོས་ཐམས་ཅད་སྒྱུ་མ་

p. 299

རྨི་ལམ་ལྟར་རང་བཞིན་གྱིས་མ་གྲུབ་ཅིང་། ནམ་མཁའི་འཇའ་སྤྲིན་ལྟར་སེམས་ཀྱི་རོལ་པ་ཡིན་པ་ལ། ལུང་རིགས་ཀྱིས་ངེས་ཤེས་དྲངས། འཁོར་འདས་ཀྱི་རྩ་བ་རང་སེམས་སྐྱེ་འགག་གནས་གསུམ་དབྱིབ་ཁ་དོག་གང་དུ་ཡང་མ་གྲུབ་པར། ནམ་མཁའ་ལྟར་སྟོང་གསལ་འཛིན་མེད་དུ་སྒྲོ་འདོགས་བཅད། ངེས་ཤེས་འདྲོངས་ནས་འཁོར་འདས་གང་ལ་ཉམ་ང་བག་ཚ་མེད་པའི་རྣལ་འབྱོར་དུ་གྱུར་ཚེ་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་གནས་ལུགས་སྟོང་གསལ་མཐའ་དབུས་དང་བྲལ་བའི་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་དེར་བློས་འཛིན་རྩོལ་དང་བྲལ་བར་འཇོག་སྒོམ་བྱེད་དུ་འཇུག་པ་ཡིན་ཏེ། དེ་ལ་དགོངས་ནས། བྲམ་ཟེ་ཆེན་པོ་ས་ར་ཧའི་ཞལ་ནས། དངོས་པོར་ལྟ་བ་ཕྱུགས་དང་འདྲ་བ་སྟེ། དངོས་མེད་ལྟ་བ་དེ་ལས་ཤིན་ཏུ་བླུན། །ཞེས་དང་། རྟོག་གེ་དགོས་པ་མེད་ཀྱི་སྔ་རབས་ཆོག་པར་ཟད། །གང་ལ་དམིགས་ཀྱང་དམིགས་པ་དེ་ཡིས་ཐར་པ་བསྒྲིབ། །བཟང་པོར་བཏགས་ཀྱང་དེ་ཡི་ནད་ཀྱིས་དམན་པར་ལྟུང་། །དམན་པའི་ལས་ལ་སྤྱད་པའི་རྣམ་སྨིན་རྒྱུན་མི་འཆད། །ཅེས་དང་།

p. 300

གང་ཞིག་རྟོག་གེའི་ལམ་ནས་ཆོས་ཉིད་ལ་འཁྲིད་ན། །དེ་ཉིད་ཐུབ་པའི་བསྟན་ལ་ཆོས་སྲིད་ཉམས་པའང་ཡིན། གསུངས། རྗེ་མི་ལས། ལར་སྒོམ་པ་ཉིད་ཀྱང་རྟོག་པ་ལ། །མི་སྒོམ་པ་ཡང་རྟོག་པ་སྟེ། །སྒོམ་དང་མི་སྒོམ་གཉིས་སུ་མེད། །གཉིས་འཛིན་ལྟ་བ་འཁྲུལ་པའི་གཞི། །མཐར་ཐུག་དོན་ལ་ལྟ་བ་མེད། །འདི་ཀུན་སེམས་ཀྱི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དཔེར་བཞག་ནས། །དོན་ཆོས་ཉིད་གཏན་ལ་འབེབས་པ་ཡིན། །ད་ཁྱོད་ལྟ་བ་བློ་འདས་ཀྱི་དོན་ལ་ལྟོས། །སྒོམ་པ་ཡེངས་མེད་ཀྱི་ངང་དུ་ཞོག །སྤྱོད་པ་ཤུགས་འབྱུང་འགག་མེད་སྐྱོངས། །འབྲས་བུ་རེ་དོགས་ཐ་སྙད་སྤོངས། །གསུངས། དྭགས་པོ་ཆེན་པོའི་ཞལ་ནས། བསྒོམ་བྱ་སྒོམ་བྱེད་གཉིས་དང་བྲལ། །གཉིས་འཛིན་མདུད་པ་ཞིག་སྟེ་ཐལ། ཞེས་དང་། གྲུབ་ཆེན་གླིང་རས་པས། ནམ་མཁའ་ལྟ་བུའི་རྣལ་འབྱོར་བས། །སེམས་སྤྲོས་དང་བྲལ་བའི་ངང་ལ་ཞོག །ཅེས་དང་། མདོ་སྡུད་པ་ལས། ཕུང་འདི་སྟོང་ཞེས་རྟོག་ནའང་བྱང་ཆུབ་སེམས་དཔའ་ནི། །མཚན་མ་ལ་སྤྱོད་སྐྱེ་མེད་གནས་ལ་དད་མ་ཡིན། །ཞེས་དང་། སྐྱེ་བ་མེད་དང་

p. 301

སྐྱེ་བ་གཉིས་ཀར་མི་རྟོག་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། །ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། གཟུང་བ་དང་ནི་འཛིན་པ་ཡི། །དམིགས་པ་ཐམས་ཅད་རྣམ་སྤངས་ཏེ། །སེམས་ཉིད་བསམ་དུ་མེད་པས་ན། །ཅི་ཡང་བསམ་པར་མི་བྱ་འོ། །སེམས་ཉིད་སྟོང་པར་བཅུག་ནས་ནི། །སྟོང་པའང་སེམས་སུ་རབ་བཅུག་ནས། །སྟོང་དང་མི་སྟོང་སོགས་རྣམ་རྟོག །བཅོམ་པས་ནམ་མཁའ་ལྟ་བུར་འགྱུར། །སྒོམ་པ་ཉིད་ཀྱང་རྟོག་པ་སྟེ། །མི་སྒོམ་པ་ཡང་རྟོག་པ་ཡིན། །བསྒོམ་དུ་རྡུལ་ཙམ་མེད་པ་ལ། །ཡེངས་སུ་སྐད་ཅིག་མེད་པ་འོ། །འོད་གསལ་དེ་ལ་སེམས་ཟིན་ན། །གཟུང་འཛིན་དགྲ་ཡི་གཡུལ་རྣམས་འཇོམས། །ཕྱོགས་བཅུའི་འཇིག་རྟེན་ཁམས་བཅས་པའི། །དཔའ་བོ་མཁའ་འགྲོས་མཆོད་པའི་གནས། །ཞེས་དང་། སམྦུ་ཊ་ལས། སྟོང་པ་ཉིད་དུ་མི་སྒོམ་སྟེ། །མི་སྟོང་པ་ཡང་སྒོམ་པ་མིན། །སྟོང་དང་མི་སྟོང་འཛིན་པ་ལས། །ཐ་མལ་པ་ཡི་རྣམ་རྟོག་སྐྱེ། །སྟོང་པ་ཞེས་བྱའང་རྟོག་པ་སྟེ། །མི་སྟོང་པ་ཡང་རྟོག་པ་ཡིན། །དེས་ན་འདི་གཉིས་སྤང་བར་

p. 302

བྱ། །འཛིན་པ་གཉིས་ནི་ཡོངས་བཏང་ན། །རྣམ་པར་དག་ཅིང་གྲོལ་བའི་གནས། །གང་ནའང་སྒོམ་པ་པོ་མེད་དེ། །སྒོམ་པ་གང་ནའང་ཡོད་མ་ཡིན། །བསྒོམ་བྱ་ཅུང་ཟད་ཡོད་མིན་པ། །དེ་ནི་དེ་ཉིད་སྒོམ་པར་བརྗོད། །རྣམ་རྟོག་རྨོངས་པ་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་འགྱུར། །ཞེས་སྟོང་འཛིན་གྱི་བློ་དེ་དང་ཁྲོལ་ལ། སྟོང་གསལ་མཐའ་དབུས་བྲལ་བའི་ཉམས་དེའི་ངང་ལ་ཞོག་ཅེས་གསལ་བར་གསུངས་ཏེ། སྟོང་ཉིད་དངོས་པོར་འཛིན་མི་རུང་། རང་བཞིན་གྱིས་མ་གྲུབ་པར་ཟུང་ཞེས་མ་གསུངས་པའི་ཕྱིར་རོ། །འདི་ཡང་འདིའི་སྐབས་མ་གཏོགས་གང་ཟག་རབ་འབྲིང་ཐ་གསུམ་གྱིས་ཐོག་མཐའ་བར་གསུམ་དུ་འདི་ལྟར་གྱིས་ཞེས་གསུངས་པ་མ་ཡིན་པ་ཧ་གོ་དགོས། སྐབས་འདིའི་སྐྱོང་ཚུལ་འདི་ཟབ་མོ་དབུ་མའི་ལྟ་བ་མཐོན་པོར་སོན་སྐབས་ཀྱི་སྐྱོང་ཚུལ་ཇི་བཞིན་པ་དང་། རྗེ་བདག་ཉིད་ཆེན་པོའི་དགོངས་པ་ཐུན་མོང་མ་ཡིན་པའི་ཉམས་བཞེས་ཀྱང་ཡིན་ཏེ། རྗེ་ཉིད་ཀྱི་དོ་ཧ་སོགས་ནས་བཤད་པ་སྔགས་ལམ་མཐོན་པོའི་སྐབས་ཀྱི་ཉམས་

p. 303

ལེན་ཡིན་ཞེས་ཞལ་གྱིས་བཞེས་ཤིང་། ཁོང་གིས་ལྟ་བའི་དོགས་པ་མ་ཆོད་པ་གསང་བདག་གི་གསུང་བདུད་རྩི་སྨན་མཆོག་ཉམས་བཞེས་སུ་གནང་ནས་ཆོད་པ་ཡིན། དེ་ཕྱག་རྫོགས་ཀྱི་ལྟ་བ་ཇི་བཞིན་པ་ཡིན་པའི་ཕྱིར་རོ། །ཡང་འགའ་རེས་ཞུས་ལན་བདུད་རྩི་སྨན་མཆོག་ལ། རྫོགས་ཆེན་པ་གཅིག་གིས་ཆུ་དང་འོ་མ་བཞིན་བསྲེ་སླད་བརྒྱབ་འདུག་ཟེར་བ་དེ་ལ། དགོངས་གཞི་འདྲ་ཡོད་ནས་དེ་སྐད་སྨྲས་པ་ཡིན་ན་སྐྱོན་མི་གདའ། དེ་མིན་ན་ཆོས་རྒྱ་ཆེན་པོ་མ་སྦྱངས་པའི་རང་མཚང་ཕྱིར་བསྟན་པ་ཡིན་པས་བཙོག །ཁྱོད་ཀྱི་རྣམ་རྟོག་རབ་རིབ་དང་མི་མཐུན་པ་ཐམས་ཅད་མིན་ན། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ཁྱོད་ཀྱི་སྔོན་དུ་འཇོག་རྒྱུ་ཡིན་ན། མིན་ནི་མང་པོ་འབུད་ས་སྣང་། ཡང་འོ་ན་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་སྔོན་མེད་ལེགས་བཤད་སྙན་བརྒྱུད་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག་ན། ཕྱག་རྫོགས་སོགས་ཞི་གནས་ཀྱི་ཕྱོགས་ལ་བསྡུར་རུང་ཚོམ་འཇོག་ལྟ་བ་ལྟར་སྣང་ཐམས་ཅད་ལ་ཞི་གནས་མཛད་ནས། དེ་སེམས་ཀྱི་ཀུན་རྫོབ་ངོ་སྤྲོད་ཚུལ་ཡིན་ཞེས་ཆོས་ཀྱི་རྒྱལ་མཚན་གྱི་

p. 304

སྨྲས་གསུངས་པ་དེ་ཁྱོད་ཀྱིས་ཕྱག་རྫོགས་ཀྱི་ལྟ་བ་འདི་མཐོ་སར་བཞག་ནས་བཟུང་ཚུལ་བཟང་རབས་བརྗོད་ཚུལ་འདི་ལ་བལྟས་ན། པཎ་ཆེན་ཐམས་ཅད་མཁྱེན་པས་ཀུན་མཁྱེན་ཀྱང་འདི་མ་མཁྱེན་ན་འཆུག་སོང་ནི་ཡིན་རྒྱུ་རེད། ཁོང་ལ་ཅི་བྱུང་། ཨ་ཧོ་གོང་དུ་འཇོག་རྒྱུ་རེད་དོ། ཁྱོད་ཀྱིས་བཞག་པ་དེ་བཟང་། ཁྱོད་སྔར་མེད་པའི་མི་མཁྱེན་དགུ་མཁྱེན་པའི་ལྟས་ངན་རལ་པ་ཅན་ཞིག་བྱུང་། དགེ་སློང་ཆོས་གོས་རལ་པ་ཅན། །ཞྭ་སེར་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་ཟློག །ཅེས་ལག་པ་ཐལ་མོ་བརྡབ་ནས་ཧ་བགད་རིང་ཐུང་མང་པོ་བྱས། ལན་ཐོངས་ཤོག་ཡ་ཟེར་ན། ཨ་ཧོ། ཁྱོད་ཅི་ལ་བགད་ནི་ཡིན། ངས་ཁྱོད་ལ་སྔར་སྐྱེས་བུ་དམ་པའི་དགོངས་པ་ལོན་དཀའ། མི་ལོན་བརྗོད་ལ་ཞེས་ཡང་ཡང་མ་བཤད་དམ། ད་ཁྱོད་ཀྱིས་པཎ་ཆེན་རིན་པོ་ཆེའི་གསུང་གི་དགོངས་པ་མ་ལོན་པར་ང་ལ་མི་མཁྱེན་དགུ་མཁྱེན་གྱི་ལྟས་ངན་ཚང་ཚོ་ཟེར་ཁ་བཏང་ནས་ཧ་བགད་བྱས་ཀྱང་། ཆད་ན་སྦད་སྒྲ་དང་། ལྷུང་ན་སྡིག་སྒྲ་མི་གྲག་པ་ཁྱོད་ཀྱི་ཁེ་ཡིན་མོད། འོན་ཀྱང་པཎ་ཆེན་རིན་པོ་ཆེའམ། ཡང་ན་དཔལ་ས་ར་ཧ་

p. 305

སོགས་སྔོན་བྱོན་དམ་པ་མང་པོའི་གསུང་སྨད་ན། དཀོན་མཆོག་གི་དབུ་འཕང་སྨད་པར་འགྱུར་བས། ཁྱོད་ལས་གོ་ད་བགད་བགད་པའི་མཐར་ཕྱིན་ནས་ངུ་རྒྱུ་ཞིག་མི་འོང་བའི་ཕྱིར། ཡང་ངས་ཁྱོད་ལ་ལྷག་བསམ་བཟང་པོ་མེད་རུང་ཡོད་ཡོད་ལྟར་བྱས་ནས། སངས་རྒྱས་སྣང་བ་མཐའ་ཡས་ཀྱི་སྤྲུལ་པ་པཎ་ཆེན་ཐམས་ཅད་མཁྱེན་པ་མཚན་སྙན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་ཞབས་ལ་ཕྱག་བྱས་ནས། དགོངས་པ་ཅུང་ཟད་བཤད་པས། ཁྱོད་ཀྱིས་ཁོག་སྙིང་ནས་ཁྱིས་གཏོང་མོད། འོན་ཀྱང་རྣ་བས་དར་གཅིག་ཉོན་དང་། ཁྱོད་ལ་མི་ཕན་ཀྱང་གཞན་ལ་ཕན་ཡང་ཐང་། པཎ་ཆེན་གྱི་གསུང་དེ་ཕྱག་རྫོགས་སོགས་གཞན་གྲུབ་མཐའ་སྤྱི་ཡོངས་སུ་རྫོགས་པ་ཞི་གནས་ཙམ་ཡིན་པས་ཞི་གནས་བྱས། བདེ་གསལ་མི་རྟོག་པའི་ཏིང་འཛིན་བྱུང་ཚད་ཐམས་ཅད་པོ་སེམས་ཀྱི་ཀུན་རྫོབ་ངོ་སྤྲོད་ཚུལ་ཡིན་ནས་དེ་སྐད་གསུངས་པ་ག་ལ་ཡིན། ཁོང་གིས་མཛད་པའི་ཕྱག་ཆེན་ཁྲིད་ཡིག་གི་ལྟ་བའི་ཐད་ན། གཞན་ལུགས་ཐམས་ཅད་ཀྱི་འདོད་པ་བརྗོད་ནས་འདི་ཐམས་ཅད་ཀྱིས་དངོས་སམ་བརྒྱུད་ནས། མཐར་ཐུག་རྣམ་

p. 306

པར་མི་རྟོག་པའི་ཡེ་ཤེས་སམ། ཆོས་སྐུ་མངོན་དུ་བྱེད་པའི་ཐབས་ཤ་སྟག་ཡིན་པས་དོན་གྱི་དགོངས་པ་ཕྱོགས་གཅིག་ཏུ་འབབ། ཅེས་གསུངས། ཁྱད་པར་དཔལ་ས་ར་ཧས་མཛད་པའི་དོ་ཧ་སོགས་ནི་སྔགས་ལམ་མཐོན་པོའི་སྐབས་ཀྱི་ཉམས་ལེན་ཡིན། ཞེས་རྗེ་རིན་པོ་ཆེས་གསུངས་པ་ཁོང་གིས་ཀྱང་ཐག་བཅད་ནས་ཞལ་བཞེས་གནང་བའི་ཕྱིར་རོ། ཁྱོད་ཀྱིས་པཎ་ཆེན་རིན་པོ་ཆེའི་གསུང་ཕྱག་རྒྱ་ཆེན་པོ་སྔོན་མེད་ལེགས་བཤད་ཡིན་ཞེས་ཆེ་བ་བརྗོད་པ་ཡ་མཚན་ཆེ་ཡང་། ཉམས་སུ་ལེན་པ་ཕར་ཞོག་ཞིབ་ཏུ་ཡང་གཅིག་མ་བལྟས་དགོངས་པ་མ་ལོན་པར། པཎ་ཆེན་གྱི་གསུང་ངམ་གཞན་གང་རུང་ཞིག་ཁ་གཏོང་དགོས་བྱུང་བ་ཁྱོད་ཀྱི་མཚང་དུ་ཆེ། དེ་ཁྱོད་ལ་ཁག་མེད། ང་རྒྱལ་གྱི་རི་མཐོ། ཆགས་སྡང་རྨོངས་གསུམ་གྱི་སྤྲིན་འཐུག །ཕྲག་དོག་གི་རླུང་ཚུབ། ཕྱོགས་རིས་ཆགས་སྡང་གི་ཆར་འབབ་གི་བསྡད་ནས། ཁྱོད་ཀྱི་ཤེས་རབ་ཀྱི་མིག་གིས་ཅི་ཙམ་བལྟས་ཀྱང་། པཎ་ཆེན་ཐམས་ཅད་མཁྱེན་པའི་ལེགས་བཤད་དྲི་མེད་ཀྱི་ནམ་མཁའ་སྔོ་ཀྱི་ལེ་ལེ་ཡོད་པ་ལ། གྲུབ་མཐའ་ཆེ་ཆུང་ཉི་ཟླ་གཟའ་སྐར་ཐམས་ཅད་སོ་སོར་མ་འདྲེས་

p. 307

པར་བཀྲ་ས་ལེ་ཤར་བ་ཁྱོད་ཀྱིས་མ་མཐོང་བ་ཡིན་པས། ད་ངས་ཁྱོད་ལ་རྗེན་ལ་ཕུད་ནས་སྟོན་པས་ལྟོས་ཤིག །པཎ་ཆེན་རིན་པོ་ཆེས། དེ་གང་ལ་དགོངས་ནས་གསུངས་ན། རྒྱལ་དབང་ཐམས་ཅད་མཁྱེན་པས་ཕྱག་ཆེན་གྱི་བླུན་པོ་ཁ་ཅིག་ལེགས་ལམ་ལ་འགོད་ཕྱིར་ལྷག་བསམ་བཟང་པོས་སྨོད་ཚིག་ཏུ་སྡོམ་གསུམ་གྱི་ལུང་འདྲེན། བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་དུད་འགྲོའི་རྒྱུ་རུ་གདའ། །གསུངས་པ་དང་། ཁོང་གིས། དེང་དུས་ཕྱག་ཆེན་ཟེར་བའང་སེམས་གནས་ཙམ། །ལྟ་བ་ཡིན་གྱི་ཕྱག་ཆེན་དངོས་གནས་མིན། །གསུངས་པ་དང་། རྗེ་རིན་པོ་ཆེས། སྟོང་ཉིད་བསྒོམ་པའི་མི་རྟོག་པ་ཞིག་དང་། སྟོང་ཉིད་ཅུང་ཟད་ཀྱང་མ་རྟོགས་པའི་མི་རྟོག་པ་གཉིས་ཡོད་གསུངས་པའི་ནང་ནས། སྟོང་ཉིད་ཅུང་ཟད་ཀྱང་མ་རྟོགས་པའི་མི་རྟོག་པར་འཇོག་པ་དེ་ལ་དགོངས་ནས་དེ་སྐད་གསུངས་པ་ཡིན་ལ། དེ་ལྟར་མི་འདོད་ན། རྗེ་རིན་པོ་ཆེས། སྟོང་ཉིད་སྒོམ་པས་མི་རྟོག་པར་བཞག་པ་བླང་བྱར་བསྟན་པ་དེ་ཡང་མིན། དོ་ཧ་སོགས་ནས་བཤད་པ་ལྟ་བ་མཐོ་ཞེས་ཁོང་རྣམ་གཉིས་ཀྱིས་ཞལ་

p. 308

བཞེས་གནང་བ་དེ་ཡང་མིན། ས་ར་ཧ་པ། པདྨ་འབྱུང་གནས། མི་ལ་རས་པ། ཕ་གཅིག་དམ་པ། མ་གཅིག་ལབ་སྒྲོན། ནམ་མཁའ་རྒྱལ་མཚན་སོགས་སྔོན་མཁས་གྲུབ་ཚད་ལྡན་གྱི་ལྟ་བ་ཡང་ཞི་གནས་ཙམ་ཡིན། སེམས་ཀྱི་ཀུན་རྫོབ་ཙམ་མིན་པ་མ་རྟོགས་ཞེས་སྐུར་པ་བཏབ་པར་འགྱུར་བས། ཁྱོད་ཀྱིས་གོ་ལུགས་དེ་ཁམས་རེ་ཆེ་གི །ཁྱེད་ལ་སློབ་མ་འདྲ་ཡོད་ན་གདམས་པ་བསྟན་པ་ཙམ་གྱིས་དད་གུས་དག་སྣང་ཚོ་བྲལ་གི་བྲལ་གི་འགྲོ་ས་སྣང་། གདམས་ངག་ཟབ་མི་ཟབ་རང་གི་རྒྱུད་སྟེང་ནས་འཇོག་སྟེ། རྗེ་སྐལ་ལྡན་རྒྱ་མཚོས། ཆོས་རང་རང་མོས་པའི་ངོ་ན་ཟབ། གསུངས། གང་ཤར་རང་གྲོལ་གྱིས། གདམས་ངག་ཟབ་བམ་མི་ཟབ་དེ། །རང་གི་སྙིང་རུས་ཆེ་ཆུང་ཡིན། །གསུངས་པ་ལྟར། དད་མོས་སྙིང་རུས་ཆེ་ན་ཆོས་གང་ཡིན་ཡང་ཟབ། ཁྱེད་ངེད་གཉིས་ཀྱི་རྒྱུད་ལ་བལྟས་ན། པཎ་ཆེན་རིན་པོ་ཆེས་གསུངས་པའི་གདམས་པ་ཟབ་མོ། དོན་དམ་གྱི་ལྟ་བ་ཡང་། ཉམས་སུ་ལེན་རྒྱུ་འདྲ་ཞིག་ཡིན་ན། ཀུན་རྫོབ་ལས་མི་ཚད། ཀུན་རྫུན་དུ་གཏོང་ས་སྣང་། པཎ་ཆེན་རིན་པོ་ཆེས། སེམས་ཀྱི་ཀུན་རྫོབ་ངོ་སྤྲོད་

p. 309

ཚུལ་ཡིན་གསུངས་པ་དེ་ཡང་ངན་ཤོས་ཤིག་མིན་ཏེ། དཔེར་ན་རལ་གྲིའི་འཕྲུལ་འཁོར་ཤེས་པར་འདོད་པས་ཐོག་མར་ཤིང་གི་རལ་གྲི་ལ་མ་བསླབ་པར་ག་ལ་ཤེས། དེ་བཞིན་དུ་ཀུན་རྫོབ་ལ་མ་བརྟེན་པར་དོན་དམ་རྟོགས་ག་ལ་ནུས། དེས་ཀྱང་ནམ་ཞིག་རྟོགས་ཞེས་ཤུགས་ཀྱིས་གསུངས་པ་ཡིན། དཔེར་ན་མེ་ཞིག་གི་སྟེང་དུ་རྩྭ་ཤིང་ཆག་ཆོག་མང་པོ་བཞག་ནས་ཡུན་རིང་རྨུགས་ན་སེར་བུ་ཅུང་ཟད་རེའི་རྐྱེན་བྱས་ནས་འུར་གྱིས་འབར་བའམ། ཡང་ན་ཁོལ་མོ་གཅིག་གཉིས་ཙམ་བརྒྱབས་པས་མེ་ལྕེ་འུར་གྱིས་འབར་ནས་དངོས་པོ་སྲེག་པ་ལྟར། རང་སེམས་མེ་ལྟ་བུའི་སྟེང་དུ། ཞི་གནས་རྩ་ཤིང་ཆག་ཆོག་ལྟ་བུས་བཀབ། རྣམ་རྟོག་མེ་སྟག་ལྟ་བུ་འཆལ་དུ་བཅུག །སེམས་ནང་དུ་བསྡུས་ནས་མེ་ངར་ལངས་པ་ལྟར་བྱས་པ། བླ་མའི་བྱིན་རླབས་སེར་བུ་ལྟ་བུས་རྐྱེན་བྱས། ལྷག་མཐོང་མེ་ལྟ་བུ་འུར་གྱིས་འབར་བའམ། མ་འབར་ཡང་སོ་སོར་རྟོགས་པའི་དཔྱད་པ་ཁོལ་མོ་ལྟ་བུ་གཉིས་གསུམ་ཙམ་བརྒྱབས་པས་དཀའ་ལས་མེད་པར་ལྷག་མཐོང་མེ་ལྟ་བུ་འབར་ནས་ཉོན་མོངས་པའི་བུད་ཤིང་མ་ལུས་

p. 310

བསྲེག་པར་འགྱུར་བའི་ཕྱག་རྫོགས་བླུན་པོ་ཚོ་ཡང་། ཁྱོད་ཀྱིས་མ་ཤེས་ལོག་རྟོག་དུག་ཆུ་འཐུང་། ཆགས་སྡང་གི་ན་ཟུག་དྲག་པོ་ལངས། ངན་སྨྲས་ཚིག་རྩུབ་ཀྱི་གཤང་གཅི་དབང་མེད་དུ་ཤོར་ནས་མི་བརྗོད་བདག་བརྗོད་བྱེད་པ་ལས་དགའ་བ་ཡིན། ད་རང་སེམས་གླང་ཆེན་སྨྱོན་པ་རྙེད་བཀུར་གླང་མོའི་ཕྱིར་དུ་རྒྱུག་ཞོར་ལ། རང་གཞན་དགེ་བའི་པད་ཚལ་མ་བཅོམ་དང་བཟང་། ཁྱོད་ཀྱིས་གཞན་སྐྱེས་བུ་དམ་པ་མཁས་གྲུབ་དུ་མས་མི་མཁྱེན་པའི་བརྣབ་སེམས་གནོད་སེམས་ལོག་ལྟ་གསུམ། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། ང་རྒྱལ་ཕྲག་དོག་སེར་སྣ་གསུམ་དང་། དགུ་པོ་འདི་ཁྱོད་ཀྱིས་མཁྱེན་ནས་རྒྱུན་དུ་ལག་ལེན་ལ་འདེབས་པར་འདུག་པས། ཁྱོད་ལ་བལྟས་ན་ང་ལ་དད་གུས་དག་སྣང་གསུམ་མིན་མི་སྣང་བས། མི་མཁྱེན་དགུ་མཁྱེན་གྱི་ཆོ་ལོ་འདིང་བས་ཁྱོད་ལ་མཛེས་རྒྱུ་མེད་རུང་། འབྱོར་བར་འདུག་པས་བར་སྐབས་གི་ཁྱོད་ཀྱིས་ལོངས་དང་། ངས་ཁྱོད་ཀྱི་ལད་མོ་བྱས་ནས་བཟློག་པ་རྒྱག །བྷྱོ། དགེ་སྦྱོང་མགོ་བྲེགས་ཆགས་སྡང་ཅན། །དགེ་ལྡན་བསྟན་པའི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་ཟློག །

p. 311

དགེ་སློང་ཆོས་གོས་བུད་མེད་ཅན། །དགེ་འདུན་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་ཟློག །དགེ་བཤེས་དད་མེད་ལོག་ལྟ་ཅན། །དགེ་སྒྲུབ་ཡོངས་ཀྱི་ལྟས་ངན་ཡིན། །དེ་ཡང་དམར་ཆེན་གཏོར་མས་ཟློག །དེ་མ་ཡིན་པའི་ཁྱོད་ཀྱིས་ང་ལ་བཤད་པ་དེ་འདྲའི་ལྟས་ངན་བཟློག་བསྒྱུར་བརྒྱ་དགོས་ན་སྟོང་འདུག་ཏེ། འདི་གསུམ་རྩ་བ་ཡིན་པས་བཟློག་ནུས་ན་གཞན་ཤུགས་ཀྱིས་ཁེག་འགྲོ་བས་མ་བཤད། ཤེས་ན་ང་ལྟས་ངན་ཆུང་། ཁྱོད་ལྟས་ངན་ཆེ། འདིས་རི་བོ་དགེ་ལྡན་པའི་བསྟན་པ་ལ་གནོད་མི་གནོད་ཐེ་ཚོམ་མེད། བློ་གྲོས་ཅན་ཐམས་ཅད་ཀྱིས་བཟློག་པ་འདི་ལ་འབད་པ་གལ་ཆེ། ད་ཁ་ཤག་འཐབ་ནས་ཅི་བྱ། ཁྱོད་ཀྱི་བྱང་ཁོག་སྟོད་ཀྱི་བུག་ཁུང་རྨུག་ནག་ཏུ་ལོག་ལྟའི་འུག་རྒན་མགོ་སེར་ཚུད་ནས་གཞན་མིག་ཏུ་མ་སོང་། བློ་ལ་མ་བབས་པར། འཁུན་ལྷག་ལྷག་བགད་ནས་རང་གཞན་ཡོངས་ལ་ལྟས་ངན་ཨ་ཁ་གཏོང་བ་འདི། དད་གུས་དག་སྣང་གི་བཟློག་པ་གྱིས་ལ་མྱུར་དུ་ཕུད་དང་བཟང་། ཡང་འོ་ན། ཁྱོད་ལ་འདྲི་རྒྱུ་འགའ་སྣང་། ཁྱོད་ཀྱི་ཆ་ལུགས་མུ་སྟེགས་སྐྲའི་ལྭ་བ་ཅན་

p. 312

ལས་ངན་པ་འདི་འདྲའི་ཆོས་པ་སྔར་མ་མཐོང་། འདི་ཆོས་པ་གང་གི་ཆ་ལུགས་ཡིན་ཟེར་ན། སྔོན་མཛེས་སེས། རྗེ་བཙུན་མི་ལ་ལ། ཁྱེད་ཀྱི་ཆ་ལུགས་སྤྲང་པོ་ལས་ངན་པ་འདི་འདྲའི་ཆོས་པ་སྔར་མ་མཐོང་། འདི་ཐེག་པ་ཆེན་པོ་གང་གི་ཆ་ལུགས་ཡིན་དྲིས་པས། རྗེ་བཙུན་གྱི་ཞལ་ནས། འདི་ཐེག་པ་ཀུན་གྱི་མཆོག་རབ་ཚེ་འདིར་སངས་རྒྱས་སྒྲུབ་ཕྱིར། ཆོས་བརྒྱད་རླུང་ལ་བསྐུར་བ་ཞེས་བྱ་བའི་ཐེག་པའི་ཆ་ལུགས་ཡིན། གསུངས་པ་ལྟར། ངའི་ཆ་ལུགས་འདི་ཡང་། ཆ་ལུགས་ཀུན་གྱི་མཆོག་གྱུར་ཚེ་འདིར་སངས་རྒྱས་སྒྲུབ་ཕྱིར། ཆགས་སྡང་རླུང་ལ་བསྐུར་བའི་ཆོས་པའི་ཆ་ལུགས་ཡིན། འོ་ན་ཁྱོད་ཀྱི་ཆ་ལུགས་འདི། ཞྭ་དམར་སེར་སོགས་ཆོས་པ་གཞན་ཀུན་གྱི་ཆ་ལུགས་དང་མི་མཐུན་པར་འདུག །ཁྱོད་ཆོས་པ་ཀུན་དང་རྒྱབ་ལོག་བྱེད་པ་མ་ཡིན་ནམ་ཟེར་ན། རྗེ་མི་ལས། མཛེས་སེལ། ངའི་སྤྱོད་པ་མི་ཀུན་དང་རྒྱབ་ལོག་བྱེད་པས། ད་ང་ལ་མི་མ་རེ་ཞིག་བྱས་པས། མོ་ན་རེ། འོ་ན་ཁྱོད་ཆོས་པ་ཀུན་དང་རྒྱབ་ལོག་མཛད་དམ་ཟེར་བ་ལ། རྗེ་བཙུན་གྱི་ཞལ་ནས། དང་པོ་བསམ་པ་འཇིག་རྟེན་གྱི་ཆེ་ཐབས་ཁོང་དུ་

p. 313

བཅུག་ནས། སྦྱོར་བ་པོ་ཏི་འགའི་ཚིག་བཤད་བསླབས་ཏེ། ད་ལྟའི་བསམ་པ་རང་ཕྱོགས་རྒྱལ་ན་དགའ་ཞིང་། གཞན་ཕྱོགས་ཕམ་ན་དགའ་བ་ཁོང་དུ་འཚང་བས། སྦྱོར་བ་ནོར་ཅི་གསོག་དང་། སྙན་གྲགས་ཅི་ཐོབ་བྱེད་པའི་ཆོས་པར་མིང་བཏགས་པའི་གོས་སེར་པོ་གྱོན་པ་ཙམ་པ་འདི་ཀུན་དང་རྒྱབ་ལོག་ཡིན་ཡང་ཡིན་བྱེད་ཀྱང་བྱེད། དེ་མིན་པའི་ཆོས་པ་རྣམས་ཐེག་པ་སོ་སོའི་ཆ་ལུགས་སུ་རུང་། བསམ་སྦྱོར་གོང་ལྟར་མེད་ན་དོན་ལ་མཐུན་པས་རྒྱབ་ལོག་མི་ཤེས། ཞེས་གསུངས་པ་ལྟར། བསམ་པ་རང་ཆེ་ཐབས་ཁོང་དུ་བཅུག་ནས། སྦྱོར་བ་འགལ་འབྲེལ་གྱི་ཚིག་བཤད་བསླབས་ཏེ། ད་ལྟའི་བསམ་པ་རང་ཕྱོགས་རྒྱལ་ན་དགའ་ཞིང་། གཞན་ཕྱོགས་ཕམ་ན་དགའ་བ་ཁོང་དུ་འཚང་བའི་སྦྱོར་བ་བདག་བསྟོད་ཅིང་། གཞན་ཐབས་དུ་མས་སྨོད་ཅི་ཐུབ་བྱེད་པའི་ཆོས་པ་ཀུན་དང་རྒྱབ་ལོག་ཡིན་ཡང་ཡིན། བྱེད་དང་བྱེད། དེ་མིན་པའི་ཆོས་པ་རྣམས་ཐེག་པ་སོ་སོའི་ཆ་ལུགས་གང་ཡིན་རུང་། བསམ་སྦྱོར་གོང་ལྟར་མེད་ན། དོན་ལ་མཐུན་པས་རྒྱབ་ལོག་མི་ཤེས། འོ་ན་ཁྱོད་ཆོས་ལུགས་གང་ཡིན་ཟེར་ན།

p. 314

ངའི་ཆོས་ལུགས་འདི་ཆོས་དང་གང་ཟག་ཡོངས་ལ་དད་གུས་དག་སྣང་སྦྱོང་དགོས་པའི་ནང་པ་སངས་རྒྱས་པའི་ཆོས་ལུགས་ཡིན། འོ་ན་ཁྱོད་ཀྱི་ཕ་ཡུལ་དགོན་པ་ཉེ་འབྲེལ་གང་ཡིན། ཉམས་སུ་ཅི་ལེན། མིང་ལ་ཅི་ཟེར་ཟེར་ན། ངའི་ཕ་ཡུལ་རྒྱལ་ཁམས་ཕྱོགས་མེད། དགོན་གནས་ངེས་མེད་རི་ཁྲོད། ཉེ་འབྲེལ་རིགས་དྲུག་སེམས་ཅན། ཉམས་ལེན་དད་གུས་དག་སྣང་། མིང་ལ་གངས་ཅན་བོད་ཀྱི་གླུ་དབྱངས་མཁན་ཟེར་བས། ངས་གླུ་ཞིག་ལེན་ཁྱོད་ཉོན། ༈ སྐལ་ལྡན་ལམ་སྣ་འདྲེན་མཛད་པའི། །བསྐལ་བཟང་སངས་རྒྱས་སྟོང་རྩ་མཁྱེན། །བསྐལ་པ་སྙིགས་མའི་མཐའ་མ་ལ། །སྐལ་དམན་འགའ་རེས་འདི་སྐད་ཟེར། །དབུ་མ་ཆེན་པོའི་བསྟན་དང་གཅིག །རྫོགས་པ་ཆེན་པོའི་བསྟན་དང་གཉིས། །ཕྱག་རྒྱ་ཆེན་པོའི་བསྟན་དང་གསུམ། །འདི་གསུམ་འཛིན་ལ་བསྟན་བཤིག་ཟེར། །ཕྱོགས་རིས་ཆགས་སྡང་བསྟན་དང་གཅིག །ང་རྒྱལ་ཕྲག་དོག་བསྟན་དང་གཉིས། །བདག་བསྟོད་གཞན་སྨོད་བསྟན་དང་གསུམ། །འདི་གསུམ་འཛིན་ལ་བསྟན་འཛིན་ཟེར། །བསྟན་པ་བཟང་ངན་འབྱེད་ལ་འཇིགས། །བསྟན་འཛིན་

p. 315

ཆགས་སྡང་བྱེད་ལ་འཇིགས། །བསྟན་བཅོས་ཉེས་བཤད་རྩོམ་ལ་འཇིགས། །བསྟན་པ་ནུབ་ཏུ་ཉེ་ལ་འཇིགས། །ཕྱོགས་མེད་འགྲོ་བའི་དོན་མཛད་པའི། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་དགོངས། །ཕྱོགས་འདིའི་གྲུབ་མཐའ་ཐམས་ཅད་ཀྱིས། །ཕྱོགས་རིས་ཆགས་སྡང་བྱེད་ལ་གཟིགས། །བརྩེ་མེད་ཁྲེལ་མེད་བསྟན་འཛིན་ལ། །དཔོན་མེད་གཡོག་མེད་ང་རེ་འཇིགས། །དགྲ་མེད་གཉེན་མེད་རྒྱལ་ཁམས་འགྲིམས། །མི་མེད་ཁྱི་མེད་དབེན་པར་འགྲོ །རྩི་ཤིང་ནང་ན་འབྲས་བུ་ཡོད། །ས་རྡོའི་ནང་ན་གསེར་དངུལ་ཡོད། །སེམས་ཅན་ནང་ན་སངས་རྒྱས་ཡོད། །ཀུ་རེའི་ནང་ན་དོན་དམ་ཡོད། །བྱིས་པའི་ཁ་ནས་བསླབ་བྱ་བྱུང་། །ཁུ་བྱུག་ཁ་ནས་རྣར་སྙན་བྱུང་། །ལུག་རྫིའི་ཁ་ནས་མན་ངག་བྱུང་། །རྣལ་འབྱོར་ཁ་ནས་ལེགས་བཤད་བྱུང་། །ཀུན་སྤངས་བོད་ཀྱི་གླུ་པ་ངས། །ཀུན་ལ་ཀུ་རེ་བྱས་པ་ལགས། །ཀུན་མཁྱེན་གོ་འཕང་མ་ཐོབ་བར། །ཀུན་གྱིས་མ་བརྗེད་ཡིད་ལ་ཟུངས། །འོ་དེ་ཙམ་གྱི་ཆོག་ནི་གྱིས། སྤྱིར་སངས་རྒྱས་ཐུགས་རྗེ་ཅན་གྱིས། ཆོས་ལ་རྩོད་པ་བྱས་ན། གང་ཟག་གི་རྒྱུད་

p. 316

ལ་ཕྱོགས་རིས་ཆགས་སྡང་ང་རྒྱལ་ཕྲག་དོག །འགྲན་སེམས་ཡིད་གཉིས་ཐེ་ཚོམ་ལོག་ལྟ་སོགས་སྐྱེས། ཁ་ནས་བརྙས་སྨོད་ཁྱད་གསོད་སུན་འབྱིན་སྐུར་འདེབས་ངག་འཁྱལ་སོགས་སྨྲས་ནས། མཐར་འཁོན་འཛིང་འཐབ་རྩོད་འཁྲུག་སློང་སོགས་བྱེད་ཀྱིས་དོགས་ནས། རྩོད་པ་བྱ་མི་རུང་ཞེས་ནན་ཏན་གསུངས་ཏེ། དམ་ཆོས་པདྨ་དཀར་པོ་ལས། ཆོས་བརྩད་པར་མི་བྱ་སྟེ། ཆོས་ལ་བརྩད་པར་དགའ་བར་མི་བྱའོ། །ཞེས་དང་། དཔུང་བཟང་ལས། ཐེག་པ་ཆེན་པོ་བ་དག་དང་། །ཤེས་རབ་ཅན་གྱིས་རྩོད་མི་བྱ། །བྱང་ཆུབ་སེམས་དཔའ་མཐུ་ཆེན་དག །ཐོས་ནས་སུན་ཡང་མི་དབྱུང་ངོ་། །སྔགས་ཀྱི་སྒྲུབ་པ་པོ་དག་དང་། །ལྷན་ཅིག་ནམ་ཡང་འགྲན་མི་བྱ། །ཞེས་དང་། བཞི་བརྒྱ་པ་ལས། ཆོས་འདི་དེ་བཞིན་གཤེགས་པ་རྣམས་ཀྱིས་རྩོད་པའི་ཕྱིར་དུ་མ་གསུངས་ཏེ། ཞེས་དང་། འཇུག་པ་ལས། བསྟན་བཅོས་ལས་བརྩམས་རྩོད་ལ་ཆགས་པའི་ཕྱིར། །མ་མཛད་རྣམ་གྲོལ་ཕྱིར་ན་དེ་ཉིད་བསྟན། །ཞེས་དང་། ཤནྟི་བས། བདག་གཞན་ཆོས་ཞེས་པ་ནི། རང་དང་གཞན་གྱི་གྲུབ་པའི་མཐའི་ཆོས་ལ་བྱ་སྟེ།

p. 317

སྨད་མི་བྱ་ཞེས་པ་ནི། རྩོད་པས་སུན་དབྱུང་བར་མི་བྱ་སྟེ། གསུངས། རྒྱུད་བླ་མ་ལས། གང་ཕྱིར་རྒྱལ་ལས་ཆེས་མཁས་འཇིག་རྟེན་འདི་ན་ཡོད་མིན་ཏེ། །མ་ལུས་དེ་ཉིད་མཆོག་ནི་ཚུལ་བཞིན་ཀུན་མཁྱེན་གྱིས་མཁྱེན་གཞན་མིན་པ། །དེ་ཕྱིར་དྲང་སྲོང་རང་ཉིད་ཀྱིས་བཞག་མདོ་སྡེ་གང་ཡིན་དེ་མི་དཀྲུག །ཐུབ་ཚུལ་གཞིག་ཕྱིར་དེ་ཡང་དམ་ཆོས་ལ་ནི་གནོད་པ་བྱེད་པར་འགྱུར། །ཞེས་སོགས་ལུང་མཐའ་ཡས་སོ། །དེང་སང་སྙིགས་མའི་དུས་ཀྱི་མི་རང་བཞིན་གྱིས་ཉོན་མོངས་རགས། སྣོད་བཅུད་སྡིག་པའི་འབྲས་བུས་ཡོངས་སུ་གང་བའི་དུས་འདིར། རྩོད་པ་བྱས་ན་ཉོན་མོངས་སློང་བ་དང་ལས་ངན་པ་གསོག་པ་ཐུགས་ཤིན་ཏུ་མད་དེ། རྩོད་པ་བྱས་ན་ཞེ་སྡང་ལངས། ངོ་མདངས་དམར་པོར་སོང་། སྐད་མགོ་ཇེ་མཐོར་སོང་། ངན་མཚང་ལ་ལག་འཇོག་མཁན་ཤིན་ཏུ་མང་། སྔ་སོར་ཆོས་རྩོད་བྱས། ཆོས་པ་དགའ་མོ་ཚོས་ཕུང་རྫོགས་སྡོམ་པ་ཤོར་བ་མཐོང་ཐོས་མང་པོ་ཡོད་པ་ཀུན་གྱི་ཐུགས་ན་མངའ་བ་དེ་རེད། གསལ་བཏབ་པ་མ་གཏོགས་ཞུ་ཅི་ལ་དགོས། མདོར་ན་ཆོས་ལ་ཐོས་བསམ་སྒོམ་

p. 318

གསུམ་འཆད་རྩོད་རྩོམ་གསུམ་གང་བྱས་ཀྱང་ཉོན་མོངས་པའི་གཉེན་པོར་སོང་ན་ངོ་མཚར་ཆེ་ལ། ཉོན་མོངས་པའི་གྲོགས་སུ་ཤོར་ན་ཀུན་གྱིས་ཁྲེལ་བའི་རྒྱུ་ཡིན། དོན་ཆུང་སྟེ། རྗེ་དགེ་འདུན་གྲུབ་ཀྱི་གསུང་ཤར་གངས་རི་མ་སོགས་ལ་ལྟོས་དང་ཧ་གོ་ཡོང་། རྗེ་རིན་པོ་ཆེ་དང་རྒྱལ་དབང་གིས། འེ་ཚོའི་བཤད་བཤད་ཕྱག་རྫོགས་པ་བླུན་པོ་འདི་ཚོ་ཞེས་ཀུན་སྤྱི་བསྡུས་བྱས། མཛད་པ་པོ་ཀུན་བཟང་རྡོ་རྗེ་འཆང་། པདྨ་འབྱུང་གནས་མན་ཆད། རང་གི་དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ལ་སྨོད་ཚིག་ཏུ་འགྱུར་བའི་ཆོས་སྤོང་གི་ལས་ངན་པ་བསགས་པ་ལྟ་བུ་མ་ཡིན་ཏེ། གཞན་ལུགས་སྨད་པ་ལྟ་བུ་དེ་ལ་དགོངས་གཞི་དམིགས་བསལ་ཡོད་དེ། རྗེ་རིན་པོ་ཆེས་སྔར་ཅི་ཡང་མི་རྟོག་པའི་སྒོམ་ཐམས་ཅད་སྟོང་པ་ཉིད་སྒོམ་པའི་ཉམས་ལེན་དུ་འདོད་པ་ནི་མཁས་པས་བཞད་གད་ཀྱི་གནས་ཡིན་གསུངས་པ་དེ་ཡང་། རྒན་རྒོན་ཚོས་གཏམ་བཤད་དུས། མགོ་ན་ཨོཾ་དང་རྔ་མ་ན་སྭཱ་ཧཱ་མེད་ཁི་ཞེས་གཏམ་དཔེ་ཚོ་འཐེན་པ་ལྟར། ཕྱག་རྫོགས་པ་བླུན་པོ་ཁ་ཅིག་གིས་མགོ་རྔ་རྐེད་གསུམ་གང་དུ་ཡང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པ་སྤངས་ནས།

p. 319

ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ཡིན་པ་ཁོང་དུ་མ་ཚུད། རྒོད་པ་མ་གཏོགས་བྱིང་བ་བྱུང་ཡང་སྒོམ་དུ་བཟུང་། གཉིད་ནི་བཞིན་མག་གེ །ཁྱི་རྒན་བཞིན་ཧོན་ནེ། བྱིས་པ་བཞིན་ཧེད་དེ། རྟོག་པའི་འཕྲོ་འདུ་ཐམས་ཅད་བཀག་པའི་ཚོམ་འཇོག་བྱས་འདུག་པ་རྣམས་ལ་སྨད་ནས་བཤད་པ་ཡིན་པས། དེ་ལ་ཕྱག་རྫོགས་པའི་མཁས་པ་ཐམས་ཅད་ཀྱང་བཞད་གད་བྱེད་པའི་གནས་ཡིན། དེ་མ་ཡིན་པར་ཕྱག་རྫོགས་པའི་རྣལ་འབྱོར་པས་ཐབས་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་བསགས། ཤེས་རབ་རྣོ་མྱུར་གསལ་བ་མི་འདྲ་བ་བརྒྱ་ཕྲག་མང་པོ་སྤྲོས། འཁོར་འདས་བདེ་སྡུག་མྱོང་མཁན་ཆོས་ཀུན་རྩ་བ་རང་སེམས་ལ་བརྟག་དཔྱད་ནས་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མ་རྙེད་ནས་སྟོང་པར་གྱུར་ཚེ། སྟོང་གསལ་མཐའ་དབུས་དང་བྲལ་བའི་མཉམ་བཞག་ནམ་མཁའ་ལྟ་བུའི་ངང་དེར། ལ་ཁ་མཐོན་པོ་ནས་སྤྲིན་མེད་ནམ་མཁའ་དྭངས་པའི་དཀྱིལ་དུ་བལྟས་པ་ལྟར་གསལ་སང་ངེ་ཡེ་རེ་བ་དེ་ཉིད་འཇོག་སྒོམ་བྱེད། སྟོང་ཉིད་རྟོགས་པའི་ངང་དུ་མི་

p. 320

རྟོག་པར་བཞག་པ་ཡིན་པས་འདི་ལ། རྗེ་རིན་པོ་ཆེས་ནམ་ཡང་མ་སྨད་དེ་གོང་གི་ལུང་དེ་ན་སྟོང་ཉིད་རྟོགས་པའི་མི་རྟོག་པ་ཞིག་ཡོད་པ་བླང་བྱར་བསྟན་པའི་ཕྱིར་རོ། དེ་བཞིན་དུ་རྒྱལ་དབང་གིས་ཀྱང་། བླུན་པོ་ཕྱག་རྒྱ་ཆེ་བསྒོམ་པ། །ཕལ་ཆེར་ཞེས། བྱེ་བྲག་ཕྱེ་བའི་ཕྱིར་རོ། དེས་ན་ཕྱག་རྫོགས་པ་ཡིན་ཟེར་ཚད་ཐམས་ཅད་ལ། ང་ཚོ་ལྟར་བྱས་ནས་སྨད་པར་མ་སེམས། འོན་ཀྱང་དཔེར་ན་དགེ་བསྐུལ་མཁས་པས་གྲྭ་པ་རེ་གཉིས་འགྲིགས་ལམ་ཀུན་སྤྱོད་ལ་མ་མཐུན་པ་བྱུང་ཚེ། ཚོགས་གཏམ་སྤྱི་ལ་གཏོང་བ་ལྟར། རྗེ་དེ་རྣམ་གཉིས་ཀྱིས་ཕྱག་རྫོགས་པ་བླུན་པོ་འགའ་རེ་ལེགས་ལམ་ལ་འགོད་ཕྱིར། ཕྱག་རྫོགས་པ་ཞེས་སྤྱི་ལ་གསུངས་པའང་ཡོད་ཀྱང་འཁྲུལ་བར་མི་བྱའོ། །འཇིག་རྟེན་ན་བཤད་ས་བུ་མོ་དང་ཉན་ས་མནའ་མ་ཟེར་བ་ལྟར། དམིགས་བསལ་ཅན་ཡིན་པས་སྤྱི་ལ་གསུངས་པར་མ་སེམས། ཡང་རྒྱལ་དབང་གིས། སྒོམ་ཆེན་དུ་རློམ་པ་མང་པོ་ཞིག་གིས་རིགས་པས་དཔྱད་ནས་ལྟ་བ་གཏན་ལ་ཕབ་ནས། །བསྒོམ་དུས་མི་རྟོག་པ་འབའ་ཞིག་བསྒོམ་ཟེར་བ་དེ་གཞི་ལ་སྡོད་དུས་རྟ་གསོས་ནས། བྱེས་ལ་འགྲོ་དུས་རྐང་

p. 321

ཐང་དུ་འགྲོ་ཟེར་བ་འདྲ། ཞེས་གསུངས་པ་དེ། ཕྱག་རྫོགས་པ་སོགས་གྲུབ་མཐའ་གཞན་རྐང་ཐང་ལྟ་བུ་ལས། དབུ་མའི་ལྟ་བ་འདི་རྟ་ལ་ཞོན་ནས་རྒྱུག་པ་དང་འདྲ་ཞེས་ཆེ་བ་བརྗོད་ན་གདུལ་བྱ་དྭངས་བ་འདྲེན་པ་ལ་ཕན་པར་དགོངས་ནས་དེ་སྐད་གསུངས་པ་ཡིན་པས། ངེས་པར་ཕྱག་རྫོགས་པ་རྣམས་རྐང་ཐང་དུ་སོང་བ་འདྲ་ཞེས་སྨད་པ་མ་ཡིན། ཕྱག་རྫོགས་པས་རྟ་གསོས་ནས་རྐང་ཐང་དུ་སོང་བ་དང་ག་ལ་འདྲ། གསར་མ་བས་ཀྱང་ཕྱག་རྫོགས་པའི་ལྟ་བ་འདི་རྟ་གསོས་ནས་ཞོན་ནས་སོང་བ་དང་ཆེས་ཤིན་ཏུ་མཐུན་ཏེ། དང་པོ་རྟ་གསོས་ནས་ཤེད་ཕུད་པ་ལྟར་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྟོང་གསལ་འཛིན་མེད་ཀྱི་ཡེ་ཤེས་ལྷག་གེར་ཤར། བར་དུ་རྟ་ཡི་སྟེང་དུ་ཞོན་པ་ལྟར་གནས་ལུགས་སྟོང་གསལ་དེའི་ངང་དུ་ཟང་ཐལ་ལེར་བཞག །ཐ་མ་སྟེང་ནས་མི་ལྟུང་བར་ཞོན་ནས་འགྲོ་བ་ལྟར་བྱིང་རྒོད་དང་བྲལ་བར་རྟག་ཏུ་སྐྱོང་བས། འདི་ལ་བལྟས་ན་དབུ་མའི་ལྟ་བ་འདི་རྟ་གསོས་ཏེ་ཞོན་ནས་སོང་བ་དང་མི་འདྲ། རྟ་གསོས་ནས་ཤེད་བུད་ཀྱང་སྟེང་དུ་མ་ཞོན་རྐང་ཐང་དུ་ཁྲིད་ནས་རྩྭ་སྟེར་གྱིན་སོང་བ་

p. 322

དང་འདྲ། ཞེས་སྨྲས་ན་ཆོག་པའི་ཚོད་དུ་འདུག །ཁོང་གིས་འདི་གདུལ་བྱ་དྭངས་བ་འདྲེན་ཕྱིར་གསུངས་པ་ཡིན་པའི་རྟགས་སུ། རྙིང་མའི་ཆོས་རྒྱུད་འཛིན་པའི་བུ་སློབ་རྣམས་ཀྱི་ཆེད་དུ། རྫོགས་ཆེན་རིག་འཛིན་ཞལ་ལུང་གསུངས་པའི་ལྟ་བའི་ཐད་ཀ་སོགས་ན་དབུ་མ་པ་སོགས་གཞན་ལ་མ་གྲགས་པའི་ཁྱད་ཆོས་ཤིག་འདིར་མཆིས་སོ། །ཞེས་གྲུབ་མཐའ་གཞན་ཐམས་ཅད་དམན་དམན་ཞིག་བྱས། རྫོགས་ཆེན་ལ་བསྔགས་བརྗོད་མང་པོ་མཛད། རྫོགས་ཆེན་ལས་ལྷག་ཅིག་གཞན་ན་མེད་པ་འདྲ་བ་ཞིག་གསུངས་འདུག །དེ་ཡིན་ན་དབུ་མ་སོགས་ཆོས་གཞན་ཐམས་ཅད་རྫོགས་ཆེན་ལ་བལྟས་ན་ངན་ཤོས་སུ་འདོད་དགོས་པའི་ཕྱིར་རོ། །དེ་ལྟར་འདོད་ན་ཡང་གསར་རྙིང་སོགས་ཆོས་གང་ཡིན་ཡང་རྣམ་དག་མ་ཡིན་པར་འདུག་ཅེས་ཆོས་ཐམས་ཅད་ལ་སྐུར་པ་འདེབས་དགོས། དད་གུས་སྐྱེ་དཀའ། ཡང་ན་རྒྱལ་དབང་འདིས་ཐམས་ཅད་མཁྱེན་ཀྱང་། ཁུ་བྱུག་གིས་རྒྱ་ལ་སོང་ནས་རྒྱ་སྐྱིད། བོད་སྡུག །བོད་ལ་འོང་ནས་བོད་སྐྱིད། རྒྱ་སྡུག་ཟེར་བ་ལྟར་ཞལ་ཕར་ཕྱོགས་ནས་གཅིག་གསུངས། ཞལ་ཚུར་བསྒྱུར་ནས་གཅིག་

p. 323

གསུངས། ཞལ་གཅིག་གི་ནང་གི་གསུང་གཉིས་བྱོན་ནས། གང་ལ་ཡང་བློ་གཏད་རྒྱུ་ཡིན་མི་ཤེས་པར་འདུག །ཅེས་རྒྱལ་དབང་ལ་ཡང་སྐུར་བ་འདེབས་དགོས་པར་འགྱུར་བས། ཨ་རྫི་དེ་གཉིས་ཀྱི་གང་མིན་ཞེས་བློ་གྲོས་ཅན་སུས་སྐུར་བ་འདེབས། སྔོན་སེར་འབྲས་ཀྱི་གྲྭ་བ་འགའི་ནང་ནས་གཅིག་གིས། ཁོས་གསང་མཚན་ལངས་དུ་བཅུག་ནས། ལྷ་སའི་བུད་མེད་མགོ་ལ་མུ་ཏིག་གི་ཞྭ་གྱོན་པ་ཞིག་གི་ལག་ཏུ་ཉིན་པར་འཇོག་ཐུབ་གི་བཤད་ཚེ། གྲྭ་པ་གཞན་ཐམས་ཅད་ཀྱིས་དེ་མི་ཐུབ་སྨྲས། དེ་ཡིན་ན་ཞེས་ཆ་བོས་རྒྱལ་བཞག་ནས། ཕྱི་ཉིན་ཆ་བོ་ལྷ་སར་འོང་ནས་ད་ཞོག་བཤད་ཚེ། གྲྭ་པ་དེས་གཡུ་བཟང་པོ་ཞིག་ལག་ན་ཡོད་པ་བུད་མེད་མུ་ཏིག་གི་ཞྭ་གོན་པ་ཞིག་ལ་བསྟན་ནས་འདི་བཙོང་རྒྱུ་ཡིན་ཏོ། ཨེ་ཉོ་སྨྲས་ཚེ། གཞོན་ནུ་མ་དེས་ཉོ་རིན་ཊཾ་ཀ་ཅི་ཙམ་ཡིན་སྨྲས་ཚེ། གྲྭ་པ་དེས་ས་ལ་བསྡད་ནས། བུད་མེད་ལ་ཁ་ནས་བཤད་མི་དགོས། ལག་པ་འདིར་ཐོངས་དང་གཏམ་སྨྲས། བུད་མེད་གཞོན་ནུ་མས་ལག་པ་བརྐྱངས་པ་གཟན་གྱི་འོག་ཐུར་གི་ཁྱེར་ནས། གསང་མཚན་ལག་ཏུ་བཞག་ཚེ།

p. 324

གཞོན་ནུ་མས། ཨ་རྫིའི། དགེ་སློང་ལ་སྨྲས་ཚེ། གྲྭ་པ་ན་རེ། དེ་མ་རེད་བཤད་པ་ནི་ཨེ་ཡིན། རིན་དེ་མ་འོང་ན་བཙོང་རྒྱུ་མ་རེད། ཅེས་འཛུམ་བཞིན་ལངས་སོང་། རྒྱལ་བཞག་པ་ཐོབ་ཟེར་བ་ལྟར། ཁྱེད་ལུང་རིགས་སྨྲ་བའི་མཁས་པ་རྣམས་ཀྱིས། གཡུ་བཟང་པོ་ལྟ་བུའི་རང་ཆོས་ངོམ་ནས་བཤད། གསང་མཚན་ལག་ཏུ་བཞག་པ་ལྟར། ཐབས་སྣ་ཚོགས་ཀྱིས་གཞན་ཆོས་སྨད། བུད་མེད་ཀྱིས་ཨ་རྫིའི་སྨྲས་པ་ལྟར། དད་ཅན་སྐྲག་གི་མ་འཇུག །རྒྱལ་ལོན་པ་བཞིན་རྙེད་དང་བཀུར་སྟི་བྱུང་ཡང་འགྲིགས་ལམ་ཀུན་སྤྱོད་བཤིག་པ་ལྟར། ཆོས་སྤོང་དང་རྩ་ལྟུང་གི་ཉེས་པ་འབྱུང་བས། རིགས་པ་རྣོ་ཡང་བྱ་བ་ངན་པ་དེ་འདྲ་མ་བྱེད་དང་བཟང་། འབྲུག་པ་ཀུན་ལེགས་ཀྱིས། མཁས་པ་རྣམས་ཀྱིས་དྲང་ངེས་འཆད་པའི་གྲུབ་མཐའ་ཟུང་ལ། ཆོས་སྤོང་དང་ཁྱད་གསོད་མ་བྱེད་གསུངས། སྔོན་མཚོ་ཞིག་གི་ནང་དུ་ཤིང་ཞིག་གི་འབྲས་བུའི་ལོ་མ་ལྷུང་བས་ཅལ་ཞེས་སྒྲ་གྲགས་པ། རི་བོང་སྐྲག་ནས་ཅལ་ཟེར་ནི་ཞིག་འོང་གི་ཞེས་རི་དྭགས་ཚོགས་ལ་བསྒྲགས་ཚེ། ཀུན་གྱིས་རྒྱུ་མཚན་མ་ཤེས་ཀྱང་སེངྒེ་དང་སྟག་ལ་སོགས་པ་ཡང་བྲོས་

p. 325

པ་ལྟར། རྒྱལ་དབང་སོགས་སྐྱེས་ཆེན་དམ་པ་དཔག་བསམ་ལྗོན་ཤིང་ལྟ་བུ་ལས། དགོངས་གཞི་ཅན་གྱི་གསུང་འབྲས་བུ་ལོ་མ་ལྟ་བུ། ལེགས་བཤད་རྒྱ་མཚོ་ལྟ་བུའི་ནང་དུ་ལྷུང་བ། ཅི་ཡིན་མ་ཤེས་པར་རྨོངས་པ་འགོང་རི་ཁ་ཤོ་ལྟ་བུ་སྐྲག་ནས། ཆོས་མཛད་རི་དྭགས་ལྟ་བུ་ཡོངས་ལ་བསྒྲགས་ཚེ། ཆོས་པ་དགའ་མོ་སྟག་སེང་ལྟ་བུས་ཀྱང་དེའི་རྒྱུ་མཚན་མ་གོ་བཞིན་དུ། སྔར་ཡང་ལོག་ལྟའི་ནགས་གསེབ་ཏུ་བྲོས། ཆགས་སྡང་གི་མཆེ་བ་གཙིགས་ནས་གཞན་སྨོད་ཀྱི་ང་རོ་ཆེར་བསྒྲགས་པ་མང་། ད་དུང་ཡང་འབྱུང་ཉེན་ཆེ་བས་བློ་གྲོས་ཅན་གྱིས་དེ་འདྲའི་དགོངས་པ་ལོན་པ་གལ་ཆེ། ཡང་འགའ་རེས་ཕྱག་རྫོགས་འདི་བཟང་པོ་ཞིག་ཡིན་ན། རྗེ་རིན་པོ་ཆེས་གཅིག་གསུངས་ས་སྣང་། གང་ཡང་མ་གསུངས་པ་འདི་ལ་བལྟས་ན། སྐྱོན་ཞིག་འདུག །རྣམ་དག་མ་རེད་ཚོ་ཟེར་བ་དེ་གླེན་གཏམ་བཤད་ནི་ཡིན། རྗེ་རིན་པོ་ཆེས་མ་གསུངས་པ་ཐམས་ཅད་ཆོས་རྣམ་དག་མ་ཡིན་པར་ག་ལ་འགྱུར། དེ་ཡིན་ན་རྒྱལ་བའི་གསུང་རབ་མདོ་རྒྱུད། རྒྱ་བོད་ཀྱི་པཎྜི་ཏས་བསྟན་བཅོས་འཛམ་གླིང་བྱེ་བ་ཕྲག་བརྒྱ་

p. 326

ན། སྟོན་པ་བྱེ་བ་ཕྲག་བརྒྱས་ཆོས་བྱེ་བ་ཕྲག་བརྒྱ་གསུངས་པ་ཡང་རྗེ་རིན་པོ་ཆེས་མ་གསུངས། དེ་ཐམས་ཅད་ཀྱང་རྣམ་དག་མ་ཡིན་པར་འདོད་དགོས་པས་ཧ་ཅང་ཐལ་ཆེ་བར་འགྱུར་རོ། །ད་ངས་ཁྱོད་ལ་བཤད། རྗེ་རིན་པོ་ཆེས་ཕྱག་རྫོགས་མ་གསུངས་པ་ག་ལ་ཡིན། དཔེར་ན་གོས་རྙིང་པ་སླར་གསོས་ནས་གོས་གསར་ཞེས་མིང་བཏགས་པ་ལྟར། སྔོན་གྱི་ལོ་པཎ་མཁས་གྲུབ་ཀྱིས་བསྒྱུར་བའི་ཕྱག་རྫོགས་ཀྱི་ཆོས་རྙིང་པ་སླར་གསར་དུ་ཇེ་གསར་དུ་བཏང་ནས་ལམ་རིམ་ཆེན་མོ། སྔགས་རིམ་ཆེན་མོ་ཞེས་མིང་གསར་དུ་བཏགས་པ་མ་གཏོགས་དོན་གྱི་རྗེ་རིན་པོ་ཆེའི་གསུང་འབུམ་པོ་ཏི་བཅོ་བརྒྱད་ཀྱི་ནང་ན་ཕྱག་རྫོགས་ཀྱི་ཆོས་ཐམས་ཅད་ཡོད་པར་མ་ཟད་ཕལ་ཆེར་རྒྱས་པར་གསུངས་ཡོད། བློ་གྲོས་ཅན་གྱིས་ལྟོས་དཔྱོད་དང་། གསར་མའི་ཆོས་དང་རྙིང་མ་ཞེས་སོ་སོར་མིང་གཉིས་ཡོད་ཀྱང་། དོན་གྱིས་གཅིག་ཡིན་པའི་ཧ་གོ་ཡོང་། འོན་ཀྱང་རྫོགས་པ་ཆེན་པོ། ཕྱག་རྒྱ་ཆེན་པོ་ཞེས་མིང་བཏགས། ཕྱག་རྫོགས་ཀྱི་ལྟ་བ་རྩལ་བཏོན་ནས། པོ་ཏི་ཁ་སེར་ར་མང་པོ་མ་མཛད་པ་དེ་ཉིད་སྙིགས་དུས་འདིར་དེའི་གདུལ་བྱ་སྐལ་ལྡན་

p. 327

ལས་འཕྲོ་ཅན་དབང་པོ་ཡང་རབ་དཀོན་པས་ན། སྐུ་ཚེག་མ་གཏོགས་ཕན་ཆུང་བར་དགོངས། གལ་ཏེ་རེ་གཉིས་ཡོད་སྲིད་ཀྱང་སྐུ་ཚེ་སྔ་མར་ཨོ་རྒྱན་སོགས་ཀྱི་སྐུར་བཞེངས་ནས། སྐལ་བཟང་གི་གདུལ་བྱ་དུ་མ་ལ་རྒྱས་པར་བཀའ་བསྩལ་པ་དེས་ཆོག་པར་དགོངས་ནས་ལན་མང་མ་གསུངས་པ་ཡིན། ཁྱེད་ཚོས་ཁུང་མ་དག་ནས་མ་གསུངས་མ་སྙམ། ལོག་རྟོག་དེའི་དབང་གིས་གཞན་ལ་ཁ་བཏང་ན། སྤྱིར་ཆོས་སྤོང་གི་ལས་ངན་པ་ཡིན་ལ། ཁྱད་པར་རྗེ་དང་ཨོ་རྒྱན་པདྨ་གཉིས་ཐུགས་རྒྱུད་གཅིག་ཡིན་པས། དོན་གྱིས་རང་གིས་རྗེ་བླ་མ་ལ་ཡང་སྐུར་པ་བཏབ་པར་འགྱུར་བས་དེ་མི་འགྲིགས། ཡང་ཨོ་རྒྱན་དང་རྗེ་རིན་པོ་ཆེ་གཉིས་ཐུགས་རྒྱུད་མི་གཅིག་ཟེར་ན། རྒྱལ་བ་པཎ་ཆེན་སོགས་མཁས་གྲུབ་དུ་མས་གཅིག་ཡིན་ཟེར་བ་ལ། དེ་རྫུན་ཞེས་སྐུར་པ་བཏབ་པར་འགྱུར་བས། ཁྱོད་སྔར་མེད་པའི་ཀུན་མཁྱེན་ཞིག་གོ །འོ་ན་ཁྱོད་ཀྱིས་དེ་ཁས་མི་ལེན་ན། རྗེ་རིན་པོ་ཆེ་རིགས་གསུམ་མགོན་པོ་དང་ཐུགས་རྒྱུད་གཅིག་ཨེ་ཟེར། དེ་ཟེར་དགོས་སྙམ་དེང་སང་ཡོངས་ལ་གྲགས་སོ་ཟེར་ན། ཨོ་རྒྱན་རིན་

p. 328

པོ་ཆེ་སྤྱིར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་སྤྲུལ་སྒོས་སྣང་བ་མཐའ་ཡས་དང་ཐུགས་རྗེ་ཆེན་པོའི་སྤྲུལ་པ་དངོས་ཡིན་པས། དེས་ན་ད་དེ་རྣམས་ལ་བསམ་བློ་ཐོངས་དང་ཐུགས་རྒྱུད་གཅིག་མི་གཅིག་གོ་སླ། ཨོ་རྒྱན་དང་རྗེ་རིན་པོ་ཆེ་ཞེས་མཚན་མི་གཅིག་ཀྱང་། ཐུགས་རྒྱུད་གཅིག་པ་དང་གསར་རྙིང་གི་ཆོས་ཞེས་མིང་མ་གཅིག་ཀྱང་། དོན་གྱིས་གཅིག་པ་དང་། རྗེ་རིན་པོ་ཆེའི་ལེགས་བཤད་ན་རྒྱལ་བའི་གསུང་རབ་ཐམས་ཅད་འདུས་ཡོད་པ་མ་ཤེས་པར། སྔོན་བླ་བྲང་བཀྲ་ཤིས་འཁྱིལ་བའི་ཕྱོགས་ཀྱི་དགེ་བཤེས་གཅིག་གིས་ཨོ་རྒྱན་གྱི་བྲིས་ཐང་གཅིག་མཐོང་ནས། རྗེ་བློ་བཟང་གྲགས་པའི་བསྟན་དགྲ་ཀ་འཇོག་མི་རུང་ཞེས་བླངས་ནས་སྒོ་ཐེམ་དུ་བཞག །སྟེང་དུ་སྟ་རེ་ཡིས་བརྒྱབ། ཡ་ཁྱོད་ལ་འདི་དགོས། ཁྱོད་དང་པོ་མེ་ལ་མི་འཚིག་ཟེར། ད་ཨེ་འཚིག་བལྟ་ཟེར་མེ་ནང་དུ་བཞག་ཟེར་སྐད། སྔོན་ལྷོ་ཁའི་ཕྱོགས་ཀྱི་བླ་མ་ཞིག་གིས་ཨོ་རྒྱན་གྱི་བྲིས་སྐུ་ཞིག་རྫོགས་ཆེན་པ་ཞིག་གིས་བཤམས་ཡོད་པ་གདན་དུ་བཏིང་། རྫོགས་ཆེན་གྱི་ཤུལ་དུ་ཡོངས་སུ་རྫོགས་ན་བཟང་ཟེར། རྫོགས་ཆེན་གྱི་དཔེ་ཆ་ཞིག་ཡོད་པ་ཆུ་ལ་

p. 329

བསྐུར་བས་ཁ་ནས་ཁྲག་སྐྱུག་ནས་ཤི་སོང་སྐད། ཡང་སྔོན་ལྷོ་ཁའི་ཕྱོགས་ཀྱི་བླ་ངན་གཅིག་གིས། རྗེ་རིན་པོ་ཆེའི་སྐུ་ཞིག་མཐོང་ནས་ཁྱོད་ཀྱིས་རྙིང་མ་ཚང་གི་ལས་ཡོང་ནི་ཨང་། བསྟན་བཤིག་ཁྱོད་ལ་འདི་དགོས་ཟེར། སྐུ་འདྲའི་དབུ་བཅད། ལམ་རིམ་ཞིག་ཡོད་པ། ཉབ་ཉོབ་འདི་སྟན་བྱས་ན་བཟང་ཟེར་འོག་ཏུ་བཏིང་བས་སྨྱོས་ནས་ཤི་སོང་སྐད། དེ་འདྲའི་ཆོས་སྤོང་གི་ལས་ངན་པ་བསགས་པ་མང་པོ་བྱུང་། དེང་སང་ཡང་འགའ་རེས་དེ་འདྲ་མི་བྱེད་ཀྱང་། དེའི་ཆ་འདྲ་བྱེད་མཁན་མང་། ཨོ་རྒྱན་གྱི་འདྲ་སྐུ་ཞིག་མཐོང་ཡང་མི་དད་པ་འགའ་རེས་ཀ་ཅིའི་འདྲ་སྐུ་རེད་དྲིས་ན། དེ་སྔོན་ཞིག་ལ་བོད་ལ་འོང་བའི་ཨོ་རྒྱན་པདྨ་ཟེར་བ་དེ་རེད། ངེད་ཚོས་མི་ཤེས་ཀ་རྙིང་མ་ཚོ་ཆ་རྒྱུས་ཆེ་ཟེར་ཞིང་མཇལ་ཡང་མི་མཇལ། རྫོགས་ཆེན་གྱི་དཔེ་ཆ་ཞིག་མཐོང་ཡང་། དེ་ལྟ་ས་ཞིག་མིན་ལྟ་ངན་གྱི་གྲིབ་ཕོག་ཚོ་ཟེར་ནས་ཁ་བཏང་། ཡང་འགའ་རེས་རྗེ་རིན་པོ་ཆེའི་འདྲ་སྐུ་ཞིག་མཐོང་ཡང་། བློ་བཟང་གྲགས་པ་ཞིག་གན་ཡང་འདུག་ཟེར། མཇལ་བ་ཕར་ཞོག །གཅིག་གིས་མགོ་ལ་འཇོག་རྒྱུ་འདྲ་ཞིག་ཡིན་ན་

p. 330

མགོ་ཕར་འཁྱེར་བའི་ཚོད་ཙམ་བྱས། ལམ་རིམ་ཞིག་མཐོང་ཡང་། ཉག་ཉོག་མང་པོ་དེས་ཅི་བྱ། དགོས་པ་ཆུང་། ངེད་ཚོ་རྫོགས་ཆེན་ཉེ་ལམ་འདི་ཀས་ཡོང་ཟེར། དེ་ཆོས་མ་ཤེས་པའི་རང་མཚང་ཕྱིར་བསྟན་པ་ཡིན་ཏེ། ཐ་ན་སེམས་ཅན་ཐམས་ཅད་ལ་སྟོན་པའི་འདུ་ཤེས་བསྐྱེད། དངོས་སམ་ཡིད་གང་རུང་གིས་ཕྱག་བྱས། ཕྱི་རོལ་པའི་ཆོས་ལུགས་ཡན་ཆད་ཉམས་སུ་མི་ལེན་ཀྱང་དད་གུས་བྱ་བ་མ་གཏོགས་བརྙས་སྨོད་བྱ་མི་རུང་ཞེས། མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ཡང་ཡང་གསུངས་ན། ཨོ་རྒྱན་དང་རྗེ་རིན་པོ་ཆེ་ལ་སྨོས་ཅི་དགོས། ཕྱིན་ཆད་གསར་རྙིང་གི་བློ་གྲོས་ཅན་གྱིས་འདི་ལྟར་ཆོས་མ་ཤེས་པའི་རང་མཚང་ཕྱིར་བསྟན་ནས། དུས་གསུམ་རྒྱལ་བ་ཐམས་ཅད་ཐུགས་ཁྲེལ། ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བཀའ་ཆད་འོང་། ཆོས་སྤོང་གི་ལས་ཀྱིས་དམྱལ་བ་རྡོ་རྗེ་གདན་དུ་ལྷུང་ནས། རྒྱལ་བའི་གསུང་རབ་ཀྱི་མིང་ཙམ་ཡང་བསྐལ་པར་མི་ཐོས་པའི་བྱ་སྤྱོད་ངན་པ་མ་བྱེད། གཞན་བྱེད་མཁན་ལ་ཡང་། ཨོ་རྒྱན་དང་རྗེ་རིན་པོ་ཆེའི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་བརྗོད། ཐུགས་རྒྱུད་གཅིག་ཚུལ་བརྗོད་ལ་

p. 331

ཐབས་མཁས་ཀྱིས་ལེགས་ལམ་ལ་བཀོད་དང་། རྒྱལ་བ་དགྱེས་པའི་མཆོད་པ་ལ་འདི་ལྷག་གཞན་ན་མེད། གསར་རྙིང་གི་ཆོས་སྐྱོང་སྲུང་མས་བུ་བཞིན་སྐྱོང་། བསྟན་པ་དང་འགྲོ་བའི་གཙུག་རྒྱན་དུ་འགྱུར་བར་གདོན་མི་ཟའོ། །དཔེར་ན་ཞར་རས་མི་མཐོང་ཡང་ཕོ་ཚོད་བྱས་སོང་ན་ལོག་ནས་རང་གི་འཐུང་ཕོར་བཅག །རྐང་ལག་བཤུས། གཞན་གྱི་བཟའ་བཏུང་རྫོགས་ཚེ་ཞར་ར་ཞར་ལྐོག །ཁྱི་ཞར་དམུས་ལོང་ཀ་ཟེར། བརྡེགས་ནས་རིག་ས་མཐོང་ས་མེད་པ་ལྟར། རང་གི་བློ་གྲོས་ཀྱི་མིག་ལོང་ནས། ཆོས་དང་གང་ཟག་ལ་སྐུར་བ་བཏབ། རང་གི་བསོད་ནམས་ཟད། རྩ་ལྟུང་ཆོས་སྤོང་གི་ཉེས་པས་གོས། གཞན་གྱི་བསྟན་པ་ཉམས་གི་བཅུག །བསྟན་བཤིག་ཀ་ཟེར། ཀུན་གྱིས་རིག་ས་མཐོང་ས་མེད་ནི་མ་བཅོ། ཁྱི་ཚེ་ལོ་དགུ་མི་ཐུབ། མགོ་ནག་མི་དང་སྟོང་འགྲས་ཟེར་བ་ལྟར། མི་ཚེ་གློག་འགྱུ་ཙམ་འདི་ལ་གཞན་ཀུན་ལ་མ་འགྲས་དང་བཟང་། དེང་སང་སྙིགས་དུས་འདིར། གསར་རྙིང་གང་ལ་གཞན་ཁ་གཏོང་མཁན་མང་རབ་འདུག །དེ་ཀུན་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་འདྲ་

p. 332

ཡིན། རང་གཞན་གྱི་གྲུབ་མཐའ་ཚོར་ཕན་པའི་དགོས་པ་ཆེན་པོ་ཡོད་ནས་དེ་སྐད་གསུངས་པ་ཡིན་ན་ངོ་མཚར། ངས་ངོ་མ་ཤེས་པས་བཟོད་པར་བཞེས། དེ་ཡང་གྲུབ་མཐའ་ཡོངས་ལ་དད་གུས་དག་སྣང་སྦྱོང་དགོས་ཚུལ་གྱི་ཞལ་གསུང་སྙན་མོ་བྱོན། སྙིགས་དུས་འདིར་སྔར་གྱི་གསུང་དེ་འདྲ་འབྱོན་ཉན་པའི་དུས་ཚོད་མ་རེད་ཅེས་གསོལ་བ་འདེབས། སངས་རྒྱས་བྱང་སེམས་འདྲ་མིན། གཞན་ཕན་གྱི་དགོས་པ་འདྲ་མེད་ན། བླ་ངན་ཁྱི་རྒན་མང་པོས་ཆགས་སྡང་གི་མཆེ་བ་རྣོན་པོ་བཞི་བཞི་གཙིགས། བདག་བསྟོད་གཞན་སྨོད་ཀྱི་ང་རོ་ཆེས་ཆེར་བསྒྲགས་ནས་བསྟན་འཛིན་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོས་འགྲོ་བའི་དོན་བྱེད་པར་འགལ་རྐྱེན་མ་བྱེད་པར། རྙེད་བཀུར་གྱི་སྐྱག་པ་འཁྱུར་མིད་ཀྱིས། ཁ་རོག་པར་སྡོད་དང་། ཁྱོད་ཁྱི་རྒན་རྒྱ་བོ་དེ་ཕན། གཞན་བྱང་ཆུབ་སེམས་དཔའི་མི་ཐམས་ཅད་ལ་དགེ་བ་ཡིན་ས་སྣང་། ད་ང་ཚོས་ཆོས་དང་གང་ཟག་རྣམས་ཚད་གཅིག་ལ་བརྒྱབ་ནས་ཁ་གཏོང་མི་རུང་། ཆོས་དང་གང་ཟག་རིགས་མི་འདྲ་བ་མཐའ་ཡས། ཆོས་ལ་ལས་བསྐལ་པ་མང་པོའི་འཕྲོར་སངས་རྒྱས། ལ་ལ་

p. 333

སྙིགས་དུས་ཀྱི་ཚེ་ཐུང་གཅིག་ལ་ཡང་སངས་རྒྱས་པ་ཡོད། དཔེར་ན་ཨ་མདོ་བ་དབུས་སུ་འགྲོ་བ་ལྷོ་ཁ་བརྒྱུད་ནས་རྐང་ཐང་དུ་སོང་བ་དང་། བྱང་ཁ་གྱེན་དུ་རྟ་ལ་ཞོན་ནས་སོང་བ་གཉིས་ཉེ་རིང་ཆེ་བ་ལྟ་བུའོ། །གང་ཟག་ལ་ལ་ཆོས་ཡུན་རིང་བསྒོམས་པས་གྲོལ། ལ་ལ་ཆོས་ཐོས་པ་ཙམ་གྱིས་གྲོལ་བ་ཐོབ་པའང་ཡོད། རྗེ་འབངས་ཉེར་ལྔའི་ཕལ་ཆེར་གྱིས་ཡུན་རིང་བསྒོམས་ནས་གྲོལ། ཁ་ཅིག་གིས་ཐོས་པ་ཙམ་ནས་གྲོལ་བ་ཐོབ་ཚུལ་དང་། རྒྱལ་བ་རྒོད་ཚང་བའི་ཞལ་ནས། རྗེ་ཏཻ་ལོ་པས། རྗེ་ནཱ་རོ་པ་ལ་ཚིག་གཅིག་ཙམ་ཡང་མ་གསུངས་པར། མོས་གུས་གཅིག་པུ་ལ་བརྟེན་ནས་ཕྱི་ནང་གི་ཆོས་ཐམས་ཅད་ཐུགས་སུ་ཆུད། རྗེ་སྣ་ཕུ་བས། དཔལ་ཕག་མོ་གྲུ་པའི་ཞབས་དྲུང་དུ་ཞག་བདུན་ལས་མ་བཞུགས་ཏེ། མཁྱེན་པ་གཉིས་ལྡན་གྱི་རྟོགས་པ་རྒྱུད་ལ་འཁྲུངས། གསུངས། དེ་ལ་སྐལ་ལྡན་ལས་འཕྲོ་ཅན་ཟེར། བླ་མ་ཞང་རིན་པོ་ཆེའི་ཞལ་ནས། གཞན་ཡང་རབ་ཏུ་བཤད་བྱ་བ། །དཔག་མེད་བསྐལ་པར་སྦྱངས་སྦྱངས་པས། །སྐྱེ་བ་འདི་ལའང་མངོན་སུམ་དུ། །དབང་སོགས་ཆོ་ག་ཅི་མ་ཚང་། །བླ་

p. 334

མ་ལ་ཡང་མ་ལྟོས་པར། །ཞབས་ལ་ཏོག་རྩེ་ཕོག་པ་ཡི། །སྐད་ཅིག་དེ་ལ་བཞི་པའི་དོན། །མ་ལུས་རྫོགས་པར་ཐུགས་སུ་ཆུད། །ཐེག་པ་ཀུན་གྱི་བདག་པོར་གྱུར། །སྐལ་ལྡན་དཔག་མེད་འདྲེན་པར་མཛད། །རྗེ་བཙུན་ཏོག་རྩེ་བ་ཞེས་གྲགས། །དེ་ལྟ་བུ་ཡང་སྲིད་ཀྱིན་གདའོ། །ལམ་འབྲས་ནས་ནི་འདི་སྐད་དུ། །ལས་འཕྲོ་ཅན་གྱི་གང་ཟག་རྣམས། །བླ་མའི་དབང་དང་གདམས་ངག་སོགས། །གང་ལ་ཡང་ནི་མ་ལྟོས་པར། །ཚེ་རབས་སྔ་མའི་ལས་འཕྲོ་ཡི། །རང་དབང་མེད་པར་ཁམས་འདུས་ཏེ། །ཏིང་འཛིན་ཉམས་མྱོང་རྟོགས་པ་སོགས། །མཐར་ཐུག་ཕྱོགས་མེད་སྐྱེ་བར་བཤད། །དེ་ལ་སོགས་ཏེ་ཕྱོགས་མེད་པས། །རང་རང་ལམ་ལ་མངོན་ཞེན་པས། །འདི་ཉིད་ཡིན་གྱི་གཞན་མིན་ཞེས། །ཕན་ཚུན་ལམ་ལ་སྨད་མི་བགྱི། །གང་ནས་ཞུགས་ཀྱང་འདོད་སར་སླེབས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ལམ་ཞུགས་ཐམས་ཅད་རྒྱལ་གྱུར་ཅིག །གསུངས། མཉམ་མེད་པོ་ཏོ་བ་ཆེན་པོའི་ཞལ་ནས། ཐེག་པ་ཆེ་ཆུང་གྲུབ་མཐའ་ཐམས་ཅད་ཀྱང་། །གང་ཟག་བློ་ཉམས་ཆེ་ཆུང་ཁྱད་པར་ཡིན། །འཁོར་བ་མྱ་ངན་འདས་པ་

p. 335

ཐམས་ཅད་ཀྱང་། །སེམས་ཉིད་རྟོགས་དང་མ་རྟོགས་ཁྱད་པར་ཡིན། །ས་དང་ལམ་གྱི་རིམ་པ་ཐམས་ཅད་ཀྱང་། །རྟོགས་པ་འཕེལ་བའི་མིང་གི་རྣམ་གྲངས་ཡིན། །ཞེས་གསུངས། ཚེ་སྔོན་སྦྱངས་སྦྱངས་པའི་སྐལ་ལྡན་ལས་འཕྲོ་ཅན་གྱིས་ཆོས་ཟབ་མོ་ཐོས་པ་ཙམ་གྱིས་རྟོགས་གྲོལ་དུས་གཅིག་ཏུ་སོང་ནས་བསྒོམ་མི་དགོས་པ་ཡང་ཡོད་སྲིད། དེ་རྣམས་ལ་སྒོམ་ལམ་སོགས་མེད་ཅེས་ཁ་གཏོང་རྒྱུ་སྤུ་ཙམ་མེད། དཔེར་ན་ཤོག་གུ་མང་པོ་མདས་དུས་གཅིག་ཏུ་ཕུག་པ་ལྟར་ས་ལམ་ཐམས་ཅད་ཅིག་ཆར་དུ་བགྲོད་པ་ཡིན་པས་དོན་གྱིས་ཚང་སྟེ། བཏགས་གྲོལ་རྒྱུད་ལས། རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་དང་། འཇམ་དཔལ་མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། །སྐད་ཅིག་གཅིག་གིས་བྱེ་བྲག་ཕྱེད། །ཅེས་དང་། དེ་བཞིན་གཤེགས་པའི་གསུང་རབ་ལས། རྟོག་པས་བཅུ་བཞིའི་ས་ལ་རྒྱུན་དུ་གནས། །ཞེས་དང་། ཡུམ་ཆེན་ཕ་རོལ་ཕྱིན་པ་ལས། དང་པོ་སེམས་བསྐྱེད་པ་ཉིད་ཀྱིས་ཡང་དག་པར་རྫོགས་པར་སངས་རྒྱས་ནས་ཆོས་

p. 336

འཁོར་བསྐོར་བ་སོགས་ཡོད་གསུངས། དེས་ན་རྗེ་སྐལ་ལྡན་རྒྱ་མཚོའི་ཞལ་ནས། དམ་པའི་ཆོས་ལ་མི་ཟབ་གང་ཡང་མེད། །དོན་མེད་ཁ་སྡིག་མ་གསོག་རི་ཁྲོད་པ། །གསུངས། ཡང་ཁ་ཅིག་ན་རེ། ཀློང་ཆེན་རབ་འབྱམས་པས། མ་བསམ་མ་དཔྱད་བརྡལ་བ་ཆེན་པོའི་གཞི། །དབྱིངས་ལས་མ་གཡོས་ཆོས་སྐུ་རང་མལ་ལམ། །རང་རིག་དྲི་མེད་མངོན་གྱུར་འབྲས་བུའི་ངང་། །ཞེས་དང་། རང་བྱུང་ཀ་ནས་དག་པའི་གཞི། །མ་བགྲོད་ཡེ་ནས་ཉེ་བའི་ལམ། །མ་བསྒྲུབས་ལྷུན་གྱིས་གྲུབ་པའི་འབྲས། །འོད་གསལ་ཆོས་སྐུར་རྫོགས་པ་ལགས། །ཞེས་དང་། རྗེ་མི་ལས། གཞི་མ་བཅོས་ཁྱབ་གདལ་ཆེན་པོར་ཤར། །ལམ་མ་བཅོས་ཟང་ཐལ་ཆེན་པོར་ཤར། །འབྲས་མ་བཅོས་ཕྱག་རྒྱ་ཆེན་པོར་ཤར། །གསུངས་པ་འདི་འདྲའི་རིགས་ལ་འགའ་རེས་ཨ་མཚར་བོ་འདི་རྒྱལ་བའི་གསུང་རབ་དང་རྒྱབ་འགལ་ཆེ་གི །གང་དང་མཐུན་ན། ཧྭ་ཤང་ཚང་དང་མཐུན་གི །ཐབས་ཀྱི་ཆ་གཏན་ནས་མི་དགོས་པ་ཧྭ་ཤང་ལགས་མོད། འདི་འདྲའི་གཞི་ལམ་འབྲས་གསུམ་ཡོད་མི་སྲིད་ཨ་ཁ་ཟེར་ན། འོ་དེ། རྗེ་དེ་རྣམ་གཉིས་ལ་སོགས་

p. 337

ཀྱིས་ཐབས་ཀྱི་ཕྱོགས་ཀྱི་རྡོ་རྗེའི་གླུ་སྔ་ཕྱི་ཀུན་ཏུ་ལན་དུ་མར་བླངས་ཚར་བས། འདིར་ལྟ་བའི་མགུར་དབྱངས་འཐེན་དུས་ལྟ་བ་ཁོ་རང་གི་ངོས་ནས་གཞི་ལམ་འབྲས་གསུམ་ལ་དེ་བས་ལྷག་ཅིག་མི་དགོས་པར་དེ་གས་ཆོག་པ་ལ་དགོངས་ནས། དེ་སྐད་གསུངས་པ་ཡིན་ལ། གཞན་ཧྭ་ཤང་བཞིན་ཐབས་ཀྱི་ཆ་རྣམས་མི་དགོས་འདི་གཅིག་པུས་ཆོག་ཅེས་གསུངས་པ་ག་ལ་ཡིན། དེ་ཡིན་ན་རྒྱལ་བའི་གསུང་རབ་དགོངས་འགྲེལ་ན་དེ་འདྲ་མང་སྟེ། ཐོས་པའི་ཚོམ་ལས། ཐོས་པས་ཆོས་རྣམས་ཤེས་པར་འགྱུར། །ཐོས་པས་སྡིག་ལས་ལྡོག་པར་འགྱུར། །ཐོས་པས་དོན་མ་ཡིན་པ་སྤོང་། །ཐོས་པས་མྱ་ངན་འདས་པ་འཐོབ། །ཞེས་གསུངས་པ་དེ་ཡང་ཆོས་ཐོས་པ་ཙམ་གྱིས་ཆོག་པར་འདུག །དེ་བཞིན་དུ་སློབ་དཔོན་ཀླུ་སྒྲུབ་ཀྱིས། མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །བླ་མ་མཆོད་ལ་ཡང་དག་བརྩམས། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་འཐོབ་པར་འགྱུར། །ཞེས་དང་། སངས་རྒྱས་ཐུགས་རྗེ་ཅན་གྱིས། ཟླ་བ་ཡར་གྱི་ཚེས་བརྒྱད་དང་། །ཆོ་འཕྲུལ་གྱི་ནི་ཟླ་བ་ལ། །བསྙེན་

p. 338

གནས་ཡན་ལག་བརྒྱད་བསྲུངས་ན། །དེ་ནི་ང་དང་འདྲ་བར་འགྱུར། །གསུངས། ཆོས་ཡང་དག་པར་སྡུད་པ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་རབ་ཏུ་མང་པོ་ལ་བསླབ་པར་མི་བགྱིའོ། །བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་ཆོས་གཅིག་རབ་ཏུ་བཟུང་ཞིང་རབ་ཏུ་རྟོགས་པར་བགྱིས་ན། སངས་རྒྱས་ཀྱི་ཆོས་ཐམས་ཅད་དེའི་ལག་པའི་མཐིལ་ན་མཆིས་པ་ལགས་སོ། ཆོས་གཅིག་པུ་གང་ཞེ་ན། འདི་ལྟ་སྟེ། སྙིང་རྗེ་ཆེན་པོའོ། །གསུངས། སྐྱབས་འགྲོ་ལན་གཅིག་ཙམ་བྱས་ཀྱང་མྱུར་དུ་སངས་རྒྱས་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁར་གཏོར་ན། མཐར་སངས་རྒྱས་ཐོབ་པ་སྙིང་རྗེ་པད་དཀར་ལས་གསུངས། སྔོན་སངས་རྒྱས་སྟོང་གི་འགའ་རེས། ཤིང་བུ། རྡེའུ། རྩྭའི་སྒྲོན་མེ། སྐུད་པའི་ཆུན་པོ། རས་ཀྱི་ཁ་ཚར་སོགས་ཕུལ་ནས། སེམས་བསྐྱེད་པས་སངས་རྒྱས་པར་གསུངས། སྔོན་བུད་མེད་དབུལ་མོ་གཉེན་དགའ་མོས། སངས་རྒྱས་ལ་མར་མེ་ཆུང་ངུ་ཞིག་ཕུལ་ནས་སྨོན་ལམ་བཏབ་པས། སངས་རྒྱས་ཀྱིས་ཁྱོད་མ་

p. 339

འོངས་པ་ན་སངས་རྒྱས་ཏེ། མཚན་མར་མེ་འོད་ཅེས་བྱ་བར་འགྱུར་ཞེས་ལུང་བསྟན་གསུངས། དེ་བཞིན་གཤེགས་པ་ཟླ་བའི་དཀྱིལ་འཁོར་རྣམ་པར་དག་པ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་མྱུར་དུ་འཚང་རྒྱ་གསུངས། དེ་བཞིན་གཤེགས་པ་ཆོས་ཐམས་ཅད་ཀྱི་ཚུལ་ལས་རྣམ་པར་འཁྲུལ་པ་ངེས་པར་གསལ་བ་གཟི་བརྗིད་འབྱུང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཞེས་བརྗོད་ན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱའོ། །གསུངས། ཨོཾ་ཨཿབྷི་ར་ཧཱུྃ་ཁེ་ཙ་ར། འདི་དྲན་པ་ཙམ་གྱིས་མཚམས་མེད་པ་ལྔ་བྱང་ཞིང་། མྱང་འདས་ཐོབ་བོ། ཏདྱཐཱ། ཨོཾ་ཀྵཱིཾ། འདི་རབ་ཏུ་གསང་ནས་བཟླས་ན་དོན་དང་ལས་ཐམས་ཅད་འགྲུབ་བོ་གསུངས། འདི་འདྲ་མཐའ་ཡས། དེ་རེ་རེས་ཀྱང་ཆོག་པ་ལྟ་བུར་གསུང་འདུག་པས། དེ་རྣམས་ཀྱིས་ཀྱང་ཧྭ་ཤང་ལྟར་ཐབས་ཀྱི་ཆ་གཞན་མི་དགོས། འདི་གཅིག་པུས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་ཡིན་ཞེས་གསུང་པ་ཡིན་ཟེར་དགོས། དེ་ཅིའི་ཕྱིར་ཞེ་ན། རྗེ་དེ་རྣམས་ཀྱི་གསུང་དང་དེ་རྣམས་ལ་ཁྱད་པར་མེད་པའི་ཕྱིར་རོ། །དེ་ཡིན་ཟེར་ན།

p. 340

ཆོས་གསུང་པ་སངས་རྒྱས་ཀྱི་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས་པ་དང་། མཉམ་མེད་ཇོ་བོ་རྗེ། རྗེ་བདག་ཉིད་ཆེན་པོ་སོགས་ཀྱིས་མདོ་སྔགས་ཀྱི་ལམ་རྣམས་སྐྱེས་བུ་གཅིག་སངས་རྒྱ་བའི་ཆ་རྐྱེན་དུ་བསྟན་པ་རྣམས་མ་མཁྱེན་འདུག །སྔོན་གྱི་བླ་མ་སྐྱེས་བུ་དམ་པས་དེ་བཞིན་ཉམས་སུ་བཞེས་རིགས་པས་ངལ་བ་བླངས་པ་རེད་ཅེས་ཁས་ལེན་དགོས་པས་དེ་མི་འགྲིགས། ད་ཁྱོད་ཁ་རོག་པར་སྡོད་དང་བཟང་། གཞན་ཐབས་ཀྱི་ཆ་སྤྱོད་ཕྱོགས་རྣམས་མི་དགོས་སུས་ཟེར། དགོས་པའི་རྟག་སུ་རྗེ་རྣམ་གཉིས་ཀྱིས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་གདམས་པ་ཟབ་ཅིང་རྒྱ་ཆེ་བ་རྣམས་ཉམས་སུ་བཞེས་ནས་གྲུབ་པ་མཆོག་བརྙེས་པའི་ཚུལ་རྣམས་རྣམ་ཐར་ན་སྣང་། རྗེ་མི་ལས་ལྷོ་བྲག་མར་པའི་དྲུང་དུ་རྟོགས་འབུལ་ཀྱང་འདི་ལྟར་བྱས་ཏེ། རྡོ་རྗེ་འཆང་དང་དབྱེར་མེད་པའི་བླ་མ་ཡབ་ཡུམ་སྲས་དང་བཅས་པའི་ཕྲིན་ལས་རྣམ་པར་དཀར་བ་དང་། ཐུགས་རྗེ་ཚད་མེད་པའི་བྱིན་རླབས་ནུས་མཐུ་དང་། འཁོར་བ་མཐའ་མེད་པའི་བཀའ་དྲིན་ལ་བརྟེན་ནས་འབངས་བདག་ལ། གོ་ཡུལ་གྱི་རྟོགས་པ་ཅུང་ཟད་ཡོད་པ་

p. 341

རྣམས་འབུལ་བས། ཐུགས་ཆོས་ཉིད་འགྱུར་བ་མེད་པའི་ངང་ནས་སྙན་ཅུང་ཟད་གསན་དུ་གསོལ། ཐོག་མར་མ་རིག་པའི་རྐྱེན་གྱིས་འདུ་བྱེད་ལ་སོགས་པ་རྟེན་འབྲེལ་བཅུ་གཉིས་ཀྱིས་བསྡུས་པའི་ལུས། རྣམ་སྨིན་ཤ་ཁྲག་གདོས་བཅས་རྣམ་པར་ཤེས་པ་དང་བཅས་པ་འདི། བསོད་ནམས་ཅན་ཐར་པ་འདོད་པ་རྣམས་ཀྱི་དལ་འབྱོར་ལུས་ཀྱི་གྲུ་ཆེན། ལས་ངན་སྡིག་པ་གསོག་པ་རྣམས་ཀྱི་ངན་འགྲོར་འཁྲིད་པའི་སྣ་འདྲེན། ཡར་འགྲོ་མར་འགྲོའི་ས་མཚམས། འདུན་མ་གཏན་ལེགས་དང་གཏན་ཉེས་ཀྱི་ཁེ་ཉེན་ཤིན་ཏུ་ཆེ་བའི་དུས་ཀྱི་ཟམ་པ་ཞིག་ཡིན་པར་གོ་ཞིང་། དེ་ཡང་འཁོར་བའི་རྒྱ་མཚོ་སྡུག་བསྔལ་གྱི་འབྱུང་གནས་ཤིན་ཏུ་ཐར་དཀའ་བ་འདི་ལ། ད་ལན་རྗེ་འགྲོ་བའི་དེད་དཔོན་ཁྱེད་ཀྱི་མཐུ་ལ་བརྟེན་ནས་སྒྲོལ་དུ་རེ་བ་ལ། ཐོག་མར་བླ་མ་དཀོན་མཆོག་ལ་སྐྱབས་ཞུས་ནས། བསླབ་བྱ་རྣམས་ཚུལ་བཞིན་དུ་སློབ་པ་དང་། དེའི་ནང་ནས་ཀྱང་བདེ་ལེགས་ཐམས་ཅད་ཀྱི་འབྱུང་གནས་བླ་མ་ཡིན་པར་འདུག་པས། ཅི་གསུང་དང་དུ་ལེན་ཅིང་དམ་ཚིག་མ་ཉམས་པར་བྱེད་པ་འདི་གལ་ཆེ་བའི་གནད་དང་པོ་ཡིན་

p. 342

པར་གོ་ལགས། དེ་རྗེས་དལ་འབྱོར་རྙེད་དཀའ་དང་། འཆི་བ་མི་རྟག །ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་རྣམས་རྟག་ཏུ་བསམ་པས་བློ་རང་དབང་མེད་པར་ཁུལ་ནས། འཁོར་བ་ལས་ཐར་བར་འདོད་པས་སོ་སོར་ཐར་པའི་སྡོམ་པ་གང་ཡང་རུང་བ་ཞིག་བརྟེན་དགོས་ཏེ། རྟེན་ས་གཞི་དང་འདྲ་ལ། དེ་ལ་བརྟེན་ནས་ཐེག་པ་རིམ་གྱིས་འཛེག་ཅིང་ཁས་བླངས་པའི་བསླབ་བྱ་མིག་འབྲས་ལྟར་བསྲུང་བ་དང་། གལ་ཏེ་ཉམས་ན་ཕྱིར་འཆོས་ཤིང་། རང་ཞི་བདེ་དོན་དུ་གཉེར་བ་ཐེག་པ་དམན་པར་གོ་ནས། སེམས་ཅན་འཁོར་བ་མཐའ་དག་ལས་སྒྲོལ་བར་འདོད་པས་བྱང་ཆུབ་ཏུ་སེམས་བསྐྱེད་ནས། བྱམས་པ་དང་སྙིང་རྗེས་ཅི་བྱེད་ཐམས་ཅད་གཞན་དོན་དུ་བསྔོ་བ་ཐེག་ཆེན་སེམས་བསྐྱེད་ཡིན་པར་གོ་ལགས། ཉན་རང་གི་ལམ་སྤངས་ནས་ཐེག་པ་ཆེན་པོའི་ལམ་དུ་འཇུག་པ་ལ་ལྟ་བ་རྣམ་དག་གིས་གཞི་བཟུང་ནས། བླ་མེད་རྡོ་རྗེ་ཐེག་པའི་ལམ་དུ་འཇུག་སྟེ། དེ་ཡང་ལྟ་བ་རྣམ་དག་རྟོགས་པར་བྱེད་པ་ལ། བླ་མ་མཚན་ཉིད་དང་ལྡན་པ་གཅིག་གིས། དབང་བཞི་རྣམ་པར་དག་པའི་ཆོ་ག་མ་ནོར་བ་ལ་བརྡ་འཕྲོད་པའི་ཐབས་ཤེས་དང་

p. 343

ལྡན་པ་ཞིག་དགོས། དབང་བྱ་བ་ཟབ་མོ་ལྟ་བ་ལ་དབང་བས། ད་གཟོད་རིམ་པ་བཞིན་བསྒོམས་ཏེ། དེ་ཡང་མཚན་ཉིད་ཐེག་པ་དང་ཐུན་མོང་པ་གང་ཟག་གི་བདག་མེད་འཚོལ་བ་ལ་འབད་དེ། ལུང་དང་རིགས་པ་གཉིས་ཀ་ལ་དཔེ་དང་རྒྱུ་མཚན་དུ་མའི་སྒོ་ནས་བཙལ་བས་བདག་མ་རྙེད་པ་དང་། གང་ཟག་གི་བདག་མེད་རྟོགས། དེ་ལྟར་གང་ཟག་མ་རྙེད་པ་དང་། སེམས་མཉམ་པར་འཇོག་དགོས་ཏེ། རྒྱུ་མཚན་དུ་མའི་སྒོ་ནས་བཞག་པའི་ཚེ། རྣམ་རྟོག་རྒྱུན་ཆད་ནས་སེམས་རྟོག་མེད་དུ་ལྷན་སོང་སྟེ། ལོ་དང་ཟླ་བ་ཞག་ལ་སོགས་པ་ཅི་ཙམ་སོང་ཡང་། རང་གིས་མི་ཤེས་པས་གཞན་གྱིས་ཚོད་འཛིན་དགོས་པ་བྱུང་ན་ཞི་གནས་སྐྱེས་པ་ཡིན། དེ་ལ་དྲན་ཤེས་ཀྱིས་བསྐྱངས་ནས། བྱིང་རྨུགས་སུ་མ་སོང་བར་རིག་པའི་ངར་འདོན་བྱས་པས། སྣང་ལ་རང་བཞིན་མེད་པ་གསལ་ལ་རྟོག་པ་མེད་པ། རྗེན་ཡེར་རེ། གསལ་སང་ངེ་བ་དེ་ཞི་གནས་ཀྱི་ཉམས་ཡིན། དེ་ལ་ལྷག་མཐོང་དུ་འཛིན་རུང་། སོ་སོ་སྐྱེ་བོ་ལ་ལྷག་མཐོང་མཚན་ཉིད་པ་མི་འཆར་བས། ས་དང་པོ་ཐོབ་པ་དང་ལྷག་མཐོང་དང་མཇལ་བ་

p. 344

ཡིན་སྙམ་ལགས། དེས་ན་དམིགས་པ་ལ་བརྟེན་ནས་རྣམ་པ་ལམ་དུ་བྱེད་པ་ཡིན། གཞན་ཞི་གནས་ཀྱི་ཉམས་སྣང་ལྷ་སྐུ་སོགས། མཐོང་སྣང་སྣ་ཚོགས་བྱུང་བ་རྣམས་བསྒོམས་པའི་རྟགས་ཙམ་ཡིན་གྱི་སྙིང་པོ་གང་ཡང་མེད་སྙམ་ལགས། མདོར་ན་ཞི་གནས་བཟང་པོའི་ཉམས་ངར་འདོན་དང་བཅས་པ་དང་། སོ་སོར་རྟོགས་པའི་ཤེས་རབ་ཟབ་མོས་དཔྱོད་པ་དང་བཅས་པ་འདི། ལྷག་མཐོང་འཐོབ་པར་བྱེད་པའི་ཐབས་མེད་མི་རུང་། སྐས་ལ་འཛེག་པའི་སྐས་ཐེམ་འོག་མ་དང་འདྲ་བསམ་ལགས། ཞི་གནས་སྒོམ་པ་སོགས། མཚན་བཅས་མཚན་མེད་གང་བྱེད་ཐམས་ཅད་བྱམས་སྙིང་རྗེས་ཀུན་ནས་བསླངས་ཏེ་ཅི་བྱེད་གཞན་དོན་དུ་དམིགས་པའི་སེམས་བསྐྱེད་ཀྱིས་ཟིན་པ་དང་། བར་དུ་ལྟ་བ་རྣམ་པར་དག་པས་དམིགས་མེད་དུ་སྦྱོང་བ་དང་། ཐ་མ་གཞན་དོན་དུ་བསྔོ་བ་སྨོན་ལམ་གྱི་རྒྱས་འདེབས་དམིགས་མེད་ཀྱི་ངང་ནས་བྱེད་པ་ལམ་ཐམས་ཅད་ཀྱི་མཆོག་ཡིན་པར་གོ་ལགས། མི་ལྟོག་པ་ལ་ཟན་གོ་བས་མི་ཆོག་ཟ་དགོས། སྟོང་ཉིད་རྟོགས་པ་ལ་དོན་གོ་བས་མི་ཆོག་བསྒོམ་དགོས་པར་གོ་ལགས་ཤིང་། ཁྱད་པར་ལྷག་

p. 345

མཐོང་རྟོགས་པའི་ཐབས་རྗེས་ཐོབ་ཏུ་བསག་སྦྱང་གཉིས་ལ་ཡེངས་མེད་དུ་འབད་དགོས་པར་གོ་ལགས། དོན་དྲིལ་བ་ལ་ད་ལྟ་རྣལ་འབྱོར་པས་ཉམས་སུ་ལེན་པའི་སྟོང་ཉིད། མཉམ་ཉིད། བརྗོད་མེད། མི་རྟོག་པ་རྣམས་དབང་བཞི་དང་མཐུན་པའི་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་རིམ་གྱི་ལྟ་བ་ཡིན་པར་གོ་ལགས། གོ་བ་རྣམས་མངོན་དུ་བྱེད་པ་ལ་ལུས་ལ་བབ་བསྐུར། ལྟོ་ལ་གྱོང་བསྐུར། སེམས་ལ་ལས་བསྐུར་ནས། སྣང་བ་གདོང་འདེད། འཆི་ནུས་ཐོག་འགེལ། ཅི་བྱུང་རོ་སྙོམས་ནས། བཀའ་དྲིན་འཁོར་ཐབས་མེད་པའི་བླ་མ་ཡབ་ཡུམ་གྱི་དྲུང་དུ། ཟང་ཟིང་གི་ཞབས་ཏོག་འབུལ་རྒྱུ་མ་བྱུང་བས། སྒྲུབ་པའི་མཆོད་པ་ཇི་སྲིད་འཚོའི་བར་དུ་འབུལ་ཞིང་། མཐར་ཐུག་གི་རྟོགས་པ་འོག་མིན་ཆོས་ཀྱི་ཕོ་བྲང་དུ་འབུལ་བར་ཞུ། ཞེས་ཞུས་པས་བླ་མའི་ཞལ་ནས་བུ་ཁྱོད་ལ་དེ་ཙམ་ཞིག་རེ་ཡང་རེ་སྟེ་བྱུང་ཡང་བྱུང་འདུག་གསུང་ནས་ཐུགས་མཉེས་མཉེས་མཛད་གསུངས། དེས་ན་དེའི་དུས་སུ་ཡང་སྔར་བཤད་པ་དེ་གཅིག་པུས་ཆོག་པར་གོ་ལགས་ཞེས་མ་ཞུས་པའི་ཕྱིར་རོ། །ཀུན་མཁྱེན་ཀློང་ཆེན་རབ་

p. 346

འབྱམས་པས་ཀྱང་། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ནས་འབྲས་བུ་རྡོ་རྗེ་ཐེག་པའི་བར་གྱི་རྒྱལ་བའི་གསུང་རབ་རྣམས་སྐྱེས་བུ་གཅིག་འཚང་རྒྱ་བའི་ཚུལ་ལ་ངེས་པ་རྙེད་ནས། ཡོངས་རྫོགས་ཉམས་སུ་ལེན་པའི་རིམ་པ་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་འགྲེལ་བ་ཤིང་རྟ་ཆེན་པོ་བརྩམས་པ་ཡིན་ཏེ། དེས་ན་སྔར་གསུངས་པ་དེ་གཅིག་པུས་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་ན། དེ་ཡང་མཛད་མི་དགོས་པའི་ཕྱིར་རོ། དེས་ན་འདི་འདྲའི་རིགས་ཀྱི་དགོངས་པ་མ་ལོན་པར་ཕྱིན་ཅི་ལོག་ཏུ་གོ་ནས། ཕྱག་རྫོགས་པའི་ཆོས་ཀུན་ལ་ལོག་པར་བལྟས། ཧྭ་ཤང་གི་ཕྱོགས་སུ་བཞག་ནས་བརྙས་སྨོད་བྱེད་པ་དེ་ཤེས་རབ་བཟང་བའི་མིག་དང་ལྡན་པའི་ཕོ་ཚོད་མཁན་གྱིས་ལོང་གཏམ་སྨྲས་པ་ཡིན་པས། ཤེས་རབ་སྤྱན་ལྡན་རྣམས་འཁྲུལ་བར་མི་བྱའོ། །ཕྱག་རྫོགས་དང་ཧྭ་ཤང་གི་འདོད་ཚུལ་ལ་ཁྱད་པར་གནམ་ས་བས་ཀྱང་ཆེ་མོད་ཀྱང་འདིར་ཚིག་མང་དུ་དོགས་ནས་མ་སྤྲོས་ལ། གཞི་ལམ་འབྲས་གསུམ་གྱི་རྣམ་བཞག་མདོར་ཧྲིལ་གྱིས་དྲིལ་ན། གཞི་རང་སེམས་ཡིད་བཞིན་ནོར་བུ་ལྟ་བུ་ལ་གློ་བུར་སྒྲིབ་གཉིས་འདམ་ལྟ་བུས་

p. 347

གོས་པ། ལམ་ཚོགས་གཉིས་ཉམས་ལེན་ཆུ་རས་ལྟ་བུས་བྱི་དོར་བྱས། འབྲས་བུ་སྐུ་གསུམ་ཡེ་ཤེས་ལྔ་དགོས་འདོད་ལྟར་འབྱུང་བར་འདོད་ལ། དེ་ཡང་དབུ་མའི་ཆོས་ཐམས་ཅད་བདེན་གཉིས་ཟུང་འབྲེལ་དུ་གཏན་ལ་ཕབ་ནས་ལམ་ཐབས་ཤེས་ཟུང་འབྲེལ་དུ་ཉམས་སུ་བླངས། འབྲས་བུ་སྐུ་གཉིས་ཟུང་འབྲེལ་དུ་ཐོབ་པར་འདོད་པ་དང་། ཚིག་གི་ཅུང་ཟད་མི་མཐུན་པ་རེ་སྣང་ཡང་། དོན་གྱི་མི་མཐུན་པ་ཅུང་ཟད་ཙམ་ཡང་མེད་ཅེས་ཚད་ལྡན་གྱི་མཁས་གྲུབ་ཐམས་ཅད་ཀྱིས་མགྲིན་གཅིག །དབྱངས་གཅིག་ལྟར་གསུངས་སོ། །དཔེར་ན་མི་འགའ་རེས་གཏམ་དྲང་པོར་བཤད་ཀྱང་འགའ་རེས་གོ་ལོག་ཏུ་གོ་ནས་འཁོན་འཛིང་བྱེད་པ་ལྟར་འདི་འདྲའི་དཀའ་གནས་ལ་མཁས་པས། ཐུགས་ཉམས་མ་བཞེས་ལོག་པར་གོ་ན་རང་གཞན་གཉིས་ཕུང་འབྱུང་བས་མི་རུང་། དཔེར་ན་བྱིས་པས་གོ་ལོག་གོ་ནས་སྤྲོ་ལངས་ནས་ངུས་རུང་ཕ་མས་རྒྱུ་མཚན་བཤད་ནས་མ་ཉན་ན་སྙིང་རྗེའི་གནས་ལས་གཞན་མེད་པ་ལྟར། བླུན་པོས་ལོག་པར་གོ་ནས་གཞན་ལ་ཁ་གཏོང་རུང་མཁས་པས་རྒྱུ་མཚན་བཤད་ནས་མ་ཉན་ན་སྙིང་རྗེའི་

p. 348

གནས་ཡིན་པས་དེའི་ཁར་རྩད་གཅོད་ཅི་ཡོད། འཇིག་རྟེན་གཏམ་དཔེར་མཁས་པས་འཆུག་ན་འདོམ་གང་། གླེན་པས་འཆུག་ན་མཐོ་གང་ཡིན་ཟེར། དེས་ན་མཁས་པས་ཞིབ་ཏུ་རྟོགས་དཔྱོད་བཏང་། རྒྱལ་བའི་གསུང་རབ་ཀྱི་དགོངས་པ་ལོན་པར་བྱས། བླུན་པོ་ལ་བཤད་ཅིང་། བླུན་པོས་རང་གི་ལོག་རྟོག་དུག་ཆུ་རྒྱང་རིང་དུ་དོར་ནས། མཁས་པའི་གསུང་གི་བདུད་རྩི་འཐུང་ན་འཆི་མེད་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་བརྙེས་པར་འགྱུར་རོ། །ཡང་འགའ་རེས། དེང་སང་བདག་མེད་རྟོག་པའི་ཤེས་རབ་ཀྱི་རལ་གྲིས། བདེ་དགེ་ཐམས་ཅད་ཕྲོགས་ནས། མི་འདོད་སྣ་དགུ་བཅོལ་བའི་ཉེས་ཅན་བདག་འཛིན་ཉོན་མོངས་དུག་ལྔའི་མགོ་བོ་གཅོད་ཨེ་ཐུབ་མི་ལྟ་བར། མགར་ངན་གྱིས་བརྡུངས་པའི་གྲི་ངན་གྱིས་ཕན་ཚད་མེད་བཏགས། གནོད་པ་ཚད་མེད་ལས་བསྐྱབས་པའི་དྲིན་ཅན་ཕ་མ་ར་ལུག་རྣམས་ཀྱི་མགོ་བོ་གཅོད་ལ་དཔའ་བའི་གཅོད་སྔགས་སྙིང་ཁམས་ཅན་འགའ་རེས་གཅོད་གཏོང་དུས། འཁོར་བར་འཁྱམས་པའི་དོགས་གཅོད་མ། །ཐར་བར་འདོད་པའི་རེ་གཅོད་མ། །གཉིས་འཛིན་འཁྲུལ་བ་གཅོད་མཛད་མ། །མ་

p. 349

ལབ་སྒྲོན་མ་ལ་ཕྱག་འཚལ་ལོ། །ཟེར་མིག་བཙུམས་སྐད་གསེང་མཐོན་པོས་དབྱངས་རིང་པོ་བྱས་འདོན་པ་དེ། ལས་དང་ཉོན་མོངས་པའི་དབང་གིས་ད་བར་འཁོར་བར་འཁྱམས། ད་དུང་བདག་འཛིན་བློས་མ་ཐོངས་པའི་དབང་གིས་ཉོན་མོངས་ལངས་ནས། མི་དགེ་བཅུ་ཉིན་རེར་སྤྱོད་ཚུལ་འདིས། སྤྱིར་འཁོར་བ་དང་ཁྱད་པར་ངན་སོང་གསུམ་དུ་སྐྱེས་ནས་སྡུག་བསྔལ་ཚད་མེད་པ་མྱོང་བར་འདུག་སྙམ་པའི་དོགས་པ་དེ་ཐབས་མཁས་གཅོད་ཀྱི་གདམས་པ་ཟབ་མོའི་སྒོ་ནས། གཅོད་མཛད་མ་ཞེས་པ་ཡིན་ན་དེ་ག་ལེགས་ཏེ། ཐར་བར་འདོད་པའི་རེ་གཅོད་མ་ཞེས་པ་འདི་མ་གཅིག་ལབ་སྒྲོན་ལ་བསྟོད་པ་མ་རེད་སྨད་པ་རེད། ཐར་པའི་རེ་བ་མ་གཅིག་གིས་མ་བཅད་ཀྱང་གཅོད་སྔགས་འགའ་རེའི་བྱ་བ་ལ་བལྟས་ན་རེ་ཐག་ཆད་ཡོད་གི ཁས་བཤད་ཚུལ་དང་ལག་ལེན་ལ་འདེབས་ཚུལ་གཉིས་མཐུན་འདུག་ཡ་མཚན་ཆེ། ཐར་བར་རེ་མི་ཉན་ན་ཐོབ་ག་ལ་རུང་། སྔོན་ཆད་ཐར་བ་ཐོབ་སོང་བ་ཚོའི་སྡུག་ཨང་། ཧ་ཧ་ཧ་ཚོ་ཟེར། འོ་དེ་འདྲ་ཞིག་མ་དགོད་དང་། དེ་ལ་འགའ་རེས་ལྟ་བ་མཉམ་པར་འཇོག་དུས་

p. 350

རེ་དོགས་དང་བྲལ་བར་འཇོག་དགོས་པས། དེའི་དུས་སུ་རེ་དོགས་ཀྱི་བློ་བྱུང་བ་དང་། སྐྱེ་མེད་ཆོས་དབྱིངས་ཀྱི་ངང་དུ་གཅོད་མཛད་མ་ཡིན་ཞེས་ཟེར་ལ། འོན་ཀྱང་ངས་ཁྱོད་ལ་དེའི་རྒྱུ་མཚན་ཤེས་ཚོད་ཅིག་བཤད་ཀྱིས། འོ་དེ་དཔེར་ན། ཡིད་བཞིན་གྱི་ནོར་བུ་འདམ་གྱིས་གོས་པ་བྱི་དོར་བྱས། རྒྱལ་མཚན་གྱི་རྩེ་མོར་བཞག །མཆོད་བསྟོད་བཀུར། གསོལ་བ་བཏབ་ན། ནོར་བུ་དེ་ལས་དགོས་འདོད་འབྱུང་བར་མ་ཤེས་པར། ནོར་བུ་མཆོད་བསྟོད་སོགས་བྱས་ན། དགོས་འདོད་ཕྱོགས་གཞན་ཞིག་ནས་འབྱུང་དུ་རེ་བ་ལྟར། གཅོད་པ་རྣམས་ཀྱི་བློ་ཁ་ནང་དུ་ཕྱོགས་ནས་རང་སེམས་ལ་བལྟས། སྔར་མི་དགེ་བའི་སེམས་སྐྱེས་པ་སྤངས། མ་སྐྱེས་པ་རྣམས་མི་བསྐྱེད། དགེ་བའི་སེམས་མ་སྐྱེས་པ་བསྐྱེད། སྐྱེས་པ་རྣམས་གོང་འཕེལ་དུ་བཏང་། ཁྱད་པར་འཁོར་འདས་བདེ་སྡུག་ལེགས་ཉེས་ཀུན་གྱི་རྩ་བ་སེམས་ཀྱི་གཞི་རྩ་བཅད་ནས། གནས་ལུགས་སྟོང་གསལ་ཟང་ཐལ་འཛིན་མེད་མཐའ་བྲལ་ཆོས་དབྱིངས་ཆེན་པོ་ནམ་མཁའ་ལྟ་བུའི་ངང་ལ་ཁྱུང་ཆེན་ནམ་མཁའ་ལ་ལྡིང་བ་བཞིན་བྱིང་རྒོད་དང་བྲལ་བར་མཉམ་པར་བཞག །

p. 351

རྗེས་ཐོབ་སྐབས་སུ་སྒྱུ་མ་མཁན་གྱིས་སྤྲུལ་བསྒྱུར་ལྟར། ལུས་སྦྱིན་བརྒྱ་རྩ་སོགས་ཚོགས་གསོག་སྒྲིབ་སྦྱོང་བྱས་ན། རང་སེམས་ལས་འབྲས་བུ་ཐར་པ་བླ་ན་མེད་པ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཡང་དག་པར་རྫོགས་པའི་སངས་རྒྱས་འབྱུང་བར་མ་ཤེས་པར། ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་བླངས་ན་ཐར་པའི་གོ་འཕང་དེ་ཕྱོགས་གཞན་ཞིག་ནས་འོང་དུ་རེ་བའི་འཁྲུལ་པའི་བློ་དེ་གཅོད་མཛད་མ་ཞེས་པ་ཡིན་པས། དུས་ཀུན་ཐར་འདོད་ཀྱི་བློ་བསྐྱེད་མི་རུང་། རང་བཞིན་གྱིས་ཐར་འདོད་ཀྱི་རེ་བ་འདྲ་སྐྱེས་སོང་ཡང་སངས་རྒྱ་བའི་གེགས་ཡིན་པས། དེ་གཅོད་མཛད་མ་ཞེས་པ་ཡིན་སྙམ་ནས་ཕྱིན་ཅི་ལོག་ཏུ་གོ་ནས་འཁྲུལ་བར་མི་བྱ་སྟེ། རྒྱལ་དབང་ཐམས་ཅད་མཁྱེན་པས། སེམས་འདི་མ་རྟོགས་མ་རིག་འཁོར་བར་འཁྱམས། །རྟོགས་ན་རིག་པའི་ངོ་བོ་ཀུན་ཏུ་བཟང་། །རྐང་འཁྱམས་རྒྱལ་པོའི་བུ་བཞིན་རང་ཉིད་ལ། །གནས་ཕྱིར་སངས་རྒྱས་ཕྱི་རོལ་ནས་འཚོལ་བ། །རྐུན་བུ་ནང་བཞག་ཕྱི་རུ་རྩད་གཅོད་འདྲ། ཞེས་དང་། འོད་གསལ་ཆོས་སྐུ་རང་ལ་གདོད་མ་ནས། །གཅེར་

p. 352

མཐོང་ངོ་སྤྲོད་ཨ་ཏི་རྫོགས་པ་ཆེ། །ཐེག་པའི་ཡང་རྩེ་འཛིན་ལ་གོམས་འདྲིས་ན། །སངས་རྒྱས་གཞན་ནས་འཚོལ་བའི་རེ་བ་སྐྱུངས། །གསུངས། རྗེ་མི་ལས། འཁོར་བ་གཞན་དུ་སྤང་དུ་མེད། །མྱ་ངན་འདས་པ་སྒྲུབ་ཏུ་མེད། །རང་སེམས་སངས་རྒྱས་སུ་བློ་ཐག་ཆོད། །ཅེས་དང་། ཡང་། སངས་རྒྱས་སེམས་སུ་ངོ་ཤེས་པས། །ཞེ་འདོད་བསྒྲུབ་བྱ་མ་མཆིས་སོ། །གསུངས། ཞང་གཡུ་བྲག་འགྲོ་བའི་མགོན་པོས། རང་སེམས་སངས་རྒྱས་ཅེར་གྱིས་མཐོང་། །སངས་རྒྱས་རྩོལ་བའི་ནད་དང་བྲལ། །ཞེས་དང་། མཉམ་མེད་དྭགས་པོ་ལྷ་རྗེས། དེ་ལྟར་རང་སེམས་སངས་རྒྱས་མ་ལགས་པ། ཕྱོགས་བཅུ་དུས་གསུམ་མ་ལུས་གང་ལ་ཡང་། །སངས་རྒྱས་ཕྱི་ནས་བཙལ་བས་རྙེད་མི་འགྱུར། །དེ་བས་རང་གི་སེམས་ལ་བལྟ་བ་གོམས་པར་གྱིས། །ཞེས་དང་། དགྱེས་པ་རྡོ་རྗེ་ལས། སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཅེས་དང་། འདིར་མང་སྨྲ་བས་ཅི་ཞིག་བྱ། །སེམས་རྟོགས་པ་ཉིད་སངས་རྒྱས་ཉིད། །ཅེས་དང་། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཞལ་ནས། ཡར་

p. 353

སངས་རྒྱས་ལ་རེ་ན་གོལ་བས། རང་སེམས་ལས་ལོགས་ན་སངས་རྒྱས་མེད་པར་ཐག་བཅད། མར་ངན་སོང་དུ་ལྷུང་དུ་དོགས་ན་གོལ་བས། སེམས་གཞི་མེད་འཁོར་བའི་རྒྱུ་དང་བྲལ་བར་ཐག་བཅད། ལས་རྒྱུ་འབྲས་ཁྱད་དུ་གསོད་ན་གོལ་བས། གཡོ་མེད་ཀྱི་བཙན་ས་མ་ཟིན་བར་དུ་ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པར་ཐག་བཅད། གསུངས། འབའ་ར་བས། འབྲས་བུ་གཞན་ནས་འཐོབ་བྱར་མི་སེམས་པར། །རང་ལ་རང་ཆས་ཡོད་པའི་ཆོས་སྐུ་འདི། །གོམས་པར་བྱས་ན་སངས་རྒྱས་ཐོབ་ནས་འོང་། །གསུངས། གཅོད་ཀྱི་བཤགས་པ་ལས། རང་སེམས་ཡིད་བཞིན་ནོར་བུ་ལ། །དགོས་འདོད་འབྱུང་བར་མ་ཤེས་པར། །འབད་རྩོལ་གཞན་དུ་རེ་བ་ཡང་། །མ་སྤྲུལ་པའི་སྐུ་ལ་མཐོལ་ལོ་བཤགས། །གསུངས། དེ་ཡིན་པའི་རྟགས་སུ་གཅོད་གཞུང་ཐམས་ཅད་ན། ཐོག་མར་དལ་འབྱོར་རྙེད་དཀའ། འཆི་བ་མི་རྟག །ལས་འབྲས་འཁོར་བའི་ཉེས་དམིགས་སོགས་བསམས་ནས། ཐར་འདོད་ཀྱི་བློ་ཤུགས་དྲག་བསྐྱེད། དེ་ནས་དེ་ལས་སྐྱོབ་པའི་སྐྱབས་དཀོན་མཆོག་གསུམ་སོགས་ལ་སྐྱབས་

p. 354

འགྲོ་བྱས། དེ་ནས་རང་ཉིད་འཁོར་བ་འདིར་ལྷུང་ནས་སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་བ་བཞིན། མ་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བར་མཐོང་ནས། རང་ཉིད་གཅིག་པུ་འཁོར་བ་ལས་ཅི་ཐར་བྱེད་པའི་བསམ་སྦྱོར་ཐམས་ཅད་བོར་ནས། བྱམས་པ་དང་སྙིང་རྗེ་ཆེན་པོས། སྔོན་གྱི་རྒྱལ་བའི་ཚོགས་ཀྱིས་མ་བསྒྲལ་པའི་མ་སེམས་ཅན་ཐམས་ཅད་རང་ཉིད་གཅིག་པུས་འཁོར་བ་འདི་ལས་ཅི་སྒྲོལ་ཞིག་བྱེད་སྙམ། ད་ལྟའི་གནས་སྐབས་སུ་རང་རེ་སེམས་ཅན་གཅིག་ཙམ་སྒྲོལ་བའི་ནུས་པ་མི་འདུག །སེམས་ཅན་ཀུན་སྒྲོལ་བ་ལ། ཐོག་མར་རང་ཉིད་སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་སངས་རྒྱས་ཀྱི་གོ་འཕང་འཐོབ་དགོས་པར་འདུག །ད་ནི་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བ་མྱུར་དུ་འཐོབ་ན་ཅི་མ་རུང་། ཅི་ནས་ཀྱང་འཐོབ་པར་བྱ། དེའི་ཆེད་དུ་ཟབ་མོ་གཅོད་ཀྱི་གདམས་པ་ཉམས་སུ་ལེན་པར་བགྱིའོ། །སྙམ་པའི་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེའི་སྒོ་ནས་གཅོད་ཉམས་སུ་ལེན་དགོས་ཞེས་ནན་ཏན་གསུངས་པ་ཡིན་ལ། ཐར་པ་རེ་མི་ཉན་ན། དེ་འདྲ་གསུང་དོན་མེད་

p. 355

པའི་ཕྱིར་རོ། ཁྱོད་ཀྱིས་གཅོད་སྔགས་འདི་ཆ་བོས་ར་ལུག་གི་མགོ་གཅོད་ཚུལ་མིན་མི་ཤེས། འདི་འདྲི་དང་ཁ་ན་ལྕེ་དབྱུང་རྒྱུ་མིན་མེད་མོད། ཅི་ཞིག་ཟེར་གི་བལྟ་སྙམ་ནས་ཉམས་ཚད་པ་ཡིན་ན་སྐྱོན་ཆེར་མི་འདུག་སྟེ། དེ་མ་ཡིན་པར་ངེས་པར་དེ་ལྟར་འདོད་ནས་དྲིས་པ་ཡིན་ན་ཁྱོད་ཀྱི་བསམ་པ་ལ། ངས་མཚན་ལྡན་བླ་མ་འདོད་འཇོ་བ་མོ་ལྟ་བུ་བསྟེན་ནས། གཞུང་ལུགས་རབ་འབྱམས་འོ་མ་ལྟ་བུ་ལོ་མང་པོའི་བར་དུ་ངོམས་མེད་དུ་འཐུང་། ཐོས་བསམ་སྒོམ་གསུམ་གྱི་ལུས་སྟོབས་རྒྱས་ནས། གསུང་རབ་ཀྱི་ཐང་ཡངས་པ་ན་འཆད་རྩོད་རྩོམ་གསུམ་གྱི་རྩེད་འཇོ་བྱེད་པས། རྒྱལ་བའི་གསུང་རབ་ཀྱི་དོན་མ་ཤེས་ན། གཞན་ཁྱོད་འདྲའི་བླ་མ་ལྟས་ངན་གླ་བ་ལྟ་བུ་ལས་གདམས་ངག་གླ་རྩི་ཙམ་ཞིག་ཐོབ། བྲག་ཕུག་ཁ་ཁུང་ལྟ་བུ་ནས། གཅིག་པུར་གླ་ཕྲུག་བཞིན་དུ་ཉལ་འདུག་པ་ཞིག་གིས་ཡོན་ཏན་ཅི་ཤེས་ཞེས། ང་ལ་སྙིང་ཁྱིས་བཏང་ནས་དགོད་མོད། འོན་ཀྱང་ངས་བལྟས་ན། ཁྱོད་ཀྱིས་མཚན་ལྡན་བླ་མ་བསྟེན་ནས་གཞུང་ལུགས་ལ་ལོ་མང་སྦྱངས་པ་ཞིག་དང་མི་རིགས་ཁི། ཕ་རྒན་མ་གཉང་རྐྱལ་ཞིག་

p. 356

གི་འོག་གི་གཉང་དྲི་བྲོ་བའི་འོ་མ་འཐུང་མཁན་གྱི་གླང་ཕྲུག་རྒྱབ་སེར་ཞིག་དང་མཚུངས་བྱུང་། ཁྱོད་ལ་བལྟས་ན་ངས་ཉོན་མོངས་དུག་སྦྲུལ་འཇོམས་པའི་དམ་ཆོས་ཀྱི་རྩི་སྨན་ཅུང་ཟད་ཐོགས་ནས། རི་ཁྲོད་དབེན་པའི་བསིལ་གྲིབ་ན། དགེ་སྦྱོར་གྱི་དྲི་ངད་ཆིལ་ལེ་ཉལ་འདུག་པ་དགའ་རབ་བྱུང་། དཔེར་ན་བླུན་པོས་གཏམ་འགའ་རེའི་རྒྱུ་མཚན་ངེས་ངེས་པོ་མ་ཤེས། ཕྱིན་ཅི་ལོག་ཏུ་གོ་ནས། གཞན་གཏན་ནས་དགོད་རྒྱུ་མི་འོང་བ་ལ་ཡང་། ཁོ་ཤེད་ཀྱིས་ལྷག་ལྷག་བགད་ཚེ། དེའི་ཐག་ཉེ་ན་འཁོད་པའི་བློ་ལྡན་བསམ་ཤེས་ཀྱིས། བླུན་པོའི་རྒྱུ་མཚན་མ་ཤེས་བགད་པ་ཤེས་ནས། ཁོ་ལ་ཁོག་གིས་སྙིང་ཁྱིས་བཏང་། མིག་གིས་ངོར་བལྟས་བཞད་གད་བྱས། རྒྱུ་མཚན་བཤད་ན་གཞན་དེ་ན་ཡོད་ཚད་ཀྱིས་ཅིས་གླེན་པ་ཞིག་རེད་ཟེར་ཧ་བགད་ཆེར་བྱེད་པ་ལྟར། རྒྱལ་བའི་གསུང་རབ་ཀྱི་འདི་དང་འདི་འདྲའི་རིགས་ཀྱི་དགོངས་པ་མ་ལོན་པར་ཕྱིན་ཅི་ལོག་ཏུ་གོ་ནས། གཞན་གྱིས་བརྙས་སྨོད་ནམ་ཡང་མི་འོང་བའི་ཆོས་ཟབ་མོ་གཅོད་སོགས་གྲུབ་མཐའ་རྣམས་ལ་བརྙས་སྨོད་བྱས། ཆོས་མ་གོ་བའི་མཚང་གཞན་མས་སྟོན་མི་དགོས་བཞིན་རང་

p. 357

གིས་བསྟན་ནས་བགད་ན། མི་མངོན་དབྱིངས་ན་བཞུགས་པའི་མ་གཅིག་ལབ་སྒྲོན་སོགས་སྔོན་བྱོན་རྒྱ་བོད་ཀྱི་མཁས་གྲུབ་རྣམས་ཀྱི་ལྷའི་སྙན་གྱིས་གསན་ཡེ་ཤེས་ཀྱི་སྤྱན་གྱིས་གཟིགས་ཚེ། དགོངས་པ་མ་ལོན་པར་འདུག་དགོངས་ཐུགས་གཏིང་ནས་ཁྲེལ་བའི་རྟགས་སུ་བཞད་གད་བྱས། རྒྱུ་མཚན་གསུངས་ན། ཞིང་དེ་ཀུན་ན་བཞུགས་པའི་སྐལ་བཟང་གི་བྱང་ཆུབ་སེམས་དཔའ་བྱེ་བ་ཐེར་འབུམ་གྱིས་ཁྱོད་ལ་བལྟས་བཞད་བགད་བྱས། ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་བཞད་བགད་ཀྱིས་འགེངས་ཤིང་། ད་ལྟའི་གཅོད་སྔགས་རྣམས་ཀྱིས་ཀྱང་གོ་ན། ར་ལུག་གི་མགོ་གཅོད་ཞོར་ལ་ཁྱོད་ལ་བལྟས་ཧ་བགད་བྱེད་པས་གཞན་མ་སེམས། ཡང་འགའ་རེས་རང་གི་བེ་བུམ་ལག་མཐིལ་ཙམ་རེ་བལྟས་ནས། དགེ་ལུགས་པ་འདིས། བདག་མེད་གནས་ལུགས་རྟོགས་པའི་ཐབས་སོ་སོར་རྟོགས་པའི་ཤེས་རབ་ལ་ལྷག་མཐོང་ཟེར་བ་འདི་འགལ་བ་ཆེ་སྟེ། དཔེར་ན་མཚན་མོ་མུན་པ་བསལ་ནས། ལྷ་སྐུར་ལྟ་བའི་ཐབས། མར་མེ་ལ་ལྷ་སྐུའི་མིང་བཏགས་པ་དང་མཚུངས་པས་དེ་ཤིན་ཏུ་མི་རིགས་ཏེ།

p. 358

རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པའི་ཞལ་ནས། མདོར་ན་ཞི་གནས་བཟང་པོའི་ཉམས་ངར་འདོན་དང་བཅས་པ་དང་། སོ་སོར་རྟོག་པའི་ཤེས་རབ་ཟབ་མོའི་དཔྱོད་པ་དང་བཅས་པ་འདི། ལྷག་མཐོང་རྟོགས་པའི་ཐབས་མེད་མི་རུང་སྐས་ལ་འཛེག་པའི་སྐས་ཐེམ་འོག་མ་དང་འདྲ་ཞེས་གསུངས་པ་མ་གཏོགས་ལྷག་མཐོང་ཡིན་ཞེས་མ་གསུངས་པའི་ཕྱིར་རོ། དེས་ན་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་གསལ་འཛིན་མེད་དུ་ལྷག་གེར་མཐོང་བ་ལྷག་མཐོང་ཟེར་གྱི། དེ་རྟོགས་ཐབས་རྟོག་དཔྱོད་བྱེད་པ་ལ་ལྷག་མཐོང་ཟེར་ན། ཕྱི་རོལ་གྱི་གཟུགས་མཐོང་མཁན་གྱི་མིག་གི་མིང་ལ་གཟུགས། དེ་བཞིན་ཉན་མཁན་གྱི་རྣ་བའི་མིང་ལ་སྒྲ། སྣོམ་མཁན་གྱི་སྣ་ལ་དྲི་ཡིན་ཟེར་དགོས་པ་སོགས། ཧ་ཅང་ཐལ་བར་འགྱུར། རྟོག་དཔྱོད་ཐམས་ཅད་ལྷག་མཐོང་དུ་འདོད་ན། ཁྱི་དང་ཕག་ཁྭ་ཏ་དང་སྐྱ་ག་སོགས་སེམས་ཅན་ཐམས་ཅད་ཀྱིས་ལྷག་མཐོང་རྐྱང་བསྒོམ་པར་འདོད་དགོས། དེ་ཡིན་ན་སེམས་ཅན་ཐམས་ཅད་གྲོལ་བར་རིགས་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་ལ་ཡང་རྟོག་དཔྱོད་ཀྱི་སྤྲོ་བསྡུ་མང་བའི་ཕྱིར་རོ། ཟེར་ན། འོ་དེ་ཁྱོད་ཀྱིས་

p. 359

གཏན་ནས་མ་གོ་འདུག །གླེན་པའི་ནང་གི་གླེན་པ་ཁྱོད་ཉོན་དང་། ད་ངས་ཀྱང་མི་ཤེས་གླེན་པ་ཡིན་མོད། འོན་ཀྱང་ཤེས་ཚོད་ཅིག་ཁྱོད་ལ་བཤད་ཀྱིས། སྔོན་གླེན་པ་ཞིག་བླ་མ་གཅིག་གི་དྲུང་དུ་སོང་ནས་སྐད་ཆའི་ཞོར་གཅིག་ལ་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་རེད་ཅེས་ཁ་ནས་ཤོར་སོང་བ། བླ་མ་དེས་སོ་སོའི་སྐྱེ་བོ་ཕལ་པ་རྣམས་ཀྱི་ནང་ནའང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་གང་ཟག་ཡོད་ཀྱི་རེད་སྙམ། དག་སྣང་ཞིག་བྱུང་ནས། མི་དེ་ལ་གནང་སྦྱིན་ཞིག་བྱས། ཁོས་བསམ་པ། དེ་རིང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུ་རེད་བཤད་ཚེ་འདི་གནང་དུས། ནངས་པར་སོང་ནས་གཡོས་ལྟ་བུ་རེད་ཞུས་ན། འདི་བས་ཆེ་ཞིག་གནང་རྒྱུ་རེད་སྙམ་ཕྱི་ཉིན་སོང་ནས། ཆོས་ཐམས་ཅད་གཡོས་ལྟ་བུ་རེད་ལགས་སྨྲས་པས། ཁོང་བཞད་གད་ཤོར། ཡིད་ཆད་སོང་ཟེར་བ་ལྟར། ཁྱོད་ཀྱིས་གནས་ལུགས་སྟོང་ཉིད་ཀྱི་ངོ་བོ་ལྷག་གེར་མཐོང་བ་ལ་ལྷག་མཐོང་ཟེར་ཞེས་བཤད་པ་ཁྱོད་བདེན། གཞན་མཁས་པས་དེ་རེད་ཟེར་ཁས་ལེན་ཀྱང་། དེ་གཅིག་པུ་མིན། ལྷག་མཐོང་ཟེར་ནི་མེད། སོ་སོར་རྟོག་པའི་

p. 360

ཤེས་རབ་ལ་ལྷག་མཐོང་གཏན་ནས་མི་ཟེར་བཤད་པ་མཁས་པས་བཞད་གད་དང་། ཡིད་ཆད་པའི་གཏམ་ཞིག་ཏུ་ཟད། ལྷག་མཐོང་ཟེར་བ་དེ་རྒྱ་ཆུང་ཆུང་གཅིག་གཉིས་ཙམ་ཞིག་མ་ཡིན་ཏེ། ལྷག་མཐོང་ལ་བཟང་ངན་རབ་འབྲིང་ཐ་གསུམ་མཐའ་ཡས། འཇིག་རྟེན་ན་འགའ་ཞིག་གིས། བཟང་ངན་གྱི་དངོས་པོ་གང་མཐོང་ནི་ཡིན་ཡང་རུང་། ངས་སྔར་གྱི་དེ་བས་ལྷག་ཅིག་མཐོང་། ཡང་དེ་བས་ལྷག་ཅིག་མཐོང་། ཡང་དེ་བས་ཀྱང་ལྷག་ཅིག་མཐོང་ཚོ་ཟེར་བ་མགོའམ། རྗེ་མི་ལས་གསུངས་པ་དེ། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་ཉིད་རྣམ་དག་མཐོང་མེད་ཀྱི་ལྷག་མཐོང་རྟོགས་པའི་ཐབས་སོ་སོར་རྟོག་པའི་ཤེས་རབ་ཡིན་ཞེས་གསུངས་པ་མ་གཏོགས། སོ་སོར་རྟོག་པའི་ཤེས་རབ་དེ་ལྷག་མཐོང་མིན་ཞེས་མ་གསུངས་ཏེ། ཁོང་གིས་རས་པ་སངས་རྒྱས་སྐྱབས་ལ་སེམས་ཁྲིད་གནང་ནས་མགུར་གསུངས་པ། རྗེ་དཀོན་མཆོག་ལ་གསོལ་བ་འདེབས་བཞིན་དུ། །ཆོས་ཐོས་བསམ་གྱི་ཕུ་ཐག་བཅད་ནས་ནི། །བདག་མེད་གོ་ཡུལ་གྱི་སོར་རྟོག་ལྷག་མཐོང་ལ། །ཞི་གནས་ངར་འདོན་གྱི་སྲོག་ཐག་བཟང་པོ་བཏགས། །བྱམས་

p. 361

དང་སྙིང་རྗེ་ཡི་སྐྱེས་བུ་སྟོབས་ལྡན་གྱིས། །གཞན་ཕན་སེམས་བསྐྱེད་ཀྱི་རྩལ་སྟོབས་དྲག་པོ་ཡིས། །སྨོན་ལམ་རྣམ་དག་གིས་གྱེན་དུ་དྲངས་པ་ལས། །མཐོང་ལམ་རྣམ་པར་དག་པ་མངོན་སུམ་དུ། །རྣམ་དག་མཐོང་མེད་ཀྱི་ལྷག་མཐོང་རྟོགས་ཏེ་མཆི། །བློ་རེ་དོགས་ཀྱི་རང་མཚང་དེ་དུས་རིག །མ་ཕྱིན་པར་སངས་རྒྱས་ས་རུ་སླེབས། །མ་བལྟས་པར་ཆོས་སྐུ་དེ་དུས་མཐོང་། །མ་བསྒྲུབས་པར་འདུན་མ་ལྷུན་གྱིས་གྲུབ། །བུ་དགེ་བསྙེན་སེམས་ལ་དེ་ལྟར་ཞོག །གསུངས། མགུར་དེའི་ནང་ན། བདག་མེད་གོ་ཡུལ་གྱི་སོར་རྟོག་ལྷག་མཐོང་ལ། །ཞེས་སོ་སོར་རྟོག་པའི་ཤེས་རབ་ལ་ལྷག་མཐོང་ཞེས་གསལ་བར་གསུངས་པའི་ཕྱིར་རོ། །དཔལ་ལྡན་མ་ཁོལ་གྱིས། ཤེས་རབ་ནང་ན་ཀུན་མཁྱེན་ལྟར། ཞེས་གསུངས་པས། ཞི་གནས་སོགས་ཕར་ཕྱིན་གཞན་ལས་སོ་སོར་རྟོག་པའི་ཤེས་རབ་ལྷག་ཡིན་ཅིང་། དེས་བལྟས་ན་བླང་དོར་གྱི་གནས་མི་མཐོང་བ་མེད། བལྟས་གི་བལྟས་གི་སྔར་གྱི་དེ་བས་ལྷག །དེ་བས་ཀྱང་ལྷག་མཐོང་བས་ན། དེ་ལ་ལྷག་མཐོང་མི་ཟེར་ན་ཅི་ལ་ཟེར། དཔེར་ན་མི་

p. 362

བས་ལྷག་གི་ལྷ་ཞིག་མཐོང་བ་ལ་ལྷ་མཐོང་མཁན་མི་ཟེར་བར་འདྲེ་མཐོང་མཁན་ཁྱེད་ཀྱིས་ཟེར་རམ། གལ་ཏེ་ཁྱོད་ཀྱིས་འདོད་པ་ལྟར་ཡིན་ཡང་། སོ་སོར་རྟོག་པའི་ཤེས་རབ། དོན་དམ་གནས་ལུགས་དང་གང་གི་མིང་ལ་ལྷག་མཐོང་བཏགས་ཀྱང་འགལ་བ་མེད་དེ། དཔེར་ན་ཕ་རིའི་ངོས་ལ་སོང་ནས། ཚུར་རིའི་རི་ལ་ཕ་རི། ཚུར་རི་ལ་འོང་ནས་སྔར་སོང་བའི་རི་དེ་ལ་ཡང་ཕར་རི་ཟེར་བ་དང་། འགའ་རེ་ཉི་མའི་ཟེར་རི་མགོ་ལ་ཕོག་པ་ཉི་མ་ཤར་འདུག་ཟེར་བ་དང་། ཉི་མ་ཁོ་རང་ལ་ཡང་ཉི་མ་ཟེར་བ་དང་མཚུངས་པའི་ཕྱིར་རོ། རྟོག་དཔྱོད་གང་བྱས་ཀྱང་འདོད་ཆགས་ལས་ལྷག་ཞེ་སྡང་ཡིན་པར་མཐོང་། བྱམས་སྙིང་རྗེ་ལས་ལྷག་བྱང་ཆུབ་ཀྱི་སེམས་ཡིན་པ་མཐོང་བས་མཚོན་བཟང་ངན་གང་ཡིན་དེ་བས་ལྷག །དེ་བས་ལྷག་མཐོང་བས། མི་དགེ་བ་མཐོང་བ་མ་སྤངས་ན་གྲོལ་བར་མི་འགྱུར་བ་ཁྱོད་བདེན་ཡང་། ལྷག་མཐོང་གི་མིང་ཙམ། དེ་ལ་ཡང་བཏགས་ན་ཆོག་སྟེ། ཅིའི་ཕྱིར་ཞེ་ན། ལྷག་པས་ལྷག་པ་བྱས་མཐོང་བའི་ཕྱིར་རོ། །སོ་སོར་རྟོག་པའི་ཤེས་རབ་ལ་ལྷག་མཐོང་། རྒྱལ་བའི་གསུང་རབ་དགོངས་འགྲེལ་ཚད་ཐུབ་དུ་མ་

p. 363

ནས་ཡང་ཡང་གསལ་བར་གསུངས་ཏེ། སྟོན་པའི་དགོངས་འགྲེལ་གྱི་མདོ་ལས། ཤེས་བྱའི་དོན་རྣམ་པར་འབྱེད་པ་དང་། རབ་ཏུ་རྣམ་པར་འབྱེད་པ་དང་། ཡོངས་སུ་རྟོགས་པ་དང་། ཡོངས་སུ་དཔྱོད་པ་དང་། བཟོད་པ་དང་། འདོད་པ་དང་། བྱེ་བྲག་འབྱེད་པ་དང་། ལྟ་བ་དང་། རྣམ་པར་རྟོག་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱ་སྟེ་གསུངས། འཕགས་པ་དཀོན་མཆོག་སྤྲིན་ལས། ཞི་གནས་ནི་སེམས་རྩེ་གཅིག་པའོ། །ལྷག་མཐོང་ནི་ཡང་དག་པར་སོ་སོར་རྟོག་པའོ། །ཞེས་དང་། རྗེ་བཙུན་བྱམས་པས། ལྷག་མཐོང་ལམ་ནི་དེ་དོན་རྣམས། །རྣམ་པར་དཔྱོད་པར་ཤེས་པར་བྱ། །ཞེས་དང་། རྗེ་བཙུན་ཐོགས་མེད་ཀྱིས། ཇི་ལྟར་བསམ་པས་ཆོས་དེ་ཉིད་ཀྱི་མཚན་མ་ཡིད་ལ་བྱེད་ཅིང་། འབྱེད་པ་དང་རབ་ཏུ་རྣམ་པར་འབྱེད་པ་དང་། ཆོས་རབ་ཏུ་རྣམ་པར་འབྱེད་པ་ནས་རྒྱས་པས་མཁས་པ་དང་ཤེས་རབ་ཀྱིས་འཇུག་པའི་བར་གང་ཡིན་པ་དེ་ནི་ལྷག་མཐོང་ཞེས་བྱའོ། །ཞེས་དང་། སློབ་དཔོན་ཀ་མ་ལ་ཤཱི་ལས། དེ་ཁོ་ན་ལ་རྣམ་པར་དཔྱོད་པ་གང་ཡིན་པ་དེ་ནི་ལྷག་མཐོང་ཡིན་གསུངས།

p. 364

སློབ་དཔོན་ཤནྟི་པས། རྟོག་པ་དང་བཅས་པའི་གཟུགས་བརྙན་དུ་གྱུར་པ་ནི་ལྷག་མཐོང་གི་དམིགས་པའོ། གསུངས། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ལོག་པའི་ཡུལ་ལ་གཡེང་བ་ཞི་བྱེད་ཅིང་། །ཡང་ན་དོན་ལ་ཚུལ་བཞིན་དཔྱོད་པ་ཡི། །ཞི་གནས་ལྷག་མཐོང་ཟུང་དུ་འབྲེལ་བའི་ལམ། །ཞེས་གསུངས་སོ། དེས་ན་ད་ཁྱོད་ཀྱིས་གསུང་དེ་རྣམས་མ་རེད་ཅེས་སྨྲ་ཕོད་དམ། བྱིས་པ་འགའ་རེས་རྒན་པའི་གཏམ་ཡིན་ནི་ཞིག་ལ་དེ་མ་རེད་སྨྲས་ན་ཕ་མ་སོགས་ཀྱིས་སྙིང་རྗེ། འགའ་རེས་བལྟས་ཧ་བགད་རྐྱང་བྱེད་པ་ལྟར། ཁྱོད་ཀྱིས་རྒྱལ་བ་རྣམས་ཀྱི་གསུང་དེ་མ་རེད་སྨྲས་པ། རྒྱལ་དང་རྒྱལ་སྲས་རྣམས་ཀྱིས་གསན་ན་སྙིང་རྗེ་སྐྱེ་ཞིང་། དེང་སང་མཁས་པ་རྣམས་ཀྱིས་གོ་ན། འོ་དེ་མིན་ན་འདི་ཨེ་རེད་ཀ་ཨེ་རེད་ཅེས་ཕྱིན་ཅི་ལོག་མང་པོ་བཤད་ནས་འཕྱ་སྨོད་བཞད་གད་ཀྱི་གནས་ཡིན་པས། ད་ཁྱོད་ཀྱིས་ཨང་དགེ་ལུགས་པས་ཅི་ཟེར་གི །ཉམས་ཚད་ནི་ཡིན་ཞེས་རྫུ་བག་ལ་བརྟེན་དང་མཛེས། ཡང་ཕྱག་རྫོགས་པ་འགའ་རེས། འབྲས་བུ་རྒྱུའི་རྗེས་སུ་འགྲོ་བས་ཁོང་ཚོའི་ལྟ་བ་འདི། རྣམ་པར་མི་རྟོག་པའི་ཡེ་ཤེས་དང་ཆེས་ཤིན་ཏུ་

p. 365

མཐུན་པས་འཁྲུལ་མེད་པོ་ཡིན་ལ། དབུ་མ་བས་མེ་འདོད་ནས་ཆུ་ལེན་པ་ལྟར། མཐར་ཐུག་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་འདོད་ནས། ལམ་སྐབས་སུ་རྣམ་རྟོག་རྐྱང་སྒྲུབ་པ། ཞེ་འདོད་དང་ལག་ལེན་ཕྱིན་ཅི་ལོག་ཏུ་སོང་བ་ཡིན་ཏེ། རྡོ་རྗེ་སྙིང་འགྲེལ་ལས། རྒྱུ་འདྲ་དེ་ལས་སྐྱེ་བ་ཡི། །འབྲས་བུ་ཐམས་ཅད་དུ་མཐོང་གི །ཀོ་ཌ་པ་ཡི་ས་བོན་ལས། །ས་ལུའི་འབྲུ་ནི་འབྱུང་བ་མེད། །རྣམ་རྟོག་ས་བོན་ལས་བྱུང་བའི། །འབྲས་བུ་རྣམ་རྟོག་བཅས་པར་འགྱུར། །རྣམ་པར་མི་རྟོག་ལས་སྐྱེས་པའི། །འབྲས་བུ་རྣམ་པར་མི་རྟོག་འགྱུར། །གསུངས་འདུག་ཟེར་ན། དེ་ཆོས་རྒྱ་ཆེན་པོ་ལ་མ་སྦྱངས་པར་རེ་རེ་ཙམ་ལ། ངེས་པ་ལྟར་སྣང་རེ་རྙེད་ཚེ་གླེན་གཏམ་ཁྲོམ་དུ་ངོམས་པ་ཡིན་ཏེ། འབྲས་བུ་རྒྱུའི་རྗེས་སུ་འགྲོ་བ་ཁྱོད་བདེན་ཡང་། མཐའ་གཅིག་ཏུ་དེ་འདྲ་ཞིག་དགོས་པའི་ངེས་པ་མེད་དེ། དེ་ཡིན་ན། ལམ་ཟག་བཅས་ལས། འབྲས་བུ་ཟག་མེད་ཀྱི་བདེ་བ་མི་འབྱུང་བར་འགྱུར་ཞིང་སོ་སོ་སྐྱེ་བོས་འཕགས་པ་ཡང་འཐོབ་པར་མི་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། རྒྱུ་འབྲས་མི་འདྲ་བའི་ཕྱིར་རོ། །དེ་བཞིན་

p. 366

ས་བོན་སྐྱ་བོ་ལས་མྱུ་གུ་སྔོན་པོ་འབྱུང་བ་དང་། མེ་ལས་དུ་བ་སྐྱེ་བ་དང་། བུད་མེད་ལས་བུ་སྐྱེས་པ་སོགས་རྣམ་པ་མི་འདྲ་བའི། རྒྱུ་འབྲས་མཐའ་ཡས་པ་ཞིག་སྣང་བའི་ཕྱིར་རོ། ཁྱོད་ཀྱིས་འདི་ཚོ་ཡང་ད་བར་མ་མཐོང་ངམ། དབུ་མ་ཚང་རྒྱུ་འབྲས་ཆེས་ཤིན་ཏུ་མཐུན་ཏེ། འོད་སྲུངས་ཀྱི་ལེའུ་ལས། དཔེར་ན་ཤིང་གཉིས་རླུང་གིས་དྲུད་པ། དེ་ལས་མེ་བྱུང་སྟེ། བྱུང་ནས་ཤིང་གཉིས་བསྲེགས་པ་དེ་བཞིན་དུ་འོད་སྲུངས་ཡང་དག་པར་སོ་སོར་རྟོག་པ་ཡོད་ན། འཕགས་པ་ཤེས་རབ་ཀྱི་དབང་པོ་སྐྱེ་སྟེ། དེ་སྐྱེས་པས་ཡང་དག་པའི་སོ་སོར་རྟོག་པ་དེ་ཉིད་སྲེག་པར་བྱེད་དོ། གསུངས། སྒོམ་རིམ་བར་པ་ལས། དེ་ལྟར་ཤེས་རབ་ཀྱིས་རྣམ་པར་དཔྱད་དེ། གང་གི་ཚེ་རྣལ་འབྱོར་པས། དངོས་པོ་གང་གི་ངོ་བོ་ཉིད་དོན་དམ་པར་མི་འཛིན་པ་དེའི་ཚེ་རྣམ་པར་མི་རྟོག་པའི་ཏིང་ངེ་འཛིན་ལ་འཇུག་གོ་གསུངས། སྒོམ་རིམ་ཐ་མ་ལས། དེ་རྣམ་པར་རྟོག་པས་ངོ་བོ་ཉིད་ཡིན་དུ་ཟིན་ཀྱང་། ཚུལ་བཞིན་ཡིད་ལ་བྱེད་པའི་ངོ་བོ་ཉིད་ཡིན་པའི་ཕྱིར། རྣམ་པར་མི་རྟོག་པའི་ཡེ་ཤེས་འབྱུང་བར་འགྱུར་བས་ན། ཡེ་ཤེས་དེ་འདོད་པས་དེ་ལ་བརྟེན་པར་

p. 367

བྱའོ། །གསུངས། གལ་ཏེ་དེ་ལྟར་མི་འདོད་པའི་ཕྱག་རྫོགས་པའི་རྐང་འདྲེན་རང་གཞན་གཉིས་འཕུང་བྱེད་པའི་བླུན་པོ་ཝ་སྐྱེས་རེ་གཉིས་ཡོད་ན། དབུ་མ་ཐོས་བསམ་སྒོམ་གསུམ་གྱི་རྩལ་རྫོགས་ཤིང་། ལུང་རིགས་རབ་དཀར་རྣོ་བའི་མཆེ་བ་བཞི་གཙིགས་པས། སྟག་སེང་རྩོད་པའི་ཁ་འཐབ་པའི་བར་དུ་སོང་ལ་ཁྱེད་ཚང་གི་འདོད་པ་དེ་མ་རེད། འདི་ཡིན་གྱིས་ལ་མ་ཆུ་གཉེར་དང་། ལུང་རིགས་ཀྱི་མཆེ་བ་རྣོན་པོས་བརྡབ་ནས། ཁ་ལེན་གྱི་ཝ་སྐད་ཤོར། འགལ་བའི་རྨ་ཁ་མང་པོ་བཏོན་ཚེ་ཁ་ནང་ན་ལྕེ་ཡང་ཕྱིར་དབྱུང་རྒྱུ་མེད་པར་ཁ་ཚུམས་ནས་འཁུན་དགོས་ཚོད་ཡོང་བས། དེ་བས་གྲོང་སྡེའི་ལུང་སྟོང་འགྲིམས་ལ། རྙེད་བཀུར་འདོད་ཡོན་གྱི་ཟས་ཀྱིས་འགྲངས་ཚེ། སྦྱིན་བདག་གི་སྟན་གྱིས་བཏེགས་ནས་འགྱིང་། ཟ་ཆོག་གི་ང་རོ་བསྒྲགས་ན་མཛེས། ཡང་དབུ་མ་བ་ཁ་ཅིག་གིས། སློབ་དཔོན་ཀ་མ་ལ་ཤཱི་ལས། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། ཡིད་ལ་མི་བྱེད་པའི་གཟུགས་ལ་སོགས་པའི་མཚན་མ་སྤོང་ངོ་། །ཞེས་གསུངས་པ་གང་ཡིན་པ་དེ་ཡང་ཤེས་རབ་ཀྱིས་བརྟགས་ན་མི་

p. 368

དམིགས་པ་གང་ཡིན་པ་དེར་ཡིད་ལ་བྱེད་པར་དགོས་ཀྱི། ཡིད་ལ་བྱེད་པ་མེད་པ་ཙམ་ནི་མ་ཡིན་ཏེ། འདུ་ཤེས་མེད་པའི་སྙོམས་པར་འཇུག་པ་ལྟར། ཐོག་མ་མེད་པའི་དུས་ནས་གཟུགས་ལ་སོགས་པ་མངོན་པར་ཞེན་པ་ཡིད་ལ་བྱེད་པ་སྤངས་པ་ཙམ་གྱིས་སྤོང་བ་མ་ཡིན་ཏེ། ཞེས་དང་། གང་ཞིག་ཤེས་རབ་ཀྱིས་དངོས་པོའི་ངོ་བོ་ཉིད་སོ་སོར་བརྟགས་ནས་མི་སྒོམ་གྱི། ཡིད་ལ་བྱེད་པ་ཡོངས་སུ་སྤང་བ་ཙམ་འབའ་ཞིག་སྒོམ་པར་བྱེད་པ་དེས་རྣམ་པར་རྟོག་པ་ནམ་ཡང་མི་ཟློག་ཅིང་། ངོ་བོ་ཉིད་མེད་པ་ཉིད་ནམ་ཡང་རྟོགས་པར་མི་འགྱུར་ཏེ། ཤེས་རབ་ཀྱི་སྣང་བ་མེད་པའི་ཕྱིར་རོ། །ཞེས་དང་། ཡང་དག་པར་སོ་སོར་རྟོག་པ་ཉིད་ཀྱི་དྲན་མེད་པ་དང་། ཡིད་ལ་བྱེད་པ་མེད་པ་བྱེད་ནུས་ཀྱིས་གཞན་དུ་མ་ཡིན་ནོ། །ཞེས་གསུངས་པའི་ཕྱིར། ཕྱག་རྫོགས་བླུན་པོ་རྣམས་ཀྱིས་མི་རྟོག་པར་བཞག་པས་གར་ཡང་མི་ཕྱིན་པར་འདུག་ཟེར་ན། འོ་དེ་སྐད་མ་ཟེར་དང་། དངོས་པོ་རེ་རེ་ཐབས་མི་འདྲ་བ་མང་པོའི་སྒོ་ནས་ལོན་པ་ཆེས་ཤིན་ཏུ་མང་བ་བཞིན། རྣམ་པར་མི་རྟོག་པའི་ཡེ་ཤེས་གསར་མ་ཚང་གི་ཐབས་འདི་གཅིག་པུས་མ་གཏོགས་གཞན་

p. 369

གྱིས་མངོན་དུ་བྱེད་མི་ནུས་ཞེས་ཁྱེད་སང་མཁས་པ་ཞིག་དང་མི་རིགས་ཁི། ཕྱག་རྫོགས་པའི་བླུན་པོ་ཚོའི་ལད་མོ་བྱས་ནས་གླེན་གཏམ་བཤད་ག་ལ་རུང་། དཔེར་ན་མེ་གཅིག་པུ་ལེན་པ་ལ་ཡང་གཙུབ་ཤིང་གཙུབ་པ་ལས་ཀྱང་ལོན། མེ་ཤེལ་ཉི་མ་ལ་བཟུང་བས་ཀྱང་ལོན། མེ་ལྕགས་བརྡབ་པས་ཀྱང་ལོན་པ་མ་མཐོང་ངམ། རྗེ་ནག་པོ་སྤྱོད་པས། རྣམ་མི་རྟོག་ལས་སངས་རྒྱས་ཡིན། །དེ་བཞིན་རྣམ་རྟོག་བཅོས་ལས་ཀྱང་། །ཤིན་ཏུ་རྣམ་དག་ཡོངས་ཤེས་ན། །མཁས་པ་རྣམས་ནི་འགྱུར་བ་ཉིད། གསུངས། ད་ངས་བསམ་ན་ཕྱག་རྫོགས་དབུ་གསུམ་སུ་ཡིན་ཡང་སངས་རྒྱས་ཀྱི་དགོངས་པ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་ངེས་སྙམ་པ་མ་གཏོགས་ལོག་ལྟ་སྤུ་ཙམ་འཆར་རྒྱུ་མི་སྣང་། སློབ་དཔོན་ཀ་མ་ལ་ཤཱི་ལ་སོགས་སྐྱེས་ཆེན་རྣམས་ཀྱི་གསུང་ན་དེ་གཅིག་པུ་མིན། གཞན་གང་གིས་མི་རྟོགས་པ་འདྲ་བ་གསུངས་པ་རྣམས་ལ་དགོངས་གཞི་དམིགས་བསལ་ཡོད་པས། གཞན་གྱིས་གཏན་ནས་མི་རྟོགས་ཞེས་གསུངས་པའི་ཚིག་ཏུ་འཁྲུལ་བར་མི་བྱའོ། །དཔེར་ན་སྤྲ་བ་མེ་ཤེལ་ཉི་མ་འཕྲོད་དུ་

p. 370

བཅུག་ནས་གཡོ་འགུལ་མེད་པར་བཟུང་ན་མེ་འབར་བ་ལྟར། ཕྱག་རྫོགས་པས་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་པ་སྔོན་དུ་བཏང་ནས། གནས་ལུགས་སྟོང་གསལ་ཆོས་སྐུ་ངོ་འཕྲོད་ནས། གསལ་སྟོང་སྤྲོས་བྲལ་ནམ་མཁའ་ལྟ་བུའི་ངང་དེར་གློད་ནས་འཇོག་སྒོམ་བྱས་ན། རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་དེ། རྣམ་པར་མི་རྟོག་པ་ལ་འཇུག་པའི་གཟུངས་ལས། ཐེག་པ་ཆེན་པོའི་ཆོས་ཟབ་མོ་ལ་ཐོས་བསམ་གྱི་ཤེས་རབ་སྔོན་དུ་འགྲོ་བའི་རྒྱལ་བའི་སྲས་པོས། མཚན་མར་འཛིན་པའི་འགལ་བའི་ཕྱོགས། རྣམ་པར་མི་རྟོག་བསམ་ཞིང་བསྒོམ་པར་གྱུར་ན་མཚན་མ་ལ་སྤྱོད་པའི་རྣམ་པར་མི་རྟོག་པའི་དྲྭ་བ་བགྲོད་པར་དཀའ་བ་ལས་རྣམ་པར་འདས་ཏེ། རིམ་གྱིས་རྣམ་པར་མི་རྟོག་པའི་ཡེ་ཤེས་འཐོབ་པར་འགྱུར་རོ་གསུངས། དེ་སློབ་དཔོན་ཀ་མ་ལ་ཤཱི་ལས་དགོངས་པ་དང་མཐུན་ཏེ། ཁོང་གིས་ཆོས་ལ་དྲན་པ་མེད་ཅིང་ཡིད་ལ་བྱེད་པ་མེད་པ་དེ་ཡང་། ཡང་དག་པར་སོ་སོར་རྟོག་པ་སྔོན་དུ་འགྲོ་བ་ཡིན་གསུངས་པ་དང་། སེམས་གང་ཡིན་པ་དེ་ཡང་། བཙལ་ན་སྟོང་པར་རྟོགས་སོ། །སེམས་གང་གིས་རྟོགས་པ་དེ་ཡང་ངོ་བོ་

p. 371

ཉིད་ཀུན་ཏུ་བཙལ་ན་སྟོང་པར་རྟོགས་སོ། །དེ་ལྟར་རྟོག་པའི་མཚན་མ་མེད་པའི་རྣལ་འབྱོར་ལ་འཇུག་གོ་གསུངས་པ་ལྟར། སྔོན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་གནས་ལུགས་གཏན་ལ་ཕབ་ནས། མཚན་འཛིན་གྱི་སྤྲོས་པ་མཐའ་དག་དང་བྲལ་བའི་མཚན་མ་མེད་པའི་གནས་ལུགས་སྟོང་གསལ་ཟང་ཐལ་གྱི་ངང་ལ་མཉམ་པར་བཞག་པའི་ཕྱིར་རོ། །དཔེར་ན་ཚེས་གསུམ་གྱི་ཟླ་བ་བཅོ་ལྔའི་ཟླ་བ་དངོས་མ་ཡིན་ཡང་། ཟླ་བའི་མིང་ཐོབ་ཅིང་རིམ་གྱིས་བཅོ་ལྔའི་ཟླ་བ་ཉ་གང་བར་འགྱུར་བ་བཞིན། ཕྱག་རྫོགས་པའི་ལྟ་བ་འདི་རྣམ་པར་མི་རྟོག་པའི་ཡེ་ཤེས་དངོས་མ་ཡིན་ཡང་། རྗེས་སུ་མཐུན་པའི་བྱིང་རྒོད་དང་བྲལ་བར་བསྐྱངས་པའི་མཐར་རྣམ་པར་མི་རྟོག་པའི་ཡེ་ཤེས་མཚན་ཉིད་པ་མངོན་དུ་བྱེད་དེ། རྣམ་པར་མི་རྟོག་པ་དང་རྗེས་སུ་མཐུན་པའི་ཕྱིར་རོ། །དེ་ལྟར་མི་འདོད་ན་འབྲས་བུ་རྒྱུའི་རྗེས་སུ་འགྲོ་བའི་རྒྱུ་འབྲས་ཐམས་ཅད་འཆོལ་བར་འགྱུར་ཏེ། ནས་ལས་ནས། ཆགས་པ་གོམས་པ་ལས་ཆགས་པ། ཆགས་བྲལ་གོམས་པ་ལས་ཆགས་བྲལ་མི་འབྱུང་དགོས་པ་སོགས་ཧ་ཅང་ཐལ་

p. 372

བར་འགྱུར། གནས་ལུགས་ཀྱི་ངང་ལ་མི་རྟོག་པར་མཉམ་པར་བཞག་པ་ལས་མཐར་ཐུག་འབྲས་བུ་ཆོས་སྐུའམ། སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་གསུངས་པ་ཁྱོད་ཀྱིས་བསྙོན་དུ་མེད་དོ། ཀུན་བྱེད་ལས། སྔ་རབས་འདས་པའི་སངས་རྒྱས་ཐམས་ཅད་ཀྱང་། །རང་གི་སེམས་ལས་གཞན་དུ་ཆོས་བཙལ་མེད། །ཇི་བཞིན་པ་ལས་འཆོས་པར་བྱེད་མ་མྱོང་། །ཏིང་འཛིན་རྣམ་པར་རྟོག་པ་སྒོམ་མ་མྱོང་། །རང་སེམས་མི་རྟོག་པ་ཡིས་འགྲུབ་པ་ཡིན། །ད་ལྟ་བཞུགས་དང་སླད་ཀྱི་འབྱོན་པ་ཡི། །རྟོག་མེད་མཉམ་པ་ཉིད་ཀྱིས་འགྲུབ་པར་འགྱུར། །ཞེས་དང་། རྒྱུད་སཾམྦུ་ཊ་ལས། འཛིན་པ་གཉིས་ནི་ཡོངས་བཏང་ན། །རྣམ་པར་དག་ཅིང་གྲོལ་བའི་གནས། །ཞེས་དང་། ཚངས་པས་ཞུས་པའི་མདོ་ལས། དཔྱོད་པ་ཇི་སྙེད་པ་ཐམས་ཅད་ནི་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ། །ཞེས་དང་། བླ་མ་གསེར་གླིང་པས། ཤིགས་སེ་ཤིགས་ལ་འབོལ་ལེ་ཞོག །དེས་ན་མི་འཆིང་གྲོལ་བར་འགྱུར། །ཞེས་དང་། མ་གཅིག་གིས། བསམ་མེད་སྒོམ་

p. 373

པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་དང་། སྤྱན་སྔ་རིན་པོ་ཆེའི་ཞལ་ནས། འཇིག་རྟེན་འདི་དང་འཇིག་རྟེན་འདས། །ཡོན་ཏན་ཇི་སྙེད་ཐམས་ཅད་ནི། །མི་རྟོག་མ་ཡེངས་པ་ཡིས་ནི། །སེམས་ལས་བྱུང་ངོ་ཞེས་གསུངས་ཞིང་། །སེམས་ནི་མི་རྟོག་མཉམ་བཞག་ན། །ཡང་དག་ཇི་བཞིན་ཤེས་འགྱུར་ཞེས། །ཕན་ཡོན་གཞན་དང་གཞན་དག་ཀྱང་། །དཔག་ཏུ་མེད་པ་མདོ་རྒྱུད་དང་། །བསྟན་བཅོས་ཀུན་ལས་གསལ་བར་བཤད། །གསུངས། འདི་འདྲའི་ལུང་བརྒྱ་དགོས་ན་སྟོང་ཡོད། དེ་རྣམས་ལ་དགོངས་ནས། རྗེ་རིན་པོ་ཆེས་ཀྱང་། སེམས་ཀྱི་ངོ་བོ་ལ་བལྟས་པའི་ཞི་གནས་དེ་ལ་སྟོང་ཉིད་རྟོགས་པའི་ལྷག་མཐོང་ལྟར་ངོ་སྤྲོད་པ་ཡང་ཡོད་དོ་ཞེས་གསུངས། གལ་ཏེ་དེ་ལྟར་མི་འདོད་པའི་དབུ་མའི་བླ་བཙོང་མི་འགྱེས་བདག་འགྱེས་བྱེད་པའི་རྟོག་གེ་པའི་ཁྱི་རྐུན་རེ་གཉིས་ཡོད་ན། ཕྱག་རྫོགས་ཀྱི་རྣལ་འབྱོར་པ་མདོ་རྒྱུད་མན་ངག་གི་གོ་མཚོན་ཐོགས་ནས་ཚེ་འདིར་ཉོན་མོངས་པའི་དགྲ་བོ་ཆམ་ལ་འབེབས་པའི་སྙིང་སྟོབས་མཆོག་གི་ཕ་རོལ་ཏུ་སོན་པའི་དཔའ་བོ་བསྒོམས་བྱུང་རྟོགས་

p. 374

པའི་ཤེས་རབ་ཀྱི་སྤུ་གྲི་རྣོན་པོ་ཐོགས་ནས་འདུལ་བྱའི་མ་རྟོགས་ལོག་རྟོག་ཐེ་ཚོམ་གྱི་དྲྭ་བ་གཅོད་པའི་མཁས་པ་མཐུ་ནུས་ལུང་རིགས་ཀྱི་རྡོ་དང་དབྱུག་པས། ཕྱི་རོལ་རྒོལ་ངན་ཁྱི་རྐུན་ཐམས་ཅད་ཚར་གཅོད་པའི་མཁས་གྲུབ་གཉིས་འཛོམས་ཀྱི་དྲུང་དུ་སོང་ལ། ཁྱེད་ཚོའི་འདོད་པ་དེ་མ་རེད་གྱིས་མཆུ་གཉེར་ལ་ངེར་དང་། ལུང་རིགས་ཀྱི་རྡོ་དང་དབྱུག་པའི་ཆར་ཕབ་ཚེ། ཁྱོད་ཀྱི་རིགས་པ་འཁྱག་འཁྱོག་གི་སྐད་ངན་ཕུལ་ནས་བརྒྱ་སྟོང་ཟུག་ཀྱང་། སྡེས་ཁྱོད་སྔགས་ཕྱོགས་སུ་ཡར་དེད་ནས་བརྡུངས། མདོ་ཕྱོགས་སུ་མར་དེད་ནས་བརྡུངས་ཚེ། འགལ་བའི་ན་ཟུག་མང་པོ་བྱུང་བ་མ་བཟོད་པར། འཆལ་གཏམ་གྱི་གཅིན་དང་ཚིག་ངན་གྱི་སྐྱག་པ་ཤོར་ཚེ་ཁྱོད་བཞག་བཏང་ནས། ངན་སྨྲས་ལྐོག་ཤུབ་ཀྱི་སྐད་སྣ་ནས་འདོན་བཞིན་འོང་དགོས་པས། དེ་བས་རྟོག་གེ་ངན་པའི་ཁྱི་རྐུན་རྔ་ལུ་ཚོ། དབུ་མ་པ་ལུང་རིགས་དྲི་མེད་སྨྲ་བའི་མཁས་པའི་གོ་ས་ཁང་ཐོག་ནས་ཁ་མིག་ཐུར་བལྟས་བསྡད་ན་མཛེས། འོ་ན་ཕྱག་རྫོགས་པས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་ཐོག་མར་གནས་ལུགས་གཏན་ལ་ཕབ་དུས་སྟོང་པའི་ངེས་ཤེས་ཤིག་སྐྱེས་ཀྱང་མཉམ་

p. 375

བཞག་སྐབས་ལ་སྟོང་པའི་ངེས་ཤེས་མེད་པས། སྟོང་ཉིད་སྒོམ་པའི་ཕྱོགས་སུ་ཡང་མ་སོང་འདུག་ཟེར་ན། དེ་ཁྱོད་ཀྱིས་གཏན་ནས་མ་གོ་བ་ཡིན། ངེས་ཤེས་ཅི་ལ་མེད། དཔེར་ན་མཁར་རྔ་བརྡུང་ན་རྔ་སྒྲ་ལྷང་ངེར་གྲགས་པའི་མཐར་སྒྲ་ཇེ་ཆུང་ཇེ་ཆུང་ལ་སོང་ནས་མི་མངོན་པ་དེ། གཏན་མེད་དུ་སོང་བ་མ་ཡིན་ཏེ། རྔ་ནང་ན་མི་མངོན་པའི་ཚུལ་དུ། གདངས་མ་འགགས་པར་ཡོད་དེ། ཡོད་རྟགས་སུ་ཕྱིས་ས་རྡོ་ཤིང་སོགས་ཀྱི་རྐྱེན་དང་ཕྲད་ཙམ་གྱི་སྒྲ་ལྷང་ངེར་གྲགས་ནས་ཡང་མི་མངོན་པར་འགྲོ་བ་ལྟར། ཕྱག་རྫོགས་པའི་གནས་ལུགས་གཏན་ལ་ཕབ་དུས་ཀྱི་སྟོང་པའི་ངེས་ཤེས་རྔ་སྒྲ་ལྟ་བུར་ལྷང་ངེར་སྐྱེས་པ་དེ། སྟོང་ཉིད་ཁོ་རང་གི་གནས་ལུགས་ཇི་བཞིན་པ་སྟོང་གསལ་འཛིན་མེད་ཀྱི་མཉམ་བཞག་རྔ་ལྟ་བུའི་ངང་དུ་དངོས་སུ་མེད་ཀྱང་བག་ལ་ཞ་ནས་མི་མངོན་པའི་ཚུལ་དུ་ཡོད་པས་གཏན་མེད་མ་ཡིན་ཏེ། ཡོད་པའི་རྟགས་སུ་ཕྱིས་བདག་འཛིན་ཉོན་མོངས་འཁྲུལ་སྣང་འཇིགས་སྐྲག་གི་རྐྱེན་ས་རྡོ་ཤིང་ལྟ་བུ་འཕྲད་ཚེ། དེ་མ་ཐག་བདེན་མེད་སྟོང་པའི་ངེས་ཤེས་རྔ་སྒྲ་ལྟ་བུ་ལྷང་ལྷང་འཆར་བ་མྱོང་བས་ཀྱང་

p. 376

གྲུབ་ལ། སྐྱེས་ནས་ཡང་གནས་ལུགས་སྟོང་གསལ་མཐའ་དབུས་དང་བྲལ་བའི་མཉམ་བཞག་ནམ་མཁའ་ལྟ་བུའི་ངང་དུ་མི་མངོན་པར་འགྱུར་རོ། །དཔེར་ན་རས་སྔོན་པོའི་སྟེང་དུ་ཤེལ་དཀར་པོ་བཞག་ན་ཤེལ་དེ་མི་སྣང་བ་ལྟ་བུར་འགྲོ་སྟེ། ཤེལ་ལ་སྣོན་འཕྲི་བྱས་པ་མེད། དེ་བཞིན་དུ་སེམས་ཉིད་སྟོང་གསལ་འཛིན་མེད་ཟང་ཐལ་གྱི་ངང་ལ་མི་རྟོག་པར་བཞག་དུས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་པའི་སྟོང་པའི་ངེས་ཤེས་དམ་སྦྲིང་ངེ་བ་མི་སྣང་བ་ལྟ་བུར་འགྲོ་ཡང་ངེས་ཤེས་ལ་དགག་སྒྲུབ་གང་ཡང་བྱས་པ་མེད། དེས་ན་མཉམ་བཞག་དེ་སྔར་གྱི་སྟོང་པའི་ངེས་ཤེས་ཀྱི་རྩི་དང་མ་བྲལ་བར་ཡོད་སྨྲས་པ་འགལ་བ་སྤུ་ཙམ་མེད་དེ། རྗེ་རིན་པོ་ཆེའི་ཞལ་ནས། དེས་ན་ལྟ་བས་ཟིན་པའི་སྤྱོད་པ་དང་། ཐབས་ཀྱིས་ཟིན་པའི་ཤེས་རབ་ནི་དཔེར་ན་བུ་སྡུག་ཤི་བའི་མྱ་ངན་གྱིས་མནར་བའི་མ་དེ་གཞན་དང་སྨྲ་བ་སོགས་ལ་འཇུག་པའི་ཚེ། བློ་ཅི་སྐྱེས་ཀྱང་མྱ་ངན་གྱི་ཤུགས་ཀྱིས་མ་བཏང་ཡང་བློ་ཐམས་ཅད་མྱ་ངན་གྱི་བློ་མ་ཡིན་པ་བཞིན་དུ། སྟོང་ཉིད་རྟོགས་པའི་ཤེས་རབ་ཤུགས་དྲག་པས་སྦྱིན་པ་གཏོང་བ་དང་། ཕྱག་དང་བསྐོར་བ་སོགས་བྱེད་

p. 377

པའི་ཚེ། དེ་དག་ལ་དམིགས་པའི་བློ་དེ་རྣམས་སྟོང་ཉིད་རྟོགས་པ་མིན་ཡང་། དེའི་ཤུགས་དང་ལྡན་པའི་འཇུག་པ་མི་འགལ་ལ། ཐུན་མགོ་ལྟ་བུར་བྱང་ཆུབ་ཀྱི་སེམས་ཤུགས་དྲག་པ་སྔོན་དུ་བཏང་ནས། སྟོང་ཉིད་ཀྱི་ཏིང་འཛིན་ལ་བཞག་པའི་ཚེ། བྱང་ཆུབ་ཀྱི་སེམས་དེ་དངོས་སུ་མེད་ཀྱང་། དེའི་རྩིས་ཟིན་པ་མི་འགལ་ཏེ། ཐབས་ཤེས་ཡ་མ་བྲལ་བའི་ཚུལ་ཡང་དེ་ལྟར་རོ། །གསུངས་པ་དང་མཚུངས་པའི་ཕྱིར་རོ། །དཔེར་ན་རྟ་ཞིག་སྔོན་ནས་བོར་སོང་བ། ལུང་པའི་ཕུ་མདོ་བར་གསུམ་དུ་བཙལ་བས་རྙེད་ཚེ། ཁོ་བོའི་རྟ་འདི་ན་འདུག །རེད་སྙམ་པའི་ངེས་ཤེས་སྐྱེས་པ་ཙམ་དུ་མ་ཟད། སྐྱེས་བཞིན་པའི་ངང་ནས་རྟ་ཁོ་རང་ཁ་དོག་དབྱིབས་མངོན་སུམ་རྗེན་ཅེར་གྱིས་མཐོང་བ་དེ་ལ་ཕར་འཇུས་ནས་བཟུང་། སྟེང་དུ་ཞོན་ནས་བློ་སེམས་བདེ་འབོལ་ལེ་ལྡེམ་ལྡེམ་གང་འདོད་གནས་སུ་འགྲོ་བ་ལྟར། ཕྱག་རྫོགས་པས་ཆོས་ཀུན་གྱི་རྩ་བ་རང་སེམས་ཀྱི་གནས་ལུགས་སྔོན་ནས་སྟོར་བ། བྱུང་གནས་འགྲོ་གསུམ། གནས་འགྱུ་རིག་གསུམ་གྱི་སྒོ་ནས་རྩད་བཅད་ནས་གནས་ལུགས་སྟོང་པ་ཉིད་དུ་མཐོང་ཚེ།

p. 378

སེམས་ཀྱི་གནས་ལུགས་སྟོང་པ་ཉིད་རེད་སྙམ་པའི་ངེས་ཤེས་སྐྱེས་པ་ཙམ་དུ་མ་ཟད། སྐྱེས་བཞིན་པའི་ངང་ནས། སྟོང་ཉིད་ཁོ་རང་གི་འདུག་ཚུལ་གསལ་སྟོང་རྗེན་པ་སྤྲོས་དང་བྲལ་བ་མཐའ་དབུས་མེད་པ་ནམ་མཁའ་སྤྲིན་མེད་ཀྱི་དཀྱིལ་དུ་བལྟས་པ་ལྟར་གནས་པ་མངོན་སུམ་དུ་རྗེན་ཅེར་གྱིས་མཐོང་བའི་ངང་ལ་ཤེས་པ་ལྷོད་ཀྱིས་གློད་ནས་བཞག་པ་ཡིན་པས། དབུ་མ་ལས་ལྷག་གི་ཁྱད་ཆོས་ཤིག་འདིར་མཆིས་སོ། །དེས་ན་ཕྱག་རྫོགས་པའི་ལྟ་བ་ལ་སྟོང་པ་ཉིད་ཀྱི་ངེས་ཤེས་ཀྱི་རྒྱུན་སྐྱོང་རྒྱུ་མེད་ཁི་ཞེས། འཕྱ་སྨོད་བྱེད་རྒྱུ་སྤུ་ཙམ་ཡང་མི་སྣང་བར་གདའ། དེ་ལ་འཕྱ་སྨོད་བྱེད་ན། སངས་རྒྱས་ཐུགས་རྗེ་ཅན་རྣམས་ཀྱིས། གདུལ་བྱ་མེད་པའི་སྐབས་འགའ་རེ་ལ། སྐུ་དང་ཡེ་ཤེས། ཟླ་བ་དང་ཟེར་ལྟ་བུ། ཐུགས་ཆོས་སྐུ་ནམ་མཁའ་ལྟ་བུའི་ངང་དུ། གནམ་སྟོང་གི་ཟླ་བ་ལྟ་བུར་མི་མངོན་པར་བཞུགས་དུས་སུ་ཡང་། ཁྱོད་ཀྱིས་རྒྱུན་ཆད་པར་ཁས་ལེན་དགོས་ལ། ཁྱེད་དབུ་མ་ཚང་གི་མཐར་ཐུག་འབྲས་བུ་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱས་དུས་ཀྱང་། སྟོང་པ་ཉིད་ཀྱི་ངེས་ཤེས་འཛིན་སྟངས་དམ་སྤྲིང་ངེ་བ་དེ་ཡོད་དགོས་ལ།

p. 379

དེ་ལྟར་འདོད་ན་དཔེར་ན་དགྲ་བསད་ཀྱང་ད་དུང་མཚོན་ཆ་ཉིན་མཚན་མེད་པར་ལག་ཏུ་བསྡམས་ནས་འཛིན་དགོས་ཞེས་སྨྲས་པ་དང་འདྲ་བས། ཁྱོད་སྔར་བོད་དུ་མ་གྲགས་པའི་དབུ་མ་གསར་བ་ཞིག་གོ །དེ་སྐད་སྨྲས་པ་གསན་ན། བསྟན་པའི་བདག་པོ་རྒྱལ་བ་གཉིས་པ་སོགས་ཀྱིས་བཞད་གད་འཆོར་ཏེ། དེའི་རྒྱུ་མཚན་དཔེར་ན་ཤིང་ལ་མེ་ཡང་ཡང་སྦར་ནས་ཤིང་ཀུན་ལ་མེ་འབར་ཚེ་སྔར་ལྟར་སྦར་མི་དགོས་ཆོག་པ་ལྟར། དཔྱད་འཇོག་གི་སྒོམ་ཡང་ཡང་བྱས་པས། བདག་འཛིན་ཉོན་མོངས་ཀྱི་ངེས་ཤེས་འཛིན་སྟངས་ཀུན་ཞིག་ཚེ་དཔྱད་པ་ཡང་རྫོགས་པ་ཡིན་པས་སྔར་ལྟར་དཔྱད་མི་དགོས་ཏེ། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེས་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུར་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་འཇིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གསུངས།

p. 380

ད་ཁྱོད་ཀྱིས་དེ་ཚེ་ལྟ་བའི་དཔྱད་པ་མ་རྫོགས་ལགས་ཟེར་དགོས་པའི་གནས་སུ་མ་གྱུར་པ་ཞིག་གྱིས། སྐུ་མཁྱེན། དཔེར་ན་ཤིང་ཀུན་ཚིག་ཚེ་མེ་ཡང་རང་སར་ཞི་འགྲོ་བ་ལྟར། བདག་འཛིན་ཉོན་མོངས་ཀུན་ཟད་འཕྲོ། སྟོང་པའི་ངེས་ཤེས་ཀྱི་རྟོག་པ་ཕྲ་མོ་དེ་ཡང་རང་སར་ཞིག་ནས་སངས་རྒྱས་ཀྱི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་མངོན་དུ་བྱེད་པ་ཡིན་ཞེས་ཚད་ལྡན་གྱི་གཞུང་དང་། དབུ་མ་རང་ལུགས་སྨྲ་བས་སྐད་གསེང་མཐོན་པོས་སྒྲོག་པ་འདིར་བཤད་མི་དགོས་སོ། །ཡང་ཁྱེད་ཕྱག་རྫོགས་པས་ལྟ་བའི་སྐབས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་བྱེད་པ་དོར་བས་རྒྱལ་བའི་བསྟན་པའི་རྩ་བ་སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ཟེར་ན། དེ་ག་ལ་འཇུག །དཔེར་ན་གཟུགས་བརྙན་དུ་མའི་འཆར་གཞི་རིན་ཆེན་ཤེལ་དཀར་དྲི་མ་མེད་པའི་མེ་ལོང་རང་གི་ལག་ཏུ་འབྲལ་མེད་དུ་བཟུང་བ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཆེ་བ་མྱུར་བ་གསལ་བ་ཟབ་པ་ཀུན་གྱི་འབྱུང་གནས་རིག་པའི་ངོ་བོ་སྟོང་གསལ་ཆོས་དབྱིངས་ཆེན་པོར་མཉམ་པར་བཞག་པ་ཡིན་པས། དེ་ནི་ཤེས་རབ་ཐམས་ཅད་ཀྱི་ཕ་དང་མ་ལྟ་བུ་རབ་དང་ཕུལ་

p. 381

དང་རྩེ་མོ་ཡིན་ཞེས། ངོ་མཚར་ཟུང་འཇུག་རྡོ་རྗེའི་ལུས་ལ་ལྷུན་གྲུབ་སྐུ་གསུམ་གྱི་རྩལ་གསུམ་མ་ལུས་པ་ཡོངས་སུ་རྫོགས་ཤིང་། ལུང་རྟོགས་ཡོན་ཏན་དུ་མའི་གཡུ་རལ་སྔོན་པོ་ཆེས་ཆེར་རྒྱས་པ་ཆོས་དབྱིངས་སྐྱེ་མེད་ལྷ་ཡི་ལམ་ལ་ཡར་གྱེན་དུ་འཕྱུར་ནས་ཕྱོགས་བརྒྱར་གཡོ་ཞིང་། ཡ་མཚན་ཚད་མེད་བཞི་ཡི་རབ་དཀར་མཆེ་བ་རྣོན་པོ་བཞི་གཙིགས་ནས་རྡོ་རྗེའི་གླུས་ང་རོ་ཆེར་ཆེར་བསྒྲགས་ན་སྐལ་ལྡན་སེང་ཕྲུག་དཀར་མོ་རྣམས་མདུན་དུ་གནས་ཀྱང་དགའ་ཞིང་སྤྲོ་ལ། སྐལ་དམན་ལོག་སྨྲ་ཝ་སྐྱེས་གཅན་གཟན་རྣམས་རྒྱང་ན་གནས་ཀྱང་སྙིང་རྩ་འདར་བ། ཕུལ་བྱུང་ཐབས་མཁས་བསྡུ་བཞིའི་གོམ་པ་གདུལ་བྱ་འཛིན་མའི་ཁྱོན་གང་དུ་བཞག་ཀྱང་། རྣམ་དཀར་དགེ་བའི་བག་ཆགས་ཀྱི་རི་མོ་གསལ་བར་འགོད་ཅིང་། སྲིད་ཞིའི་འཇིགས་པ་ཐམས་ཅད་དང་བྲལ་ནས་གང་ལ་ཉམ་ང་དང་བག་ཚ་སྤུ་ཙམ་མེད་པ་བོད་གངས་རིའི་ཁྲོད་ན་སེངྒེ་དཀར་མོ་མ་བུ་སྲབ་མེད་དུ་འཕྱོ་བ་ལྟ་བུའི་ཟླ་མེད་གྲུབ་པའི་དབང་ཕྱུག་ཆེན་པོ། རྗེ་རས་ཆེན་རས་ཆུང་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བ་ལ་

p. 382

སོགས། སྒྲུབ་བརྒྱུད་བསྟན་པའི་རྒྱལ་མཚན་སྲིད་པའི་རྩེ་མོའི་བར་དུ་ཆེས་ཆེར་སྒྲེང་མཁན་སྔོན་སྐྱེས་བུ་དམ་པ་རྣམས་ཀྱིས་མགྲིན་གཅིག །དབྱངས་གཅིག་ལྟར་གསུངས་པ་མཐའ་ཡས་ལ། དེ་བཞིན་དུ་སྐྱོན་ཀུན་ཟད་ཡོན་ཏན་ཀུན་རྫོགས་སྟོན་པ་སངས་རྒྱས་སོགས་རྒྱལ་བ་རྣམས་ཀྱི་བཀའ་དྲི་མ་མེད་པ་ནས་ཀྱང་ཡང་ཡང་གསུངས་ཏེ། ཚངས་པ་སེམས་ཀྱིས་ཞུས་པའི་མདོ་ལས། མི་སེམས་པ་ནི་བསམ་གཏན་ནོ། །མི་དམིགས་པ་ནི་ཤེས་རབ་བོ། །ཞེས་དང་། རྒྱལ་བའི་ཡུམ་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ནི། ཡིད་ལ་བྱར་མེད་དེ་ནམ་མཁའ་ལྟ་བུའོ། །ཞེས་དང་། སྨྲ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན། །མ་སྐྱེས་མི་འགག་ནམ་མཁའི་ངོ་བོ་ཉིད། །ཅེས་དང་། བརྒྱད་སྟོང་པ་ལས། ཆོས་ཐམས་ཅད་མི་དམིགས་པ་གང་ཡིན་པ་དེ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང་། མདོ་སྡུད་པ་ལས། གང་ལ་ཤེས་རབ་ཕ་རོལ་ཕྱིན་མཆོག་མི་དམིགས་ཤིང་། །བྱང་ཆུབ་སེམས་དཔའ་མི་དམིགས་བྱང་ཆུབ་སེམས་མི་དམིགས། །དེ་སྐད་ཐོས་ནས་རྨོངས་པ་མེད་ཅིང་མི་སྐྲག་པ། །བྱང་ཆུབ་སེམས་དཔའ་

p. 383

དེ་ནི་བདེ་གཤེགས་ཤེས་རབ་སྤྱོད། །ཅེས་དང་། ཀློང་དྲུག་པ་ལས། བརྗོད་དུ་མེད་པའི་སེམས་ཉིད་ལ། །ཞི་གནས་ལྷག་མཐོང་རང་ཤར་བས། །མཉམ་པར་བཞག་དང་རྗེས་སུ་ནི། །མི་གཡོ་བསམ་གཏན་ཉིད་དུ་རྫོགས། གསུངས། ངས་བལྟས་ན་ཁྱོད་ཀྱིས་དུས་གསུམ་རྒྱལ་བ་སྐྱེད་པའི་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་འདི་སྤངས་འདྲ་མེད་ན། ཕྱག་རྫོགས་པས་དམ་པ་གོང་མའི་རྣམ་ཐར་གསུང་སྒྲོས་ལ་བརྟེན་ནས་གང་ཡིན་ཡང་ད་དུང་མ་སྤངས་ཙམ་དུ་གདའ། དཔེར་ན་རྒྱ་མཚོ་ཆེན་པོ་རླུང་གིས་མ་བསྐྱོད་པར་སྔོ་ཀྱི་ལེ་ལེ་གནས་དུས། རྦ་རླབས་རི་མོ་གང་ཡང་དངོས་སུ་མི་སྣང་ཡང་གཏན་མེད་དུ་སོང་བ་མ་ཡིན་ཏེ། རླུང་ཅུང་ཟད་དེའི་རྐྱེན་བྱས་ནས་ངོ་མཚར་རི་མོ་སྣ་ཚོགས་གཡོ་བ་བཞིན། ཕྱག་རྫོགས་པས་མ་ཡུམ་ཆེན་མོ་ཆོས་ཉིད་སྟོང་སངས་ཆེན་པོའི་ངང་ལ་ལྷོད་ཀྱི་ལེ་ལེ་མཉམ་པར་བཞག་ཡོད་དུས། སོར་རྟོག་རགས་པ་རྣམས་དངོས་སུ་མི་སྣང་ཡང་གཏན་མེད་ག་ལ་ཡིན། སྣང་གྲག་ཅུང་ཟད་རེས་རྐྱེན་བྱས་སོ་སོར་རྟོག་པའི་ཤེས་རབ་རྣོ་ལ་མྱུར་བ་མང་པོ་འབྱུང་བས་སོ་སོར་

p. 384

རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་དོན་མེད། མཉམ་བཞག་སྐབས་སོར་རྟོག་རགས་པ་དངོས་སུ་མེད་པ་ལ། སོ་སོར་རྟོག་པའི་ཤེས་རབ་སྤངས་པའི་ཉེས་པ་འཇུག་ན། ཁྱེད་དབུ་མ་ཚང་གིས་ཀྱང་། ཞི་གནས་ཀྱི་སེམས་གནས་རིམ་པ་དགུ་པའི་སྐབས་དང་། ལྟ་བ་མཐོན་པོར་གྱུར་ནས་ལྟ་བའི་དཔྱད་པ་རྫོགས་པའི་དུས་སུ། སོར་རྟོག་ཤེས་རབ་སྤངས་ནས་རྒྱལ་བའི་བསྟན་པ་ལ་གནོད་ཆེན་པོ་སྐྱེལ་གི་ཡོད་རྒྱུ་རེད། དེ་ཅིའི་ཕྱིར་ཞེ་ན། དེ་དུས་ཀུན་རྟོག་རགས་པ་དངོས་སུ་མི་སྣང་བའི་ཕྱིར་རོ། །ཡང་མི་རྟོག་པར་བསྡད་པས་གྲོལ་ན་བུ་ཆུང་ཁྱི་རྒན་བརྒྱལ་བ་གཉིད་ལོག་དུས་རྣམས་ལ་རྣམ་རྟོག་ཞི་འདུག །ཐམས་ཅད་གྲོལ་བར་རིགས་ཏེ། ཡོན་ཏན་སྤུ་ཙམ་མི་འདུག །ཕྱག་རྫོགས་པ་སྔར་ཧྭ་ཤང་གི་མིང་གསལ་པོ་ཞིག་མ་བཏགས་པ་མ་གཏོགས་ཧྭ་ཤང་དངོས་རེད། བླ་མ་སྐྱེས་བུ་དམ་པ་མང་པོས་ཧྭ་ཤང་གི་རྗེས་སུ་འབྲང་བ་བོད་ན་མང་ཟེར་བ་དེ་ད་བསམ་ན་འདི་ཚོ་ཡིན་རྒྱུ་རེད། ད་ཁྱེད་ཕྱག་རྫོགས་པ་དང་ཧྭ་ཤང་ལ་ཁྱད་པར་ཅི་ཡོད། ཤོད་ཅིག་ཟེར་ན། འོ་དེ་ཁྱོད་ཀྱིས་ང་ལ་དྲིས། ངས་ཁྱོད་ལ་ལན་འདེབས་མི་དགོས་

p. 385

ཏེ། དཔེ་ཆ་ལ་བལྟ་དུས་ན་སྔོན་གྱི་ཕྱག་རྫོགས་པའི་མཁས་གྲུབ་མང་པོས་ལན་བརྒྱ་དགོས་ན་སྟོང་བཏབ་འདུག །མདོར་བསྡུས་ན། ཧྭ་ཤང་གིས་ཐབས་ཀྱི་ཆ་རྣམས་གཏན་ནས་སྤངས་ཏེ། ཉ་དང་ཉུང་མ་བཞིན་མི་རྟོག་པ་ཐམས་ཅད་སྒོམ་དུ་བཟུང་ནས། དེའི་ངང་དུ་ཉལ་ནས་འདུག་པ་ཡིན་ཞེས་ཁྱེད་ཚོས་བཤད་པ་དེ་བདེན་ན་དེ་དང་ག་ལ་གཅིག །ཕྱག་རྫོགས་པས་དཔེར་ན་ཡིད་བཞིན་ནོར་བུ་དྲི་མས་གོས་པ་རྣམས་བྱི་དོར་བྱས་ནས་རྒྱལ་མཚན་གྱི་རྩེ་མོར་བརྟན་པར་འཇོག་པ་ལྟར། སེམས་ལ་སྒྲིབ་གཡོགས་གང་ཡོད་ཚོགས་བསགས་སྒྲིབ་སྦྱོང་གིས་དག་པར་བྱས། སོ་སོར་རྟོགས་པའི་ཤེས་རབ་ཀྱིས་དཔྱད་ནས་སེམས་ཀྱི་གནས་ལུགས་སྟོང་གསལ་མཐའ་དབུས་དང་བྲལ་བ་སྤྲིན་མེད་ནམ་མཁའ་ལྟ་བུའི་ངང་དུ་བྱིང་རྒོད་དང་བྲལ་བར་ཁྱབ་གདལ་ཟང་ཐལ་དུ་འཇོག་པ་གཉིས། མི་རྟོག་པ་ཙམ་གྱི་ངོས་ནས་འདྲ་ཡང་། གསལ་ཆ་དང་སྟོང་ཆ་ཡོན་ཏན་ཡོད་མེད་ཀྱི་ཆ་ནས་འདྲ་དོན་མེད་དེ། ནོར་བུ་དང་མཆིང་བུ། གསེར་དང་རག་གན། ཉི་ཟླ་དང་མར་མེ། གནམ་དང་སའི་ཁྱད་པར་ཡོད། མཆིང་བུ་

p. 386

ལ་མཆོད་བསྟོད་གསོལ་བ་བཏབ་ན་དགོས་འདོད་མེད་པ་བཞིན། ཧྭ་ཤང་གི་ལྟ་བ་ཅི་ཙམ་གོམས་ཀྱང་ཡོན་ཏན་མི་འབྱུང་ལ། ནོར་བུར་གསོལ་བ་བཏབ་ན་དགོས་འདོད་འབྱུང་བ་ལྟར། ཕྱག་རྫོགས་པའི་ལྟ་བ་འདིའི་ངང་ལ་མཉམ་པར་བཞག་ན། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་དཔག་མེད་འབྱུང་སྟེ། རྗེ་མི་ལས། དབྱར་ཀའི་སྤང་ལ་ཅི་ཡང་སྐྱེ། །པགས་ཤིའི་ཁ་ནས་ཅི་ཡང་འབྱུང་། །རྟོག་མེད་ཉམས་ལ་ཅི་ཡང་འཆར། །ཞེས་དང་། ལུང་གཞན་ལས། བསམ་དུ་མེད་པའི་ཆོས་ཉིད་ལ། །བསམ་དུ་མེད་པར་མཉམ་བཞག་ན། །བསམ་དུ་མེད་པའི་ཉམས་མྱོང་འབྱུང་། །གསུང་། དེ་འབྱུང་བའི་རྟགས་སུ་ཕྱག་རྫོགས་ཉམས་སུ་བཞེས་པའི་སྔོན་བྱོན་དམ་པ་རྣམས་ཀྱིས་མཆོག་ཐུན་གྱི་དངོས་གྲུབ་བརྙེས་ནས། མངོན་ཤེས་རྫུ་འཕྲུལ་དཔག་མེད་བསྟན་ཏེ། ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། །སངས་རྒྱས་ཡེ་ཤེས་བྲག་ལ་ཕུར་པ་འདེབས། །རྒྱལ་བ་མཆོག་དབྱངས་རྟ་སྐད་ཐེང་གསུམ་ཐོན། །མཁར་ཆེན་མཚོ་རྒྱལ་བསད་པའི་མི་རོ་སློང་། །དཔལ་གྱི་ཡེ་ཤེས་མ་མོ་མངོན་སུམ་འཁོལ། །དཔལ་གྱི་

p. 387

སེང་གེ་ལྷ་སྲིན་བྲན་དུ་འཁོལ། །བཻ་རོ་ཙཱ་ན་ཡེ་ཤེས་སྤྱན་དང་ལྡན། །མངའ་བདག་རྒྱལ་པོ་ཏིང་འཛིན་མི་གཡོ་གྲུབ། །གཡུ་སྒྲ་སྙིང་པོ་རྟོགས་པ་མཆོག་དང་ལྡན། །ཛྙཱ་ན་ཀུ་མཱ་ར་ནི་རྫུ་འཕྲུལ་སྟོན། །རྡོ་རྗེ་བདུད་འཇོམས་རླུང་ལྟར་ཐོགས་པ་མེད། །ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། །སོག་པོ་ལྷ་དཔལ་གཅན་གཟན་གཉའ་ནས་འཛིན། །སྣ་ནམ་ཡེ་ཤེས་མཁའ་ལ་བྱ་ལྟར་ལྡིང་། །དཔལ་གྱི་དབང་ཕྱུག་ཕུར་པ་གདེངས་ཚད་འགུམ། །ལྡན་མ་རྩེ་མང་མི་བརྗེད་གཟུངས་རྣམས་ཐོབ། །སྐ་བ་དཔལ་བརྩེགས་གཞན་གྱི་སེམས་རྣམས་ཤེས། །ཤུད་བུ་དཔལ་སེང་ཆུ་བོ་གྱེན་དུ་ལྡོག །རྒྱལ་བའི་བློ་གྲོས་རོ་ལངས་གསེར་དུ་བསྒྱུར། ཁྱེའུ་ཆུང་ལོ་ཡིས་ནམ་མཁའི་བྱ་རྣམས་འཛིན། །དྲན་པ་ནམ་མཁའ་བྱང་ནས་གཡག་རྒོད་ཁུག །འོ་བྲན་དབང་ཕྱུག་ཆུ་ལ་ཉ་ལྟར་འཛུལ། །རྨ་ཐོག་རིན་ཆེན་ཕ་བོང་ཟས་སུ་ཟ། །དཔལ་གྱི་རྡོ་རྗེ་རི་བྲག་ཐོགས་པ་མེད། །ལངས་འགྲོ་དཀོན་མཆོག་ཐོག་ཆེན་མདའ་ལྟར་འཕེན། །རྒྱལ་བའི་བྱང་ཆུབ་མཁའ་ལ་སྐྱིལ་ཀྲུང་བཅའ། །གསུངས། མི་ལ་སོགས་

p. 388

བཀའ་བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་ཡོན་ཏན་ཀུན་ལ་གྲགས་ཆེ་བས་སྨོས་ཅི་དགོས། དེས་ན་ཀུན་མཁྱེན་ཐུབ་ཀྭན་རིན་པོ་ཆེའི་ཞལ་ནས། དྲུག་ལྡན་བརྒྱུད་པའི་ཆུ་བོ་གཅིག་ཏུ་འཁྱིལ། །གདམས་ངག་ལས་ཚོགས་རིན་ཆེན་གཏེར་གྱིས་བཀང་། །གྲུབ་མཆོག་ཀླུ་དབང་འབུམ་ཕྲག་རོལ་བའི་གནས། །རྙོགས་བྲལ་སྔ་འགྱུར་ཐེག་པའི་རྒྱ་མཚོ་ཞེས། །ས་ལམ་རིམ་པར་བགྲོད་པའི་ངལ་བ་ཡིས། །སངས་རྒྱས་གཞན་དུ་འཚོལ་ལ་ལྟོས་མིན་པར། །ཐོད་རྒལ་ཁྲེགས་ཆོད་གདམས་པས་ཟག་བཅས་ཀྱི། །ཕུང་པོ་འོད་སྐུར་གྲོལ་བའི་ཆེ་བ་ཅན། །ཞེས་དང་། བཀའ་བརྒྱུད་འཆི་མེད་གྲུབ་པའི་དྲང་སྲོང་གིས། གངས་དང་རི་སུལ་ཡུལ་ལྗོངས་ཀུན་བཀང་སྟེ། །རས་དཀར་འདབ་གཤོག་ཅན་རྣམས་འཕུར་ལྡིང་གིས། །མཁའ་དབྱིངས་བྱ་རྒོད་ཕུང་པོ་འཁྲིགས་བྱེད་ཅིང་། །ངུར་སྨྲིག་འཛིན་པ་འདུས་པའི་ཁྱུ་འཁྲིགས་པས། །ས་ཀུན་ལི་ཁྲིའི་རྡུལ་གྱིས་སྦགས་པ་བཞིན། །ངོ་མཚར་ཕུང་པོ་དེ་ལ་ལྷའི་དབང་པོས། །མིག་སྟོང་སྤྲུལ་ནས་བལྟ་བར་མ་ཟད་ཀྱི། །རབ་འབྱམས་ཞིང་གི་རྒྱལ་བ་རྒྱ་མཚོ་ཡང་། །ཆོས་ཀྱི་དབྱིངས་

p. 389

ནས་གཟིགས་མོར་བཞེངས་སམ་སྙམ། །གསུངས། སྔོན་མི་གཅིག་གིས། གནའ་མ་བཤད་ད་ཤོད། ཕ་མ་བཤད་བུ་ཤོད་སྨྲས་པ་ལྟར། ད་གནའ་གི་ཆད་དེང་སང་ཕྱག་རྫོགས་པ་ཡོན་ཏན་སྐྱེ་བ་དུ་ཡོད་ཤོད་དང་ཟེར་ན། དེང་སང་ཡང་ཕྱོགས་ཕྱོགས་ན་སྦས་པའི་རྣལ་འབྱོར་པ་མང་པོ་ཡོད་དེ། ང་གཅིག་པུས་ཀྱང་རྣ་ཐོས་མང་པོ་ཡོད་པ་ཕར་ཞོག །མིག་གིས་མཐོང་བ་ལ་ཡང་ཀཿཐོག་ཕྱོགས་ཀྱི་བླ་མའི་མཚན་བསོད་ནམས་སྙན་གྲགས་ཞུ་བ་ཞིག་སོག་ཕྱོགས་སུ་བྱོན། ཁོང་གིས་འདས་མ་འོངས་ད་ལྟའི་ལུང་བསྟན་གང་གསུངས་ཀྱང་། ཁ་དང་ལག་པ་སྤྲད་པ་བཞིན་གཅིག་འཆུག་རྒྱུ་མི་སྣང་། མཁའ་འགྲོ་ཆོས་སྐྱོང་ལུས་དང་གྲིབ་མ་བཞིན་འགྲོགས་ཤིང་། རྫུ་འཕྲུལ་ཀྱང་ཕྱོགས་ཕྱོགས་ནས་མང་པོ་བསྟན། ཝང་གིས་ཁོང་ཚོའི་དད་པའི་རྟེན་དུ་གྲུབ་རྟགས་ཕྱག་རྗེས་ཤིག་གནོང་ཞུས་པས། མི་མང་པོ་ཁྲིད་ནས་སོང་བར་ཐམས་ཅད་ཀྱིས་མཐོང་སར་བྲག་ལ་ཕྱག་རྗེས་བཞག་པ་སོག་ཕྱོགས་ན་ད་ལྟ་ཡང་ཡོད། ཡང་བླ་མ་གཅིག་གིས་གཞན་མི་ཤི་ན། ཉིན་རེའི་ལམ་ཡིན་ཡང་འཕོ་བ་བཏབ་ན་བེམ་བོ་འགུལ་

p. 390

ཞིང་། སྤྱི་གཙུག་གི་སྐྲ་དོང་ཙེའི་ཤུལ་ལྟ་བུ་ལྷུང་བ་སོགས། འཕོ་བའི་རྟགས་ཁྱད་པར་ཅན་སྟོན་པ་ཞིག་ཀྱང་བྱུང་། ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རྗེ་བླ་མ་བསྟན་འཛིན་ཉི་མའི་མཚན་ཅན་གྱིས་སྨྱུང་གནས་སྟོང་ཕྲག་གཅིག་དང་ལྔ་བརྒྱ་བསྲུངས། ཐུགས་རྗེ་ཆེན་པོའི་ཞལ་མཐོང་། སྒྲུབ་ཁང་ཕྱི་ནང་དུ་ཐལ་བྱུང་དུ་བསྒྲོད་པ་བྱུང་། ཡང་བོན་པོ་ཞིག་གིས་འཕོ་བ་གྲོང་འཇུག་ལན་གསུམ་མཛད་པ་བྱུང་། ཡང་གཅོད་ཉམས་སུ་ལེན་པའི་རྣལ་འབྱོར་པ་མཚན་ཡོངས་གྲགས་གཅོད་པ་ཟེར་བ་ཞིག་གིས་མཉམ་པར་བཞག་ཚེ་སངས་རྒྱས་ཀྱི་ཞིང་ཁམས་མང་པོ་མཐོང་ཞིང་། སེམས་ཅན་གྱི་སྐྱིད་སྡུག་ལེགས་ཉེས་ཤེས་པ་ཞིག་ཀྱང་མཐོང་བྱུང་། རྗེ་དུས་གསུམ་མཁྱེན་པ་རྭ་སྟོད་རྡོ་རྗེ་འཆང་སོགས་སྐྱེས་བུ་དམ་པ་མང་པོས། དེང་སང་ཡང་ས་ལམ་དྲོད་རྟགས་ཐོབ་པ་སྦས་པའི་རྣལ་འབྱོར་པ་མང་པོ་ཡོད་གསུང་། དཔེར་ན་བསོད་ཆུང་འགའ་རེས་རྒྱུ་ནོམ་ཅུང་ཟད་ཡོད་པ་མི་ལ་ངོམ་ཡང་། བསོད་ནམས་ཅན་གྱིས་གསེར་དངུལ་དར་ཟབ་སོགས་ཅི་ཡོད་སུ་ལའང་མི་སྟོན་པར་སྦས་ནས་འཇོག་པ་བཞིན། གང་ཟག་འགའ་རེས་རང་ལ་ལམ་རྟགས་

p. 391

ཀྱི་ཡོན་ཏན་ཉག་ཉུག་རེ་སྐྱེས་པ་མི་ལ་བརྗོད་ནས་བླུན་པོའི་རང་རྟགས་བསྟན་ཀྱང་། སྐྱེས་བུ་དམ་པས་ཡོན་ཏན་ཁྱད་པར་ཅན་ཐམས་ཅད་མི་ལ་མི་ངོམ་པར་གསང་བ་མཁས་པའི་ཁྱད་ཆོས་ཡིན་ཏེ། ས་སྐྱ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་ཆེན་པོའི་ལེགས་བཤད་ལས། བླུན་པོས་ཡོན་ཏན་ཁ་རུ་འབྱིན། །མཁས་པས་ཡོན་ཏན་ཁོག་ཏུ་སྦེད། །གསུང་། དཔེར་ན་འདོད་འབྱུང་ནོར་བུ་གསེར་དངུལ་དར་ཟབ་སོགས་ནོར་རྫས་རྩ་ཅན་གང་ཡོད་གཞན་སུ་ལ་ཡང་མ་བསྟན་པར་སྦས་ན། དགྲ་རྐུན་གྱིས་འཚེ་བ་མེད་ལ། གང་ཡོད་ལམ་གྱི་མདོ་སོགས་ནས་ཀུན་ལ་བསྟན་ན། རྐུ་འཕྲོག་སློང་གསུམ་སོགས་བྱུང་ནས་ཡལ་འགྲོ་བ་ལྟར། ས་ལམ་གྱི་ཡོན་ཏན་གང་རྒྱུད་ལ་སྐྱེས་པའི་ཕྱི་ནང་གསང་བའི་རྟོགས་པ་བྱུང་བ་གཞན་ལ་མ་བསྟན་ན། བར་ཆད་མེད་པར་ས་ལམ་མཐར་ཕྱིན་པར་འགྱུར་ལ། གང་ཡོད་ཀྱི་ཡོན་ཏན་བསྟན་ན། གཞན་གྱིས་རྙེད་བཀུར་རྣམ་གཡེང་ཕྲག་དོག་སོགས་བར་ཆད་འབྱུང་སྟེ། རྣལ་འབྱོར་དབང་ཕྱུག་རྗེ་བཙུན་མི་ལ་རས་པའི་མགུར་ལས། རྣལ་འབྱོར་པ་ཡི་ལུས་དང་གཅིག །གསང་སྔགས་

p. 392

ཐབས་ཀྱི་ལམ་དང་གཉིས། །ཉམས་སུ་མྱོང་བའི་འབྲས་བུ་གསུམ། །འདི་གསུམ་སྦས་ན་དགྲ་ཉུང་སྟེ། །འདི་གསུམ་སྦེད་པའི་མི་རེ་ཉུང་། །དེ་ཕྱིར་བོད་ན་གྲུབ་ཐོབ་ཉུང་། །གསུང་། ལེགས་བཤད་ལས། སྒྱུ་མ་ལན་ཅིག་བསྟན་ན་མཛེས། །གསུངས་པ་ལྟར་སྒྱུ་མ་མཁས་པས། སྒྱུ་མའི་རྩེད་མོ་ལན་གཅིག་ལན་གཉིས་བསྟན་ན་མཛེས་ཀྱི། དུས་རྒྱུན་དུ་བསྟན་ན་སྣང་བ་སུན་པ་ཙམ་ལས་མཛེས་རྒྱུ་ཆུང་། ལྟ་འདོད་མི་འབྱུང་བ་ལྟར། ས་ལམ་མཐར་ཕྱིན་པའི་གྲུབ་པའི་དབང་ཕྱུག་ཆེན་པོ་རྣམས་ཀྱིས་ཀྱང་། གྲུབ་རྟགས་ལན་གཅིག་ལན་གཉིས་བསྟན་ན་ཡ་མཚན་དུ་འཛིན་གྱི། རྒྱུན་དུ་བྱུང་རྒྱལ་དུ་བསྟན་པ་ལ་དགོས་པ་ཆུང་། དཔེར་ན་ཕྱུག་པོའི་གསེར་དངུལ་སོགས་རྒྱུ་ནོམ་རྩིས་ཅན་རྣམས། རང་གི་ཤ་ཚ་སྙིང་ཉེའི་གྲོགས་སོགས་ལ་དགའ་སྤྲོ་འཕེལ་ཕྱིར་དང་། གཞན་འགའ་ཞིག་གིས་སྤྲང་སློང་འདྲ་བ་ཁྱེད་ཚང་ལ་ནོར་རྫས་ཅང་མེད་ཡོད་ན་སྟོན་དང་ཞེས། བརྙས་སྨོད་ཁྱད་གསོད་སུན་འབྱིན་བྱེད་པ་སོགས་སྟོན་དགོས་པ་བྱུང་ན། ཕྱུགས་རྟགས་སུ་ནོར་རེ་གཉིས་སྟོན་པ་ལྟར། སྐྱེས་བུ་དམ་པས། རང་གི་དད་གུས་དམ་

p. 393

ཚིག་གཅིག་གཙང་བའི་གྲོགས་དང་། སློབ་བུ་སྐལ་ལྡན་རྣམས་ཡིད་དྭངས་བ་འདྲེན་ཕྱིར་དང་། གཞན་ལོག་ལྟ་ཅན་གྱིས་སྨྱོན་པ་ཁྱོད་ལ་ཡོན་ཏན་ཅང་མེད་ཡོད་ན་ག་རེ་ཞེས། བརྙས་སྨོད་སྐུར་འདེབས་བྱེད་མཁན་ལ་བསྟན་པའི་ཆེ་བ་འབྱིན་ཕྱིར་གྲུབ་རྟགས་ཡོན་ཏན་སྣ་རེ་ཙམ་སྟོན་སྲིད། ཕྱུག་པོས་རྒྱུན་དུ་ནོམ་པ་ཡོད་ཀྱང་སྦས། རྒྱུ་ནོམ་པ་མེད་པ་ལྟར་བསྡད་ན། གཞན་གྱིས་ནོར་རྫས་ཟུར་ཙམ་མཐོང་ཚེ། འདིས་ནོར་རྫས་ཐམས་ཅད་སྦས་འདུག །ད་དུང་འདི་བས་མང་པོ་ཡོད་སྲིད། གཞན་འདི་འདྲའི་མིའི་རིགས་ཀྱིས་ནོར་རྫས་མང་པོ་སྦས་ནས་ཡོད་རྒྱུ་རེད་སྙམ་སྲེད་པ་ལངས། ཀུན་ལ་བརྙས་སྨོད་སོགས་མི་བྱེད་པར་འདིང་རྩིས་ཆེ་བ་ལྟར། སྐྱེས་བུ་དམ་པས་རང་ལ་ཡོན་ཏན་གང་ཡོད་ཐམས་ཅད་སྦས་ནས་ཐ་མལ་པ་ལྟར་མཛད་ན་གཞན་འགའ་རེས་ཡོན་ཏན་སྣ་རེ་ཙམ་མཐོང་ཚེ། འདི་སྐྱེས་བུ་དམ་པ་གཞན་དང་མི་འདྲ་བ་ཞིག་རེད། འདི་ལ་ད་དུང་འདི་འདྲའི་ཡོན་ཏན་མང་པོ་སྦས་ནས་ཡོད་སྲིད། གཞན་འདི་འདྲའི་སྦས་པའི་རྣལ་འབྱོར་པ་མང་པོ་ཡོད་རྒྱུ་རེད་སྙམ་ནས་དད་གུས་སྐྱེས། བརྙས་སྨོད་

p. 394

ཁྱད་གསོད་སུན་འབྱིན་མཚང་འབྲུ་སོགས་མི་བྱེད་པར་ཡོན་ཏན་བསྒྲགས་མཆོད་བསྟོད་བཀུར་བ་སོགས་རང་གཞན་ལ་ཕན་པའི་དགོས་པ་མང་པོ་འབྱུང་། སྔོན་གྱི་བཀའ་གདམས་པའི་བླ་མ་སོགས་སྐྱེས་བུ་དམ་པ་མང་པོ་མངོན་ཤེས་རྫུ་འཕྲུལ་སོགས་ཐོགས་པ་མེད་པར་སྟོན་རྒྱུ་ཡོད་ཀྱང་བྱུང་རྒྱལ་དུ་མི་སྟོན་པར་སྦས་པའི་རྒྱུ་མཚན་དེ་ཡིན། དེ་རྣམས་ལ་སྟོན་རྒྱུ་མེད་པ་མ་ཡིན་པས་ཧ་གོ་དགོས། དཔེར་ན་རུལ་མའི་བུ་ལག་ཏུ་འཕྱར་ནས་ངོམས་པ་ལྟར། ཡོན་ཏན་ཅུང་ཟད་རེ་ཡོད་པ་མི་ལ་ངོམས་ཨེ་ཐུབ་བལྟ་བ་སྙིགས་དུས་ཆོས་པ་འཇིག་རྟེན་ཆོས་བརྒྱད་འཐོབ་བྱར་བྱེད་པའི་ཆོས་ལུགས་ཤིག་ཡིན་ན་མ་གཏོགས། གཞན་སྔོན་བྱོན་ད་ལྟའི་སྐྱེས་བུ་དམ་པའི་མཛད་སྤྱོད་ཞིག་ག་ལ་ཡིན། སྐྱེས་བུ་དམ་པས་རང་གི་ཡོན་ཏན་སྦས་པ་ཕར་ཞོག །གཞན་སྐལ་བཟང་གི་གདུལ་བྱ་ལ་ཡང་། ཐུགས་བརྩེ་བའི་སྒོས་ཡོན་ཏན་སྦས་དགོས་ཞེས་གསུངས་ཏེ། བྱང་ཆུབ་སེམས་དཔའ་ནོར་བུའི་ཕྲེང་བ་ལས། རང་གི་ཡོན་ཏན་སྦ་བྱ་ཞིང་། །གཞན་གྱི་ཡོན་ཏན་བསྒྲག་པར་བྱ། །ལ་སོགས་མང་པོ་གསུངས། དེས་ན་དད་གུས་དག་སྣང་ཡོད་ན།

p. 395

དེང་སང་ཡང་དབུ་རྫོགས་ཕྱག་གསུམ་སོགས་བོད་དུ་དར་བའི་གྲུབ་མཐའ་གང་ན་ཡང་སྦས་པའི་རྣལ་འབྱོར་པ་བརྒྱ་དགོས་ན་སྟོང་ཡོད་ཚོད་དུ་འདུག །དག་སྣང་མེད། ལོག་ལྟ་བྱས་ན་སངས་རྒྱས་དངོས་ཡོད་ཀྱང་སྐྱོན་གྱི་གོང་བུར་མཐོང་སྟེ། ལེགས་སྐར་ལྷས་བྱིན་སོགས་ཀྱི་ལོ་རྒྱུས་ན་གསལ་བས་དེ་ལ་ལྟོས། ཡང་ཁྱོད་ཀྱིས་བརྒྱའི་མི་ཚད་སྟོང་བཤད་ཀྱང་། དེ་ཀུན་རྫུན་ཡིན། ང་ཡིད་མི་ཆེས། ཕྱག་རྫོགས་པའི་ལྟ་བ་དང་། གཉིད་ནི་གཉིས་ལ་ཁྱད་མེད། གཉིད་གི་གཉིད་གི་གཏི་མུག་ཆེར་འཕེལ་བ་ལྟར། ལྟ་ངན་དེ་བསྐྱང་གི་བསྐྱང་གི །དྲན་བརྗེད་ཆེ་བ་སོགས་སྐྱོན་འཕེལ་བ་མ་གཏོགས་ཡོན་ཏན་གང་ཡང་མི་འབྱུང་ཟེར་ན། སྔོན་གཅིག་གིས་ཁོ་བོའི་ཡི་དམ་ཕུར་པ་ཡིན་བཤད་ཚེ། གཅིག་ན་རེ། དེ་ཡིན་ན་ཁོའི་ཡི་དམ་ཕུར་རྡེབ་ཡིན་སྨྲས་པ་ལྟར། ཕྱག་རྫོགས་པ་གཉིད་ལོག་པ་དང་ཁྱད་མེད་ན། ཁྱེད་དབུ་མ་ཚང་གི་ཞི་གནས་གཉིད་འཐུག་དང་ཁྱད་མེད། ལྷག་མཐོང་དང་ཐ་མལ་གྱི་རྣམ་རྟོག་ལ་ཁྱད་མེད་པར་འགྱུར་ཏེ། དེ་ཅིའི་ཕྱིར་ཞེ་ན། དེ་རྣམས་མཚུངས་པའི་ཕྱིར་རོ། །དེ་ཡིན་ན།

p. 396

ཁྱེད་ཚང་གི་ཞི་ལྷག་ལ་ཡོན་ཏན་མང་པོ་འབྱུང་ཟེར་ཚད་ཐམས་ཅད་ཁྱོད་ཀྱིས་རྫུན་དུ་བཏང་འདུག་པས། ད་ཁྱོད་ཀྱིས་ཧ་གོ །དེས་ཆོག་ནི་གྱིས། ཡང་འགའ་རེས། ཕྱག་རྫོགས་སོགས་བོད་ཀྱི་གྲུབ་མཐའ་བླུན་པོ་ཁ་ཅིག་ན་རེ། རང་སེམས་སངས་རྒྱས་ཀྱི་རྒྱུ་ཡིན་ཞེས་སྨྲས་ན་རྒྱལ་བའི་གསུང་རབ་ཚད་ལྡན་དང་མཐུན་པས་ཤིན་ཏུ་ལེགས་ཏེ། གསུང་རབ་ཁ་ཅིག་གི་དགོངས་པ་མ་ལོན་པར་རང་སེམས་ཡེ་ནས་སངས་རྒྱས་ཡིན་པས་སངས་རྒྱས་རང་ལ་ཡོད་ཅེས་སྐད་གསང་མཐོན་པོའི་ཁ་ཕོ་ནམ་མཁའི་འབྲུག་བཞིན་བླུན་པོ་ཆུ་འཛིན་ལྟ་བུའི་གསེབ་ན་ལྡིར་བ་དེ་རིག་པ་སྨྲ་བའི་མཁས་པ་དར་སེང་དཀར་མོ་ལྟ་བུའི་ཐག་ཉེར་འོང་ནས་སྒྲོག་རྒྱུའི་གཏམ་མ་རེད། བླུན་པོ་ཚོ་སངས་རྒྱས་ཟེར་བ་དེ་ཅི་འདྲ་ཞིག་ལ་ཟེར་ན་སྐྱོན་གྱི་རིགས་སུ་གྱུར་པ་མཐའ་དག་སངས། ཡོན་ཏན་གྱི་རིགས་སུ་གྱུར་པ་མཐའ་དག་རྒྱས་པ་ཞིག་ལ་ཟེར་དགོས། དེ་ཡིན་ན་སངས་སྔོན་ནས་རྒྱས་ཡོད་པ་ཞིག་སླར་ཡང་འགྲིབ་ནས་སངས་རྒྱས་དགོས་ན། དེ་འདྲའི་གཏམ་ཁྱེད་ཆ་བོའི་ཁ་འདི་མ་གཏོགས་ཆུང་མ་ལས་སྐྱེས་ནས་ད་སྔ་ཡན་སུའི་ཁ་ནས་གོ་མ་མྱོང་། དེ་ཡིན་

p. 397

ན་སངས་རྒྱས་པ་ལ་ཀུན་དགའ་བར་འདུག་སྟེ་དགོས་པ་མི་སྣང་ཟེར་ནས་འགལ་བ་དུ་མ་ཕུད་བརྙས་གཏམ་རྐྱང་སྨྲ་ན། འོ་ཁྱོད་དོགས་པ་སྐྱེས་ནས་དེ་སྐད་དོགས་གཅོད་ཀྱི་དྲི་བ་བྱས་པ་ལེགས་ཏེ། ཁྱོད་ཀྱིས་ཁོ་ཆུང་མ་ལས་སྐྱེས་ནས་འདི་འདྲའི་གཏམ་ད་སྔ་གོ་མ་མྱོང་ཟེར་བ་ཁྱོད་མཁས་པ་ཞིག་གི་གཏམ་ཞིག་མ་རེད་ཤིན་ཏུ་བཙོག་སྟེ། སངས་རྒྱས་ཚུན་ཆད་ན་ཁྱོད་ཀྱིས་གོ་མ་མྱོང་བའི་དེ་འདྲའི་གཏམ་ཁྲི་དགོས་ན་འབུམ་ཡོད་པས། དེ་ང་རྒྱལ་གྱི་གཏམ་ཞིག་ཏུ་མངོན་པས་དོར་ཞིག་དང་། ངས་ཁྱོད་ལ་ཕྱག་རྫོགས་པའི་གཏམ་ཁྱོད་ཀྱིས་གསར་དུ་གོ་བ་དེའི་དོན་ཅུང་ཟད་ཙམ་ཞིག་དཔེའི་སྒོ་ནས་བཤད་ཀྱིས་ཉོན་ཅིག །དཔེར་ན་ཉི་མ་མུན་པ་དང་ཡེ་ནས་གཏན་བྲལ་འོད་ཟེར་རང་ཆས་ལྷུན་གྲུབ་ཏུ་ཡོད་ཀྱང་གློ་བུར་སྤྲིན་ནག་པོས་བསྒྲིབས་ན། འོད་སྟོང་འཇིག་རྟེན་གྱིས་མི་མཐོང་བར་གྱུར་པ་ཕྱི་ནས་བལྟས་ན་སྐྱོན་གྱིས་གོས་པ་ལྟར་སྣང་ཡང་ཉི་མ་ཁོ་རང་ལ་སྐྱོན་གྱིས་ཅུང་ཟད་ཙམ་ཡང་མ་གོས་པས་སྔར་བས་ངན་དུ་མ་སོང་ལ་སྤྲིན་གྱི་ཕག་ན་འོད་ལམ་མེ་བསྡད་ཡོད་མོད། འོན་ཀྱང་འོད་སྟོང་འཇིག་རྟེན་དུ་མི་སྣང་

p. 398

བའི་གེགས་སྤྲིན་དེ་དག་གིས་བྱས་པ་དག་བྱ་ཡིན་པས་སྐྱི་སེར་རླུང་གིས་སྤྲིན་རྣམས་དང་བྲལ་བར་བྱས་ཚེ་འོད་ལམ་མེ་བྱུང་། འོད་སྟོང་གིས་འཇིག་རྟེན་ཀུན་ཁྱབ་ནས་རྒྱལ་ཁམས་བདེ་ལ་བཀོད་ཚེ། སྔར་བས་བཟང་དུ་ཡང་མ་སོང་། སྤྲིན་གྱིས་བསྒྲིབས་མ་བསྒྲིབ་དུས་ནམ་ཡིན་ཡང་། ཉི་མ་ཞེས་ཟེར་དགོས་པ་ལྟར་རང་སེམས་འོད་གསལ་སྟོང་པ་ཡེ་ནས་སྐྱོན་མཐའ་དག་དང་བྲལ་ཞིང་། ཡོན་ཏན་མཐའ་དག་དང་ལྡན་ཡང་། གློ་བུར་གྱི་དྲི་མས་བསྒྲིབས་ཚེ། སྐུ་དང་ཡེ་ཤེས་སོགས་ཀྱི་ཡོན་ཏན་མཐའ་དག་མི་མཐོང་བར་གྱུར་པ། ཕར་བལྟས་ན་སྐྱོན་གྱིས་གོས་པ་ལྟར་སྣང་ཡང་། སེམས་ཉིད་གསལ་ཞིང་སྟོང་པ། ཁོ་རང་སྐྱོན་གྱིས་ཅུང་ཟད་ཙམ་ཡང་མ་གོས་པས། སྔར་བས་ངན་དུ་མ་སོང་བས་གློ་བུར་དྲི་མས་བསྒྲིབས་པའི་ཕག་ན་གསལ་སང་ངེར་གནས་ཡོད་མོད། འོན་ཀྱང་སྐུ་དང་ཡེ་ཤེས་གདུལ་བྱ་ལ་མི་སྣང་བའི་གེགས་གློ་བུར་གྱི་སྒྲིབ་པ་དེ་དག་བྱ་ཡིན་པས། ཚོགས་བསགས་སྒྲིབ་སྦྱོང་བྱས་དག་པར་གྱུར་ཚེ། སྐུ་དང་ཡེ་ཤེས་མངོན་སུམ་དུ་བྱུང་ནས་ཕྲིན་ལས་འཇིག་རྟེན་ལ་ཁྱབ་ནས་གདུལ་བྱ་རྣམས་བདེ་ལ་འགོད་ཚེ།

p. 399

ཡང་སྔར་བས་བཟང་དུ་མ་སོང་། གློ་བུར་དྲི་མ་ཡོད་མེད་གང་གི་དུས་སུ་ཡང་རང་སེམས་སངས་རྒྱས་ཟེར་དགོས་ཏེ། བརྟག་གཉིས་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་ཉིད་བསལ་ན་སངས་རྒྱས་ཉིད། །ཅེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། ཡེ་སངས་རྒྱས་པའི་རིག་པ་ལ། །ཡང་སངས་རྒྱས་པས་རྟོགས་པ་འཁྲུངས། །སྒྲིབ་མེད་ཟང་ཐལ་གཅེར་བུ་འདི། །འབྲས་བུ་རེ་དོགས་བྲལ་བ་ལགས། །གསུངས། ཁྱོད་ཀྱི་འདོད་པ་ལྟར་ཡིན་ན། ཉི་མ་སྤྲིན་གྱིས་བསྒྲིབས་ཚེ་སྐྱོན་གྱིས་གོས་ནས་སྨུག་པོར་སོང་ཡོད། འོད་ཟེར་མེད། གསལ་སྒྲིབ་ཆེ་བའི་ཉི་མ་ཞིག་ཡོད་མི་དཔེ། དེ་འདྲ་ཡོད་ཟེར་བ་ཆུང་མ་ལ་སྐྱེས་ནས་ད་བར་གོ་མ་མྱོང་སྨྲས་པ་དང་མཚུངས་པས། ཚིག་འདི་མཁས་པའི་མདུན་སར་སོང་ནས་སྐད་གསེང་མཐོན་པོས་སྨྲས་ན་ཐུགས་མཉེས་ནས། ཞལ་འཛུམ་བཞིན་ཁྱོད་ཀྱི་དེ་རེད་ཅེས་ཞལ་ནས་འདོན་མཁན་འདྲ་ཡོད་ན། །དེ་དང་ཁྱོད་གཉིས་སྔར་བོད་དུ་ཕེབས་མ་མྱོང་བའི་མཁས་པ་ཞིག་གོ །སངས་རྒྱས་ལ་ཡང་སྒྲིབ་

p. 400

པ་མི་མངའ་སྐྱོན་གྱིས་མི་གོས་ཀྱང་། ཡོན་ཏན་རྣམས་གློ་བུར་གྱི་དྲི་མས་ཅུང་ཟད་བསྒྲིབ་སྲིད་དེ། སྟོན་པ་སངས་རྒྱས་མྱ་ངན་ལས་འདས་ཁར་ཀུན་དགའ་བོ་སོགས་ལ་མྱ་ངན་མ་བྱེད། ང་མ་འོངས་པའི་དུས་སུ་དགེ་བའི་བཤེས་གཉེན་གྱི་སྐུ་རུ་སྤྲུལ་ནས་འགྲོ་བའི་དོན་མཛད་པ་ཡིན་གསུངས་པ་ལྟར། དེང་སང་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་འཁྲུལ་མེད་ཡིན་ཟེར་བའི་སྐུ་སྐྱེ་དགེ་བཤེས། གྲུབ་ཐོབ། གཏེར་སྟོན་མང་པོས་བོད་གངས་ཅན་གྱི་ལྗོངས་ཐམས་ཅད་ཁ་གང་འདུག་སྟེ། དེ་ཐམས་ཅད་ལ་ཡོན་ཏན་གསར་དུ་སློབ་དགོས་པ་ཕར་ཞོག་ཐ་ན་བཟའ་བཏུང་བྱེད་ལུགས་ཡན་ཆད་སློབ་དགོས་པ་དེ། མའི་མངལ་སོགས་གློ་བུར་གྱི་དྲི་མས་བསྒྲིབས་པ་ཡིན་དགོས། དེ་མིན་ན་སྐུ་སྐྱེ་དགེ་བཤེས་གཅིག་ཡིན་ནི་མིན། ཐམས་ཅད་ཀྱིས་སྔར་ཤེས་པའི་ཡོན་ཏན་བརྗེད་ཐ་ན་སྐད་ཆ་ཡན་ཆད་བརྗེད་ནས་སླར་ཕ་མ་སེམས་ཅན་གྱིས་སློབ་དགོས་པ་ཅི་ཞིག་བྱུང་ཟེར། དེ་ལ་ངས་བསམ་པ་ཡིན་ན་སངས་རྒྱས་ལ་ཡེ་ནས་སྒྲིབ་པ་མི་མངའ་ཞིང་སྐྱོན་གྱི་དྲི་མས་གོས་མི་སྲིད་མོད། འོན་ཀྱང་གློ་བུར་གྱི་དྲི་མས་ཡོན་ཏན་གྱི་ཆ་ཤས་ཅུང་ཟད་བསྒྲིབས་

p. 401

པ་དེ་ཀ་དགེ་བའི་བཤེས་གཉེན་གྱིས་བསལ་ནས། སྔར་གྱི་ཡོན་ཏན་སླར་མངོན་པར་འདོད་ལ། ཁྱོད་ཀྱི་འདོད་པ་ལྟར་ཡིན་ན། སངས་རྒྱས་མི་ཡི་གཟུགས་སུ་ཤར་བ་རྒྱལ་བ་པཎ་ཆེན་སོགས་ལ་ཡང་སྐྱོན་མངའ། ཡོན་ཏན་མི་ལྡན་དགེ་བའི་བཤེས་གཉེན་གྱི་ཡོན་ཏན་གསར་དུ་བསླབ་པ་ཡིན་ཞེས་ཟེར་དགོས་པའི་ཚོད་ན་འདུག །ཁྱོད་ཀྱིས་ཧ་གོ་ན་གོ །འོ་ན་སངས་རྒྱས་དང་སེམས་ཅན་ལ་ཁྱད་པར་མེད་དམ་ཟེར་ན་དཔེར་ན་འདམ་དུ་བྱིང་བའི་ནོར་བུ་དང་། རྒྱལ་མཚན་གྱི་རྩེ་ལ་བཀུར་བའི་ནོར་བུ་གཉིས་ལ་དོན་དམ་པ་ནོར་བུའི་ངོས་ནས་ཁྱད་པར་མེད་མོད། འོན་ཀྱང་མི་གཙང་བའི་དྲི་མ་དག་མ་དག་དང་། དགོས་འདོད་འབྱུང་མི་འབྱུང་གི་ཁྱད་ཆེ་བ་བཞིན། འཁོར་བར་འཁྱམས་པའི་སེམས་ཅན་དང་། མྱ་ངན་ལས་འདས་པའི་སངས་རྒྱས་གཉིས། དོན་དམ་པ་སངས་རྒྱས་པའི་ངོས་ནས་ཁྱད་མེད་མོད། འོན་ཀྱང་གློ་བུར་སྒྲིབ་པའི་དྲི་མ་དག་མ་དག་དང་། གཞན་དོན་འབྱུང་མི་འབྱུང་གི་ཁྱད་པར་ཆེའོ། །འོ་ན་རང་སེམས་སངས་རྒྱས་ཡིན་ན་འཁྲུལ་རྒྱུ་མ་རེད་ཟེར་ན། འཁྲུལ་པ་མེད་རུང་འཁྲུལ་པ་

p. 402

ལྟར་སྣང་སྟེ། དཔེར་ན་ཉི་མའི་འོད་ཟེར་ལ་སྒྲིབ་པ་མེད་རུང་། རྒྱ་མཚོ་ལ་ཕོག་ཚེ། དེས་རྐྱེན་བྱས་རླངས་པ་བྱུང་། རླངས་པ་དེ་ནམ་མཁའ་ལ་སོང་ནས། ཉི་མ་ཁོ་རང་ལ་སྒྲིབ་པ་དང་མཚུངས་སོ། འོ་ན་འབྲས་བུ་དང་པོ་ནས་ཡོད་ན། དེའི་རྒྱུ་ཚོགས་གཉིས་ལ་ད་སློབ་ཅི་ལ་དགོས་ཟེར་ན། དེ་གློ་བུར་སྒྲིབ་གཉིས་ཀྱི་དྲི་མ་སེལ་བའི་གཉེན་པོ་ཡིན་པས། མ་བསླབས་ན་སྒྲིབ་པ་དང་བྲལ་ནས་སྐུ་དང་ཡེ་ཤེས་གདུལ་བྱའི་ངོར་དངོས་སུ་སྣང་མི་ནུས་པའི་ཕྱིར་རོ། །འོ་ན་སྒྲིབ་གཉིས་སེལ་བའི་ཐབས་ཙམ་མ་གཏོགས། འབྲས་བུ་སྐུ་གཉིས་ཀྱི་རྒྱུ་ཚོགས་གཉིས་ཡིན་ཞེས་གསུངས་པ་མ་ཡིན་ནམ་ཞེ་ན། དཔེར་ན་ཡིད་བཞིན་གྱི་ནོར་བུ་དགོས་འདོད་འབྱུང་བའི་ཐབས་ཁྲུས་རས་སོགས་ལ་དྲི་མ་སེལ་ཐབས་སམ། དགོས་འདོད་འབྱུང་ཐབས་གང་བཤད་ཀྱང་ཆོག་པ་ལྟར་ཚོགས་གཉིས་ལ་སྒྲིབ་གཉིས་ཀྱི་གཉེན་པོའམ་སྐུ་གཉིས་ཀྱི་རྒྱུ་གང་སྨྲས་ཀྱང་དོན་གྱིས་འགལ་བ་མེད་དོ། །འོ་ན་ངོ་སྤྲོད་ཟེར་བ་དེ་སེམས་ཉིད་སངས་རྒྱས་ཡིན་ནས་ངོ་སྤྲོད་དམ། མིན་ནས་ངོ་སྤྲོད་དམ། དེ་ཡང་ཆུ་དང་འོ་མ་བཞིན་མ་བསྲེ་བར། སོ་སོར་མ་འདྲེས་པར་

p. 403

ཤོད། སངས་རྒྱས་ཡིན་ནས་ངོ་སྤྲོད་པ་ཡིན་ཟེར་ན། དེ་ཡིན་ན་ངོ་སྤྲོད་མི་དགོས་ཏེ། ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་སངས་རྒྱས་ཀྱིས་རང་སངས་རྒྱས་པར་མཁྱེན་པ་སྨོས་ཅི་དགོས། རང་གིས་རང་སངས་རྒྱས་ཡིན་པ་ཙམ་ཡང་མི་ཤེས་པར། མཁྱེན་པའི་ཡོན་ཏན་ཐམས་ཅད་སངས་ནས། མི་ཤེས་གཏི་མུག་མུན་པ་ཀུན་རྒྱས་ཡོད་པའི་སངས་རྒྱས་ཤིག་ཡོད་སྲིད་དམ། གཏམ་དེ་གླེན་པ་ཕྱག་རྫོགས་པ་རྣམས་མ་གཏོགས་མཁས་པ་སུ་ཞིག་གིས་སྨྲ། ཡང་སངས་རྒྱས་མིན་ནས་ངོ་སྤྲོད་འདེབས་པ་ཡིན་ཟེར་ན། དེས་ཅི་ལ་ཕན། དཔེར་ན་མཆིང་བུ་ཞིག་ལ་འདི་ནི་འདོད་འབྱུང་ནོར་བུའོ་ཞེས་སྨྲས་པ་ལྟར། འགྲོ་བ་ཀུན་བསླུ་བའི་ཆོས་ཤིག་སྙིགས་དུས་འདིར་བྱུང་བ་ཡིན་པས། ཀུན་གྱིས་འབུར་འཇོམས་བྱེད་པར་རིགས་སོ་ཟེར་ན། ཡང་ངས་བཤད་ཁྱོད་ཉོན། དཔེར་ན་དབུལ་པོའི་སྒྱིད་རྡོ་དེ། དང་པོ་ནས་གསེར་ཡིན་ཡང་གཡའ་ཞེན་ནས་ངོ་མ་ཤེས་པ་ལ། གཞན་གསེར་རྒྱུས་ཤེས་པའི་མིས་བསྲེག་བཅད་བརྡར་ནས། གསེར་ཡིན་པ་མངོན་སུམ་དུ་སྟོན་པ་ལྟར། འགྲོ་ཀུན་སེམས་ཉིད་ཡེ་ནས་སངས་

p. 404

རྒྱས་ཡིན་ཡང་། མ་རིག་པ་སོགས་གློ་བུར་གྱི་དྲི་མས་བསྒྲིབས་ནས་ངོ་མ་ཤེས་པ། གནས་ལུགས་དོན་དམ་རྟོགས་པའི་མཚན་ལྡན་བླ་མས་ལུང་རིགས་མན་ངག་ལ་བརྟེན་ནས། སྒྲིབ་གཡོག་དང་བྲལ་བར་མངོན་སུམ་དུ་ངོ་སྤྲོད་པ་ཡིན་པས་འགལ་བ་མེད་པ་ལ། སངས་རྒྱས་ཡིན་ཞེས་ཁས་བླངས་ཕྱིན་ཆད་ནས་ཐོག་མཐའ་བར་གསུམ་དུས་རྟག་ཏུ་ཆོས་ཐམས་ཅད་ས་ལེར་མཁྱེན་དགོས་པའི་ངེས་པ་མེད་ལ། མཁྱེན་དགོས་ཟེར་ན། སངས་རྒྱས་ཀྱི་སྤྲུལ་པ་རྒྱལ་བ་པཎ་ཆེན་གཏེར་སྟོན་སོགས་སྐྱེས་བུ་དམ་པ་ཐམས་ཅད་ཀྱི་དྲུང་དུ་ཁྱོད་སོང་ལ་ཀུན་ཨེ་མཁྱེན་གྱི་ཉམས་ཚད་གྱིས། མི་མཁྱེན་ཚེ་དེ་ཀུན་ལ་ཀུན་མཁྱེན་སངས་རྒྱས་ཡིན་པ་མར་བུད་ཅེས་སུན་དབྱུངས་རང་གི་བླ་མ་ཡན་ཆད་ལ་འབུར་འཇོམས་གྱིས། དེ་བྱེད་ཟེར་ན། ཁྱོད་ཀྱི་མིང་དེ་ད་སྤོར་ནས་དགེ་བཤེས་འབུར་འཇོམས་ཚང་ཟེར་བར་རིགས་སོ། །དེ་ཡིན་ན་ཁྱོད་སྔར་ཡོད་མ་མྱོང་བའི་དགེ་བཤེས་གསར་པ་ཞིག་བྱུང་བ་ཡིན་པས་དགོད་འཆོར། ཧ་ཧ་ཧ། ཡང་ཁོ་བོ་ལ་དགོད་མི་དགོས། འདི་ལ་ཉོན། འོ་ན་སོ་སྐྱེས་ཀྱིས་སྟོང་ཉིད་མངོན་གྱུར་གྱི་ཚུལ་དུ་རྟོགས་པར་འདོད་དམ།

p. 405

ལྐོག་གྱུར་གྱི་ཚུལ་དུ་རྟོགས་པར་འདོད། མངོན་གྱུར་གྱི་ཚུལ་དུ་འདོད་ཟེར་ན། གང་ཟག་དེ་ཐམས་ཅད་ས་དང་པོ་ཐོབ་པ་ཤ་སྟག་ཞིག་ཡིན་དེ། ས་དང་པོ་མ་ཐོབ་བར་གནས་ལུགས་སྟོང་ཉིད་མངོན་སུམ་དུ་རྟོགས་མི་སྲིད་ཅེས་གསུངས་པའི་ཕྱིར་རོ། གང་ཟག་དེ་ས་དང་པོ་བར་ཁས་ལེན་ན། སྐད་ཅིག་གཅིག་ལ་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྱེ། སྤྲུལ་པ་བརྒྱ་འགྱེད་པ་སོགས་ས་དང་པོ་ཐོབ་པའི་རྟགས་རྣམས་ཚང་དགོས་ལ། དེ་ཚང་ཟེར་ན་འཕགས་པ་དངོས་ཡིན་པས། སློབ་མ་འཕགས་པ་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ལ། བླ་མས་རྗེས་དཔག་ཀྱི་ཚུལ་དུ་ངོ་སྤྲོད་འདེབས་པ། ཕ་མར་བྱིས་པས་བསླབ་བྱ་བསྟན་པ་དང་། དགེ་བཤེས་ལ་བན་ཆུང་གིས་ཀ་ཁ་བསླབ་པ་དང་འདྲ་བས་དགོས་པ་ཅི་ཡང་མེད་ལ། གང་ཟག་དེ་ལ་ཡོན་ཏན་ཅང་མེད་ཀྱང་། ས་དང་པོ་ཐོབ་པའི་གང་ཟག་ཡིན་དགོས། ས་དང་པོ་ཐོབ་རྟགས་ཀྱི་ཡོན་ཏན་རྣམས་ཕྱི་ནས་ཡོང་བ་ཡོད་དོ། ཟེར་ན། དེ་ཆེས་ཤིན་དུ་མི་རིགས་ཏེ། ཉི་མ་སྔོན་ལ་ཤར་ནས་འོད་ཟེར་ཕྱི་ནས་འོང་སྨྲས་པ་དང་། ཁྱད་པར་ཅི་ཡང་མ་བྱུང་བས། གཏམ་དེ་མཁས་

p. 406

པའི་བཞད་གད་ཀྱི་གནས་ཤིག་ཡིན་ལ། ཡང་ན་ལྐོག་གྱུར་གྱི་ཚུལ་དུ་འདོད་ཟེར་ན། དེ་ཡིན་ན་བླ་མས་རང་སེམས་ཆོས་ཀྱི་སྐུ་འདི་ཡིན། ད་ནི་ཁྱོད་ཀྱིས་མངོན་སུམ་དུ་མཐོང་བ་ཡིན་ནོ་ཞེས་ངོ་སྤྲོད་འདེབས་པ། སྐྱ་རེངས་ཙམ་ཤར་བ་ནམ་ལངས། ཉི་ཟེར་ཙམ་མཐོང་བ་ཉི་མ་མངོན་སུམ་དུ་མཐོང་བ་ཡིན་ནོ་ཞེས་སྨྲས་པ་དང་འདྲ་བས་སྔར་གྱི་དེ་བས་ཀྱང་བཞད་གད་ཆེ་བ་ཡིན་ནོ་ཟེར་ན། འོ་དེ་དཔེར་ན་དབུལ་པོའི་སྒྱིད་རྡོ་གསེར་ཡིན་པར་ངོ་མ་ཤེས་ཀྱང་། མིག་གིས་མངོན་སུམ་དུ་མཐོང་བ་ལ་མ་མཐོང་ཞེས་མི་ཟེར་བ་བཞིན། སྐལ་ལྡན་དབང་པོ་རབ་ཀྱི་བླ་མའི་མན་ངག་ལ་བརྟེན་ནས་སེམས་ཀྱི་གནས་ལུགས་ཀྱི་དོན་མངོན་སུམ་དུ་མཐོང་བ་ལ་ཁྱོད་མ་གཏོགས་གཞན་མཁས་གྲུབ་སུ་ཞིག་གིས་མ་མཐོང་ཟེར། རྣལ་འབྱོར་གྱི་དབང་ཕྱུག་མི་ལ་རས་པས། ཅེར་གྱིས་བལྟས་པས་ངོ་བོ་མཐོང་། །སྤྲོས་བྲལ་ནམ་མཁའ་ལྟ་བུར་མཐོང་། །ཞེས་དང་། བླ་མ་ཞང་གིས། རང་སེམས་སངས་རྒྱས་ཅེར་གྱིས་མཐོང་། །སངས་རྒྱས་རྩོལ་བའི་ནད་དང་བྲལ། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞལ་ནས། སེམས་དེ་ཡང་བརྟགས་ན་སྐྱེ་

p. 407

འགག་བྲལ། །གནས་ལུགས་ཀྱི་ངོ་བོ་ཨེ་མ་ཧོ། །ཞེས་གསུངས་སོ། །དཔེར་ན་དབུལ་པོའི་སྒྱིད་རྡོ་གསེར་ཡིན་པ་མཐོང་མ་ཐག་ནས། དབུལ་ཕོངས་ཀྱི་སྡུག་བསྔལ་ཞི་ནས་ཕྱུག་པོའི་རྟགས་གོས་རྒྱན་ཐམས་ཅད་མེད་ཀྱང་། དོན་གྱིས་ཕྱུག་པོའི་གྲལ་དུ་ཚུད་པ་བཞིན། གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པ་མཐོང་མ་ཐག་ནས། མདོ་ལུགས་ནས་བཤད་པ་བཞིན། ས་ལམ་ཐོབ་རྟགས་ཀྱི་ཡོན་ཏན་མངོན་ཤེས་རྫུ་འཕྲུལ་མེད་ཀྱང་། དོན་གྱིས་ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མཐོང་བའི་འཕགས་པའི་གྲལ་དུ་ཆུད་པ་ཡིན་ཞེས་སྨྲས་ཀྱང་འགལ་བ་མེད་དེ། པོ་ཏོ་བས། ས་དང་ལམ་གྱི་རིམ་པ་ཐམས་ཅད་ཀྱང་། །རྟོགས་པ་འཕེལ་བའི་མིང་གི་རྣམ་གྲངས་ཡིན། །ཞེས་དང་། བཏགས་གྲོལ་ལས། རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས། །ཞེས་དང་། དེ་བཞིན་གཤེགས་པའི་གསུང་རབ་ལས། རྟོགས་པས་བཅུ་བཞིའི་ས་ལ་རྒྱུན་དུ་གནས། །ཞེས་དང་། མཚན་བརྗོད་ལས། སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས། གསུངས་ན་ས་གཅིག་སྨོས་ཅི་དགོས།

p. 408

འདི་ནི་མདོ་ལུགས་ནས་བཤད་པའི་ས་དངོས་མིན་ཀྱང་། དེའི་དོད་ཐུབ་ཅིག་ཏུ་འདོད་དེ། བླ་མ་ཞང་གིས། ཕྱག་རྒྱ་ཆེན་པོ་གཅིག་ཆོད་མ། །པ་ན་སེ་ཡི་འབྲས་བུ་བཞིན། །རྒྱུ་དང་འབྲས་བུ་དུས་མཚུངས་པས། །རྨོངས་པ་ས་ལམ་བརྩི་བ་འཁྲུལ། །འོན་ཀྱང་རྨོངས་པ་དགའ་བའི་ཕྱིར། །མཚན་ཉིད་ཐེག་པའི་ས་ལམ་རྣམས། །འདིར་ཡང་དོད་པོ་བརྩི་བར་བྱ། །ཞེས་ས་བཅུ་ལམ་ལྔའི་དོད་ཐུབ་རེ་བརྩིས་ཡོད་པའི་ཕྱིར་རོ། །ཁྱོད་ཀྱི་གཏམ་དེ་དཔེར་ན། གསེར་ཆེན་པོ་ཡོད་པའི་མི་དེ་ཕྱུག་པོའི་གྲལ་དུ་མི་འཇོག་པར་དབུལ་པོའི་གྲལ་དུ་བཞག་ནས། དེ་ལྟར་འབོད་པ་དང་མཚུངས་བྱུང་བ་མཁས་པས་བཞད་གད་ཀྱི་གནས་ཡིན་ལ། ཡང་དཔེར་ན་དབུལ་པོས་སྒྱིད་རྡོ་མཐོང་ཡང་གསེར་ཡིན་པ་མ་ཤེས་པའམ། ཤེས་ཀྱང་ཡིན་མིན་གྱི་ཐེ་ཚོམ་ཅན་ལ། གསེར་རྒྱུས་ཤེས་པས་བསྲེགས་བཅད་བརྡར་ནས། འདི་གསེར་རེད། ངོ་མཚར་ཆེ། ད་ནི་ཁྱེད་ཕྱུག་པོའོ་ཞེས་སྨྲས་པ་ལྟར། གདུལ་བྱ་འགའ་ཞིག་གིས་གནས་ལུགས་ཀྱི་དོན་མཐོང་ཡང་དེ་ཡིན་པ་ངོ་མ་ཤེས་པའམ། ཤེས་ཀྱང་ཡིད་གཉིས་ཐེ་ཚོམ་བྱུང་བ་ལ། བླ་མའི་ལུང་རིགས་ལ་

p. 409

བརྟེན་ནས་གཏན་ལ་ཕབ་ནས། ངོ་སྤྲད་པ་ལ་དགོས་པ་ཤིན་ཏུ་ཆེའོ། ཁྱོད་ཀྱི་གཏམ་དེ་གསེར་མཐོང་ཡང་ངོ་མ་ཤེས་པའམ། ཤེས་ཀྱང་ཐེ་ཚོམ་ཅན་ལ་གཞན་གྱིས་གསེར་རེད་ཅེས་བཤད་པ་དགོས་པ་མེད་སྨྲས་པ་དང་ཁྱད་པར་ཅི་ཡང་མེད་པས་སྔར་བས་ཀྱང་བཞད་གད་ཆེ་ལ། དཔེར་ན་ཉི་མ་དང་འོད་ཟེར་དུས་གཅིག་ཏུ་འབྱུང་བ་བཞིན། རྟོགས་གྲོལ་དུས་གཅིག་ཏུ་འབྱུང་བའང་ཡོད་སྲིད་པས་ཆ་གཅིག་ན། ཁྱོད་བདེན་ཏེ། དཔེར་ན་རྗེ་འབངས་ཉེར་ལྔའི་རེ་གཉིས་ཀྱིས་གནས་ལུགས་སྟོང་པ་ཉིད་ཀྱི་བདེན་པ་མཐོང་བ་ཙམ་ནས་ནམ་མཁའ་ལ་འཕུར་ནུས་པ་སོགས་བྱུང་བ་བཞིན་ནོ། །འོན་ཀྱང་དཔེར་ན་ཕྱུག་པོའི་རྟགས་གོས་རྒྱན་མི་འདོགས་པར་དབུལ་པོའི་ཆ་བྱད་ཅན་ཡོད་སྲིད་པ་ལྟར། ས་དང་པོ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་རྟོགས་པའི་འཕགས་པ་ལ་ཡང་ས་ལམ་ཐོབ་རྟགས་ཀྱི་ཡོན་ཏན་མེད་པའང་ཡོད་སྲིད་དེ། སྔོན་རྗེ་བཙུན་བྱམས་པ་འཕགས་པ་དངོས་ཡིན་ཡང་། མངོན་ཤེས་རྫུ་འཕྲུལ་སོགས་མེད་པའི་ཚུལ་བསྟན་པ་ལ་གཞན་གྱིས་ཅུང་ཟད་བརྙས་པ་བྱུང་ཚེ། སངས་རྒྱས་ཀྱི་འདི་ནི་

p. 410

འཕགས་པ་དངོས་ཡིན་མ་བརྙས་ཤིག །མ་འོངས་པ་ན་རྒྱལ་བ་བྱམས་པར་འགྱུར་བ་ལུང་བསྟན་པ་མདོ་ཞིག་ན་གསུངས་ཡོད་པ་མཁས་གྲུབ་རཱ་ག་ཨ་སྱེས་མཛད་པའི་རི་ཆོས་ན་ཡོད་སྐད། དཔེར་ན་ཉི་མ་ཤར་མ་ཐག་ནས་གངས་རིའི་འཁྱག་པ་ཞུ། ས་ཆུ་དྲོས་ནས་ཆུ་རྒྱུན་དང་རྩི་ཤིང་མེ་ཏོག་སོགས་དུས་གཅིག་ཏུ་མ་བྱུང་ཡང་ཉི་མ་ཤར་ཞེས་ཟེར་དགོས་པ་ལྟར། གདུལ་བྱ་འགའ་ཞིག་གིས། དོན་དམ་ཆོས་ཉིད་མངོན་སུམ་དུ་མཐོང་མ་ཐག་ནས། སྤྱན་དང་མངོན་ཤེས་རྫུ་འཕྲུལ་སོགས་ཡོན་ཏན་མ་སྐྱེས་ཀྱང་། ཆོས་ཉིད་ཀྱི་བདེན་པ་མཐོང་བར་འདོད་དགོས་ཞེས། ཞང་གཡུ་བྲག་འགྲོ་མགོན་སོགས་སྐྱེས་བུ་དམ་པ་མང་པོས་ཀྱང་གསུངས་སོ། །དེས་ན་མཐའ་གཅིག་ཏུ་བཟུང་ནས་སྨོད་ག་ལ་རུང་། དེ་ལྟར་མི་འདོད་ན་ཁྱེད་ཀྱིས་དེང་སང་སྙིགས་མའི་དུས་འདིར་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་གཅིག་ཀྱང་མེད་པར་ཁས་ལེན་དགོས་པས། གཏམ་དེ་འདྲ་སྨྲས་ན་ཁམ་རེ་ཆེ། ཁྱོད་ལ་དད་གུས་དག་སྣང་མེད་པའི་རྒྱུ་མཚན་དེ་ཡིན་ས་སྣང་། ད་ངས་བསམ་ན་སེམས་ཉིད་སངས་རྒྱས་ཀྱི་རྒྱུ་ཡིན་ནམ། སངས་རྒྱས་དངོས་ཡིན་གང་

p. 411

ཡིན་རུང་། དེ་གཉིས་ཀའི་ལམ་དུས་ཚོགས་གཉིས་གང་ལ་ཡང་བརྩོན་དགོས་པས་ལམ་དུས་སུ་ཡང་གཅིག །མཐར་ཐུག་འབྲས་བུ་སྐུ་གཉིས་འཐོབ་དགོས་པས་འབྲས་བུ་ཡང་གཅིག་པས། དོན་གྱིས་འགལ་བ་མི་སྣང་། ཚིག་གི་ངོས་ནས་རྒྱལ་བ་རྣམས་ཐབས་མཁས་ལ་ཐུག་རྗེ་ཆེ་བའི་གདུལ་བྱ་རྣམས་ལ་ངེས་དོན་གསུངས་པའི་སྐབས་སུ། ཤེར་སྙིང་ལས། ལམ་མེད་ཡེ་ཤེས་མེད། ཐོབ་པ་མེད་མ་ཐོབ་པ་ཡང་མེད། ཅེས་པ་དང་། ཡེ་ཤེས་སྣང་བ་རྒྱན་གྱི་མདོ་ལས། སངས་རྒྱས་རྣམས་ནི་མངོན་པར་རྫོགས་པར་སངས་མ་རྒྱས། འཚང་མི་རྒྱ་མངོན་པར་རྫོགས་པར་འཚང་རྒྱ་བར་མི་འགྱུར་རོ། །གསུངས། ཞེས་ས་ལམ་བསྒྲོད་རྒྱུ་དང་འཚང་རྒྱ་རྒྱུ་མེད་པ་འདྲ་བ་ཞིག་གསུངས། དྲང་དོན་གསུངས་པའི་སྐབས་སུ། མདོ་ལས། དགོན་པ་བསམ་ནས་གོམ་པ་བདུན་བོར་ན། །དེ་ནི་ས་བདུན་བར་དུ་འཕགས་པར་འགྱུར། ཞེས་དང་། འཇམ་དཔལ་རྩ་རྒྱུད་ལས། རས་བྲིས་མཐོང་བ་ཙམ་གྱིས་ནི། །དེ་ཡི་མོད་ལ་གྲོལ་བར་འགྱུར། །ཞེས་ས་ལམ་དང་འཚང་རྒྱ་རྒྱུ་ཡོད་པར་མ་ཟད་ཅུང་ཟད་རེའི་

p. 412

ས་ལམ་དང་སངས་རྒྱས་ཐོབ་པ་འདྲ་བ་གསུངས། འདི་ལྟར་རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པའི་སྐབས་རྣམས་སུ་བཞེད་སྲོལ་མི་འདྲ་བ་མཐའ་ཡས། བློ་གྲོས་ཅན་རྣམས་ཀྱིས་ཚིག་གི་འགལ་འབྲེལ་མ་བརྩི་བར། དོན་གྱི་འགལ་མི་འགལ་བརྩི་དགོས། དེས་ན་དེ་འདྲའི་གསུང་གི་དགོངས་དོན་འཚོལ་བ་ལ་འབོད། ཚིག་གི་ངོས་ནས་མདོ་སྔགས་གཉིས་མི་དགོས། དེང་སང་གི་བླ་མ་རེ་ལ་བཞེད་སྲོལ་ཕྱག་ལེན་མི་མཐུན་པ་རེ་སྣང་། དེ་གང་ཡིན་གང་མིན་ཟེར། དོན་གྱི་ངོས་ནས་བསམ་ན། རིག་འཛིན་གང་ཤར་རང་གྲོལ་གྱི་ཞལ་ནས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། །ཐམས་ཅད་སངས་རྒྱས་ལམ་དུ་གཅིག །གསུངས་པ་ལྟར། དགོངས་པ་ཕྱོགས་གཅིག་ཏུ་བབ་འདུག །དཔེར་ན་ཡུལ་རེ་རེ་ཁ་གསོ་ཚུལ་གྱི་ཐབས་བཤད་ཚུལ་མི་འདྲ་བ་རྣམས་ཐབས་ཀྱི་ཆ་བཤད་དུས་མི་འདྲ་ཡང་། དེ་ལྟར་བྱས་ན་ཀུན་གྱི་ཁ་སོས་པས། དོན་གྱིས་ཁ་གསོ་ཚུལ་དུ་མཐུན་པ་ལྟར། རྒྱལ་བའི་གསུང་རབ་ན་སངས་རྒྱས་ཐབས་ལ་བཤད་སྲོལ་མི་འདྲ་བ་རྣམས་སྒྲུབ་ཚུལ་ཚིག་གི་ཆ་ནས་མི་འདྲ་ཡང་། དེ་ལྟར་

p. 413

བསྒྲུབས་ན་ཀུན་གྱིས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པས་དོན་གྱིས་སངས་རྒྱས་སྒྲུབ་པའི་ཐབས་སུ་མཐུན་པས། དེས་ན་ཚིག་གི་ཆ་ཐན་ཐུན་རེ་མ་མཐུན་ཚེ། དུག་དང་བདུད་རྩི་ལྟར་འགལ་བར་བཟུང་ནས་གཞན་ལ་ཁ་གཏོང་མི་རུང་། སེམས་ཉིད་རང་བཞིན་གྱི་འོད་གསལ་བ་སྟོང་པ་དེ་ཉིད་ཡེ་ནས་སངས་རྒྱས་ཡིན་ཞེས། ཕྱིས་དེང་སང་གི་ཕྱག་རྫོགས་པ་བླུན་པོ་ཆ་བོས་གྲོས་བྱས་ནས་ཁ་མཐུན་པར་བཤད་པའི་གླེན་གཏམ་དུ་བསྒྲགས་པ་མ་ཡིན་ཏེ། སྔོན་བྱོན་རྒྱལ་བ་སྲས་བཅས་རྒྱ་བོད་ཀྱི་མཁས་གྲུབ་ཚད་ལྡན་དུ་མས་གསུངས་ཏེ། རྣམ་འདྲེན་བཞི་པ་མཉམ་མེད་ཤཱཀྱའི་རྒྱལ་པོའི་ཞལ་ནས། བདེ་གཤེགས་སྙིང་པོས་འགྲོ་བ་ཡོངས་ལ་ཁྱབ། །འགྲོ་བ་འདི་དག་མ་ལུས་སངས་རྒྱས་ཉིད། ཅེས་དང་། འདའ་ཀ་ཡེ་ཤེས་ལས། སེམས་རྟོགས་ན་ཡེ་ཤེས་ཡིན་པས་སངས་རྒྱས་གཞན་ནས་མི་འཚོལ་བའི་འདུ་ཤེས་རབ་ཏུ་བསྒོམ་པར་བྱའོ། གསུངས། རྣམ་སྣང་མངོན་བྱང་ལས། གསང་བའི་བདག་པོ། དེ་ལ་བྱང་ཆུབ་གང་ཞེ་ན། རང་གི་སེམས་ཡང་དག་པ་ཇི་ལྟ་བ་བཞིན་དུ་ཤེས་པ་སྟེ། དེ་ཡང་

p. 414

བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་བོ། །ཞེས་དང་། རྒྱུད་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཉིད་དེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །ཞེས་དང་། རྒྱུད་གཞན་ལས་ཀྱང་། འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་འདི་རྫོགས་པའི་སངས་རྒྱས་ཉིད། །སངས་རྒྱས་གཞན་ནས་བཙལ་དུ་མེད། །ཅེས་དང་། སློབ་དཔོན་དགའ་རབ་རྡོ་རྗེས། སེམས་ཀྱི་རང་བཞིན་ཡེ་ནས་བུདྡྷ་སྟེ། །སེམས་ལ་སྐྱེ་འགག་མེད་པ་ནམ་མཁའ་འདྲ། །ཆོས་ཀུན་མཉམ་ཉིད་ཡང་དག་དོན་རྟོགས་ནས། །དེ་ཉིད་མ་བཙལ་བཞག་ན་བསྒོམ་པ་ཡིན། །ཞེས་དང་། ཨོ་རྒྱན་རིན་པོ་ཆེའི་ཞལ་ནས། རང་རིག་ཀུན་ཏུ་བཟང་པོ་སངས་རྒྱས་ཀྱི་དགོངས་པ་རྣལ་མ་སྐྱོན་མེད་འདི་ཁོ་ན་ཡིན། ཞེས་དང་། ལྷོ་བྲག་མར་པ་ལོ་ཙཱའི་ཞལ་ནས། སྤྱིར་སེམས་ཅན་ཐམས་ཅད་སངས་རྒྱས་ཡིན་པ་ལ་རང་གིས་རང་མ་རིག་པར་སྡུག་བསྔལ་གྱི་ངང་ལ་མཆི། །ཞེས་དང་། དོ་ཧ་ལས། མཁས་པ་ཐམས་ཅད་བསྟན་བཅོས་འཆད་པ་ཡིས། །ལུས་ལ་སངས་རྒྱས་ཡོད་པ་མ་

p. 415

རྟོགས་སོ། །གསུངས། རྗེ་བཙུན་མི་ལ་རས་པའི་ཞལ་ནས། འོ་སྐོལ་སེམས་ཅན་རྣམས་ཀྱི་སེམས་འོད་གསལ་སྟོང་པ། འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་འདི་ལ། ཀུན་གཞིའི་སངས་རྒྱས་ཞེས་ཀྱང་བྱ། བདེ་གཤེགས་སྙིང་པོ་ཞེས་ཀྱང་བྱ། འདི་རང་ངོ་རང་གིས་མ་ཤེས་མ་རིག་པ་ལ། གློ་བུར་གྱི་དྲི་མ་དང་། ཉོན་མོངས་པ་དང་སེམས་ཅན་དུ་མིང་བཏགས་ནས། འཁོར་བར་འཁྱམས་པ་ཡིན་ལ། སེམས་རང་ངོ་རང་གིས་ཤེས་ཤིང་རིག་པ་ལ། ཡེ་ཤེས་དང་། རྣམ་དག་དང་། སངས་རྒྱས་སུ་མིང་བཏགས་ནས་མྱང་འདས་སུ་སོང་བ་ཡིན་གསུངས། གྲུབ་ཆེན་ལས་ཀྱི་རྡོ་རྗེའི་ཞལ་ནས། སེམས་ཉིད་འདི་དང་པོ་རྒྱུས་མ་བསྐྱེད་པ། བར་དུ་རྐྱེན་གྱིས་མི་འཇིག །དུས་གློ་བུར་དུ་མ་བྱུང་། འཕེལ་འགྲིབ་དང་གང་སྟོངས་མེད་པ། སྣང་སྲིད་ཀུན་ལ་ཁྱབ་པས། ཕྱོགས་དང་རིས་སུ་མ་ཆད་པ། སེམས་ཉིད་ཡེ་ནས་དག་པ་འཁོར་བའི་སྐྱོན་གྱིས་མ་གོས་པ་སྟེ། སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་གསུངས། རྒྱལ་དབང་ཐམས་ཅད་མཁྱེན་པས། རྟོགས་ན་རིག་པའི་

p. 416

ངོ་བོ་ཀུན་ཏུ་བཟང་། །གསུངས། དེས་ན་འདི་འདྲའི་རྒྱལ་བའི་གསུངས། དེང་སང་གི་མཁས་པའི་མདུན་སར་སོང་ནས་སྙན་དུ་ཞུ་བར་མི་རིགས་ན། མཁས་པ་དེ་ཆོས་ཐམས་ཅད་ཀྱི་ཕ་རོལ་ཏུ་སོན་ངེས་པས་ད་སྣ་བརྡལ་ནས་ཕར་ནང་ཚོའི་གཡང་ས་རེར་ལྷུང་འགྲོ་བའི་དོགས་ཟོན་དགོས་ཏེ། བླ་མ་ཞང་རིན་པོ་ཆེས། མདུན་གྱི་ཁྱི་ལ་འཇིགས་འཇིགས་ནས་རྒྱབ་ཀྱི་གཡང་དུ་ལྷུང་གིས་དོགས། གསུངས་པ་ལྟར་དོན་མེད་ཚིག་གི་འགལ་འབྲེལ་བརྩིས་བརྩིས་ནས། དོན་དམ་ཆོས་ཀྱི་དགོངས་པ་མ་ལོན་པར་ཆོས་སྤོང་གི་ལས་ངན་པས་གོམ་འགྲོས་འཁྱོར་ནས། རང་དབང་མེད་པར་མར་འཇིགས་རུང་ངན་སོང་གི་གཡང་དུ་ལྷུང་ནས། ཕྱག་རྫོགས་བླུན་པོ་ཚོས་འཕྱ་སྨོད་བྱེད་པའི་གནས་སུ་འགྱུར་ཉེན་ཆེ་བས་དེ་ལྟར་མ་གྱུར་པ་ཞིག་གྱིས། ཡང་འགའ་རེས་ཕྱག་རྫོགས་ཞི་བྱེད་གཅོད་སོགས་ཀྱིས་དཔེར་ན་ནམ་མཁའི་འཇའ་ཚོན་ལྟར་ཆོས་ཐམས་ཅད་སེམས་ཉིད་སྟོང་པ་ལས་བྱུང་བས། སེམས་ཀྱི་རོལ་པའམ། ཆོས་འཕྲུལ་ཡིན་ཚོ་ཟེར། ངོ་སྤྲོད་འདེབས་པ་འདི་ཡང་། འེ་ཚོ་དགོད་རྒྱུ་འོང་བའི་རྒྱུ་ཞིག་རེད། ཆོས་ཐམས་ཅད་རང་

p. 417

སེམས་ཀྱི་སྣང་ཆ་ཡིན་ན། ཁྱོད་ཀྱི་ཚེ་འདིའི་སྣང་བ་ནུབ་ཚེ་གཞན་གྱི་སྣང་བ་ཐམས་ཅད་འགག་དགོས་པ་དང་། འཁོར་འདས་ཀྱི་བདེ་སྡུག་ཀུན་སེམས་ཀྱིས་མྱོང་དགོས། དེ་ཐམས་ཅད་མཁྱེན་ཡང་དགོས་ཏེ་སེམས་ཀྱི་ཆོ་འཕྲུལ་ཡིན་པའི་ཕྱིར་རོ་ཟེར་ན། འོ་ད་དཔེར་ན་ཕྱོགས་བཅུའི་ནམ་མཁའ་ལ་ཐ་དད་བཟང་ངན་མེད་པར་འདྲེས་ནས། དུས་གསུམ་འཕོ་འགྱུར་མེད་པར་ཁྱབ་གདལ་ཡེ་ནས་གནས་པ་དེ་ལ། རྒྱ་ཡུལ་གྱི་ནམ་མཁའ། བོད་ཡུལ་གྱི་ནམ་མཁའ་སོགས་མིང་སྣ་ཚོགས་འདོགས་པ་ལྟར། སངས་རྒྱས་ཀྱི་ཐུགས། འགྲོ་བའི་སེམས། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་ལ་ཐ་དད་བཟང་ངན་མེད་པར་དབྱེར་མེད་རོ་གཅིག་ཏུ་འདྲེས་ནས་དུས་གསུམ་འཕོ་འགྱུར་མེད་པར་ཁྱབ་གདལ་དུ་གནས་པ་དེ་ལ་སངས་རྒྱས་ཀྱི་ཐུགས་ཆོས་སྐུ། སེམས་ཅན་གྱི་སེམས་ཉིད་འོད་གསལ་སྟོང་པ་ཉིད། ཆོས་ཐམས་ཅད་ཀྱི་གནས་ལུགས་མཐའ་བྲལ་ཆོས་དབྱིངས་སོགས་གང་སྨྲས་ཀྱང་ཆོག་ལ། དཔེར་ན་ནམ་མཁའ་ནས་ཉི་ཟླ་གཟའ་སྐར་ལྔ་ལྡན་འཇའ་ཚོན། སྤྲིན་དཀར་གཞོན་ནུ་ལྡང་བ་དང་།

p. 418

སྨུག་ནག་ཆུ་འཛིན། གཡུ་འབྲུག་སྔོན་མོ། གློག་དམར་འཁྱུག་པ། ཆར་དང་སེར་དྲག་སོགས་གང་ཡིན་ཡང་ནམ་མཁའ་ལས་བྱུང་། བར་དུ་ནམ་མཁའ་ལ་གནས། མཐར་ཐིམ་ཡང་ནམ་མཁའ་ལ་ཐིམ་པ་ལྟར། ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་སྐྱེ་མེད་ཆོས་དབྱིངས་ཆེན་པོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་སྣང་ངོར་དག་པའི་སྣང་བ་སྐུ་དང་ཡེ་ཤེས་ཚད་མེད། མ་རིག་འཁྲུལ་པའི་སེམས་ཅན་ལ་མ་དག་པའི་སྣང་བ། སྣོད་བཅུད་སྣང་བ་དེ་ཀུན་དང་པོ་ཡང་ཆོས་ཀྱི་དབྱིངས་ལས་བྱུང་། བར་དུ་ཆོས་དབྱིངས་ངང་ལ་གནས། མཐར་ཐིམ་པ་ཡང་ཆོས་དབྱིངས་ངང་ལ་ཐིམ་པར་འགྱུར་བས། གནས་ལུགས་དོན་དམ་གྱི་ངོས་ནས་སྨྲས་ན། ཆོས་ཐམས་ཅད་སངས་རྒྱས་ཀྱི་ཐུགས། སེམས་ཅན་གྱི་སེམས། གང་གི་སྣང་བ་ཡིན་ཞེས་སྨྲས་ཀྱང་འགལ་བ་མེད་དེ། ཆོས་ཐམས་ཅད་ཆོས་དབྱིངས་ངང་ན་དབྱེར་མེད་རོ་གཅིག་ཏུ་གནས་པའི་ཕྱིར་རོ། །ཐམས་ཅད་རང་སྣང་ཡིན་ན། རང་གི་མཐོང་སྣང་འགག་ཚེ་གཞན་ངོར་ཡང་འགག་དགོས་པའི་ངེས་པ་མེད་དེ། སེམས་ཅན་གྱི་ལས་སྣང་མི་མཐུན་པས།

p. 419

ཆུ་གཅིག་པུ་ལ་ཡང་། མི་ཡི་སྣང་ངོར་ཆུ། དམྱལ་བས་མེ། ཡི་དྭགས་ལ་རྣག་ཁྲག །ལྷ་ལ་བདུད་རྩི། དུད་འགྲོ་འགའ་རེས་གནས་ཁང་སོགས་སྣང་བ་འཆར་ལ། མི་གཅིག་ལ། ལ་ལས་ཕ། ལ་ལས་ཕུ་བོ། ལ་ལས་ནུ་བོ། ལ་ལས་མིང་པོ། ལ་ལས་ཞང་པོ། ལ་ལས་གཉེན་དང་། ལ་ལས་དགྲ་སོགས་སུ་མཐོང་། དེ་དག་གི་གཅིག་གི་མཐོང་སྣང་འགག་ཚེ། གཞན་འགག་མི་དགོས་པ་དང་མཚུངས་སོ། །ལས་སྣང་མཐུན་ཡང་། དཔེར་ན་མི་མང་གིས་ཟླ་བ་བལྟས་པས་ཟླ་བ་གཉིས་སྣང་བ་དང་། མཁྲིས་ནད་ཅན་མང་པོས་དུང་ལ་བལྟས་ན་སེར་པོར་སྣང་བ། དེ་མི་གཅིག་གིས་མཐོང་སྣང་འགག་ཚེ། གཞན་འགག་མི་དགོས་པ་དང་འདྲའོ། དཔེར་ན་རྒྱལ་སྲས་ཤིག་རྒྱལ་སར་མ་བསྡད་བར་དུ། འཁོར་འབངས་ཀྱི་ལེགས་ཉེས་མི་ཤེས་ཀྱང་། རྒྱལ་སར་བཏོན་ནས་ཀུན་མཁྱེན་པ་ལྟར། སེམས་ཀྱི་གནས་ལུགས་རྟོགས་ནས་གཡོ་མེད་ཀྱི་བཙན་ས་མ་ཟིན་བར་དུ། འཁོར་འདས་ཀྱི་བདེ་སྡུག་མི་མཁྱེན་ཡང་། བཙན་ས་ཟིན་པའི་རྣལ་འབྱོར་པས། འཁོར་འདས་ཀྱི་ཆོས་ཐམས་ཅད་

p. 420

ལག་མཐིལ་དུ་སྐྱུ་རུ་ར་རློན་པ་བཞག་པ་ལྟར་ས་ལེར་མཁྱེན་པ་ཆོས་ཉིད་ཡིན། དེས་ན་ཀུན་མཁྱེན་ཞེས་བྱའོ། །སྣང་གྲག་གི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟར་རང་བཞིན་གྱིས་མ་གྲུབ་བཞིན་དུ་སེམས་ཉིད་སྟོང་པ་ཆོས་ཀྱི་དབྱིངས་ལས་བྱུང་ཞེས་རྒྱལ་བ་སྲས་བཅས་ཐམས་ཅད་ཀྱིས་གསུངས་ཏེ། འགྲོ་མགོན་འཕགས་མཆོག་སློབ་དཔོན་ཀླུ་སྒྲུབ་ཀྱི་ཞལ་ནས། འདིར་ནི་གང་ཡང་སྐྱེ་བ་མེད། །གང་ཡང་འགག་པ་ཡོད་མ་ཡིན། །སེམས་ཀྱི་རང་བཞིན་རྣམ་དག་པར། །ཆོས་རྣམས་ཉིད་ནི་ཤེས་པར་བྱ། །མི་ལ་སོགས་དང་ཡུལ་རྣམས་ཉིད། །ཡེ་ཤེས་ལྔ་པོ་འདི་དག་སྟེ། །ཕྱི་དང་ནང་དུ་རྣམ་ཕྱེ་བ། །ཐམས་ཅད་སེམས་ལས་གཞན་མ་ཡིན། །ཞེས་དང་། ཕྱི་ནང་ཐམས་ཅད་སེམས་ཉིད་དེ། །སྒྱུ་མ་ཙམ་དུ་གནས་པ་འོ། །སེམས་དེ་ཡང་ནི་འོད་གསལ་བའོ། །མྱ་ངན་འདས་བཅས་ཀུན་སྟོང་དང་། །ཆོས་སྐུར་ཡང་དག་བཤད་པ་ཡིན། །གསུངས། སློབ་དཔོན་ཞི་བ་ལྷའི་ཞལ་ནས། ལྕགས་བསྲེགས་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་

p. 421

གསུངས། །ཞེས་དང་། གཟུགས་ལ་སོགས་པ་ལྔ་དང་དེ་བཞིན་སྐྱེ་མཆེད་བཅུ་གཉིས་དང་། །བཅོ་བརྒྱད་ཅེས་བཤད་ཁམས་ནི་གང་ཡིན་དེ་རྣམས་དང་། །ཤེས་པ་ལྔ་དང་འགྲོ་བ་མ་ལུས་པ། །ཐམས་ཅད་རང་གི་སེམས་ཉིད་ཡིན་གྱི་གཞན་མ་ཡིན། །གང་ཡང་རི་བརྒྱད་དང་ནི་རྒྱ་མཚོ་བརྒྱད་རྣམས་དང་། །གླིང་ལ་སོགས་དང་དམྱལ་བ་ལ་སོགས་པར་དབྱེ་བ། །གང་ཡང་བརྟན་དང་གཡོ་བ་ཉིད་དུ་མཐོང་བ་གང་། །ཐམས་ཅད་སེམས་ཉིད་ཡིན་གྱི་གཞན་མ་ཡིན། །ཞེས་དང་། སློབ་དཔོན་ཟླ་བ་གྲགས་པའི་ཞལ་ནས། ཆོས་ཐམས་ཅད་སེམས་ལས་ཕྱི་རོལ་ན་མི་གནས་ཏེ། མིག་ཡོར་ཙམ་དུ་སྣང་བ་གང་ཡིན་པ་དེ་ཐམས་ཅད་ནི་རང་གི་སེམས་ཏེ། རང་གི་སེམས་ཉིད་ལས་གཞན་ན་ཅི་ཡང་མེད་དོ། །ཞེས་དང་། ཨོ་རྒྱན་ཆེན་པོས། སེམས་ཉིད་ནམ་མཁའ་ལྟ་བུ་ལ། བག་ཆགས་དང་ཉོན་མོངས་པ་སྤྲིན་དང་ཆར་རླུང་ལྟ་བུར་བྱུང་ཡང་སེམས་ཉིད་སྟོང་པ་ལས་བྱུང་། གནས་ཀྱང་སེམས་ཉིད་སྟོང་པའི་ངང་ལ་གནས། ཐིམ་ཡང་སེམས་ཉིད་སྟོང་པའི་ངང་ལ་ཐིམ། །ཞེས་དང་། རིག་པ་

p. 422

གཅེར་མཐོང་ལས། སེམས་ལས་མ་གཏོག་སྣང་བ་གང་ཡང་མེད། །སེམས་ཉིད་མ་འགག་སྣང་བ་གང་ཡང་འཆར། ཤར་ཡང་མཚོ་ཡི་ཆུ་དང་ཆུ་རླབས་བཞིན། །གཉིས་སུ་མེད་དེ་སེམས་ཉིད་ངང་དུ་གཅིག །ཅེས་དང་། གུར་ལས། རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཅེས་དང་། དགོངས་པ་འདུས་པ་ལས། ཆོས་ཐམས་ཅད་ནི་སེམས་ལ་གནས་སོ། །སེམས་ནི་ནམ་མཁའ་ལ་གནས་སོ། །ནམ་མཁའ་ནི་ཅི་ལ་ཡང་མི་གནས་སོ། །ཞེས་དང་། ཕལ་པོ་ཆེ་ལས། སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །ཞེས་དང་། གསང་བ་མཛོད་ཀྱི་རྒྱུད་ལས། །སེམས་ཉིད་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་གཞན་ཡང་། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་སོ། །མ་གསུངས་གསུང་བར་མི་འགྱུར་རོ། །ཞེས་དང་། གསང་སྙིང་ལས། གཞི་རྩ་མེད་པའི་སེམས་ཉིད་ནི། །འཁོར་འདས་ཀུན་གྱི་རྩ་བ་ཡིན། །ཞེས་དང་། ཕ་དམ་པས། འཁོར་

p. 423

འདས་རྩ་བ་རང་གི་སེམས་ལ་ཐུག །སེམས་ལ་དངོས་པོ་མེད་དོ་དིང་རི་བ། །ཞེས་དང་། རྒྱུད་ལས། ཡུལ་དང་དབང་པོའི་རང་བཞིན་ནི། །སེམས་ལས་ཕྱི་རོལ་འགྱུར་མེད་ཀྱང་། །གཟུགས་སོགས་སོ་སོར་སྣང་བ་རྣམས། །སེམས་ཉིད་ཁོ་ན་སྣང་བ་ཡིན། །ཞེས་དང་། ཡང་དགོན་པས། སྣང་ཚད་རིག་པའི་རང་སྣང་ཡིན། །གྲག་ཚད་སྐྱེ་མེད་རང་སྒྲ་ཡིན། །དྲན་ཚད་གནས་ལུགས་རང་ངོ་ཡིན། །རང་རིག་རྟོགས་ན་སངས་རྒྱས་ཡིན། །ཞེས་དང་། ཤྭ་ར་བས། རང་གི་སེམས་ཉིད་རྟོགས་ན་ཕྱག་རྒྱ་ཆེན་པོ་སྟེ། །ཇི་ལྟར་སྣང་བ་འདི་ཡང་སེམས་ལས་ལོགས་ན་མེད། །ཅེས་དང་། རི་ཁྲོད་ཞབས་ཀྱིས། གངྒཱ་ལ་སོགས་ཆུ་ཀླུང་སྣ་ཚོགས་པ། །བ་ཚྭ་ཅན་གྱི་རྒྱ་མཚོར་རོ་གཅིག་ལྟར། །བཏགས་པའི་སེམས་དང་སེམས་བྱུང་སྣ་ཚོགས་ཀུན། །ཆོས་ཀྱི་དབྱིངས་སུ་རོ་གཅིག་ཤེས་པར་གྱིས། །ཞེས་དང་། གསང་བའི་རྒྱུད་ལས། སེམས་ཅན་ཀུན་གྱི་མ་ལུས་ནོར། །ཆོས་རྣམས་རང་གི་སེམས་སུ་འདུས། །ཞེས་དང་། རྡོ་རྗེ་གུར་གྱི་རྒྱུད་ལས། སེམས་ཀྱི་རྡོ་རྗེ་ལས་བྱུང་བའི། །སེམས་

p. 424

ཅན་སྣ་ཚོགས་རང་བཞིན་ཅན། །ཞེས་དང་། དོན་དམ་རིག་པའི་གླུ་ལས། སེམས་ཉིད་གཅིག་པུ་ཀུན་གྱི་ས་བོན་ཏེ། །གང་ལ་སྲིད་དང་མྱ་ངན་འདས་འཕྲོ་བ། །འདོད་པའི་འབྲས་བུ་སྟེར་བར་བྱེད་པ་ཡི། །ཡིད་བཞིན་ནོར་འདྲའི་སེམས་ལ་ཕྱག་འཚལ་ལོ། །ཞེས་དང་། རྗེ་མི་ལའི་ཞལ་ནས། སྣང་བ་སེམས་ཉིད་ཡིན་པ་ཆ་མེད་དམ། །རང་སེམས་སངས་རྒྱས་ཡིན་པ་ཆ་མེད་དམ། །སངས་རྒྱས་ཆོས་སྐུ་ཡིན་པ་ཆ་མེད་དམ། །ཆོས་སྐུ་ཆོས་ཉིད་ཡིན་པ་ཆ་མེད་དམ། །རྟོགས་ན་ཅིར་སྣང་སེམས་སུ་འདུས། །སེམས་ལ་ཉིན་དང་མཚན་དུ་ལྟོས། །སེམས་ལ་བལྟས་པས་མཐོང་བ་མེད། །མཐོང་བ་མེད་པའི་ངང་ལ་ཞོག །ང་ཉིད་ཕྱག་རྒྱ་ཆེན་པོ་ལ། །རང་བཞིན་ལྷག་པ་བསམ་དུ་མེད། །ཤེས་པ་མི་གཟུང་ངང་ལ་བཞག །མཉམ་བཞག་རྗེས་ཐོབ་དབྱེར་མེད་པས། །བསྒོམ་པའི་རིམ་པ་བདག་ལ་མེད། །ཇི་ལྟར་སྣང་ཡང་ངོ་བོས་སྟོང་། །དྲན་པས་གཟུང་དང་མ་བཟུང་མེད། །མ་སྐྱེས་པ་ཡི་རོ་མྱོང་བས། །དེ་བཞིན་སྒོམ་པ་རྟོགས་པ་ཡིས། །ལས་ཀྱི་ཕྱག་རྒྱ་བསྒོམ་པ་དང་། །རྩ་རླུང་ཐིག་ལེ་བསྒོམ་པ་དང་། །སྔགས་

p. 425

བཟླས་པ་དང་ལྷ་བསྒོམ་དང་། །ཚངས་པའི་གནས་བཞི་བསྒོམ་པ་སོགས། །ཐེག་པ་ཆེན་པོར་འཇུག་ཐབས་ཙམ། །དེ་རྣམས་ཆེད་དུ་བསྒོམས་པས་ཀྱང་། །ཆགས་སྡང་རྩ་བ་མི་སྤོང་གིས། །སྣང་བ་རང་གི་སེམས་ཉིད་ལགས། །སེམས་ཉིད་སྟོང་པར་ཤེས་པར་གྱིས། །རྟོགས་པ་ཉམས་དང་མ་བྲལ་ན། །ཚུལ་ཁྲིམས་མཆོད་སོགས་དགེ་བའི་ཚོགས། །ཐམས་ཅད་མ་ལུས་དེ་ལ་ཚང་། །གསུངས། ཡང་དབུ་མ་བ་སོགས་གྲུབ་མཐའ་གཞན་འཛིན་པ་འགའ་རེས། དཔེར་ན་གླང་བུ་བོར་བའི་རྗེས་དེད་ནས་རྩར་གཅོད་དྲག་པོ་བྱས་ན་རྙེད་པ་ལྟར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྟོབས་ཀྱིས་ལྟ་བ་མངོན་དུ་འགྱུར་གྱིས། དཔེར་ན་གླང་བུ་སྟོར་བས་ཕྱིར་མ་འགྲོ་བར་ཁ་རོག་པ་སྡོད་དང་རྙེད་འོད་ཟེར་བ་ལྟར། དེང་སང་ཕྱག་རྫོགས་སོགས་ཀྱིས་གང་ཡང་མི་རྟོག་པར་བཞག་པ་ལས་ལྟ་བ་མངོན་དུ་འགྱུར་བ་ཕར་ཞོག་ཕྱོགས་ཙམ་ཡང་རྟོགས་དཀའ། ཞེས་འདི་ལྟར་ལུང་འདྲེན་བྱེད་དེ་དེ་ཡང་། ཇི་སྐད་དུ། ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་ཆོས་ལ་བདག་མེད་སོ་སོར་བརྟག །སོ་སོར་དེ་

p. 426

བརྟགས་གལ་ཏེ་སྒོམ་བྱེད་ན། །དེ་ནི་མྱ་ངན་འདས་འཐོབ་འབྲས་བུའི་རྒྱུ། །ཞེས་དང་། སྒོམ་རིམ་བར་པ་ལས། ཤེས་རབ་ཀྱིས་དངོས་པོ་མཐའ་དག་གི་ངོ་བོ་ཉིད་སོ་སོར་བརྟགས་ནས་གང་གི་ཕྱིར་མི་དམིགས་པ་བསམ་གཏན་བྱེད་པ། དེའི་ཕྱིར་ཤེས་རབ་མཆོག་གི་བསམ་གཏན་པ་ཞེས་བྱ་སྟེ། ཞེས་དང་། བློ་སྦྱོང་བློ་བཟང་དགོངས་རྒྱན་ལས། ལྟ་བ་བསྒོམ་པའི་ཚེ་སེམས་རྩེ་གཅིག་པ་གཅིག་པུས་མི་ཆོག་པར། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་ཤིན་ཏུ་གལ་ཆེ། ཞེས་དང་། པོ་ཏོ་བའི་ཞལ་ནས། ཁ་ཅིག་ཐོས་བསམ་དུས་ན་རིག་པས། །རང་བཞིན་མེད་པ་གཏན་ལ་ཕབ་ལ། །བསྒོམ་དུས་མི་རྟོག་འབའ་ཞིག་བསྒོམ་ཟེར། །དེ་ལྟར་ན་ནི་འབྲེལ་མེད་སྟོང་ཉིད། །ལོགས་སུ་བསྒོམ་ཕྱིར་གཉེན་པོར་མི་འགྱུར། །དེ་ལྟ་བས་ན་བསྒོམ་དུས་ཉིད་ནའང་། །གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང་། །ཅུང་ཟད་མི་རྟོག་ཉིད་དུ་གནས་བྱ། །དེ་ལྟར་བསྒོམས་ན་ཉོན་མོངས་གཉེན་པོར། །ལྷ་གཅིག་རྗེས་སུ་འབྲང་བར་འདོད་ཅིང་། །ཕ་རོལ་ཕྱིན་ལུགས་སྤྱོད་པར་འདོད་པས། །ཤེས་

p. 427

རབ་སྒོམ་པའི་ལུགས་ནི་འདི་ཡིན། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། ཡུལ་གང་ཤར་གཞན་ལ་མ་ལྟོས་པར། །ཚུར་ལམ་ལམ་འཆར་འདི་དགག་བྱ་དངོས། །དེ་ལྟར་དུ་མེད་པ་སྟོང་པ་ཉིད། །བློས་དེ་ལྟར་འཛིན་ལ་ལྟ་བ་ཟེར། །སྤྱིར་སྣང་སྟོང་གཉིས་ལ་འདོར་ལེན་མེད། །གང་སྣང་ཙམ་ཉིད་ནས་སྟོང་པར་བལྟ། །བློ་སྟོང་པའི་ངང་ནས་སྣང་བ་ཤར། །མི་དེ་ཡི་འདུན་མ་གཏན་དུ་ལེགས། །ལར་སྣང་བས་སྟོང་པ་མི་དགག་ཅིང་། །ཡུལ་སྟོང་པའི་ངང་ལ་སྣང་བ་བཀྲ། །གང་ཤར་ཀྱང་བདེན་པར་མི་ཞེན་པར། །མཚོ་དྭངས་པར་ཤར་བའི་ཟླ་གཟུགས་ལྟར། །དོན་བདེན་གཉིས་སྣང་སྟོང་རྣལ་འབྱོར་ལ། །དུས་ཉིན་བཞིན་ལྟད་མོ་བལྟ་བ་ལ། །བློ་འགྱུར་བ་མེད་པའི་རྣལ་འབྱོར་བདེ། །ཞེས་དང་། རྒྱུའི་ཐེག་ཆེན་ལས། ཅི་ནས་ཏིང་འཛིན་བརྩོན་པ་ནི། །སྐད་ཅིག་གཅིག་ཀྱང་མི་འཆོར་བར། །བདག་གི་ཡིད་ནི་གར་དཔྱོད་ཅེས། །དེ་ལྟར་ཡིད་ལ་སོ་སོར་བརྟག །ཅེས་དང་། སློབ་དཔོན་ཞི་བ་ལྷས། །ཉོན་མོངས་ཤེས་བྱའི་སྒྲིབ་པ་ཡི། །མུན་པའི་གཉེན་པོར་སྟོང་པ་ཉིད། །མྱུར་དུ་

p. 428

ཐམས་ཅད་མཁྱེན་འདོད་པས། །དེ་ནི་ཅིའི་ཕྱིར་སྒོམ་མི་བྱེད། །ཅེས་དང་། ཐམས་ཅད་གསང་བའི་རྒྱུད་ལས། རང་སེམས་རྫོགས་པའི་སངས་རྒྱས་ཉིད། །སེམས་ཉིད་ལ་ནི་རྟོག་པར་བྱ། །ཞེས་དང་། རྒྱལ་བ་བསྐལ་བཟང་རྒྱ་མཚོས། །ཆོས་ཅན་གྱི་སྣང་ཚུལ་མཐའ་ཡས་འདི། །བློ་འཁྲུལ་བས་བཞག་པའི་བསླུ་བ་ཅན། །དོན་སྡོད་ལུགས་སྙིང་པོ་བཙལ་བ་ན། །དམིགས་གཏད་སོ་བྲལ་བའི་སྟོང་པར་འཆར། །ཡུལ་གང་ཤར་རང་ཚུགས་ཞིག་པ་ན། །མིང་རྐྱང་པ་ཙམ་ཞིག་ཤུལ་དུ་ལུས། །དོན་འདི་ལ་གཞན་དོན་རྟེན་འབྲེལ་ཞེས། །ཆོས་ཀུན་གྱི་འཇོག་ས་དེ་ག་ཙམ། །དཔལ་འཕགས་པ་ཡབ་སྲས་བཞེད་པའི་སྲོལ། ཕ་བློ་བཟང་གྲགས་པས་གཏན་ལ་ཕབ། །མཐའ་བྲལ་གྱི་ལྟ་བ་ངོ་མཚར་ཅན། །ཞེས་དང་། མི་གཡོ་བའི་རྟོག་པ་ལས། དངོས་པོ་ཐམས་ཅད་མདོར་བསྡུས་པས། །རང་བཞིན་མེད་ཉིད་བསམ་པ་ལས། །བྱང་ཆུབ་སེམས་ནི་ངེས་པར་འཐོབ། །གཞན་དུ་འབའ་ཞིག་འགྱུར་བ་མིན། །ཞེས་དང་། འཕགས་པ་ལྷས། ཡུལ་ལ་བདག་མེད་མཐོང་ནས་ནི། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་།

p. 429

བྱང་ཆུབ་སེམས་འགྲེལ་ལས། །གང་དག་སྟོང་ཉིད་མི་ཤེས་པ། །དེ་དག་ཐར་པ་བརྟེན་མ་ཡིན། །འགྲོ་དྲུག་སྲིད་པའི་བཙོན་རར་ནི། །རྨོངས་པ་དེ་དག་འཁོར་བར་འགྱུར། །ཞེས་དང་། ཁ་སྦྱོར་ལས། དེ་ནས་བསམ་གཏན་གནས་འདུག་ནས། །ཆོས་རྣམས་ཐམས་ཅད་བདག་མེད་པ། །ཡང་དག་རྗེས་སུ་བལྟ་བར་བྱ། །ཞེས་དང་། དེའི་རྒྱུད་ཕྱི་མ་ལས། འདིར་སྟོང་པ་ཉིད་གང་ཞེ་ན། ཆོས་དང་གང་ཟག་གི་དངོས་པོ་མེད་པ་སྟོང་པ་ཉིད་དོ། །ཞེས་དང་། རྡོ་རྗེ་སྙིང་པོ་རྒྱན་གྱི་རྒྱུད་ལས། རྣལ་འབྱོར་གཅིག་ཅིག་ཤེས་བྱས་ནས། །བདེན་པ་སོང་དེ་རབ་འབད་ན། །སྡིག་དག་ཚེ་འདིར་སངས་རྒྱས་འགྲུབ། །ཆོས་བདག་མེད་པ་རབ་བསྒོམས་པས། །ཐམས་ཅད་མཁྱེན་པ་ཁོང་དུ་ཆུད། །ཅེས་དང་། སེམས་ཀྱིས་རྡུལ་ཕྲན་ཆ་དྲུག་རྣམས། །ཕྱོགས་བཅུ་དག་ཏུ་ཕྱེ་ནས་སུ། །ཆོས་ཀྱི་དོན་རྣམས་དེས་གསལ་ནས། །ཤིན་ཏུ་དྲི་མེད་སེམས་དག་པ། །འདས་དང་མ་འོངས་པ་ཡི་སེམས། །ད་ལྟར་ཡང་ནི་དམིགས་སུ་མེད། །གཉིས་མེད་དེ་ལ་གཉིས་མེད་མེད། །ནམ་མཁའ་ཞེས་པའང་

p. 430

གནས་པ་མེད། དེ་ལྟར་ཀུན་ཏུ་བརྟགས་ནས་སུ། །འགྲོ་བ་ཐམས་ཅད་ཤིན་ཏུ་སྟོང་། །དྲི་མེད་རྣལ་འབྱོར་ཉིད་ཀྱི་ཡིན། །དངོས་པོ་མེད་པར་རང་སེམས་བསམ། །ཞེས་དང་། གྲུབ་ཐོབ་དཔལ་འཛིན་གྱིས། །དངོས་པོ་ཐམས་ཅད་བདེན་པ་མིན། །ཐོག་མ་བར་དང་མཐའ་སྤངས་པ། །འདི་ལྟར་དཔྱད་ན་འཁོར་ལོ་ལ། །དམ་པ་ཡང་དག་རྟོགས་པ་སྤངས། །ཕུང་པོ་ཁམས་ནི་བདག་མེད་པ། །བསྒོམ་བྱ་བདེ་བ་དམན་པའི་གཟུགས། །ཞེས་དང་། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། དེ་ཡང་དག་པར་སྦྱོར་བ་དེ་བརྟེན་པའི་རྗེས་སུ་འགྲོའོ། །བསྒོམ་པའི་རྗེས་སུ་འགྲོའོ། །མང་དུ་བྱས་པའི་རྗེས་སུ་འགྲོའོ། །ཡང་དག་པའི་ཡིད་ལ་བྱེད་པའི་རྗེས་སུ་འགྲོ་བས་ན། མངོན་པར་འདུ་བྱེད་པ་མེད་ཅིང་ལྷུན་གྱིས་གྲུབ་པའི་རྣམ་པར་མི་རྟོག་པའི་དབྱིངས་ལ་རེག་སྟེ། ཞེས་དང་། ཚད་མ་རྣམ་པར་ངེས་པ་ལས། བསམ་པའི་རང་བཞིན་ཅན་གྱི་ཤེས་རབ་ལ་གོམས་པར་བྱས་ན། དོན་དམ་པ་ཡེ་ཤེས་འཁྲུལ་བས་དབེན་པ། དྲི་མ་མེད་པ། འཇིགས་པ་མེད་པར་མངོན་དུ་བྱེད་པར་འགྱུར་རོ། །ཞེས་དང་། བརྟག་

p. 431

གཉིས་ལས། རྣམ་རྟོག་ལས་ནི་རྣམ་རྟོག་དག །སྲིད་པ་ཉིད་ཀྱིས་སྲིད་པ་དག །ཅེས་དང་། ཡང་མན་སྙེ་ལས། གང་ཤེས་རབ་ཀྱི་མིག་གིས་ངེས་པར་དཔྱད་པ་ལས། ཡང་དག་པའི་ཡེ་ཤེས་ཀྱི་སྣང་བ་བསྐྱེད་པ་ན། ཆོས་ཐམས་ཅད་མ་མཐོང་བའོ། །དེའི་ཕྱིར་དེ་ཁོ་ན་ཉིད་ཀྱི་རྣལ་འབྱོར་བ་སྤྱོད་ལམ་ཐམས་ཅད་ལ་གནས་པ་རྣམས་ཀྱིས་ཆོས་རྣམས་ཐམས་ཅད་མཐོང་བ་མེད་པའོ། འདི་འདྲ་བ་ཁོ་ན་མཐོང་བ་མེད་པར་མངོན་པར་དགོངས་ཀྱི། གཉིད་ལོག་པ་དང་མིག་བཙུམས་པ་དག་གིས་བཞིན་དུ། གང་ཡིད་ལ་མིད་བྱེད་པས་ནི་མ་ཡིན་ནོ། །ཞེས་དང་། སྔགས་རིམ་ཆེན་མོ་ལས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྤྲོས་པའི་ཆོས་ཅི་ཡང་མ་རྙེད་པའི་དོན་ལ་འཇོག་དགོས་ཀྱི་ཡིད་བྱེད་བསྡུས་པའི་མི་རྟོག་པ་ཙམ་དེ་ཁོ་ན་ཉིད་བསྒོམ་པ་མིན། ཞེས་དང་། དཀོན་མཆོག་བརྩེགས་པ་ལས། བློན་པོས་ཟིན་པའི་རྒྱལ་པོ་རྣམས་ཀྱིས་དགོས་པ་ཐམས་ཅད་བྱེད་པ་དེ་བཞིན་དུ། བྱང་ཆུབ་སེམས་དཔའ་ཤེས་རབ་དང་ཐབས་མཁས་པས་ཟིན་པས། སངས་རྒྱས་ཀྱི་མཛད་པ་ཐམས་ཅད་བྱེད་དོ། །

p. 432

གསུངས། ཚངས་པས་ཞུས་པ་ལས། ཚུལ་བཞིན་དུ་ཆོས་ལ་སོ་སོར་རྟོག་པ་དེ་དག་ནི་བློ་གྲོས་དང་ལྡན་པ་ཡིན་ནོ། །ཞེས་དང་། དཀོན་མཆོག་སྤྲིན་ལས། ལྷག་མཐོང་གིས་བརྟགས་ནས་ངོ་བོ་ཉིད་མེད་པར་རྟོགས་པ་ནི་མཚན་མ་མེད་པ་ལ་འཇུག་གོ །ཞེས་དང་། སྡུད་པ་ལས། ཆོས་རྣམས་རང་བཞིན་མེད་པར་ཡོངས་སུ་ཤེས་གྱུར་པ། །འདི་ནི་ཤེས་རབ་ཕ་རོལ་ཕྱིན་མཆོག་སྤྱོད་པ་ཡིན། ཞེས་དང་། གང་ཚེ་འདུས་བྱས་འདུས་མ་བྱས་དང་དཀར་ནག་ཆོས། །ཤེས་རབ་ཀྱིས་ནི་བཤིག་ནས་རྡུལ་ཙམ་མི་དམིགས་ཚེ། །འཇིག་རྟེན་དག་ན་ཤེས་རབ་ཕ་རོལ་ཕྱིན་གྲངས་འགྲོ། །ཞེས་དང་། ཆོས་དབྱིངས་བསྟོད་པ་ལས། མཆོག་ཏུ་སེམས་ནི་སྤྱོད་བྱེད་པ། །ཆོས་ནི་རང་བཞིན་མེད་པ་ཡིན། །ཞེས་དང་། བདག་དང་བདག་གི་ཞེས་འཛིན་པས། །ཇི་སྲིད་ཕྱི་རོལ་རྣམས་བཏགས་ལ། །བདག་མེད་རྣམ་པ་གཉིས་མཐོང་ན། །སྲིད་པའི་ས་བོན་འགག་པར་འགྱུར། །ཞེས་དང་། འཇུག་པ་ལས། དེའི་ཕྱིར་བདག་དང་བདག་གིར་སྟོང་ལྟ་བའི། །རྣལ་འབྱོར་པ་དེ་རྣམ་པར་གྲོལ་བར་འགྱུར། །ཞེས་དང་། དཀོན་མཆོག་

p. 433

བརྩེགས་པ་ལས། སེམས་ཡོངས་སུ་འཚོལ་ཏེ། ཅི་འདས་པའམ། མ་འོངས་པའམ། ད་ལྟ་བྱུང་བ་ཞིག་གམ། དེ་ལས་འདས་པའི་སེམས་གང་ཡིན་ནི་ཟད་པའོ། མ་འོངས་པ་གང་ཡིན་པ་དེ་ནི་མ་སྐྱེས་པའོ། །ད་ལྟར་བྱུང་བ་ནི་གནས་པ་མེད་དོ། །ཅེས་དང་། ཀྱེ་རྡོར་ལས། ཡིད་ནི་བསམ་གཏན་གཡོ་འམ་ཅི། །རང་གི་སེམས་ལ་སོ་སོར་བརྟག །ཅེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་རྒྱུད་ལས། རྟག་ཆད་སྐྱེ་འགག་ལ་སོགས་པ། །མཐའ་སྤངས་སེམས་ནི་རང་རིག་བྱེད། །གདོད་ནས་སྤྲོས་པ་མེད་པ་ཉིད། །དེ་དོན་བསམ་མི་ཁྱབ་པར་ངེས། །ཞེས་དང་། སློབ་དཔོན་མདའ་སྣུན་གྱིས། དེ་ལྟར་བདག་ཉིད་ངེས་པར་མ་འཁྲུལ་བར། །རང་གིས་རང་ལ་ངེས་པར་ཤེས་པར་བྱ། །རྡུལ་མེད་རྡུལ་བྲལ་མ་ཡིན་སེམས་ཀྱང་མེད། །མདའ་བསྣུན་གྱིས་སྨྲས་དེ་ཙམ་ཞིག་ཏུ་ཟད། ཅེས་དང་། ལང་ཀར་གཤེགས་པ་ལས། སེམས་ཙམ་ལ་ནི་རབ་བརྟེན་ནས། །ཕྱི་རོལ་དོན་ལ་མི་བརྟག་གོ །དེ་བཞིན་ཉིད་ཀྱི་དམིགས་གནས་ནས། །སེམས་ཙམ་ལས་ཀྱང་འདའ་བར་བྱ། །

p. 434

སེམས་ཙམ་ལས་ནི་འདས་ནས་སུ། །སྣང་བ་མེད་ལས་འདའ་བར་བྱ། །སྣང་མེད་གནས་པའི་རྣལ་འབྱོར་པ། །དེ་ཡིས་ཐེག་པ་ཆེན་པོ་མཐོང་། །ཞེས་དང་། ལུང་གཞན་ལས། སྒྱུ་མ་ལྟ་བུའི་ཆོས་རྣམས་ལ། །སྒྱུ་མ་ལྟ་བུར་བསྒོམ་བྱས་ན། །སྒྱུ་མ་ལྟ་བུར་འཚང་རྒྱ་འོ། །ནམ་མཁའ་ལྟ་བུའི་ཆོས་རྣམས་ལ། །ནམ་མཁའ་ལྟ་བུར་བསྒོམ་བྱས་ན། །ནམ་མཁའ་ལྟ་བུར་འཚང་རྒྱ་འོ། །ཞེས་དང་། འོད་སྲུངས་ཀྱི་ལེའུ་ལས། འོད་སྲུངས་དབུ་མའི་ལམ། ཆོས་རྣམས་ལ་ཡང་སོ་སོར་རྟོག་པ་གང་ཞེ་ན། འོད་སྲུངས་གང་ལ་བདག་མེད་སོ་སོར་རྟོག་པ་དང་། སེམས་ཅན་མེད་པ་དང་། སྲོག་མེད་པ་དང་། གསོ་བ་མེད་པ་དང་། སྐྱེས་བུ་མེད་པ་དང་། གང་ཟག་མེད་པ་དང་། ཤེད་ལས་སྐྱེ་བ་མེད་པ་དང་། ཤེད་བུ་མེད་པར་སོ་སོར་རྟོག་པ་སྟེ། འོད་སྲུངས་འདི་ནི་དབུ་མའི་ལམ་ཆོས་རྣམས་ལ་ཡང་དག་པར་སོ་སོར་རྟོག་པ་ཞེས་བྱའོ། །ཞེས་དང་། རྗེ་བཙུན་འཇམ་དབྱངས་ཀྱིས་རྗེ་རིན་པོ་ཆེ་ལ་དངོས་སུ་གསུངས་པའི་ཟིན་བྲིས་ལས། ད་ལྟའི་གདམས་ངག་པ་རྣམས་འདོད་པ་ལྟར། སེམས་ཅི་ཡང་མི་རྟོག་པར་བཞག་ནས།

p. 435

དེ་ནས་ལྟ་བའི་གནས་ལུགས་ཅིར་ཡང་ཐ་སྙད་གདགས་ས་མེད་པར་གཏན་ལ་ཕབ་པ་གཉིས་གཅིག་ཏུ་བསྲེས་ནས་སྐྱོང་ལུགས་ཅི་ཡང་ཡིད་ལ་མི་བྱེད་པ་འདིས་སེམས་གནས་ཙམ་མ་གཏོགས་ལྷག་མཐོང་ལ་མྱོང་བ་ཐོན་པ་མི་སྲིད། གསུངས། མཚན་ཉིད་ཐེག་པ་ནས་གསུངས་པའི་དཔྱད་སྒོམ་མ་བྱས་ན་ལྟ་བ་མྱོང་བ་མི་ཐོན་པས་དཔྱད་སྒོམ་བྱ་དགོས། ཞེས་དང་། ལམ་རིམ་ཆེན་མོ་ལས། བདག་གཉིས་སུ་ཚད་མར་གཟུང་བའི་བློས་ཇི་ལྟར་བཟུང་བ། དེ་འདྲ་བ་ཞིག་ཡིན་པ། དེ་ལེགས་པར་དཔྱད་ནས། རྣམ་པར་དག་པའི་ལུང་རིགས་ཀྱིས་ཁོས་བཟུང་བ་ལྟར་མེད་པ་ལ་ངེས་པ་དྲངས་པའི་སྒོ་ན། འཁྲུལ་པའི་རྫུན་ཕུག་རྡིབ་པ་ཞིག་དགོས་ཀྱི། དེ་འདྲ་བའི་ངེས་པ་ཅི་ཡང་མ་རྙེད་པར་སེམས་བཟུང་བ་ཙམ་ནི། དེའི་ཚེ་བདག་གཉིས་ཀྱི་ཡུལ་ལ་མི་འཕྲོ་བ་ཡིན་དུ་ཆུག་ཀྱང་དེ་ཙམ་གྱིས་བདག་མེད་པའི་དོན་རྟོགས་པ་མ་ཡིན་ཏེ། དེ་ལྟར་ཡིན་ན་གཉིད་འཐུག་པོ་ལོག་པ་དང་། བརྒྱལ་བ་ལ་སོགས་པའི་ཚེ་ཡང་། དེ་དག་ལ་སེམས་འཕྲོ་བ་མེད་པས། དེ་དག་གིས་ཀྱང་བདག་མེད་རྟོགས་པར་ཧ་ཅང་ཐལ་

p. 436

བར་འགྱུར་རོ། །ཞེས་དང་། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། ད་ལྟའི་དུས་ན་ནི། གནས་ལུགས་ཀྱི་དོན་ཅི་ཡང་མེད་པའི་དོན་དུ་བཟུང་ནས། སྣང་བ་ཐམས་ཅད་འཁྲུལ་ངོ་འབའ་ཞིག་ཏུ་འཇོག་ཅིང་། དོན་ལ་ཤེས་བྱ་གང་ཡང་མེད་པར་ངོ་སྤྲོད་པར་བྱེད་པ་ཆེས་མང་ཞིང་། ཡང་འགའ་ཞིག་ནི། གནས་ལུགས་ཀྱི་དོན་རྣམ་རྟོག་བཀག་ནས་ཅི་ཡང་ཡིད་ལ་མི་བྱ་བའི་དོན་དུ་ངོ་སྤྲོད་པར་བྱེད། དེ་ལྟར་ངོ་སྤྲད་པ་ན། གྲོང་གི་ནང་དུ་ཚེ་ཡོལ་བར་བྱས་པའི་རྒན་པོ་གང་ཡང་མ་བསླབས་པ་དག་ལའང་། སྐད་ཅིག་ལ་སེམས་ངོ་འཕྲོད་པ་དང་། གནས་ལུགས་ངོ་བོ་འཕྲོད་པ་དང་། ཆོས་སྐུའི་ཞལ་མཐོང་ཟེར་བས་ས་སྟེང་ཁྱབ་སྟེ། རྒྱལ་བའི་བསྟན་པ་རིན་པོ་ཆེ་སྙིགས་མ་ལས་ཀྱང་ཆེས་སྙིགས་མར་གྱུར་པའི་དུས་སུ་སྣང་བས། སྙིང་ནས་བསྟན་པ་ལ་གཅེས་པར་འཛིན་པའི་དམ་པ་རྣམས་ཀྱིས་ནི། རྒྱལ་བའི་བསྟན་པའི་སྙིང་པོ་སྟོང་པ་རྟེན་འབྱུང་གི་དོན་དུ་འཆར་བའི་ཚུལ། རྒྱལ་བ་ཚང་གི་དགོངས་པ་ཇི་བཞིན་དུ་འགྲེལ་བ་ལ་ཚད་མར་གྱུར་པ་ཀླུ་སྒྲུབ་ཡབ་སྲས་ཀྱི་ལུགས་བཟང་འདི་ཉིད་མི་ནུབ་པའི་ཕྱིར་བརྩོན་པར་རིགས་སོ། །

p. 437

ཞེས་ལུང་བརྒྱ་སྟོང་འདྲེན་པ་འདི་དང་། ཡང་ཕྱག་རྫོགས་སོགས་གྲུབ་མཐའ་གཞན་འཛིན་པ་འགའ་རེས། དཔེར་ན་ཆུ་མགོ་ཞིག་དྭངས་པ་ལ་མི་གཙང་བ་གང་ཡོད་བསལ་ནས། མ་རྙོག་པར་བཞག་ན་རིམ་པས་དྭངས་ནས་གཟུགས་བརྙན་འཆར་བ་ལྟར། མཚན་ལྡན་བླ་མའི་མན་ངག་ལ་བརྟེན་ནས་གནས་ལུགས་སྟོང་གསལ་གྱི་ངང་ལ་མ་བཅོས་པར་བཞག་པས་ལྟ་བ་མངོན་དུ་འགྱུར་གྱི། དེང་སང་གི་དབུ་མ་པ་སོགས་ཀྱིས་དུས་རྒྱུན་དུ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་བྱེད་པ་ཆུ་དྭངས་བར་འདོད་པས་རྙོག་པ་དང་འདྲ་བས། བསྐལ་བར་འབད་ཀྱང་ཕྱོགས་སྒོ་ཙམ་ཡང་མཐོང་དཀའ་ཞེས། རྒྱབ་སྐྱོར་གྱི་ལུང་འདི་ལྟར་འདྲེན་སྟེ། རྫོགས་པ་ཆེན་པོ་ཚིག་གསུམ་པའི་རྒྱུད་ལས། ཀྱེ་གསང་བའི་བདག་པོ་རང་གི་རིག་པ་འགག་པ་མེད་པར་ཝ་ལེར་གསལ་བ་འདི་སངས་རྒྱས་ཡིན་ནོ། །རང་གི་རིག་པ་འགག་པ་མེད་པ་འདི་དང་འབྲལ་བ་མེད་པས་སངས་རྒྱས་ཆོས་སྐུ་བསྒོམ་དུ་མེད་དོ། །རང་གི་རིག་པ་ཝ་ལེ་བ་འདི་སངས་རྒྱས་ཡིན་པར། རང་གི་ངོ་ཤེས་པས་ཆོག་གོ །གསུངས། ཨོ་རྒྱན་

p. 438

རིན་པོ་ཆེས། རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས་པའི་བར་དེ་ན་གསལ་སྟོང་རྗེན་པ་འདི་ཡིན་མེད་པའི་གསལ་དྭངས་སྨྲ་རྒྱུ་མེད་པའི་ཉམས་སུ་མྱོང་རྒྱུ་གཅིག་འདུག་པ་དེ་ཀ་ལྟར། ཡེ་གདོད་མ་ནས་གནས་པ་ཡིན་ཏེ། སྐབས་སུ་གློ་བུར་གྱི་རྐྱེན་གྱིས་རྟོག་པ་སྣ་ཚོགས་སུ་ཤར་བ་ཡིན་པས། ད་ནི་དུས་དེ་རིང་ནས་སངས་རྒྱས་ལག་ཏུ་གཏད་པ་ཡིན་པས། ད་ཕན་ཆད་གནས་ལུགས་འདི་དང་མ་འབྲལ་བར་འདི་ག་ལྟར་ཉམས་སུ་ལོངས་ཤིག་དང་། ཚེ་གཅིག་ལུས་གཅིག་གིས་སངས་རྒྱས་འཐོབ་པར་གདོན་མི་ཟའོ། །གསུངས། མཁའ་འགྲོ་སྙིང་ཐིག་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལེ་སིང་ངེ་ཝ་ལེ་བ། །སྤྲིན་མེད་སྟོན་ཁའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པ་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོག་བྲལ་བ་ནམ་མཁའ་བཞིན་དུ་ཞོག །ཅེས་དང་། རིན་ཆེན་སྤུངས་པ་ལས། གཞི་རྩ་མེད་པའི་ཆོས་ཉིད་འདི། །མ་བཙལ་བཞག་པ་ངོ་མཚར་ཆེ། །འགྲོ་དང་འོང་མེད་རིག་པ་ལ། །ཐུག་པ་མེད་པ་ངོ་མཚར་ཆེ། །ཡེ་གནས་ཆེན་པོའི་ཡེ་

p. 439

ཤེས་ལ། །གཉེན་པོ་མེད་པ་ངོ་མཚར་ཆེ། །ཞེས་དང་། དཔལ་གསང་བའི་བདག་པོས། མཁའ་ལྟར་དག་པའི་ལྟ་བ་ལ། །རིག་པའི་ཁྱུང་ལྡིང་ཡན་དུ་ཆུག །གསེར་གླིང་བསམ་གཏན་བསྒོམ་པ་ལ། །མ་ཡེངས་རྒྱུན་དུ་གནས་པར་མཛོད། །གླང་ཆེན་ལྟ་བུའི་སྤྱོད་པ་ལ། །འཛིན་ཆགས་མེད་པ་རོལ་དུ་ཁྲིད། །བསྒྲུབ་རྒྱུ་མེད་པའི་འབྲས་བུ་ལ། །བརྩོན་འགྲུས་ཤིན་ཏུ་མྱུར་བ་གཅེས། །ཞེས་དང་། མུ་མཐའ་བྲལ་བའི་ལྟ་བ་ལ། །གདེངས་ཀྱིས་ཆོད་པ་ཤིན་ཏུ་གཅེས། །བསམ་དུ་མེད་པའི་བསྒོམ་པ་ལ། །དྲན་པས་ཟིན་པ་རབ་ཏུ་གཅེས། །བླང་དོར་མེད་པའི་སྤྱོད་པ་ལ། །བག་དང་ལྡན་པ་རབ་ཏུ་གཅེས། །འཐོབ་དུ་མེད་པའི་འབྲས་བུ་ལ། །རེ་དོགས་བྲལ་བ་ཤིན་ཏུ་གཅེས། །ཞེས་དང་། གཙང་པ་རྒྱ་རས་ཀྱིས། སེམས་མ་བཅོས་བཞག་པ་ཆོས་ཀྱི་སྐུ། །གློ་བུར་གྱི་རྟོག་པ་རང་སར་གྲོལ། །བསམ་དུ་མེད་པ་ཞིག་ཉམས་སུ་མྱོང་། ཞེས་དང་། སློབ་དཔོན་མདའ་བསྣུན་གྱིས། །གཅིག་དང་དུ་མའི་སེམས་ལ་དཔྱད་བྱས་ན། གསལ་བ་སྤངས་ནས་སྲིད་པ་དག་ཏུ་འགྲོ། །མཐོང་བཞིན་

p. 440

དུ་ནི་དོང་དུ་འཇུག་པ་ན། །དེ་ལས་སྙིང་རྗེའི་གནས་ནི་གང་ཞིག་ཡོད། །ཅེས་དང་། བསམ་དང་བསམ་བྱ་ཐམས་ཅད་དོར་ནས་སུ། །ཇི་ལྟར་བུ་ཆུང་ལྷུག་པར་གནས་པ་བཞིན། །བླ་མའི་ལུང་ལ་བསྒྲིམས་ཏེ་གུས་འབད་ན། །ལྷན་ཅིག་སྐྱེས་པ་འབྱུང་བར་ཐེ་ཚོམ་མེད། །ཅེས་དང་། སེངྒེ་རྩལ་རྫོགས་ལས། རིག་པ་མ་བསྒོམ་ལྷུན་གྲུབ་ལ། བསྒོམ་པ་བྱས་པས་ང་མ་རྙེད། །རང་བྱུང་ཡེ་ནས་རྩོལ་མེད་ལ། །དཔྱོད་པ་བྱས་པས་ང་མི་མཐོང་། །ཆོས་སྐུ་ཡེ་ནས་མཐའ་བྲལ་ལ། །ལྟ་བ་བལྟས་པས་ང་མི་མཐོང་། །ཞེས་དང་། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུས་པ་མེད། །ཅེས་དང་། དཔལ་རི་ཁྲོད་དབང་ཕྱུག་གིས། ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ལམ། །འབྲས་བུ་གང་ལ་འང་རེ་བ་མ་བྱེད་ཅིག །ཅེས་དང་། རྒྱལ་སྲས་ཐོགས་མེད་ཀྱིས། ཇི་ལྟར་སྣང་བ་འདི་དག་རང་གི་སེམས། །སེམས་ཉིད་གདོད་ནས་སྤྲོས་པའི་མཐའ་དང་བྲལ། །དེ་ཉིད་ཤེས་ནས་གཟུང་འཛིན་མཚན་མ་རྣམས། །ཡིད་ལ་མི་བྱེད་རྒྱལ་སྲས་ལག་ལེན་ཡིན། །ཞེས་དང་། བཅོམ་ལྡན་འདས་ཀྱིས།

p. 441

རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བྱེད་ཡིན། །མི་རྟོག་ཏིང་འཛིན་ལ་གནས་ན། །མཁའ་བཞིན་དྲི་མ་མེད་པར་གནས། །ཞེས་དང་། སློབ་དཔོན་ཞི་བ་ལྷས། དོན་དམ་བློ་ཡི་སྤྱོད་ཡུལ་མིན། །བློ་ནི་ཀུན་རྫོབ་ཡིན་པར་འདོད། །ཅེས་དང་། རིན་ཆེན་སྒྲོན་མ་ལས། ཅོག་གཞག་གསུམ་གྱི་རང་བཞིན་ལས། །ཀ་དག་དོན་ཉིད་མངོན་དུ་འགྱུར། །ཞེས་དང་། ཀུན་བྱེད་ལས། རང་བྱུང་ཡེ་ཤེས་ཡེ་ནས་ཤེས། །ཡུལ་ལས་རྟོགས་པའི་ཡེ་ཤེས་དེ། །ཡུལ་ལས་བྱུང་བས་རང་བྱུང་མིན། །ཞེས་དང་། རྩལ་རྫོགས་ལས། ཡེ་ཤེས་རང་སྣང་ངོ་བོ་ནི། །ཡུལ་གྱི་རྣམ་རྟོག་མེད་པ་སྟེ། །འདས་པའི་ཡུལ་དང་མ་འོངས་ཡུལ། །སྣང་བ་ཐད་ཀར་བཅད་པ་འོ། །ཞེས་དང་། བྱང་ཆུབ་སེམས་འགྲེལ་ལས། གང་དུ་རྣམ་རྟོག་སྣང་བྱུང་བ། །དེར་ནི་སྟོང་ཉིད་ག་ལ་ཡོད། །བརྟག་བྱ་རྟོག་བྱེད་རྣམ་པའི་སེམས། །དེ་བཞིན་གཤེགས་རྣམས་ཀྱིས་མ་གཟིགས། །གང་ན་བརྟག་བྱ་རྟོག་བྱེད་ཡོད། །དེར་ནི་བྱང་ཆུབ་ཡོད་མ་ཡིན། །ཞེས་དང་། ཡུམ་ཆེན་མོ་ལས། གཟུགས་སྟོང་པ་དང་

p. 442

བདག་མེད་ཅེས་བྱ་བར་སྤྱོད་ན་མཚན་མ་ལ་སྤྱོད་ཀྱི། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་མི་སྤྱོད་དོ། །ཞེས་དང་། རིན་ཆེན་ཕྲེང་བ་ལས། དེ་ལྟར་བདག་དང་བདག་མེད་པ། །ཡང་དག་ཇི་བཞིན་དམིགས་སུ་མེད། །བདག་དང་བདག་མེད་ལྟ་བ་དག །དེ་ཕྱིར་ཐུབ་པ་ཆེན་པོས་བཟློག །ཅེས་དང་། ཀྱེ་རྡོར་ལས། བསྒོམ་བྱ་མེད་ཅིང་སྒོམ་བྱེད་མེད། །གསང་སྔགས་མེད་ཅིང་ལྷ་ཡང་མེད། །སྤྲོས་དང་བྲལ་བས་རང་བཞིན་དུ། །ལྷ་དང་སྔགས་སུ་ཡང་དག་གནས། །ཞེས་དང་། གསང་འདུས་རྒྱུད་ལས། དངོས་པོ་མེད་ཅིང་སྒོམ་པ་མེད། །བསྒོམ་པར་བྱ་བ་སྒོམ་པ་མིན། །དེ་ལྟར་དངོས་པོ་དངོས་མེད་པའི། །སྒོམ་པ་དམིགས་སུ་མེད་པའོ། །ཞེས་དང་། རྒྱན་སྟུག་པོ་བཀོད་པའི་མདོ་ལས། སྟོང་པ་ཉིད་ཀྱི་ལྟ་ཐོས་ཀྱང་། དེ་ཉིད་ལྟ་བ་མ་ཞིག་ན། །གསོར་མི་རུང་བའི་ལྟ་བ་ཅན། །སྨན་པས་བཏང་བའི་ནད་པ་བཞིན། །ཞེས་དང་། སྟོང་ཕྲག་བརྒྱ་པ་ལས། ཕྱི་སྟོང་པ་ཉིད་ཡིད་ལ་མི་བྱ། ནང་སྟོང་པ་ཉིད་ཡིད་ལ་མི་བྱ། དངོས་པོ་མེད་པའི་སྟོང་པ་ཉིད་ཡིད་ལ་མི་བྱ། ཞེས་དང་། ཡིད་ལ་མི་བྱེད་པ་གང་ཡིན་པ་དེ་

p. 443

ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའོ། །ཞེས་དང་། གསང་བ་སྡོམ་པ་གསུམ་བསྟན་པའི་མདོ་ལས། གང་ཡིད་ལ་བྱེད་པ་ཡོད་པ་དེ་ལ་ངར་འཛིན་པ་ཡོད་དོ། །ཞེས་དང་། ལུང་ལས། རྟོག་བཅས་རྟོག་པ་མེད་པ་ཡི། །ཤེས་པ་གཉིས་ཀྱིས་མི་རྟོག་སྟེ། །ཞེས་དང་། བདེ་བའི་རྡོ་རྗེས་ཀྱང་། གཅིག་དང་དུ་བྲལ་རིགས་པ་རྣམས། འོད་གསལ་རྟོགས་ཕྱིར་དགོས་པ་མེད། །བདེ་ཆེན་དེར་སྣང་མངོན་སུམ་ལ། །ཞེས་དང་། རིགས་ལྡན་གྲགས་པས། ཕུང་པོ་རྣམས་དཔྱད་སྟོང་པ་ཉིད། །ཆུ་ཤིང་བཞིན་དུ་སྙིང་པོ་མེད། །རྣམ་པ་ཀུན་གྱི་མཆོག་ལྡན་པའི། །སྟོང་ཉིད་དེ་ལྟར་འགྱུར་མ་ཡིན། །ཞེས་དང་། རྒྱལ་ཚབ་དམ་པས། བློ་དང་ལྡན་པས་མི་རྟོག་ཡེ་ཤེས་སྟོབས། །རྟོག་ཏུ་ཀུན་ནས་མཉམ་པར་སོང་བ་ཡི། །དེ་ལ་བརྟེན་པའི་ཉེས་ཚོགས་ཚང་ཚིང་རྣམས། །དུག་སྨན་ཆེན་པོས་དུག་བཞིན་འཇོམས་པར་བྱེད། །ཅེས་དང་། རྩ་ཤེས་ལས། ཡོད་ཅེས་བྱ་བར་རྟག་པར་འཛིན། །མེད་ཅེས་བྱ་བར་ཆད་པར་ལྟ། །དེ་ཕྱིར་ཡོད་དང་མེད་པ་ལ། །མཁས་པས་གནས་པར་མི་བྱ་འོ། །ཞེས་དང་།

p. 444

ཀླུའི་རྒྱལ་པོ་མ་དྲོས་པས་ཞུས་པའི་མདོ་ལས། གང་ཞིག་ལམ་ནི་དངོས་བྱེད་མིན། །དངོས་མེད་དངོས་པོ་མེད་བྱེད་མིན། །དངོས་དང་དངོས་མེད་བྲལ་བ་ནི། །མཆོག་གི་ལམ་གང་སྒོམ་པ་འོ། །བཅོམ་ལྡན་དངོས་དང་དངོས་མེད་པ། །མཁྱེན་པ་ཀ་ཏ་ཡ་ན་ཡིས། །གདམས་ངག་ལས་ནི་ཡོད་པ་དང་། །མེད་པ་གཉིས་ཀ་བཀག་པར་མཛད། །ཅེས་དང་། །སློབ་དཔོན་དཔལ་དབྱངས་ཀྱིས། །ཅི་ཙམ་ཟབ་པའི་ཚིག་བརྗོད་ཀྱང་། །དོན་དང་ལྡན་པར་མི་འགྱུར་རོ། །ཞེས་དང་། གསེར་ཕྲེང་ལས། འདོད་དང་རྩོལ་བ་ཡོད་ན་འཚང་མི་རྒྱ། །ཞེས་དང་། སྡུད་པ་ལས། བྱང་ཆུབ་སེམས་དཔས་སྔོན་གྱི་མཐའ་དང་ཕྱི་མཐའ་དང་། །ད་ལྟ་ཉིད་ཀྱང་མི་དམིགས་དུས་གསུམ་དག་པ་སྟེ། །གང་དག་དེ་ནི་འདུས་མ་བྱས་ཡིན་སྤྲོས་མེད་དོ། །ཞེས་དང་། གྲུབ་ཆེན་ཏཻ་ལོ་པས། བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་སར་མི་སླེབས། །བློ་འདས་བྱར་མེད་དོན་དེ་འཐོབ་འདོད་ན། །སེམས་ཀྱི་རྩད་ཆོད་རིག་པ་གཅེར་བུར་ཞོག །ཅེས་དང་། ཀྱེ་ཧོ་འདི་ནི་རང་རིག་ཡེ་ཤེས་ཏེ། །ངག་གི་ལམ་འདས་ཡིད་ཀྱི་སྤྱོད་

p. 445

ཡུལ་མིན། །ཏཻ་ལོ་ངས་ནི་ཅི་ཡང་བསྟན་དུ་མེད། །རང་གིས་རང་ཉིད་མཚོན་ཏེ་ཤེས་པར་བྱོས། །ཞེས་དང་། མི་མནོ་མི་བསམ་མི་དཔྱད་ཅིང་། །མི་སྒོམ་མི་སེམས་རང་བབ་བཞག །ཅེས་དང་། རྗེ་ནཱ་རོ་པས། བསྒོམ་པའི་མཐར་ཐུག་དངོས་མེད་པ། །དེ་ཡང་སེམས་ས་ལེ་མ་བཅོས་པའོ། །ཞེས་དང་སྒྲ་སྒྱུར་མར་པ་ལོ་ཙཱས། ནང་འཛིན་པ་ཡིད་ཀྱི་རྣམ་ཤེས་འདི། །སྔོན་ཆད་མཛའ་བོ་འཕྲད་པ་བཞིན། །སེམས་ཉིད་རང་ངོ་རང་གིས་ཤེས། །ལྐུགས་པའི་རྨི་ལམ་རྨིས་པ་བཞིན། །བརྗོད་དུ་མེད་པའི་ཉམས་ཤིག་ཤར། །གཞོན་ནུའི་བདེ་བ་མྱོང་བ་བཞིན། །སྨྲ་རུ་མེད་པའི་དོན་གཅིག་རྟོགས། །ཞེས་དང་། རྗེ་མི་ལས། བུ་སྤྲོས་བྲལ་སེམས་ལ་ཤར་དུས་སུ། །ཐ་སྙད་ཚིག་ཕྱིར་མ་འབྲང་ཞིག །ཆོས་བརྒྱད་སྒྲོག་ཏུ་ཚུད་ཉེན་ཡོད། །བུ་ང་རྒྱལ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་གཙང་སྟོན་པ། །བུ་རང་གྲོལ་ནང་ནས་ཤར་དུས་སུ། །ཚད་མའི་སྦྱོར་བ་མ་འགོད་ཅིག །དོན་མེད་འབད་རྩོལ་བྱས་ཉེན་ཡོད། །བུ་རྣམ་རྟོག་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་གཙང་སྟོན་

p. 446

པ། །བུ་རང་སེམས་སྟོང་ཉིད་རྟོགས་ཙ་ན། །གཅིག་དང་དུ་མར་མ་འབྱེད་ཅིག །ཆད་པའི་སྟོང་པར་འགྲོ་ཉེན་ཡོད། །བུ་སྤྲོས་པ་མེད་པའི་ངང་ལ་ཞོག །དེ་གོའམ་དབུས་པ་གཙང་སྟོན་པ། །བུ་ཕྱག་རྒྱ་ཆེན་པོ་སྒོམ་དུས་སུ། །ལུས་ངག་དགེ་སྦྱོར་མ་བརྩོན་ཅིག །མི་རྟོག་ཡེ་ཤེས་ཡལ་ཉེན་ཡོད། །བུ་མ་བཅོས་ལྷུག་པའི་ངང་ལ་ཞོག །དེ་གོའམ་དབུས་པ་གཙང་སྟོན་པ། །ཞེས་དང་། རང་རིག་ཙམ་གྱི་ཡེ་ཤེས་འདི། །ངག་ཏུ་བརྗོད་པའི་ལམ་མ་ཡིན། །ཉན་ཐོས་བྱིས་པའི་ཡུལ་མིན་ཏེ། །རྟོག་གེ་བའི་ཡང་སྤྱོད་ཡུལ་མིན། །ཞེས་དང་། ཚིག་བྲལ་ཆོས་ལ་ཐོས་པ་མེད། །སྟོང་ཉིད་དོན་ལ་བསམ་པ་མེད། །སྐྱེ་མེད་དོན་ལ་བསྒོམ་པ་མེད། །མི་དགེ་བཅུ་ལས་རང་ལོག་ཡིན། །ཞེས་དང་། ལྷ་མེད་འདྲེ་མེད་ལྟ་བའི་གདིངས། །དམིགས་མེད་ཡེངས་མེད་སྒོམ་པའི་གདིངས། །རེ་མེད་དོགས་མེད་འབྲས་བུའི་གདིངས། །གསུངས། རྗེ་དྭགས་པོ་ལྷ་རྗེས། སེམས་ཉིད་ལྷན་ཅིག་སྐྱེ་བ། དང་པོ་རྩོལ་སྒྲུབ་དང་བྲལ་བར་ལུས་སེམས་ཁོང་གློད་པ་དང་། བར་དུ་ཐེ་ཚོམ་མེད་པར་སེམས་མ་བཅོས་སོ་མར་བཞག་པ་དང་།

p. 447

ཐ་མ་བྱུང་ཚོར་ཐམས་ཅད་སྐྱེ་མེད་དུ་ཤེས་པར་བྱའོ། །ཞེས་དང་། བློ་འདས་ཀྱི་ལྟ་བ་མཐའ་བྲལ་ལ། །ཐེ་ཚོམ་ཟ་ཡང་མི་འཚལ་ལོ། །བདེ་སྟོང་གི་སྒོམ་པ་ཞེན་མེད་ལ། །སྒོམ་ཐུན་དུ་བཅད་ཀྱང་མི་འཚལ་ལོ། །རང་ཤུགས་ཀྱི་སྤྱོད་པ་ཞེན་མེད་ལ། །ཚུལ་འཆོས་བགྱིད་ཀྱང་མི་འཚལ་ལོ། །འབྲས་བུ་རང་སེམས་འོད་གསལ་ལ། །རེ་དོགས་བགྱིད་ཀྱང་མི་འཚལ་ལོ། །ཞེས་དང་། མི་རྟོག་ཆེད་དུ་མི་སྒྲུབ་པ། །སྙེམས་བྲལ་སེམས་ཀྱི་ངོ་བོ་ཡིན། །གསལ་སྟོང་གི་རིག་པ་རྗེན་པ་འདི། །མ་ཡེངས་པར་སྐྱོང་བ་མན་ངག་ཡིན། །ཞེས་དང་། རྣལ་འབྱོར་དབང་ཕྱུག་ཆེན་པོས། མ་བཅོས་སོ་མར་བཞག་ན་རྟོགས་པ་འཆར། །ཆུ་བོའི་རྒྱུན་བཞིན་བསྐྱངས་ན་ཡོངས་ཀྱང་འཆར། །དམིགས་གཏད་མཚན་མ་ཐམས་ཅད་ཡོངས་སྤོངས་ལ། །རྟག་ཏུ་མཉམ་པར་ཞོག་ཅིག་རྣལ་འབྱོར་བ། །ཞེས་དང་། དཔལ་ལྡན་ཟླ་འོད་གཞོན་ནུས། མ་ཡེངས་པ་ནི་སངས་རྒྱས་ཀུན་གྱི་ལམ། །གསུངས། ཤེར་ཕྱིན་ལས། གཟུགས་ལ་སོགས་པ་རྣམ་པར་སྟོང་པ་དང་། བདག་མེད་པའོ་སྙམ་དུ་སྤྱོད་ན་མཚན་མ་

p. 448

ལ་སྤྱོད། ཞེས་དང་། རྣམ་པར་མི་རྟོག་པར་འཇུག་པའི་གཟུངས་ལས། ཡིད་ལ་མི་བྱེད་པའི་གཟུགས་ལ་སོགས་པའི་མཚན་མ་སྤོངས། ཞེས་དང་། ཚངས་པས་ཞུས་པ་ལས། དཔྱོད་པ་ཇི་སྙེད་པ་དེ་ཐམས་ཅད་ནི་རྟོག་པའོ། །ཡོངས་སུ་མི་རྟོག་པ་ནི་བྱང་ཆུབ་བོ། །ཞེས་དང་། རྗེ་བཙུན་ཡེར་པ་པས། བྱ་བྲལ་རྩོལ་མེད་ཀྱི་རྣལ་འབྱོར་པ། །མཚན་མེད་ཀྱི་རྣལ་འབྱོར་ཡང་མི་དམིགས་ན། །འཇིག་རྟེན་གྱི་བྱ་བ་ལྟ་ཅི་སྨོས། །བྱ་རྩོལ་རྣམ་གཉིས་ཀྱི་མ་གོས་ན། །སྡོམ་ལྕགས་ཀྱིས་འཆིང་ལས་གྲོལ་བ་ཡིན། །ཞེས་དང་། ཕ་དམ་པས། ཆོས་ཉིད་དོན་མཐོང་ལྐུགས་པའི་རྨི་ལམ་འདྲ། །ཚིག་དང་ཐ་སྙད་བྲལ་ལོ་དིང་རི་བ། །རྟོགས་པའི་ཉམས་ཤར་གཞོན་ནུའི་བདེ་བ་འདྲ། །དགའ་བདེ་བརྗོད་དུ་མེད་དོ་དིང་རི་བ། །ཞེས་དང་། གསང་འདུས་ལས། མ་སྐྱེས་པ་ཡི་ཆོས་རྣམས་ལ། །དངོས་པོ་མེད་དེ་སྒོམ་པའང་མེད། །ནམ་མཁའི་ཚུལ་དུ་བསྒོམ་པ་ཡི། །དེ་ལྟར་དངོས་པོ་རབ་ཏུ་བསྒྲགས། །ཞེས་དང་། །རྗེ་རྒོད་ཚང་པས། གཞི་ཐོག་ན་འཁྲུལ་བ་མི་འདུག་པས། །གོལ་དོགས་ཀྱི་སེམས་ཁྲལ་མི་དགོས་ཀྱིས། །མ་བཅོས་

p. 449

པའི་ཤེས་པ་སོ་མར་ཞོག །འཛིན་མེད་ཀྱི་སྣང་བ་ཡན་དུ་ཆུག །ཟུང་འཇུག་ལ་རྒྱུན་ཆད་མི་འདུག་པས། །ཡང་བྲལ་དུ་ཤོར་དོགས་མི་དགོས་ཀྱིས། །མཚན་མའི་ཆོས་སྤྱོད་བཤོལ་ལ་ཐོངས། །ལྟ་སྒོམ་དང་བཟླས་པས་འདི་ལ་སྒྲིབ། །བློ་བྲལ་ཟང་མ་ཟང་ཡུག་ལ། །བཅོས་པ་དང་རང་བཞིན་ག་ལ་ཡོད། །བྱིས་པའི་དུས་ཀྱི་མཛད་སྤྱོད་དེ། །རྒན་པ་རྣམས་ལ་ཅི་བྱར་ཡོད། །ཅེས་དང་། མཁས་གྲུབ་རཱ་ག་ཨ་སྱེས། རྣམ་རྟོག་མང་དུ་མི་འཕྲོ་ཀྱི་ལེར་གནས། །གཟུགས་བརྙན་དངོས་པོ་མི་མཐོང་བརྗོད་མི་ཤེས། །རང་གི་སེམས་ལ་ངེས་ཤེས་མྱོང་བ་ཅན། །ས་ལེ་སིང་ངེ་ཧྲིག་གེ་རྗེན་ནེ་བ། །སྤྲིན་མེད་ནམ་མཁའ་དྭངས་པའི་དཀྱིལ་འདྲ་བ། །འདི་ནི་མོས་གུས་ཕྱག་རྒྱ་ཆེན་པོ་ཡིན། །མ་ཡེངས་རང་ངོ་ལྟོས་དང་ཨེ་མ་ཧོ། །ཞེས་དང་། འབའ་ར་བ་རྒྱལ་མཚན་དཔལ་བཟང་པོས། ལྟ་བ་འདི་ཀུན་རྟོགས་དང་མ་རྟོགས་རུང་། །བལྟ་བྱ་ལྟ་བྱེད་གཉིས་སུ་མི་འཛིན་པར། །གཉིས་སུ་མེད་པའི་ངང་ལ་བཞག་པ་ན། །མ་དཔྱད་སྒྲོ་འདོགས་ནང་ནས་ཆོད་ནས་འོང་། །བསྒོམ་རྒྱུ་འདི་ཀུན་འདུག་རུང་མི་

p. 450

འདུག་རུང་། །བསྒོམ་བྱ་སྒོམ་བྱེད་གཉིས་སུ་མི་རྟོགས་པར། །མི་སྒོམ་ཤེས་པ་རང་སར་བསྡད་པ་ན། །བློ་བྲལ་གཉུག་མའི་དོན་དང་མཇལ་ནས་འོང་། །སེམས་ཉིད་འདི་ཀུན་སྟོང་རུང་མི་སྟོང་རུང་། །སྟོང་དང་མི་སྟོང་ཅི་ཡང་མི་བསམ་པར། །བསམ་བྲལ་ངང་དུ་ཅི་བདེར་བཞག་པ་ན། །སྟོང་པའི་རང་བཞིན་ནང་དུ་ཤར་ནས་འོང་། །ཞེས་དང་། ཀརྨ་པ་བདུད་འདུལ་རྡོ་རྗེས། འཁོར་འདས་ཆོས་རྣམས་རང་སེམས་ངོ་འཕྲོད་ནས། །གཉིས་འཛིན་རྟོག་པ་ཐམས་ཅད་དབྱིངས་སུ་དག །བདེ་གསལ་མི་རྟོག་ཉིན་མོའི་རྒྱ་མཚོ་ལྟར། །མཐའ་དབུས་བྲལ་བའི་ངང་ལ་མཉམ་པར་འཇོག །ཅེས་དང་། རྗེ་རང་བྱུང་རྡོ་རྗེས། ཡིད་བྱེད་བྲལ་བ་འདི་ནི་ཕྱག་རྒྱ་ཆེ། །མཐའ་དང་བྲལ་བ་དབུ་མ་ཆེན་པོ་ཡིན། །ཞེས་དང་། རྗེ་འཇམ་དཔལ་བཟང་པོས། བསྒོམ་བྱ་བློ་དང་བྲལ་བ་དང་། །རྣམ་རྟོག་ངོ་བོ་ཆོས་སྐུར་མཐོང་། །ཞེས་དང་། རྗེ་དབང་ཕྱུག་རྡོ་རྗེས། བསྒོམ་རྒྱུ་ཅི་ཡང་མེད་པར་སྐད་ཅིག་ཀྱང་མ་ཡེངས། རིག་པ་ཧྲིག་གེ་རང་སར་བཞག །ཅེས་དང་། མཻ་ཏྲི་པས། ཆོས་རྣམས་རང་རང་ངོ་བོས་སྟོང་། །སྟོང་པར་འཛིན་བློ་

p. 451

རང་སར་དག །བློ་བྲལ་ཡིད་ལ་བྱར་མེད་པ། །འདི་ནི་སངས་རྒྱས་ཀུན་གྱི་ལམ། །ཞེས་དང་། གཡུ་ཐོག་འགྲོ་མགོན་གྱིས། བཅོམ་ལྡན་དགྱེས་པ་རྡོ་རྗེ་འདི། །གདོད་ནས་དག་པའི་རང་སེམས་ཉིད། །དེ་ནི་སྟོང་དང་སྟོང་མིན་ཏེ། །སྤྲོས་པ་མེད་པའི་ངང་ལ་གནས། །སྤྲོས་བྲལ་རང་བྱུང་ཡེ་ཤེས་དེ། །སྔོན་ཆད་མ་ཤེས་ལམ་བསྒོམས་པ། །འཁྲུལ་པས་འཁྲུལ་པ་བསྒོམ་པར་གོ །ད་ནི་སྒོམ་མཁན་བློ་དང་བྲལ། །བསྒོམ་འདོད་སྒོམ་གྱིས་སྒོམ་དེ་སྒྲིབ། །སྒོམ་མེད་རྟོགས་ཚེ་ཐམས་ཅད་སྒོམ་དུ་འཆར། །ཞེས་དང་། བྱེ་ཚང་པ་རིན་ཆེན་དཔལ་འབྱོར་གྱིས། ཕྱི་ན་ཡུལ་གྱི་ཆེད་འཛིན་མེད། །ནང་དུ་རིག་པ་གསལ་ལ་དྭངས། །རིག་པ་ཕྱི་ནང་ཟང་ཐལ་འདི། །མཉམ་གཞག་ཡིན་ནོ་ཨ་ནེ་མ། །དེ་ལས་ཅུང་ཟད་ཡེངས་པ་ན། །ཡུལ་གྱི་རྗེས་སུ་ཐལ་གྱིས་འགྱུས། །གཟུང་འཛིན་བུན་གྱིས་ཤར་བ་དེ། །རྗེས་ཤེས་ཡིན་ནོ་ཨ་ནེ་མ། །དེ་ལ་དྲན་པས་ཙིར་གྱིས་ཟིན། །གཟུང་འཛིན་རྟོག་པ་དྭངས་ཞི་ནས། །སྔར་གྱི་མཉམ་གཞག་གསལ་ཐེབས་པ། །རྗེས་ཐོབ་ཡིན་ནོ་ཨ་ནེ་མ། །ཞེས་དང་།

p. 452

རྗེ་རྒོད་ཚང་པས། སྐྱེ་བོ་ཙ་ནའི་ཤེས་པ་འདི། །ཆོས་ཀྱི་སྐུ་རུ་འདུག་པ་ལ། །བླ་མས་བསྟན་ཀྱང་མི་དགོས་པར། །རང་གི་ཤེས་སུ་གཤའ་བ་ལ། །ཞེས་དང་། །མཉམ་མེད་ནམ་མཁར་སྤྱོད་པས། ང་འགྲོ་འཆག་ཉལ་འདུག་གང་བྱེད་ཀྱང་། །གང་ཤར་སྒོམ་དུ་མ་ཤར་ན། །གང་ཤེས་སྡུག་གི་སྣོན་པ་ཡིན། །གང་ཤར་གྱི་རྣམ་རྟོག་མ་དགག་མཛོད། །ཤར་པ་དེའི་རྗེས་སུ་མ་འབྲང་མཛོད། །སེམས་དེ་ཀའི་སྟེང་དུ་སྐྱུར་ལ་ཞོག །མ་བསྒོམ་པའི་ངང་ནས་མ་ཡེངས་པ། །འདི་ག་གཅིག་པུས་ཆོག་པ་ལགས། །འདི་དོན་གོ་བ་ལ་ལྟ་བ་ཟེར། །ཉམས་སུ་ལེན་པ་སྒོམ་པ་ཡིན། །རྒྱུན་དུ་སྐྱོང་བ་སྤྱོད་པ་ཡིན། །བརྟན་པ་ཐོབ་པ་འབྲས་བུ་ཡིན། །ཞེས་དང་། གླིང་རས་པས། རྗེ་ཡི་ཞལ་ནས་གཉུག་མའི་དོན། །སྒོམས་ཤིག་གསུངས་པས་བསྒོམས་ལགས་ཀྱང་། །བསྒོམ་བྱ་སྒོམ་བྱེད་སྟོར་ནས་ཐལ། །སྒོམ་ཐུན་མཚམས་སུ་བཅད་དུ་མི་གདའ་ཡེ། །ཞེས་དང་། རྣམ་པར་མི་རྟོག་པའི་གཟུངས་ལས། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོའི་རྣམ་པར་མི་རྟོག་པ་ཡེ་ཤེས་ཀྱིས་ཆོས་ཐམས་ཅད་ནམ་མཁའི་དཀྱིལ་ལྟར་མཐོང་ངོ་། །

p. 453

ཞེས་དང་། འཕགས་པའི་ཆོས་ཡང་དག་པར་སྡུད་པའི་མདོ་ལས། གང་ཡང་མཐོང་བ་མེད་དེ་ནི། དེ་ཁོ་ན་ཉིད་མཐོང་བ་འོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། བསོད་ནམས་དཔག་མེད་བྱེ་བས་རབ་བརྒྱན་པ། །ཡེ་ཤེས་བསམ་ཡས་སྤྲོས་བྲལ་ཁྱོད་ཀྱིས་བརྙེས། །ཞེས་དང་། རྒྱ་ཆེར་རོལ་པ་ལས། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །མི་སྨྲ་ནགས་ཀྱི་ཚལ་དུ་གནས་པར་བྱ། །ཞེས་དང་། རྒྱས་པ་ལས། རྡོ་རྗེ་ལྟ་བུའི་ཏིང་འཛིན་དང་། །ནམ་མཁའ་ལྟ་བུའི་ཏིང་འཛིན་ལ་སོགས་མང་པོ་གསུངས། འབྲུག་པ་ཀུན་ལེགས་ཀྱིས། གཏིང་དཔག་དཀའ་བའི་སེམས་ཉིད་འདི་ལ། ཕྱག་ན་རྡོ་རྗེས་ཀྱང་མ་རྙེད་ཟེར་བ་འདུག་ལགས། གཅིག་དང་དུ་བྲལ་གྱི་རིགས་པས་འཚོལ་བ་འདི་ཐེག་པའི་བྱེ་བྲག་ཅིག་ཡིན་ཡོང་བས་ཁྱད་དུ་ནི་མི་གསོད་ལ། ལམ་འདི་འདུག་ནི་སྤྲེའུ་དཀར་ཁུང་ནས་འབབ་པ་ལས་ཀྱང་དོག་པར་འདུག །ང་རང་ནི་ལམ་འདི་སྤོང་ཡང་མི་སྤོང་། འགྲོ་ཡང་མི་འགྲོ །བརྟག་

p. 454

དཔྱད་ཀྱིས་འཚོལ་བ་འདི། རྐུན་མ་ནང་ཐུག་པ་འདྲ། བློ་བྱས་ཀྱིས་བློ་སྒོམ་རྙེད་པ་ཡིན། བློ་བྲལ་བློས་ག་ལ་རྙེད་གསུངས། མཁྱེན་བརྩེ་རིན་པོ་ཆེས། ཐེག་མཆོག་སྙིང་པོའི་ལྟ་བའི་ཉིང་ཁུ་ཡིད་དཔྱོད་ཀྱི་ལྟ་སྒོམ་དང་འདྲེས་ནས་ཆོས་སྐད་གྱ་གྱུར་སྨྲས་ཤིང་འཆལ་བར་ཤིན་ཏུ་འཕངས། གསུངས། ཞང་གཡུ་བྲག་འགྲོ་བའི་མགོན་པོས། མཚན་ཉིད་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། གྲུབ་མཐའ་ལམ་གྱི་རིམ་པ་རྣམས་ཀྱིས་གཅིག་དང་དུ་བྲལ་ལ་སོགས་པ་རྣམས་ཀྱི་གཏན་ཚིགས་ཆེན་པོ་བཞི་ལ་སོགས་པས། སྣང་བ་འདི་སྟོང་པ་ཉིད་དུ་རྟོགས་ནུས་ཀྱི། སེམས་ཀྱི་དྭངས་མ་སྐྱེ་བ་མེད་པར་རྟོགས་མི་ནུས་ཏེ། རྡུགས་ནས་འགྲོ་བ་ཡིན་ནོ། །ཞེས་དང་། ཤེས་བྱ་ཕྲ་མོ་སྟོང་པ་ཉིད་ཀྱི་ཤེས་བྱའམ། སྐྱེ་བ་མེད་པ་བྱ་བར་འཛིན་པའི་ཤེས་བྱ་ཕྲ་མོ་ཡོད་ན། ཤེས་བྱ་དེ་ཤེས་པར་བྱེད་པའི་ཤེས་པ་ཕྲ་མོ་འོང་ལ། ཤེས་བྱ་ཕྲ་མོ་ཡོད་ན་གཟུང་འཛིན་ཕྲ་མོ་ལ་སོགས་པ་སྔ་མ་བཞིན་དུ་འབྱུང་བ་ཡིན་ནོ། །ཞེས་དང་། ཞུས་ལན་བདུད་རྩིའི་སྨན་མཆོག་ལས། སྤྱིའི་ལྟ་བ་སྟོང་པ་མཐའ་བྲལ་དུ་འདོད་པ་ལ། གསང་སྔགས་འདིའི་ལུགས་ཀྱི་

p. 455

རྣལ་འབྱོར་པས་མངོན་སུམ་རྗེན་པར་འདོད། དེ་གཉིས་ཡང་དོན་དམ་པར་རྟོགས་ན་དབྱེར་མེད་དེ། མ་རྟོགས་ན་སྤྱིའི་ལྟ་བ། ཡིད་དཔྱོད་ཀྱི་ཚིག་གི་ལྟ་བ་ལ་ཞེན་པས་དོན་རང་ཐོག་ཏུ་མི་ཕེབས་ཏེ། གོལ་བའི་ལྟ་བ་ཡིན། ཞེས་དང་། རང་གི་རིག་པའི་གནས་ལུགས་ཅིར་ཡང་གྲུབ་པ་མེད་པའི་སྟོང་གསལ་དུ། ཡེ་གདོད་མ་ནས་ད་ལྟའི་ཤེས་པ་བཅོས་སླད་དང་བྲལ་བ་འདི་ཀ་ལྟར་ཡོད་པ་ཡིན་ཏེ། དེ་ཀའི་སྟེང་དུ་མི་འཇོག་པར་གང་ཟག་གིས་སྟོང་ཉིད་དུ་བསྒོམས་པས། སྟོང་འཛིན་གྱི་བློ་དང་མ་བྲལ་བས། སྟོང་པ་ཕྱང་ཆད་བྱ་བ་གོལ་བ་ཡིན། ཞེས་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་བརྒྱ་སྟོང་འདྲེན་པས། འདོད་ཚུལ་འདི་གཉིས་གཏན་ནས་མི་གཅིག་པར་འདུག་པས་འདི་ཅི་ཡིན་ཟེར་ན། འོ་དེ་ཁྱོད་བདེན། ངས་དེའི་དགོངས་དོན་དཔེ་བཞག་ནས་ཁྱོད་ལ་སྟོན་གྱིས་ཁྱོད་ཉོན་དང་། དབུ་མ་པ་སོགས་ཀྱིས་བཞེད་སྲོལ་འདི་འདྲ་ཞིག་ཡིན་ཏེ། དཔེར་ན་གཙུབ་ཤིང་བར་ནས་མེ་ལེན་མི་ཤེས་པ་ཞིག་གིས་གཞན་ལེན་ཤེས་མཁན་གྱི་དྲུང་དུ་སོང་། ལེན་ཚུལ་བསླབས། རང་གི་བཟོ་ལྟ་ཀུན་འགྲིགས་པོ་བྱས།

p. 456

དེ་ནས་ཤིང་གཉིས་ཀྱི་འོག་མ་བརྟན་པར་བྱས། སྟེང་མ་ལག་ཏུ་ཐོགས། སྟེང་འོག་གཉིས་དྲག་ཏུ་དྲུད་ན་སྐབས་ཤིག་བར་ནས་མེ་འབྱུང་བ་ལྟར། གནས་ལུགས་སྟོང་པ་ཉིད་མི་ཤེས་པས། དང་པོ་མཚན་ལྡན་གྱི་བླ་མའི་དྲུང་ནས་ལམ་ལ་རིམ་པས་བསླབ། ངེས་འབྱུང་བྱང་ཆུབ་སེམས་སོགས་ཀྱིས་རང་རྒྱུད་དག་པར་བྱས། དེ་ནས་ཞི་གནས་ཀྱི་སེམས་བརྟན་པར་བྱས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་སྒོམ་གཙོ་ཆེར་བྱས་པ་ལ་བརྟེན་ནས་གནས་ལུགས་ལྟ་བ་མངོན་དུ་གྱུར་པ་ལ་དགོངས་ནས། གཞན་གྱི་ཕྱག་རྫོགས་པ་ཁ་ཅིག་གིས་ལུང་རིགས་ཀྱི་ལམ་ནས་ཆོས་ཐམས་ཅད་ཀྱི་གནས་ལུགས་སྟོང་པ་ཉིད་དུ་སྒྲོ་འདོགས་མ་ཆོད་བཞིན་དུ་མི་རྟོག་པར་བཞག་པ་ཙམ་ནི། དཔེར་ན་རང་གི་གླང་བོ་བོར་བ་རྩད་མ་ཆོད་བཞིན་དུ་སོས་དལ་དུ་བསྡད་པ་འདྲ་བས། དེ་འདྲའི་རིགས་ཀྱིས་ས་ལམ་མི་ཆོད་ཅེས་གསུངས་པ་མ་གཏོགས། ཆོས་ཐམས་ཅད་གནས་ལུགས་རང་གསལ་ཆོས་དབྱིངས་ཆེན་པོར་ཐག་ཆོད་པ་དེ་ཡི་ངང་དུ་མི་རྟོག་པར་བཞག་པའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་བས་མི་རྟོགས་གསུངས་པ་མ་ཡིན་ཏེ། འོན་ཀྱང་

p. 457

གཞན་ཀུན་གྱིས་མི་རྟོགས་ཞེས་གསུངས་པ་ལྟ་བུའི་ཚིག་ཡོད་ཀྱང་འཁྲུལ་བར་མི་བྱ་སྟེ། དེ་དགོངས་གཞི་ཆེ། དེ་སྐད་སྨྲས་ན་ཟབ་མོ་དབུ་མའི་ལམ་དེ་ཉམས་སུ་ལེན་མཁན་གྱི་གདུལ་བྱ་མང་པོ་འདུ་བ་དང་། གདུལ་བྱ་དེ་རྣམས་ཀྱིས་གདམས་པ་དེ་ལ་རྩིས་ཆེ་ཞིང་། རྩེ་གཅིག་ཉམས་སུ་བླངས་ན་སངས་རྒྱས་ཤིང་བསྟན་པ་མི་ཉམས་པར་ཡུན་རིང་དུ་གནས་པ་སོགས་ལ་ཕན་པར་དགོངས་ནས། དེ་སྐད་གསུངས་པ་ཡིན་པས་དེ་ལ་དམིགས་བསལ་ཡོད། གཞན་ཕྱག་རྫོགས་པ་སོགས་ཀྱིས་གླང་བུ་སྟོར་བའི་རྗེས་ཐོག་ན། བསྡད་ནས་ཕྱོགས་སྒོ་མ་སོང་བ་བཞིན། ཅི་ཙམ་འབད་ཀྱང་ལྟ་བའི་ཕྱོགས་སྒོ་ཙམ་ལ་མི་འགྲོ་ཞེས་གསུངས་པ་མ་ཡིན། དེ་ཡིན་ཟེར་ན་ལུང་རིགས་མཐའ་ཡས་པ་དང་འགལ་བས་ཆོས་སྤོང་གི་ལས་ཆེན་པོ་ཡིན་པར་མ་ཟད། དེ་གསུང་པ་པོ་སྔོན་བྱོན་མཁས་གྲུབ་བྱིན་རླབས་ཅན་ཐམས་ཅད་ཀྱང་གནས་ལུགས་ལྟ་བའི་ཕྱོགས་སྒོ་ཙམ་ལ་ཡང་མ་སོང་ཞེས། སྐུར་བ་འདེབས་དགོས་ལ། ཕྱག་རྫོགས་པས་ལུང་རིགས་ཀྱི་ལམ་ནས་རྟོག་དཔྱོད་དུ་བཏང་ནས་གནས་ལུགས་གཏན་ལ་འབེབས་

p. 458

ཚུལ་མཐའ་ཡས་པ་གསུངས་པ། དེ་བཞིན་དུ་བྱེད་པ་མངོན་སུམ་ཡོད་པ་ཡང་ཁྱད་གསོད་བྱེད་དགོས་པས་ཨ་རྫིའི་དེ་འདྲ་སུས་ཕོད། ཁྱད་པར་རང་གིས་ཉམས་སུ་ལེན་པའི་ལམ་རིམ་བློ་སྦྱོང་དང་། དེའི་གསུང་བ་རྣམས་ཀྱང་སྤོང་དགོས་ཏེ། ཀུན་མཁྱེན་ཇོ་བོ་རྗེས་མཛད་པའི་བྱང་ཆུབ་ལམ་རིམ་ཐམས་ཅད་ཀྱི་མ་ལྟ་བུའི་བྱང་ཆུབ་ལམ་སྒྲོན་ལས། དེ་བས་ཆོས་རྣམས་མ་ལུས་པའི། །རང་བཞིན་དག་ནི་མི་དམིགས་པས། །བདག་མེད་པར་ནི་གང་བསྒོམ་ཉིད། །འདིར་ནི་ཤེས་རབ་བསྒོམ་པ་ཡིན། །ཤེས་རབ་ཀྱིས་ནི་ཆོས་རྣམས་ཀུན། །གང་གི་རང་བཞིན་མ་མཐོང་བཞིན། །ཤེས་རབ་དེ་ཉིད་རིག་དཔྱད་པ། །རྣམ་རྟོག་མེད་པར་དེ་བསྒོམ་བྱ། །རྣམ་རྟོག་ལས་བྱུང་སྲིད་པ་འདི། །རྣམ་པར་རྟོག་པའི་བདག་ཉིད་དེ། །དེ་ཕྱིར་མ་ལུས་རྟོག་སྤངས་པ། །མྱ་ངན་འདས་པ་མཆོག་ཡིན་ནོ། །དེ་ལྟར་ཡང་ནི་བཅོམ་ལྡན་གྱིས། །རྣམ་རྟོག་མ་རིག་ཆེན་པོ་སྟེ། །འཁོར་བའི་རྒྱ་མཚོར་ལྟུང་བར་བྱེད། །རྟོག་མེད་ཏིང་འཛིན་ལ་གནས་ན། །ནམ་མཁའ་བཞིན་དུ་རྟོག་མེད་གསལ། །ཞེས་གསུངས་སོ། །རྣམ་པར་མི་རྟོག་པ་ལ་འཇུག་པའི་

p. 459

གཟུངས་ལས་ཀྱང་། དམ་ཆོས་འདི་ལ་རྒྱལ་བའི་སྲས། །རྣམ་པར་མི་རྟོག་བསམ་གྱུར་ན། །རྣམ་རྟོག་བགྲོད་དཀའ་རྣམས་འདས་ཏེ། །རིམ་གྱིས་མི་རྟོག་འཐོབ་པར་གྱུར། །ཞེས་གསུངས་སོ། །ལུང་དང་རིགས་པ་དག་གིས་ནི། །ཆོས་རྣམས་ཐམས་ཅད་སྐྱེ་མེད་པས། །རང་བཞིན་མེད་པར་ངེས་བྱས་ནས། །རྣམ་པར་རྟོག་མེད་བསྒོམ་པར་བྱ། །དེ་ལྟར་དེ་ཉིད་བསྒོམས་བྱས་ན། །རིམ་གྱིས་དྲོད་སོགས་ཐོབ་བྱས་ནས། །རབ་དགའ་ལ་སོགས་འཐོབ་འགྱུར་ཏེ། །སངས་རྒྱས་བྱང་ཆུབ་ཡུན་མི་རིང་། །ཞེས་དང་། རྒྱལ་བའི་སྲས་པོ་ཤེས་བྱའི་གནས་ཀུན་ཐོགས་པ་མེད་པར་མཁྱེན་པའི་མཚན་སྙན་རྒྱལ་སྲས་ཐོགས་མེད་རིན་པོ་ཆེས་མཛད་པའི་བློ་སྦྱོང་ཐམས་ཅད་ཀྱི་ཕ་ལྟ་བུའི་བློ་སྦྱོང་དོན་བདུན་མའི་ཁྲིད་ཡིག་ལས། ཆོས་རྣམས་རྨི་ལམ་ལྟ་བུར་བསམ། །ཞེས་གསུངས་ཏེ། འདི་ལྟར་གཟུང་བའི་ཡུལ་དུ་སྣང་བའི་སྣོད་བཅུད་འདི་དག་ཐམས་ཅད་རྨི་ལམ་དང་འདྲ་སྟེ། རང་གི་སེམས་ཉིད་འཁྲུལ་ནས། དེ་ལྟར་སྣང་བ་ཡིན་གྱི། སེམས་ལས་ལོགས་སུ་གྱུར་པ་ཅུང་ཟད་ཙམ་ཡང་མེད་པར་སྒྲོ་འདོགས་

p. 460

བཅད། སེམས་ཉིད་བདེན་ནམ་སྙམ་ན། མ་སྐྱེས་རིག་པའི་གཤིས་ལ་སྤྱོད། །ཅེས་གསུངས་ཏེ། སེམས་ཉིད་སྐྱེ་འགག་གནས་གསུམ་གྱིས་སྟོང་ཞིང་ཁ་དོག་དབྱིབས་ལ་སོགས་པ་མེད་ལ། ལུས་ཀྱི་ཕྱི་ནང་གང་ན་མི་གནས། གཤིས་ཅིར་ཡང་མ་གྲུབ་པས། གང་དུ་ཡང་མི་འཛིན་པར་རྟོག་མེད་ཀྱི་ངང་ལ་བཞག་གོ །དེའི་ཚེ་ལུས་སེམས་ཐམས་ཅད་སྟོང་པའོ་སྙམ་པའི་གཉེན་པོའི་རྣམ་རྟོག་བྱུང་ན། གཉེན་པོ་ཉིད་ཀྱང་རང་སར་གྲོལ། ཞེས་གསུངས་ཏེ། གཉེན་པོ་དེ་ཉིད་ཀྱི་ངོ་བོ་ལ་བལྟས་ཏེ། རང་བཞིན་མེད་པར་ཤེས་པར་བྱས་ནས་དེའི་ངང་ལ་བཞག་གོ །དེའི་འཇོག་ཚུལ་བསྟན་པའི་ཕྱིར། ལམ་གྱི་ངོ་བོ་ཀུན་གཞིའི་ངང་ལ་བཞག །ཅེས་གསུངས་ཏེ། རྣམ་ཤེས་ཚོགས་བདུན་གྱི་སྤྲོ་བསྡུ་ཐམས་ཅད་དང་བྲལ་ནས། གཤིས་ཅིར་ཡང་མ་གྲུབ་པ་ལ། བློས་ཅིར་ཡང་མི་འཛིན་པར་རྟོག་མེད་ཀྱི་ངང་ལ་གསལ་སིང་ངེ་གཞག་གོ །ཅེས་གསུངས། དེ་ལྟར་འགྲེལ་བ་མཛད་པ། བློ་སྦྱོང་གི་ཁུངས་གཏུགས་ས་ཆུ་མགོ་གངས་ལ་ཐུག་པ་ལྟ་བུའི་བླ་མ་དྷརྨ་རཀྵི་ཏ་དང་། བླ་མ་གསེར་གླིང་པ་གཉིས་ཀྱི་དགོངས་པ་ཇི་བཞིན་ཏེ།

p. 461

བླ་མ་རཀྵི་ཏས་མཛད་པའི་བློ་སྦྱོང་མཚོན་ཆའི་འཁོར་ལོ་ལས། ཀ་ཡེ་དེ་དག་ཐམས་ཅད་རྟེན་འབྲེལ་ཡིན། །རྟེན་འབྲེལ་ལྟོས་དང་རང་ཚུགས་མེད་པ་ཡིན། །ཕར་བསྒྱུར་ཚུར་བསྒྱུར་རྫུན་སྣང་སྒྱུ་མ་ཡིན། །མགལ་མེ་བཞིན་དུ་སྣང་བའི་གཟུགས་བརྙན་ཡིན། །ཆུ་ཤིང་བཞིན་དུ་སྲོག་ལ་སྙིང་པོ་མེད། །ལྦུ་བ་བཞིན་དུ་ཚེ་ལ་སྙིང་པོ་མེད། ཁུག་སྣ་བཞིན་དུ་བཏུད་ན་འཇིག་པ་ཡིན། །སྨིག་རྒྱུ་བཞིན་དུ་རྒྱང་ནས་མཛེས་པ་ཡིན། །མེ་ལོང་གཟུགས་བརྙན་ལྟ་བུར་བདེན་བདེན་འདྲ། །སྤྲིན་དང་ན་བུན་བཞིན་དུ་སྡོད་སྡོད་འདྲ། །དགྲ་བདག་གཤེད་མ་འདི་ཡང་དེ་བཞིན་དུ། །ཡོད་ཡོད་འདྲ་སྟེ་ནམ་ཡང་ཡོད་མ་མྱོང་། །བདེན་བདེན་འདྲ་སྟེ་གང་དུ་བདེན་མ་མྱོང་། །སྣང་སྣང་འདྲ་སྟེ་སྒྲོ་སྐུར་ཡུལ་ལས་འདས། །དེ་ལ་ལས་ཀྱི་འཁོར་ལོ་གང་ཞིག་ཡོད། །འདི་ན་དེ་ལྟར་རང་བཞིན་མེད་ན་ཡང་། །ཆུ་ནང་ཟླ་བའི་དཀྱིལ་འཁོར་ཤར་བ་ལྟར། །ལས་འབྲས་འདི་ནི་རྫུན་པ་སྣ་ཚོགས་བཀྲ །སྣང་བ་ཙམ་དུ་བླང་དོར་བྱ་འོ་ཨང་། །རྨི་ལམ་ཡུལ་དུ་ལ་མོའི་མེ་འབར་ཚེ། །རང་བཞིན་མེད་ཀྱང་ཚ་བའི་འཇིགས་པ་ལྟར། །

p. 462

དམྱལ་ཁམས་ལ་སོགས་རང་བཞིན་མེད་ན་ཡང་། །བཙོ་བསྲེག་ཚོགས་ལ་འཇིགས་པས་སྤང་བར་བྱ། །ཚད་པས་འཁྲུལ་ཚེ་མུན་ནག་ཡོངས་མེད་ཀྱང་། །གཏིང་རིང་ཕུགས་སུ་རྒྱུ་ཞིང་འཚུབས་པ་ལྟར། །མ་རིག་ཚོགས་ལ་རང་བཞིན་མེད་ན་ཡང་། །ཤེས་རབ་གསུམ་གྱིས་འཁྲུལ་པ་བསལ་བར་བྱ། །རོལ་མོ་མཁན་གྱིས་པི་ཝང་གླུ་བླངས་ཚེ། །དཔྱད་ན་སྒྲ་དེ་རང་བཞིན་མ་མཆིས་མོད། །མ་དཔྱད་འཚོགས་པས་སྙན་པའི་སྒྲ་འབྱུང་བས། །སྐྱེ་བོའི་སེམས་ཀྱི་གདུང་བ་སེལ་བ་ལྟར། །ལས་དང་རྒྱུ་འབྲས་ཡོངས་ལ་དཔྱད་པ་ན། །གཅིག་དང་ཐ་དད་རང་བཞིན་མེད་ན་ཡང་། །སྣང་སྣང་ལྟ་བུར་ཆོས་རྣམས་སྐྱེ་འཇིགས་བྱེད། །ཡོད་ཡོད་ལྟ་བུར་བདེ་སྡུག་སྣ་ཚོགས་མྱོང་། །ཆུ་ཡི་ཐིགས་པས་བུམ་པ་འགེངས་པ་ན། །ཆུ་ཐིགས་དང་པོས་བུམ་པ་མི་ཁེངས་ཤིང་། །ཐ་མ་ལ་སོགས་རེ་རེས་མ་ཡིན་མོད། །རྟེན་འབྲེལ་ཚོགས་པས་བུམ་པ་གང་བ་ལྟར། །བདེ་སྡུག་འབྲས་བུ་གང་གིས་མྱོང་བ་ན། །རྒྱུ་ཡི་སྐད་ཅིག་དང་པོས་མ་ཡིན་ཞིང་། །ཐ་མའི་སྐད་ཅིག་སོགས་ཀྱིས་མ་ཡིན་ཡང་། །རྟེན་འབྲེལ་ཚོགས་པས་བདེ་སྡུག་མྱོང་

p. 463

བར་འགྱུར། །ཨེ་མ་མ་བརྟགས་གཅིག་པོར་ཉམས་དགའ་བའི། །སྣང་བ་འདི་ལ་སྙིང་པོ་མ་མཆིས་མོད། །འོན་ཀྱང་ཡོད་པ་ལྟ་བུར་སྣང་བ་ཡི། །ཆོས་འདི་ཟབ་སྟེ་དམན་པས་མཐོང་བ་དཀའ། །ད་ནི་ཏིང་འཛིན་མཉམ་པར་འཇོག་པ་ན། །ངེས་པར་སྣང་བ་ཙམ་ཡང་ཅི་ཞིག་ཡོད། །ཡོད་པ་ཅི་ཡོད་མེད་པའང་ཅི་ཞིག་ཡོད། །ཡིན་མིན་དམ་བཅའ་གང་དུ་སུ་ཞིག་ཡོད། །ཡུལ་དང་ཡུལ་གྱི་ཆོས་ཉིད་མ་མཆིས་ཤིང་། །བླང་དོར་ཀུན་བྲལ་སྤྲོས་དང་བྲལ་བ་ཡི། །གཉུག་མའི་ངང་དུ་བློ་གྲོས་མ་བཅོས་པ། །ལྷན་ནེར་གནས་ན་སྐྱེས་བུ་ཆེན་པོར་འགྱུར། །གསུངས། བླ་མ་གསེར་གླིང་པས། རྒྱངས་ཀྱིས་སྐྱུར་ལ་ལྷོད་ཀྱིས་གློད། །ལོག་སྟེ་ལོག་ལ་ཅེར་རེ་ལྟོས། །ཤིག་སེ་ཤིགས་ལ་འབོལ་ལེ་ཞོག །དེས་ན་མི་འཆིང་གྲོལ་བར་འགྱུར། །ཞེས་གསུངས། དེ་བཞིན་དུ་མཁས་བཙུན་བཟང་གསུམ་འཛོམ་པའི་ཁ་རག་སྒོམ་ཆུང་བས། འཁོར་བའི་སྡུག་བསྔལ་ཐམས་ཅད་ཀུན། །རང་གི་ངོ་བོ་སྟོང་ན་ཡང་། །ལས་དང་ཉོན་མོངས་རྒྱུ་ལས་བྱུང་། །བདག་མེད་དོན་ལ་རྟོགས་ཤིག་ཨང་། །གཟུང་

p. 464

འཛིན་གཉིས་དང་བྲལ་བ་ཡི། །རང་སེམས་གདོད་ནས་མ་སྐྱེས་པ། །བློ་ཡི་ཡུལ་ལས་འདས་པའི་ཕྱིར། །ཞེ་འདོད་ཀུན་དང་ཁྲོལ་ཅིག་ཨང་། །ལས་དང་པོ་བ་ཡི་གང་ཟག་ལ། །གསལ་ཆ་ཡོད་དེ་གནས་ཆ་མེད། །རྟོག་པའི་རླུང་ལ་མ་སྐུར་བར། །དྲན་པའི་ཐག་པས་ཟུངས་ཤིག་ཨང་། །གནས་ལུགས་ཅིར་ཡང་མ་གྲུབ་པས། །མཐའ་བཞི་ངང་གིས་བྲལ་བ་ལ། །ཤེས་པས་ཅིར་ཡང་མི་རྟོག་པར། །འཛིན་རྟོག་བྲལ་བར་གྱིས་ཤིག་ཨང་། །ཆོས་རྣམས་རྨི་ལམ་སྒྱུ་མ་འདྲ། །བདེན་པའི་དངོས་པོ་གང་ཡང་མེད། །མེད་བཞིན་སྣང་བའི་དངོས་པོ་ལ། །དངོས་པོར་ཞེན་པ་མ་ཆེ་ཨང་། །གནས་ལུགས་དོན་ལ་མ་གྲུབ་པས། །རྨི་ལམ་དུས་ཀྱི་རྒྱུ་འབྲས་བཞིན། །འཁྲུལ་ངོའི་རྒྱུ་འབྲས་མི་བསླུ་བས། །སྡིག་སྤོངས་དགེ་ལ་འབོད་ཅིག་ཨང་། །དེས་ན་འདི་འདྲའི་རིགས་ཀྱིས་ནམ་ཡང་གནས་ལུགས་རྟོགས་པར་མི་འགྱུར་ཞེས་སྐྱེས་བུ་དམ་པ་དེ་རྣམས་ཀྱི་གསུང་ཁས་མི་ལེན་པའི་མཁས་པ་འདྲ་ཡོད་ན། ཁྱོད་ཀྱིས་འདོད་པའི་ལྟ་བ་དེ་ལ་ལྷག་པར་སུ་ཡིད་ཆེས་ནས་ཁས་ལེན། ཁྱོད་ལ་དབང་སྐྱེ་རྒྱུ་འདྲ་ཞིག་ཡོད་ན། རང་གཞན་གྱི་གྲུབ་

p. 465

མཐའི་ནང་ན་མར་ལ་འཕེན་རྒྱུ་མང་པོ་ཡོད་ས་སྣང་། ཁྱོད་སྔར་མེད་པའི་ཀུན་མཁྱེན་ཀུན་དང་མི་མཐུན་པ་ཞིག་བྱུང་བ་ཡིན་པས་ངོ་མཚར་ཆེ། ཡང་ཕྱག་རྫོགས་པ་སོགས་ཀྱིས་འདོད་ཚུལ་དེ་ཡང་། ངས་དཔེ་ཡི་སྒོ་ནས་བཤད་ཀྱིས་ཡང་ཁྱོད་ཉོན་ཅིག །ཕྱག་རྫོགས་སོགས་ཀྱི་བཞེད་སྲོལ་འདི་འདྲ་ཞིག་ཡིན་ཏེ། དེ་ཡང་དཔེར་ན། མེ་ཤེལ་ལས་མེ་ལེན་མི་ཤེས་པ་ཞིག་གིས་ཐོག་མར་གཞན་ལེན་ཤེས་པ་ཞིག་གི་དྲུང་དུ་སོང་། མེ་ལེན་ཚུལ་རྣམས་བསླབ། དེ་ནས་སྤྲ་བཅོས་མེ་ཤེལ་ཕྱི་ཉི་མ་འཆར་དུ་བཅུག །ཉི་མའི་ཐད་ཀར་མེ་ཤེལ་བཏེགས། མེ་ཤེལ་ཐད་དུ་སྤྲར་བཞག །གཡོ་འགུལ་མེད་པར་བཟུང་ནས་ཐོག་མར་དྲོས། དེ་ནས་རིམ་པས་སྐབས་ཤིག་མེ་འབྱུང་བ་བཞིན། གནས་ལུགས་སྟོང་པ་ཉིད་ཀྱི་དོན་མི་ཤེས་པས། དང་པོ་མཚན་ལྡན་བླ་མ་བསྟེན་ནས་ལམ་ཐུན་མོང་དང་། ཐུན་མོང་མ་ཡིན་པས་རྒྱུད་སྦྱངས་ཚོགས་བསགས་སྒྲིབ་སྦྱོང་ཡང་དག་བྱས། དེ་ནས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་རང་བཞིན་གྱིས་

p. 466

གྲུབ་པ་རྡུལ་ཙམ་མེད་ཅིང་ནམ་མཁའི་འཇའ་སྤྲིན་ལྟར་ཆོས་ཐམས་ཅད་སེམས་ཉིད་སྟོང་པའི་ངང་ལས་བྱུང་བར་ཐག་བཅད། ལུང་རིགས་དུ་མས་ངེས་ཤེས་དྲངས། སེམས་ཀྱི་ངོ་བོ་སྐྱེ་འགག་གནས་གསུམ་དང་བྲལ་བ་སྟོང་གསལ་ཆོས་སྐུ་ནམ་མཁའ་ལྟ་བུར་རྗེན་ཅེར་གྱིས་མཐོང་ཚེ། དེའི་ངང་ལ་བྱིང་རྒོད་དང་བྲལ་བར། འཇོག་སྒོམ་གཙོ་ཆེར་བྱས་པས་ལྟ་བ་མངོན་དུ་འགྱུར་བ་དགོངས་ནས། གཞན་དཔེར་ན་བྱིས་པས་འབེན་དྲུང་དུ་བཞག །མདའ་རྒྱང་དུ་འཕངས་ནས། དྲུང་གི་འབེན་ལ་ཕོག་སྙམ་པ་ལྟར། རྟོག་གེ་བ་ཁ་ཅིག་གིས། བློ་ཁ་ཚུར་ཕྱོགས་ནས་རང་གི་རྒྱུད་སྟེང་དུ་བསྐོར་ནས་མི་དཔྱད་པར། ཁ་ཕྱིར་བལྟས་ཀྱིས་དཔྱད་པས། ནང་ཆོས་ཉིད་ཀྱི་དོན་མངོན་སུམ་དུ་རྟོགས་སྙམ་པའི་བྱིས་པའི་བློ་ཅན་གྱིས་མི་རྟོགས་ཞེས་གསུངས་པ་མ་གཏོགས། ཚུར་ཅུང་རང་རྒྱུད་ལ་བསྐོར་ནས་ལུང་རིགས་དྲི་མ་མེད་པའི་ལམ་ནས་གནས་ལུགས་ཀྱི་ཕུ་ཐག་ཆོད་ནས། ངང་དུ་རྩེ་གཅིག་ཏུ་འཇོག་མཁན། དཔེར་ན་ནད་ཐོག་ཏུ་མེ་བཙའ་འཇོག་པ་ལྟ་བུའི་རྣལ་འབྱོར་པས་མི་རྟོགས་ཞེས་གསུངས་པ་མ་ཡིན། འོན་ཀྱང་གཞན་དབུ་མ་ལུང་

p. 467

རིགས་སྨྲ་བ་ཀུན་གྱིས་རྟོགས་དཀའ་བ་ལྟ་བུ་གསུངས་པ་དེ་ལ་དགོངས་གཞི་དེ་སྐད་སྨྲས་ན། ལམ་བཟང་དེ་རྣམས་ཉམས་སུ་ལེན་མཁན་གྱི་སྐལ་བཟང་འདུལ་བྱ་མང་པོ་འདུ་བ་དང་། གདུལ་བྱ་རྣམས་གདམས་པ་དེ་ལ་རྩིས་ཆེ་བ་དང་། རྩེ་གཅིག་ཉམས་སུ་བླངས་ན་མཆོག་ཐུན་གྱི་དངོས་གྲུབ་མྱུར་དུ་འཐོབ་པ་དང་། དེའི་མཐུས་བསྟན་པ་མི་ནུབ་པར་ཡུན་རིང་གནས་པ་སོགས་བསྟན་འགྲོ་ལ་དངོས་སམ་བརྒྱུད་ནས་ཕན་པའི་དགོས་པ་མང་པོ་ཡོད་པས། དེ་ལ་དགོངས་ནས་དེ་སྐད་གསུངས་པ་མ་གཏོགས། གཞན་དུ་དབུ་མ་བས་ཆུ་དྭངས་པར་འདོད་ནས་རྙོག་པ་བཞིན་ལྟ་བ་རྟོགས་པ་ཕར་ཞོག །འགྲིབ་པའི་རྒྱུ་ཡིན་བསྐལ་པར་འབད་ཀྱང་མི་རྟོགས་ཞེས་གསུངས་པ་མ་ཡིན་ཏེ། དེ་ཡིན་ན་ལུང་རིགས་མཐའ་ཡས་པ་དང་འགལ་བས། ཆོས་སྤོང་གི་ལས་ཆེན་པོ་གསོག་དགོས་པར་མ་ཟད། དེ་གསུང་པ་པོ་རྒྱལ་བ་སྲས་བཅས་ཐམས་ཅད་སྤོང་དགོས། དབུ་མ་བས་གནས་ལུགས་ཀྱི་ངང་ལ་རྩེ་གཅིག་ཏུ་མཉམ་པར་འཇོག་དགོས་ཞེས་གསུངས་པ་བཞིན་འཇོག་གི་ཡོད་པ་ཡང་ཁྱད་གསོད་བྱེད་དགོས། དེ་བློ་གྲོས་

p. 468

ཅན་སུ་ཞིག་གིས་ཕོད། ཁྱད་པར་རང་གི་ཆོས་རྫོགས་ཆེན་ཕྱག་ཆེན་སོགས་ཀྱི་བླ་མ་གྲུབ་ཐོབ་ཀྱི་གསུང་ཐམས་ཅད་ཀྱང་སྤོང་དགོས་ཏེ། རྙིང་མའི་རྒྱུད་ཀྱི་མཆོག་རྫོགས་ཆེན་ཀུན་གྱི་གཞུང་ཤིང་ལྟ་བུ་ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང་། བར་དུ་གནས་དང་ཐ་མར་འགྲོ། དེ་ལྟར་གསུམ་ལ་བརྟག་དཔྱད་ན། སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། སེམས་དེ་དང་པོ་གང་ནས་བྱུང་། བར་དུ་ག་ན་གནས། ཐ་མ་གང་དུ་འགྲོ་ལྟོས་ཤིག །དེ་ལ་རང་གི་སེམས་འདི་ལ་རང་གིས་བལྟས་པས། བྱུང་ས་གནས་ས་འགྲོ་ས་མི་རྙེད། དེ་འདི་འདྲ་ཞེས་མཚོན་དུ་མེད། ཅེས་དང་། ཕྱག་རྒྱ་ཆེན་པོའི་ཕུག་གཏུག་ས་གྲུབ་ཆེན་ཏཻ་ལོ་པས། བློ་འདས་བྱར་མེད་དོན་དེ་འཐོབ་འདོད་ན། །སེམས་ཀྱི་རྩད་ཆོད་རིག་པ་གཅེར་བུར་ཞོག །ཅེས་དང་། ཞི་བྱེད་ཀྱི་ཕུག་གཏུག་ས། ཕ་དམ་པས། སྟོང་པའི་ངང་དུ་རིག་པའི་མདུང་བསྐོར་གྱིས། །ལྟ་བ་ཐོགས་རྡུགས་མེད་དོ་དིང་རི་བ། །དྲན་མེད་ངང་དུ་ཡེངས་མེད་བྱ་ར་ཐོངས། །སྒོམ་ལ་བྱིང་རྒོད་མེད་དོ་དིང་རི་བ། །གསུངས། གཅོད་ཀྱི་

p. 469

ཕུག་ག་གཏུག་ས་མ་གཅིག་གིས། སེམས་ལ་གཉིས་སུ་མ་མཆིས་ཏེ། །བལྟ་རུ་མེད་པའི་ཚུལ་དུ་བལྟ། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །མཐོང་བ་མེད་པའི་ངང་ལ་ཞོག །ཅེས་དང་། རྗེ་མི་ལས་ཀྱང་། ཤེས་རབ་ཟབ་མོའི་དཔྱོད་པ་དང་བཅས་པ་འདི་ལྷག་མཐོང་འཐོབ་པར་བྱེད་པའི་ཐབས་མེད་མི་རུང་། སྐས་ལ་འཛེག་པའི་སྐས་ཐེམ་འོག་མ་དང་འདྲ་གསུངས། རྗེ་རྒོད་ཚང་པས། རང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་ངང་ལ་ལྷོད་ཀྱིས་གློད། །ཡལ་ལེ་ཆད་དེ་འཛིན་མེད་ཞོག །ཡང་གཅིག་རྣམ་རྟོག་སྐྱེས་ཙ་ན། །ངོ་ཡི་ཙིར་གྱིས་བཟུང་མཛོད་ལ། ཁོ་རང་ཐོག་ཏུ་ལྷོད་དེ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །ཅེས་དང་། བདེ་བ་རབ་འབྱམས་ལས། རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་གཟུང་མེད། །དེ་བཞིན་ཡེ་བཞིན་སྟོང་པའི་ངང་། །བརྗོད་བྲལ་རང་བྱུང་ཡེ་ཤེས་སོ། །གསུངས། དེ་ལྟར་དཔྱད་ཚེ་སེམས་ཞེས་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས།

p. 470

རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་དེ། སངས་རྒྱས་ཀྱིས། སེམས་ནི་ཁ་དོག་མེད། དབྱིབས་མེད། གནས་པ་མེད། ནམ་མཁའ་ལྟ་བུའོ། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། སེམས་ནི་སངས་རྒྱས་ཀྱིས་མ་གཟིགས། །མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་གསུངས། དེས་ན་འདི་འདྲའི་རིགས་ཀྱིས་ནམ་ཡང་གནས་ལུགས་མི་རྟོགས། ཞེས་ཁས་བླངས་ན་བླུན་པོས་ཆོས་མི་ཤེས་པའི་རང་མཚང་ཕྱིར་བསྟན་པ་ཡིན་པས་མཁས་པས་བཞད་གད་ཀྱི་གནས་ལས་གཞན་མ་སེམས། ཁྱོད་སྔར་མེད་པའི་ཆོས་མི་ཤེས་པའི་གྲུབ་ཐོབ་བོད་དུ་བྱུང་བ་ཡིན་པས་ཡ་མཚན་ཆེ། དེ་ལྟར་དབུ་རྫོགས་ཕྱག་གསུམ་སོགས་ཀྱི་དགོངས་པ་ལོན་ན་མི་འགལ་བར་མ་ཟད་གཅིག་གྲོགས་སུ་གཅིག་འགྲོ་སྟེ། དཔེར་ན་མེ་ཞིག་ཁོལ་མོའམ་རླུང་གིས་བསྐྱོད་ནས་འབར་ཚེ་བསྒུལ་བསྐྱོད་མེད་པར་བཞག་ན། སྔར་བས་ལྷག་པར་འུ་རུ་རུ་འབར་བ་བཞིན། སྐབས་སྐབས་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་གནས་ལུགས་སྟོང་པ་ཉིད་ངེས་ཚེ་དེའི་ངང་ལ་འཇོག་སྒོམ་བྱས་ན་བོགས་ཆེ། དེ་ལྟར་བྱེད་པ་ཡང་ཡིན་

p. 471

ཏེ། རྗེ་སྐལ་ལྡན་རྒྱ་མཚོས། ཆོས་སྤྲོས་བྲལ་ནམ་མཁའི་ངོས་ཡངས་པོར། སྐབས་ལ་ལར་དཔྱད་པས་གཤོག་རླབས་བསྐྱོད། །དུས་ལ་ལར་མི་མངོན་མི་སྣང་བར། །སེམས་ཙེན་ནེ་སྡོད་ཚེ་འཇོག་སྒོམ་བྱེད། །ཅེས་དང་། པོ་ཏོ་བས། གཅིག་དང་དུ་བྲལ་རྟེན་འབྲེལ་ལ་སོགས། །གང་ལ་གོམས་པས་སོ་སོར་བརྟག་ཅིང་། །ཅུང་ཟད་མི་རྟོག་ཉིད་དུ་གནས་བྱ། །ཞེས་གསུངས། དཔེར་ན་མེ་འུ་རུ་རུ་འབར་བ་མེ་ལྕེ་ཆུང་ངུར་གྱུར་ཚེ་ཁོལ་མོའང་རླུང་གིས་བསྐྱོད་ན། སྔར་ལྟར་ཆེར་འབར་བ་བཞིན། བྱིང་རྒོད་སོགས་ཀྱིས་གནས་ལུགས་མི་གསལ་བར་གྱུར་དུས། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་བསལ་ན། གནས་ལུགས་འོད་གསལ་སྟོང་པ་ཉིད། སྔར་བས་ཆེར་གསལ་བར་འགྱུར་བས་བོགས་ཆེ། དེ་ལྟར་དཔྱད་པ་ཡང་ཡིན་ཏེ། རྗེ་མི་ལས། རྟོག་པ་རང་ཤར་ཡོད་ཀྱང་འཚལ། །རྟོག་པ་རང་ཤར་མ་བྱུང་ན། །སོ་སོར་རྟོག་དང་མི་འབྲལ་འཚལ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། མ་གཞི་སྟོང་པ་ཉིད་ཀྱི་ཞི་གནས་ལ། རྣམ་རྟོག་མཐར་དེད་སྟོང་བསྐོར་རེམ་དུ་གྱིས། །ཞེས་

p. 472

གསུངས་སོ། །ད་ངས་བསམ་ན། དབུ་རྫོགས་ཕྱག་གསུམ་སོགས་གྲུབ་མཐའ་གང་ཡིན་རུང་། ཐོས་བསམ་གཉིས་ཀྱིས་སྒྲོ་འདོག་གཅོད་དགོས། དཔྱད་འཇོག་གཉིས་ཀྱི་སྒོམ་སུ་ལའང་ཡོད། ཐབས་ཤེས་གཉིས་ཀྱི་ཉམས་ལེན་སུས་ཀྱང་བྱེད་དགོས། མཐར་ཐུག་སྐུ་གཉིས། ཀུན་གྱིས་འཐོབ་པར་འགྱུར་བས། ལམ་དང་འབྲས་བུའི་སྐབས་གང་ཡིན་ཡང་། དོན་གྱིས་མི་མཐུན་པ་ཅུང་ཟད་མི་སྣང་། ཚིག་གི་འགལ་བ་ལྟར་སྣང་བ་རྒྱལ་བའི་གསུང་ན་མཐའ་ཡས། འགལ་འབྲེལ་བརྩི་མི་རུང་། བརྩི་ཤེས་ན་གང་ལ་དད་གུས་དག་སྣང་འབྱུང་བའི་རྒྱུ་ཡིན་པས་ཤིན་ཏུ་ལེགས་ཏེ། བརྩི་མི་ཤེས་ན་རང་གཞན་གྱི་ཆོས་གང་ལ་ཡིད་གཉིས་ཐེ་ཚོམ་ལོག་ལྟ་སྐྱེས། སྐྱོབ་མཁན་དམ་པའི་ཆོས་དང་། དེ་མཛད་པ་པོ་རྒྱལ་བ་སྲས་བཅས་སྤངས་ནས། སྐྱབས་མེད་མགོན་མེད་དུ་བར་དོའི་འཕྲང་རིང་བརྒལ་ནས། ངན་སོང་གི་དུར་ཁྲོད་འཇིགས་སུ་རུང་བ་སྡུག་བསྔལ་དུ་མའི་འབྱུང་གནས་སུ། རང་དབང་མེད་པར་འགྲོ་དགོས་པས། དེ་བས་དད་གུས་ཀྱི་ཞབས་ཏོག་བཟང་པོས། རྩ་བརྒྱུད་བླ་མ་མཆོག་གསུམ་གྱི་དེད་དཔོན་ལ་བརྟེན་ནས།

p. 473

ངེས་ལེགས་རིན་ཆེན་གླིང་དུ་འགྲོ་མ་ནུས་རུང་། མངོན་མཐོ་ལྷ་མིའི་རང་ཡུལ་ཉམས་དགའ་སྐྱིད་པའི་འབྱུང་གནས་སུ་བསྡད་ན་ལེགས། ཡང་ཕྱག་རྫོགས་པ་བླུན་པོ་འགའ་རེས། རི་བོ་དགེ་ལྡན་པ་ཚང་ལ། ཆོས་ཀུན་གྱི་གནས་ལུགས་འདི་འདྲ་ཞིག་རེད་སྙམ་པའི་ངེས་ཤེས་སྐྱེས་ཐབས་ཙམ་ཞིག་མ་གཏོགས། ངེས་དོན་ཕྱག་རྒྱ་ཆེན་པོ་སྒོམ་ཚུལ་མེད། དཔེར་ན་མར་མེ་སྦར་སྟེ། མུན་པར་སོང་ནས་ལེན་དགོས་པ་རྣམས་མིག་གི་གཅིག་མཐོང་ཡང་། ཚུར་ལག་ཏུ་མ་བླངས་པ་དང་འདྲ་ཟེར། ཡང་དབུ་མ་རྟོག་གེ་བ་འགའ་རེས་ཕྱག་རྫོགས་པ་རྣམས་ལ་ཞི་གནས་ཙམ་ཞིག་མ་གཏོགས། ལྷག་མཐོང་གཏན་ནས་མེད། མར་མེ་རླུང་གིས་མི་བསྐྱོད་པའི་ཡོལ་བ་ཡོད་ཀྱང་། མར་མེ་མེད་པར་མིག་བཙུམ་ནས་མུན་པའི་ནང་དུ་ཞུགས་པ་དང་འདྲ་ཟེར། སྨོད་པ་འདི་ཅི་ཡིན་ཟེར་ན། བླ་མ་དམ་པས་དེ་སྐད་གསུངས་པ་ལ་དགོངས་གཞི་ཆེ། དེ་ལ་དམིགས་བསལ་ཡོད་པས་སྐྱོན་མེད། བླུན་པོ་དང་རྟོག་གེ་བ་གཉིས་ཀྱི་འདོད་པ་དེ། ཆོས་རྒྱུས་ཆུང་བས་ལན་པ་ཡིན་ཏེ། རི་བོ་དགེ་ལྡན་པ་ཚང་ལ་ངེས་

p. 474

དོན་ཕྱག་རྒྱ་ཆེན་པོ་སྒོམ་ཚུལ་ཅི་ལ་མེད། སོ་སོར་རྟོག་པའི་ཤེས་རབ་ཀྱིས་གནད་བཞིའི་སྒོ་ནས་དཔྱད་ནས་གནས་ལུགས་སྟོང་སང་གི་ངང་ལ་མཉམ་པར་འཇོག་པ་དེ། ངེས་དོན་ཕྱག་རྒྱ་ཆེན་པོའི་སྒོམ་ཚུལ་ཡིན་ཏེ། ཕྱག་རྫོགས་པས་ཀྱང་སོ་སོར་རྟོག་པའི་ཤེས་རབ་ཀྱིས་སེམས་བྱུང་གནས་འགྲོ་གསུམ་གྱི་སྒོ་ནས་དཔྱད་པས་སེམས་གནས་ལུགས་སྟོང་སང་དེ་ལ་འཇོག་པ་ལ། ངེས་དོན་ཕྱག་རྒྱ་ཆེན་པོ་བསྒོམ་ཟེར་བ་མ་གཏོགས། དེ་བས་ལྷག་ཅིག་མེད་པའི་ཕྱིར་རོ། །ཕྱག་རྫོགས་པར་ལྷག་མཐོང་ཅི་ལ་མེད། སོ་སོར་རྟོག་པའི་ཤེས་རབ་ཀྱིས་བརྟག་ཅིང་དཔྱད་ནས། སེམས་ཀྱི་གནས་ལུགས་འོད་གསལ་སྟོང་པ་ཉིད་དུ་མཐོང་བ་ལྷག་མཐོང་ཡིན་ཏེ། དབུ་མ་བས་ཀྱང་བརྟག་དཔྱད་བྱས་ནས་གནས་ལུགས་ཀྱི་དོན་ཇི་བཞིན་མཐོང་བ་ལྷག་མཐོང་ཟེར་བ་མ་གཏོགས་དེ་བས་ལྷག་ཅིག་མེད་པའི་ཕྱིར་རོ། དེས་ན། དབུ་མ་ཚང་ལ་ངེས་དོན་ཕྱག་རྒྱ་ཆེན་པོ་སྒོམ་ཚུལ་མེད་ནས། ཁྱེད་ཕྱག་རྫོགས་པ་ཚང་གི་སྒོ་ལ་བུད་འོང་བ་ལྟ་བུ་དང་། ཕྱག་རྫོགས་པ་ལ་ལྷག་མཐོང་མེད་ནས་ཁྱེད་དབུ་མ་ཚང་གི་སྒོ་རུ་བུད་འོང་ནི་འདྲ་ཡི་བཤད་བཤད་

p. 475

མ་བྱེད་དང་བཟང་། ཀུན་ལ་ཡོད་པའི་རྟགས་སུ། སྔོན་དབུ་རྫོགས་ཕྱག་གསུམ་ལ་བླ་མ་མཁས་ཤིང་གྲུབ་པ་བརྙེས་པ་ནམ་མཁའི་སྐར་ཚོགས་ལྟ་བུ་བྱུང་ཚུལ་སོམས། ད་ལྟ་ཡང་མང་པོ་བཞུགས་པ་ལ་ལྟོས། མེད་ན་དེ་འདྲ་འབྱུང་དོགས་མེད། བླ་མ་ཞང་གིས། མཛོད་ན་གསེར་ཞོ་གཅིག་མེད་པར། །གསེར་རྒྱུས་ཆེ་བའི་ཁ་སྤྱང་པོ། །བུ་རམ་མིག་གིས་མ་མཐོང་བར། །ལོ་རྒྱུས་མཁས་པའི་ཁ་སྤྱང་པོ། །གསུངས་པ་ལྟར། ད་ང་ཚོ་ཕར་དེད་ན། ཞི་གནས་རྗེས་མཐུན་ཙམ་དང་། གནས་ལུགས་ཀྱི་དོན་འདི་འདྲ་རེད་ཅེས་ངེས་ཤེས་ཙམ་ཡང་མ་སྐྱེས་པ་ངོ་ཚ་རྒྱུ་མེད་པར། གཞན་ལ་ཡོད་མེད་བཤད་པ་འདི་བར་སྐབས་སུ་ཞོག་ལ། རང་རང་གི་ཆོས་ལ་ཐོས་བསམ་སྒོམ་གསུམ་གྱིས་དང་། ཡོད་མེད་ཀྱི་ཧ་གོ་ཡོང་། སྔོན་བྱིས་པ་གཞོན་ནུ་གཉིས་ཀྱི་གཅིག་གིས། ངེད་སང་གི་ཨ་ཕའི་དེ་གཅིག་ཆེ་གི་བཤད་ཚེ། གཅིག་པོ་ན་རེ། ཨ་ཕའི་དེ་ཆེ་ན། ཨ་མའི་དེའི་ཁ་གྲོགས་རེད་སྨྲས། གཉིས་ཀ་ཧ་བགད་བྱས་པ་ལྟར། ངེད་ཚང་ལ་ཡོད། ཁྱེད་སང་ལ་མེད་ཅེས་བཤད་གི་འདུག་དགོས་པ་མ་རེད།

p. 476

ཀུན་ལ་ཡོད་ན་སྐྱིད་ལ། ཕྱག་རྫོགས་དབུ་གསུམ་ཁ་གྲོགས་རེད་བཟང་མོད་ཧ་ཧ། གལ་ཏེ་གཅིག་ཚང་ལ་མེད་ཀྱང་། ཡོད་ནི་ཚང་གི་སྒོ་རུ་སོང་ན་ཆོག་པས་ཁ་མ་གཏོང་། འབྲུག་པ་ཀུན་ལེགས་ཀྱིས། ཁྱོད་ཚང་ཨ་ཇི་རྒྱལ་འཛོམས་འདི། །མོ་སྒོ་མཚར་བས་མི་ཆོག་པར། འོག་འདེགས་མཁས་ཏེ་ཅི་བྱས། །གསུངས་པ་ལྟར་རང་རང་གི་ལྟ་བ་ལེགས་པས་མ་ཆོག་པར། བདག་བསྟོད་གཞན་སྨོད་བྱས་ནས་ཅི་བྱ། ཡང་། གཏན་དུ་འཆི་བ་བསྒོམས་ན་ཡི་མུག་རྒྱུ། །གཏན་དུ་ྈསྟུ་ཚོ་བསྒོམས་ན་མཇེ་རྒན་ལངས། །གསུངས་པ་ལྟར། རྟག་ཏུ་གྲུབ་མཐའི་བཟང་ངན་བསམ་ན་ཆགས་སྡང་ལངས་ནས། ཆོས་སྤོང་གི་ལས་ངན་པ་གསོག་ཉེན་ཆེ་བས་མི་རུང་། གལ་ཏེ་ཁ་གཏོང་ན། ངས་ཁྱེད་ཕྱག་རྫོགས་དབུ་གསུམ་ལ་དྲི་བ་ཞིག་བྱེད་པས་ཉོན་ལ་ལན་ཐོབ། ཁྱེད་ཕྱག་རྫོགས་པས་ཁོང་ཚང་གི་ལྟ་བ་འདི་རྣམ་དག་ཡིན་ཟེར། དབུ་མ་པས་ཀྱང་ལྟ་བ་ཡིན་མིན་ཆ་མེད། ཞི་གནས་བཟང་པོ་ཞིག་རེད་ཅེས་ཁས་ལེན་པར་འདུག །ད་དེ་གཉིས་ཀྱི་གང་ཡིན་ཡང་། ལམ་དེ་ཉམས་སུ་ལེན་པའི་གང་ཟག་ལ་ལམ་རྒྱུད་ལ་སྐྱེས་པའི་རྟགས་

p. 477

མངོན་ཤེས་རྫུ་འཕྲུལ། ཉོན་མོངས་པ་ཐམས་ཅད་ཀྱི་མགོ་ནོན་པ་སོགས་དགོས་ལ། ད་ལྟ་ལམ་དེ་ཉམས་སུ་ལེན་མཁན་ལ་མངོན་ཤེས་རྫུ་འཕྲུལ་ཕར་ཞོག །ཉོན་མོངས་པའི་མགོ་ཡང་ནོན་མི་དགོས། ཆགས་སྡང་རྨོངས་གསུམ་གྱི་མགོ་ལངས་འདུག་པ་ཆེས་ཤིན་ཏུ་མང་བས། དེ་འདྲའི་ཡོན་ཏན་མེད་པའི་ལྟ་བ་ཞིག་དང་། ཞི་གནས་ཤིག་ཡོད་མི་སྲིད། ཁས་ལེན་གཉིས་ཀྱི་གཅིག་ཀྱང་མ་རེད། རྫུན་དུ་བཏང་འདུག །ཡང་དབུ་མ་པས་ཁོང་ཚང་གི་ལྟ་བ་འདི་ཡིན་རབ་ཆེན་པོ་བཅོ་བརྒྱད་བཤད། ཕྱག་རྫོགས་པས་ཀྱང་ལྟ་བ་འདྲ་ཡིན་མིན་མི་ཤེས། ལྟ་བ་ལ་ངེས་ཤེས་སྐྱེ་ཐབས་ཙམ་ཞིག་རེད་ཟེར་ཁས་ལེན་པར་འདུག །དེ་གཉིས་ཀྱི་གང་ཡིན་ཡང་། ལམ་དེ་ཉམས་སུ་ལེན་མཁན་ལ། ལམ་དེ་རྒྱུད་ལ་སྐྱེས་རྟགས་མངོན་ཤེས་རྫུ་འཕྲུལ་དང་ཉོན་མོངས་ཆུང་དགོས་པ་ལ། གཞན་ཕར་ཞོག །དུག་གསུམ་ཇེ་ཆུང་དུ་འགྲོ་མི་དགོས། སྟེང་དུ་སྔར་མེད་པའི་རང་མཐོང་ང་རྒྱལ། གཞན་མཐོ་བར་དོགས་པའི་ཕྲག་དོག་བསྣན་ནས་ཇེ་སྦོམ་དུ་སོང་འདུག་པ་ཤིན་ཏུ་མང་བས། སྔར་གྱི་ཁས་ལེན་གང་

p. 478

ཡིན་ཡང་རྫུན་དུ་བཏང་བྱུང་། གཉིས་ཀའི་གཅིག་ཀྱང་མ་རེད། དེ་འདྲའི་ཡོན་ཏན་སྐྱེ་རྒྱུ་མེད་པར་མ་ཟད་སྐྱོན་སྐྱེད་པའི་ལམ་ཞིག་ཡོད་མི་སྲིད། སྔོན་བནྡེ་ཞིག་ཤི་བོ་ཞིག་ལ་དགེ་རྩ་བཅའ་བའི་སྟེང་དུ་འགྲོ་བ་ལ། ཨ་ཁུ་ཞིག་ཡོད་པས་སྔོན་ཚོ་དང་འདྲ་ན། དགེ་ཐོག་ན་རྩམ་པ་མང་པོ་ཡོད་པས། བནྡེ་ཁྱོད་ཀྱིས་སྣོད་ཆེ་ཞིག་ཁྱེར་ལ་སོང་དང་རྩམ་པ་ལེན་དགོས་བཤད་ཚེ། བནྡེ་ན་རེ། གནའ་དང་དེང་སང་མི་འདྲ་ཁི། དེང་སང་སྐལ་ཁུག་མི་དགོས་ཁི། སྨྲས་པ་ལྟར། སྔོན་གྱི་དུས་ཀྱི་ཕྱག་རྫོགས་དབུ་གསུམ་གྱི་རྣལ་འབྱོར་དང་འདྲ་ན་ལམ་རྟགས་ཀྱི་ཡོན་ཏན་མཐའ་ཡས་དགོས་པ་ལ། དེང་སང་གི་རྣལ་འབྱོར་བ་དང་གཉིས་ཡེ་མི་འདྲ་ཁི། ད་ཁྱེད་རྣམས་ཀྱིས་ཆོས་ལ་ནོར་འཁྲུལ་བྱུང་ཟེར་རམ། གང་ཟག་ཚོ་སྙིང་རུས་ཆུང་བས་ལན་པ་ཡིན་ཟེར་སྨྲོས་ཤིག །ཆོས་ངན་པ་ཡིན་ཟེར་ན། སྔོན་ཁ་ཤོ་གཅིག་གིས་ཁ་ཤོ་ཞིག་ལ་བལྟས། ཁྱོད་ཀྱི་ཁ་ཁ་ཤོ་རེད། ཁོ་བོའི་ཁ་འདི་གཡང་ཤོ་ཡིན་ཞེས་སྨྲས་པ་ལྟར། དབུ་རྫོགས་ཕྱག་གསུམ་སུ་ཡིན་ཡང་གཅིག་གིས་གཅིག་ལ་འཕྱ་སྨོད་སྤུ་ཙམ་མི་འདུག །ཐམས་ཅད་འཆུགས་འདུག །

p. 479

ད་བུ་སྙིང་རུས་ཅན་ཡོད་ན། རྒྱ་གར་ལ་སོང་ནས་བོད་ལ་ཆོས་བསྒྱུར། འཕྱ་སྨོད་བྱས་བསྡད་ནས་ཅི་བྱ། ཡང་དེ་མི་ཟེར། གང་ཟག་ངན་པ་ཡིན་ཟེར་ན། སྔོན་བླ་རྒན་གཅིག་བླ་མ་ཞིག་གི་མདུན་དུ་སོང་། ཁོང་གིས་ཞལ་ཏ་མང་པོ་བྱས། ཁོང་དཀོར་ལ་འབགས་པ་སོགས་མི་བཟང་ཚུལ་གསུངས་ཚེ། བླ་རྒན་གྱིས། བླ་མ་མཆོད་པའི་ནང་གི་ཚིགས་བཞི་ཞིག་གི་ལུང་འདྲེན་བྱས། བླ་མ་ལ་ཆེ་བསྟོད་ཅིག་བྱ་སྙམ་ནས། ཁྱེད་སྐྱེས་བུ་དམ་པ་གཞན་དང་མི་འདྲ་ཁི། །སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། །མ་རུངས་ག་རེད་ན། ཞེས་འཕྲོ་མ་འོང་ཚེ། ཁོང་དཔོན་སློབ་ཐམས་ཅད་བཞད་གད་བྱས་པ་ལྟར། ཆོས་བཟང་ནས་རང་ཉིད་ངན་པ་ཡིན་ན། བླ་རྒན་གྱིས་བླ་མ་ཚང་ལ་བཤད་བཤད་བྱས། ཆོས་ལ་ཁ་གཏོང་ག་ལ་རུང་། ཁས་གཏོང་ན་དཔོན་སློབ་ཚོས། བླ་རྒན་ངོ་ལ་བལྟས་ནས་བཞད་གད་བྱས་པ་ལྟར། རང་ལ་སྙིང་རུས་མེད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་ལམ་ཡང་རིང་ལམ་དུ་བཏང་ཚུལ་སོགས་བསམ་ནས་འཕྱ་སྨོད་བྱེད་དགོས། སྔོན་དབུ་མཛད་ཞིག་གིས་ལམ་རིམ་

p. 480

བསྡུས་དོན་བཏོན་ནས། ངལ་བའི་རྟེན་འདི་ཡིད་བཞིན་ནོར་ལས་ལྷག་ཟེར་ཚེ། འགབ་ན་གྲྭ་བ་གཅིག་གིས། འདི་འདྲ་ཐོས་པ་ད་རེས་ཙམ་ཞིག་ཡིན། ཞེས་ཐམས་ཅད་བཞད་གད་བྱས་པ་ལྟར། ཕྱིན་ཆད་འགའ་རེས་མ་ཤེས་པའི་དབང་གིས་སྐད་གསེང་མཐོན་པོས་གཞན་ལ་ཁ་གཏང་བ་གོ་ཚེ། འདི་འདྲ་ཐོས་པ་ད་རེས་ཙམ་ཞིག་ཡིན། ཞེས་དེ་ལ་བལྟས་ནས་བཞད་གད་བྱེད་དགོས། ད་བན་རྒན་ངས་བསམ་ན་དབུ་མ་བས་ལྟ་བ་ངེས་ཤེས་ཙམ་མིན་འདྲེན་མི་ནུས་ཀྱང་རུང་། ཕྱག་རྫོགས་པ་ཚང་གིས་ཀྱང་། སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས། ངེས་ཤེས་འདྲེན་དགོས་པས་ཁྱོད་ཚང་གི་གྲོགས་ཡིན་པས་དགོས། ཕྱག་རྫོགས་པ་ཞི་གནས་ཙམ་ཞིག་ཡིན་རུང་། ཁྱེད་དབུ་མ་ཚང་ལ་ཞི་གནས་མཁོ་བས་ཁྱེད་ཚང་གི་གྲོགས་ཡིན་པས་བཟང་། བླ་མ་དམ་པ་མང་བས་གདམས་ངག་ཟབ་མི་ཟབ་སྙིང་རུས་ཆེ་ཆུང་ཡིན་གསུངས་པས། ཁྱེད་ཕྱག་རྫོགས་དབུ་གསུམ་སུ་ཚང་ཡིན་ཡང་། སྙིང་རུས་བསྐྱེད་ལ་ཉམས་སུ་ལོངས་དང་། ང་བཟང་ཁྱོད་བཟང་རང་གིས་བཤད་དགོས་པ་མ་རེད། ཉོན་མོངས་ཆུང་དུ་སོང་། མངོན་

p. 481

ཤེས་རྫུ་འཕྲུལ་སོགས་ལམ་རྟགས་ཀྱི་ཡོན་ཏན་ཡོད་ཚེ། བཟང་ངན་ཐང་གི་རྒན་རྒོན་ཡན་ཆད་ཀྱིས་བཤད་ཡོང་། སྔོན་མི་གཅིག་གིས། བུ་ང་མཁས་ཁྱོད་མཁས་མ་ཟེར་དང་། །སུས་ཁ་བདེ་པས་བཤད་ཁི་འགྲོ །བུ་ང་དཔའ་ཁྱོད་དཔའ་མ་ཟེར་དང་། །སུ་དཔའ་སྡེ་པས་བཤད་ནས་འགྲོ །ཞེས་གླུ་བླངས་པ་དང་མཚུངས། སྔོན་ཨ་རིག་བནྡེ་ཟེར་བའི་མགོ་ཆེ་ཅན་ཞིག་ཡོད་པས། མི་གཉིས་ཀྱི་གཅིག་གིས། ཨ་རིག་བནྡེ་དེའི་མགོ་ན་བ་མ་ཙམ་ཞིག་ཡོད་སྨྲས་ཚེ། གཅིག་ན་རེ། དེས་མི་ཚད་ཟངས་ང་ཙམ་ཞིག་ཡོད་ཁི་ཞེས་སྨྲས། གཉིས་ཀ་ཁ་མ་འཆམ་སྟེ་ཕར་རྩོད་ཚུར་རྩོད་བྱས། སྤྲོ་ལངས་ནས་བརྡུང་རེས་བྱས་ཟེར་བ་ལྟར། ཆོས་ཀྱི་བཟང་ངན་ཕར་རྩོད་ཚུར་རྩོད་བྱས་ནས་ཆགས་སྡང་ལངས། གཅིག་གིས་གཅིག་ལ་ཁ་བཏང་། ཆོས་སྤོང་གི་ལས་ངན་པ་བསགས་ནས་ཅི་བྱ། ཨ་རིག་བནྡེའི་མགོ་བརྩད་ནས་མི་དེ་གཉིས་ཀས་ཕུང་རྫོགས་ཀྱང་། གཉིས་ཀ་འཕུང་བ་མ་གཏོགས། ཨ་རིག་བནྡེའི་མགོ་ལ་ཕན་གནོད་གང་ཡང་མ་བྱུང་བ་ལྟར། བསྟན་པའི་ལ་རྒྱ་བརྩད་ནས་བླ་མ་འགའ་

p. 482

རེས་ཕུང་རྫོགས་ཀྱང་། ཁོ་རང་གཉིས་འཕུང་བ་མ་གཏོགས། བསྟན་པ་ལ་ཕན་གནོད་གང་ཡང་མི་འབྱུང་བས། བློ་ལྡན་རྣམས་ཀྱིས་སྙིགས་དུས་ཚེ་ཐུང་ནམ་འཆི་ཆ་མེད་སོམས་ལ། བསྟན་པ་ལ་ཕན་མི་ཐོགས་རང་ལ་ཕམ་སྟེར་བའི་ཚིག་ངན་སྤུ་ཙམ་ཡང་མ་ལབ་པར། ད་ལྟ་འཆི་རུང་མི་འགྱོད་པའི་གདེང་ཞིག་ཆོས་གང་ལ་བརྟེན་ནས་ཐོབ་ཐབས་ཀྱིས་དང་བཟང་། ཡང་འགའ་རེས། དབུ་རྫོགས་ཕྱག་གསུམ་གྱི་ལྟ་བ་འདི། གང་གི་ས་ནས་བལྟས་ཀྱང་མཚུངས་པའི་ཡུལ་མེད་ལ། འདི་གཅིག་ཡིན་ཟེར་བ། མཐུན་འཇུག་གི་གཏམ་ཞིག་ཡིན་པ་མ་གཏོགས། ཕྱག་རྫོགས་པས་དབུ་མ་བཞིན་སྟོང་ཉིད་རྟེན་འབྱུང་གི་དོན་དུ་འཆར་ཚུལ་མི་ཤེས། ཆད་ལྟ་བ་ཡིན་ཟེར་ན། འོ་ཕྱག་རྫོགས་པ་རྣམས་ཀྱིས་འཁོར་འདས་ཀྱི་རྩ་བ་སེམས་ཉིད་འདི། ཕྱི་ནང་སྣོད་བཅུད་རི་ར་བ་ཁང་ཁྱིམ་རང་ལུས་སོགས་གང་ནས་བྱུང་། གང་ན་གནས། གང་དུ་འགྲོ །དབྱིབས་ཁ་དོག་སྐྱེ་འཆི་སོགས་ཨེ་ཡོད་དཔྱད་ནས། དཔེར་ན་ནམ་མཁའ་སྟོང་པ་ལ་མིང་དུ་ནམ་མཁའ་འདོགས་པ་མ་གཏོགས་རང་བཞིན་གྱིས་གྲུབ་པ་མེད་པ་ལྟར། སེམས་ཉིད་སྟོང་

p. 483

པ་ལ་མིང་སེམས་ཞེས་ཕར་བཏགས་པ་ཙམ་མ་གཏོགས། རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པར་གཏན་ལ་ཕབ་ནས། དེའི་ངང་ལ་མཉམ་པར་འཇོག་པ་དབུ་མའི་མཉམ་གཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་དང་མཐུན་ལ། ཆོས་རྣམས་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་སེམས་ཉིད་སྟོང་པ་ཉིད་ཀྱི་འཕྲུལ་དུ་གོ་ཞིང་། རང་བཞིན་གྱིས་མ་གྲུབ་པར་བསྒོམ་པ། དབུ་མའི་རྗེས་ཐོབ་སྒྱུ་མ་ལྟ་བུའི་སྐྱོང་ཚུལ་དང་མཚུངས་པ་ཡིན་ལ། ནམ་མཁའི་འཇའ་སྤྲིན་ནམ་མཁའ་ལ་རྟེན་ཅིང་འབྲེལ་ནས་འབྱུང་བ་བཞིན། ཆོས་ཐམས་ཅད་སེམས་ཉིད་སྟོང་གསལ་ཁྱབ་གདལ་ཆོས་ཀྱི་དབྱིངས་ལ་རྟེན་ཅིང་འབྲེལ་ནས་འབྱུང་བ་དང་། ནམ་མཁའ་ཡང་འཇའ་སྤྲིན་ལ་རྟེན་ཅིང་འབྲེལ་བ་ལྟར། ཆོས་དབྱིངས་ཆོས་ཐམས་ཅད་ལ་རྟེན་ཅིང་འབྲེལ་བ་ཤེས་པས་ཆད་ལྟ་བ་ག་ལ་ཡིན། འཁོར་འདས་ཐམས་ཅད་རྟེན་འབྲེལ་དུ་གོ་བ་འདི་ལས་ལྷག་ཅིག་དབུ་མ་པ་ཚང་ལ་ཡང་མེད་དེ། ཕྱག་ན་པདྨོ་དངོས་རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཉམས་མགུར་ལས། གཞི་འཁོར་འདས་ཆོས་རྣམས་མ་ལུས་པ། །ནང་རང་གི་སེམས་ཀྱིས་

p. 484

བཏགས་པ་ཙམ། །སེམས་དེ་ཡང་བརྟགས་ན་སྐྱེ་འགག་བྲལ། །གནས་ལུས་ཀྱི་ངོ་བོ་ཨེ་མ་ཧོ། །སྟོན་མཁའ་ལ་ཆུ་འཛིན་དྭངས་པ་བཞིན། །དབྱིངས་རང་སེམས་དབྱེར་མེད་སྣང་ངོ་ལ། །མྱོང་སྣང་གི་སྤྲོས་པ་མ་ལུས་ནུབ། །ང་སྐྱེ་མེད་ནམ་མཁའི་རྣལ་འབྱོར་པ། །གཤིས་ཅིར་ཡང་མ་གྲུབ་རྫུན་པོ་ཆེ། །སྣང་གྲག་ཀུན་སྒྱུ་མའི་ལྟད་མོར་མཐོང་། །ཉམས་དགའ་བ་སྣང་སྟོང་ཟུང་འཇུག་འདིས། །བསླུ་མེད་ཀྱི་རྟེན་འབྲེལ་ངེས་པ་རྙེད། །རྗེ་མཁྱེན་པའི་གཏེར་དང་དབྱེར་མེད་པའི། །ཕ་བློ་བཟང་གྲགས་པའི་ལེགས་བཤད་དང་། །རྗེ་མཚན་ལྡན་བླ་མའི་བཀའ་དྲིན་ལས། །ངས་ངེས་དོན་གླུ་རུ་བླངས་པ་ཡིན། །ཞེས་གསུངས་སོ། །ཡང་འགའ་རེས་ཕྱག་རྫོགས་པས་ལས་འབྲས་འཇོག་མི་ཤེས་ཟེར་ན། འོ་ཕྱག་རྫོགས་པས་ཅི་ལ་མི་ཤེས། དཔེར་ན་སྒྱུ་མ་མཁན་གྱིས་སྟག་སེངྒེ་གཤིན་རྗེས་མི་གསོན་པོར་འཆའ་བ་སྤྲུལ་ན། དེའི་རང་མཚང་མ་ཤེས་པའི་བྱིས་པ་དངངས་སྐྲག་འཇིགས་ནས་སྙིང་གས་སྡུག་བསྔལ་མྱོང་བ་དང་། ལྷ་ཡུལ་ཚོང་འདུས་ལྟད་མོར་སྤྲུལ་ན། མི་རྣམས་དགའ་བདེ་མྱོང་བ་དང་། རྨི་ལམ་དུ་མེས་ཚིག །

p. 485

ཆུས་ཁྱེར་ཚེ་སྡུག་བསྔལ་མྱོང་བ་དང་། བཟའ་བཏུང་སོགས་འདོད་ཡོན་ལ་ལོངས་སྤྱོད་པ་སོགས་རྨིས་ཚེ་བདེ་བ་མྱོང་བ་རྣམས་དོན་ལ་གྲུབ་པ་མེད་ཀྱང་བདེ་སྡུག་མྱོང་བ་བཞིན། ལྷ་མིའི་བདེ་བ་དམྱལ་བའི་སྡུག་བསྔལ་སོགས་དོན་ལ་རང་བཞིན་གྱིས་གྲུབ་པ་མེད་ཀྱང་། ལས་འབྲས་དཀར་ནག་གང་གི་རྣམ་སྨིན་ཉམས་སུ་མྱོང་བས་ཤིན་ཏུ་བདེན་ཟེར་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པས། ཀ་དག་དངོས་གཞིར་ཆུ་ལས་ཆུ་བུར་བཞིན། །ཡེ་ནས་བཙལ་དུ་མེད་པའི་ཆོས་རྣམས་ཀུན། །སེམས་ཀྱི་སྣང་ཆ་ཡིན་ཕྱིར་སྣང་བ་ཀུན། །སེམས་སུ་ཐག་བཅད་མྱོང་བ་ཐོན་པར་བྱ། །ཕྲ་ཞིབ་གནས་ལ་ཕྱི་རོལ་གཟུང་བའི་ཡུལ། །མེ་ལོང་གཟུགས་ལྟར་རང་གི་སེམས་ལ་ཤར། །དེ་བཞིན་བཟང་ངན་རྟོག་བྱེད་འཛིན་པ་ཡང་། །རང་སེམས་ལ་ཤར་གཟུང་དང་འཛིན་པའི་ཆོས། །སྒྱུ་མའི་རྟ་གླང་ལྟ་བུར་མེད་བཞིན་དུ། །གཞི་མེད་རྩ་བྲལ་ཡེ་ནས་དག་ན་ཡང་། །སྟོང་ཞིང་མ་འགག་སྣང་བ་སེམས་ཙམ་དུ། ཁས་ལེན་སྔ་འགྱུར་རིག་འཛིན་རྣམས་ཀྱི་ལུགས། །ཞེས་དང་། ཆོས་ཀུན་ཀ་ནས་དག་པས་མ་

p. 486

རྙེད་སྟོང་། །སྟོང་ཡང་སྒྱུ་མ་ལྟ་བུར་མངོན་སུམ་སྣང་། །སྣང་བའི་ངོ་བོར་བལྟས་ན་ངོས་གཟུང་མེད། །མེད་ཀྱང་བདེ་སྡུག་ཐམས་ཅད་ཉམས་མྱོང་ནུས། །ཡོད་ཡོད་ཆུ་ཟླ་ལྟར་འཆར་རང་གི་སེམས། །སེམས་ཀྱི་གཤིས་ལུགས་ནམ་མཁའ་ལྟ་བུར་དག །དགེ་སྡིག་བདེ་སྡུག་སྤྲིན་འབྲུག་འཇའ་གློག་བཞིན། །འཆར་ཡང་བྱུང་གནས་འགྲོ་གསུམ་དམིགས་སུ་མེད། །མེད་ཀྱང་དོན་བྱེད་ནུས་པ་རྨི་ལམ་འདྲ། །གསུངས། ཡང་འགའ་རེས་ཕྱག་རྫོགས་པའི་ལྟ་བ་འདིས་ཉོན་མོངས་ཐུལ་མི་དགོས་ཕྱོགས་ཙམ་ལ་མ་སོང་འདུག་ཟེར་ན། འོ་ཕྱག་རྫོགས་པའི་ལྟ་བས་ཉོན་མོངས་ཐུལ་ཐུལ་ཞིག །དབུ་མའི་ལྟ་བ་སོགས་ཀྱིས་མི་ཐུལ་སྨྲས་ན་ཆོག་སྟེ། སེམས་ཉིད་རང་བཞིན་གྱིས་འོད་གསལ་བ་སྐྱེ་མེད་ཆོས་སྐུ་ཡངས་པ་སྤྲིན་བྲལ་མཁའ་ལྟར་གནས་པའི་ངང་ལ་མཉམ་པར་བཞག་པའི་ཚེ། སྤྲིན་མེད་མཁའ་ལ་ཉི་མ་ཤར་ཚེ། མུན་པ་སྡོད་པའི་གོ་སྐབས་ཅུང་ཟད་ཙམ་མེད་པ་ལྟར། ཉོན་མོངས་པ་ཕྲ་རགས་ཐམས་ཅད་མཐའ་གྲོལ་རྗེས་མེད་དུ་སངས་ནས། རིན་ཆེན་གླིང་ན་རྡོ་མེད་པ་བཞིན། འོད་གསལ་ཆོས་སྐུ་ཉག་གཅིག་ཡིན་ཏེ། རྗེ་མི་

p. 487

ལས། རྟོགས་པ་ནང་ནས་ཤར་ཙ་ན། །མུན་ལ་ཉི་མ་ཤར་བ་བཞིན། །ཉོན་མོངས་རྣམ་པར་རྟོག་པའི་ཚོགས། །བཅོས་མེད་རང་སར་ཡལ་ནས་ཐལ། །ཞེས་དང་། མར་པ་ལོ་ཙཱས། སེམས་ཉིད་གཉུག་མའི་རང་བཞིན་གདོད་ནས་སྟོང་། །ཐོབས་དངོས་པོ་འཇོམས་པ་བཞིན། །མཐོང་དང་རེག་དང་དྲན་པས་གྲོལ། །དོན་འདི་ལེགས་པར་གོ་བར་མཛོད། །འདི་ཕྱག་རྒྱ་ཆེན་པོའི་སྒོམ་དབྱངས་ཡིན། །གསུངས། དཔེར་ན་སེངྒེའི་གསོབ་སེངྒེ་དངོས་ཡིན་སྙམ་ནས་འཇིགས་སྐྲག་སྐྱེས་ཡོད་པ། གཞན་མས་སེངྒེ་དངོས་མིན་གསོབ་ཡིན་ཞེས་བཤད། རང་ཡང་ཐག་ཉེར་སོང་ཞིབ་དུ་བལྟས། གསོབ་དངོས་ཡིན་པར་ཐག་ཆོད་ཚེ། ཕྱིས་ནམ་མཐོང་ཡང་། མཐོང་བ་དང་དུས་མཉམ། གསོབ་ཡིན་པའི་ངེས་ཤེས་ཀྱང་ལྷང་གིས་སྐྱེ། འཇིགས་པ་སྤུ་ཙམ་མེད་པར་བློ་བདེ་འབོལ་ལེར་གནས་པ་ལྟར། རྗེས་ཐོབ་སྐབས་སུ་སྔར་ཉོན་མོངས་དུག་ལྔ་ཁྱད་པར་ཞེ་སྡང་ལངས་ན། སྙིང་ནང་ན་ཡོད་པ་མི་ཚད། ན་རྒྱུ་ཡོད་པ་ལྟ་བུ་དེ། བླ་མས་རང་བཞིན་མེད་པར་ཡེ་ཤེས་ལྔ་རུ་ངོ་སྤྲད་པ་དེ་ལྟར།

p. 488

རང་གིས་ཀྱང་དུག་ལྔ་སྐྱེ་རུ་བཅུག །སྐྱེ་འགག་གནས་གསུམ་དབྱིབས་ཁ་དོག་སོགས་ཨེ་གྲུབ་ལྟོས། མིང་ཙམ་མ་གཏོགས་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་མེད་པར་ཐག་བཅད་ཚེ། ཕྱིས་ཉོན་མོངས་གང་སྐྱེས་ཀྱང་། སྐྱེས་པ་དང་དུས་མཉམ་བདེན་མེད་ཀྱི་ངེས་ཤེས་ཀྱང་ལྷང་གིས་སྐྱེ། ཤར་གྲོལ་དུས་མཉམ་དུ་གྱུར་ནས། དཔེར་ན་ཤིང་ཅི་ཙམ་མང་ཡང་མེ་ཡི་གྲོགས་ཡིན་པ་བཞིན། ཉོན་མོངས་གང་སྐྱེས་རྣལ་འབྱོར་པའི་གྲོགས་སུ་འཆར་ཏེ། ཇོ་བོ་རྗེས། ཉི་མ་ཉིན་གཅིག་ལ་ཡང་བདག་འཛིན་ལ། །མི་དགོས་དགུ་དགོས་རྣམ་པར་རྟོག་པ་བརྒྱ། །འཕྲོས་མ་ཐག་ཏུ་གཉེན་པོས་བཙལ་བ་ཡིས། མ་རྙེད་ཆོས་དབྱིངས་ཁོ་ན་ཡིན་པར་གདའ། །ཞེས་དང་། མ་གཅིག་གིས། ཉོན་མོངས་ཡེ་ཤེས་ཡིན་པ་ལ། །ཉོན་མོངས་སྤངས་པའི་ཕ་རོལ་ནས། ཡེ་ཤེས་འཚོལ་བ་སྙིང་རེ་རྗེ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །གསུངས། དཔེར་ན་རྫས་སྔགས་སྨན་གྱིས་དུག་ཀུན་འཚོ་བའི་ཟས་སུ་བསྒྱུར་བ་དང་། གསེར་འགྱུར་རྩི་ཡིས་ལྕགས་རྣམས་གསེར་དུ་བསྒྱུར་བ་ལྟར།

p. 489

ཉོན་མོངས་ཐམས་ཅད་མ་སྤངས་པར་ཡེ་ཤེས་སུ་བསྒྱུར་བ་ཕྱག་རྫོགས་ཨ་མའི་བུ་རྒོད་ཚོའི་ཁྱད་ཆོས་ཡིན་པས། དབུ་མ་ཚང་ལ་མ་གྲགས་པའི་ཁྱད་ཆོས་ཤིག་འདིར་མཆིས་སོ། །དེ་བཞིན་དུ་བློ་སྦྱོང་མཚོན་ཆ་འཁོར་ལོ་ལས་ཀྱང་། བཙན་དུག་ནགས་སུ་རྨ་བྱ་རྒྱུ་བ་ན། །སྨན་གྱི་ལྡུམ་ར་ལེགས་པར་མཛེས་གྱུར་ཀྱང་། །རྨ་བྱའི་ཚོགས་རྣམས་དགའ་བར་མི་འགྱུར་གྱི། །བཙན་དུག་བཅུད་ཀྱིས་རྨ་བྱ་འཚོ་བ་ལྟར། །དཔའ་བོ་འཁོར་བའི་གནས་སུ་འཇུག་པ་ན། །བདེ་སྐྱིད་དཔལ་གྱི་ལྡུམ་ར་མཛེས་གྱུར་ཀྱང་། །དཔའ་བོ་དག་ནི་ཆགས་པར་མི་འགྱུར་གྱི། །སྡུག་བསྔལ་ནགས་སུ་སེམས་དཔའ་འཚོ་བ་ཡིན། །དེ་ཕྱིར་བདེ་སྐྱིད་དང་དུ་ལེན་ལེན་པས། །སྡར་མའི་དབང་གིས་སྡུག་ལ་སྐྱེལ་བ་ཡིན། །སྡུག་བསྔལ་དང་དུ་ལེན་པའི་སེམས་དཔའ་རྣམས། །དཔའ་བོའི་སྟོབས་ཀྱིས་རྟག་ཏུ་བདེ་བ་ཡིན། །ད་འདིར་འདོད་ཆགས་བཙན་དུག་ནགས་དང་འདྲ། །དཔའ་བོ་རྨ་བྱ་ལྟ་བུས་ཆུན་པར་འགྱུར། །སྡར་མ་བྱ་རོག་ལྟ་བུའི་སྲོག་ལ་འཚེ། །རང་འདོད་ཅན་གྱི་དུག་འདི་ག་ལ་ཆུན། །ཉོན་མོངས་གཞན་ཡང་དེ་

p. 490

བཞིན་སྦྱར་བ་ན། །བྱ་རོག་ལྟ་བུའི་ཐར་པའི་སྲོག་ལ་འབབ། །དེ་ཕྱིར་སེམས་དཔའ་རྨ་བྱ་ལྟ་བུ་ཡིས། །དུག་གི་ནགས་དང་འདྲ་བའི་ཉོན་མོངས་རྣམས། །བཅུད་དུ་སྦྱར་ལ་འཁོར་བའི་ནགས་སུ་འཇུག །དང་དུ་བླངས་ལ་དུག་འདི་གཞོམ་བར་བྱ། །ཞེས་གསུངས་སོ། །སྤྱིར་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་སེམས་ཅན་གྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་འདུལ་བའི་གཉེན་པོར་གསུངས་པ་ཡིན་པས། རྒྱལ་བའི་གསུང་རབ་གང་ཡིན་ཡང་ཉོན་མོངས་པའི་གཉེན་པོར་མི་འགྲོ་བ་གཅིག་ཙམ་ཡང་མེད་ལ། ཁྱད་པར་གསང་སྔགས་བླ་ན་མེད་པའི་ཆོས་ཕྱག་རྫོགས་ཀྱི་ལྟ་བ་འདིས་ཉོན་མོངས་པ་ཐུལ་བ་ཕར་ཞོག །ཕྱོགས་སྒོ་ཙམ་ལ་ཡང་མ་སོང་ཞེས་སྨྲས་ན། སྔོན་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པའི་རྗེ་བཙུན་མི་ལ་རས་པ་ལ་སོགས་ཕྱག་རྫོགས་ཉམས་སུ་བླངས་པའི་སྐྱེས་ཆེན་དམ་པ་ཐམས་ཅད་ཀྱིས་ཉོན་མོངས་མ་ཐུལ་ཡན་པར་བཏང་ནས་སངས་རྒྱས་སོང་བ་ཡིན་ཞེས་ཁྱོད་ཀྱིས་ཁས་ལེན་དགོས། དེ་ཁས་ལེན་ན་འེ་ཚོའི་འཁོར་བ་ཐོག་མེད་ནས་ད་བར་ཉོན་མོངས་ཡན་པར་བཏང་བས་སངས་མ་རྒྱས་པར་མ་ཟད། རང་ཉིད་ཞི་

p. 491

བདེའི་གོ་འཕང་ཙམ་ཞིག་ཀྱང་མ་འཐོབ་པར། འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་ལྷུངས། སྐྱེ་རྒ་ན་འཆི་སོགས་སྡུག་བསྔལ་མྱོང་དགོས་པ་ཅི་བྱུང་བ་ཡིན་ཁྱོད་ལ་དྲི་བས། སོར་བཞི་ཐུགས་ཀར་ཞོག །སྤྱན་ཡང་རེ་ཞིག་ཟུམ་ལ་ཐུགས་བསམ་ཐོངས། བླ་མ་ཞང་རིན་པོ་ཆེས། ཀྱེ་མ་ལོང་བས་མིག་ལྡན་སྨོད། །སྒོ་མི་འབྱེད་པར་ནང་རྒྱུས་བཤད། །ལོང་བས་ལམ་སྣ་ཁྲིད་བཞེད་དེ། །བེའུ་སྦྲེལ་གཡང་ལ་མ་བསྐུར་མཛོད། །རང་གཞན་གཉིས་ཀ་འཕུང་བར་མཆིའོ། །ཞེས་དང་། ཁྲེལ་བདས་ཀྱི་གླུ་ཆུང་ལས། དད་པ་མེད། སྡིག་ལ་དགའ། དམྱལ་བར་སྐྱེ། འཆི་ཁར་འགྱོད་པ་འདི་གྱོང་རེ་ཆེ། བྱ་བྲེལ་མང་། སེམས་ཁྲལ་ཆེ། ཀུན་སློང་ངན། བྱ་བ་དོན་མེད་འདི་གྱོང་རེ་ཆེ། ཐོས་པས་ཁེངས། ཚིག་ལ་དགའ། མན་ངག་མེད། རློམ་པའི་བདུད་ལངས་འདི་གྱོང་རེ་ཆེ། བསྒོམ་སྲན་ཆུང་། ཐོས་བས་སྦོས། སྔགས་ལ་གཤེ། དམ་ཆོས་སྤངས་པ་འདི་གྱོང་རེ་ཆེ། ཤེས་རབ་ཆུང་། ཡིད་ཆེས་དཀའ། སྐྱོན་ལ་རྟོག །མན་ངག་མི་རྙེད་པ་འདི་གྱོང་རེ་ཆེ། གསུངས། དབུ་རྫོགས་

p. 492

ཕྱག་གསུམ་སོགས་གྲུབ་མཐའ་དག་མི་འགྲིགས་པའི་རྩ་བ་འདི་ཕར་དེད་ན། ལྟ་བ་འདི་མཐའ་གཅིག་ཏུ་བཟུང་བས་ལན་པར་གདའ། མཐའ་གཅིག་ཏུ་འཛིན་ག་ལ་རུང་། གཟུགས་སྐུའི་རྒྱུ་ཐབས་ཀྱི་ཆ་མཐའ་ཡས་པ་བཞིན། ཆོས་སྐུའི་རྒྱུ་ཤེས་རབ་ལྷག་མཐོང་ངམ་ལྟ་བའང་མཐའ་ཡས་སྟེ། མགོན་པོ་ཀླུ་སྒྲུབ་ཀྱིས། གང་ཚེ་སངས་རྒྱས་གཟུགས་སྐུ་ཡི། །རྒྱུ་ཡང་དེ་ལྟ་འཇིག་རྟེན་བཞིན། །གཞལ་མེད་དེ་ཚེ་ཆོས་སྐུ་ཡི། །རྒྱུ་དེ་ཇི་ལྟར་གཞལ་དུ་ཡོད། །ཅེས་གསུངས། ལྟ་བ་མཐའ་ཡས་པ་དེ་ཀུན་གྱིས་ལ་ལས་དངོས། ལ་ལས་བརྒྱུད་ནས་ཆོས་སྐུ་མངོན་དུ་བྱེད་པས། དོན་གྱི་སྙིང་པོ་ཕྱོགས་གཅིག་ཏུ་འབབ། རང་གི་འདོད་ཕྱོགས་ཀྱི་ལྟ་སྒོམ་དང་ཅུང་མ་མཐུན་ཚེ། རང་གཞན་གྱི་གྲུབ་མཐའ་གང་རུང་ཞིག་མ་ཡིན་རྒྱུ་རེད་སྙམ། ཆོས་སྤོང་གི་ལས་ངན་པ་གསོག་མི་རུང་། སྐྱེས་བུ་དམ་པ་འགའ་རེས་དགོས་པའི་དབང་གིས་གྲུབ་མཐའ་འདི་བཟང་། གཞན་རྣམ་དག་མ་ཡིན་ཞེས་གསུངས་པ་དགོངས་གཞི་ཆེ། འེ་ཚོའི་དགོས་པ་མཆོད་ཅིག་མེད་བཞིན་ལད་མོ་བྱེད་མི་རུང་། སངས་རྒྱས་རོལ་པ་བསམ་མི་ཁྱབ། །དམ་པའི་

p. 493

ཆོས་ཀྱང་བསམ་མི་ཁྱབ། །མ་གསུངས་སམ། བློ་གྲོས་ཅན་གྱིས་རང་གི་གཞུང་དང་མི་མཐུན་ཡང་། དེ་འདྲའི་ཆོས་ཀྱང་ཡོད། དེ་ལ་ཁ་གཏོང་མི་རུང་སྙམ་དུ་དད་གུས་དང་། ནམ་ཞིག་དེའི་དོན་གོ་བར་སྨོན་ལམ་ཐོབ་དང་བཟང་། དཔེར་ན་རི་ཆེན་པོ་ཞིག་གི་རྩེ་ལ་འགྲོ་བ་ཕྱོགས་ཕྱོགས་ན་ལམ་ཆེ་ཆུང་མང་པོ་ཡོད་པ། སྔར་སྐྱ་སེར་ཕོ་མོ་བརྒྱད་ཁྲི་བཞི་སྟོང་སོང་། ད་དུང་དེ་བཞིན་མི་མང་འགྲོ་གི་ཡོད་པའི་ལམ་གང་ལ་ཡང་། འདི་ལམ་མིན་ཟེར་ཚུལ་མེད་པ་ལྟར། རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་འགྲོ་བ་ལ། དབུ་རྫོགས་ཕྱག་གསུམ་སོགས་ཀྱི་དམ་པའི་ཆོས་ཀྱི་ལམ་རབ་འབྲིང་མང་པོ་ཡོད་པ། སྔར་རྒྱ་བོད་ཀྱི་མཁས་གྲུབ་ཕོ་མོ་བྱེ་བ་ཕྲག་བརྒྱ་གཤེགས་ད་དུང་ཡང་སྐལ་བཟང་གི་གདུལ་བྱ་མང་པོ་རྒྱུན་མི་འཆད་དུ་འགྲོ་བའི་མ་ནོར་ལམ་བཟང་གང་ལ་ཡང་ལམ་ལོག་ཡིན་སུས་ཟེར། དཔེར་ན་ལམ་དེ་རྣམས་ཀྱི་ཆེ་ཆུང་ཉེ་རིང་། དེ་རུ་འགྲོ་མཁན་གྱི་མི་རྣམས་ཀྱང་། སྐྱ་མི། རྐང་ཐང་། མི་གཅིག་རྐྱང་། ཀུན་རི་རྩེ་ལ་སྔ་ཕྱི་བྱས་ནས་ཐོན་འགྲོ་བ་བཞིན། དམ་པའི་ཆོས་ཀྱི་ལམ་རྣམས་ཀྱི་

p. 494

རྒྱ་ཆེ་ཆུང་། ཉེ་རིང་ཉམས་སུ་ལེན་པའི་གང་ཟག །ཆགས་ལྡན། ཆགས་བྲལ་མཐའ་གཅིག་ཏུ་མ་ངེས་ཀྱང་ཐམས་ཅད་ཀྱི་སྐྱེ་བ་རེའམ། སྐྱེ་བ་བཟང་པོ་བརྒྱུད་ནས་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པར་འགྱུར་བས། ལམ་ཐམས་ཅད་རྣམ་དག་ཡིན་ཏེ། བླ་མ་ཞང་རིན་པོ་ཆེས། རང་རང་ལམ་ལ་མངོན་ཞེན་པས། །ཕན་ཚུན་ལམ་ལ་སྨད་མི་བྱ། །གང་ནས་ཞུགས་ཀྱང་འདོད་སར་སླེབས། །ཨེ་མ་ངོ་མཚར་རྨད་ཀྱི་ཆོས། །ཞེས་དང་། རྗེ་སྐལ་ལྡན་རྒྱ་མཚོས། མཆོག་སངས་རྒྱས་ཐོབ་པའི་ཐབས་དམ་པ། །ས་དགེ་ལྡན་གསར་རྙིང་ཀུན་ལ་ཡོད། །གཞན་མ་སྨོད་ཀུན་ལ་དག་སྣང་སྦྱོངས། །གསུངས། དཔལ་གསང་བའི་བདག་པོའི་ཞལ་ནས། ལྷག་མཐོང་གི་མྱོང་བ་ཐོན་པའི་ཐབས་ཁྱད་པར་ཅན། གསང་སྔགས་ཀྱི་གདམས་པ་ཐུན་མོང་མིན་པ། སྦྱོར་དྲུག་དང་རྫོགས་ཆེན་ཡིན། ཞེས་དང་། ལྟ་བའི་ཕྱོགས་ལ་ཀླུ་སྒྲུབ་དང་ཟླ་གྲགས་ཀྱིས་བཀྲལ་བ་འདི་ཡང་འཁྲུལ་མེད་ཡིན་གསུངས། འོ་ན་ཡང་ཇོ་བོ་རྗེའི་ཞལ་ནས། དང་པོའི་སངས་རྒྱས་རྒྱུད་ཆེན་ལས། །རབ་ཏུ་འབད་པས་བཀག་པའི་ཕྱིར། །གསང་བ་ཤེས་རབ་

p. 495

དབང་བསྐུར་བྱ། །ཚངས་པར་སྤྱད་པས་བླང་མི་བྱ། །གལ་ཏེ་དབང་བསྐུར་དེ་འཛིན་ན། །ཚངས་སྤྱོད་དཀའ་ཐུབ་ལ་གནས་པས། །བཀག་པ་སྤྱད་པར་འགྱུར་བའི་ཕྱིར། །དཀའ་ཐུབ་སྡོམ་པ་དེ་ཉམས་ཏེ། །བརྟུལ་ཞུགས་ཅན་དེ་ཕམ་པ་ཡི། །ལྟུང་བ་དག་ནི་འབྱུང་འགྱུར་ཞིང་། །དེ་ནི་ངན་སོང་དེ་ལྟུང་བས། །གྲུབ་པ་ནམ་ཡང་ཡོད་མ་ཡིན། །གསུངས། ཞང་གཡུ་བྲག་འགྲོ་མགོན་གྱི་ཞལ་ནས། གསང་མཆོག་བླ་ན་མེད་པ་ཡི། །དཀྱིལ་འཁོར་ཆོ་ག་ཐམས་ཅད་ལས། །དང་པོ་སོ་སོར་ཐར་པ་དང་། །ཐེག་ཆེན་སྡོམ་པ་གཉིས་བྱིན་པས། །དེ་མ་ཐག་ཏུ་བུམ་པའི་དབང་། །དེ་རྗེས་གསང་བའི་དབང་བསྐུར་ནས། །ཡོལ་བ་སོགས་ཀྱིས་དབེན་བྱས་ཏེ། །ལས་ཀྱི་ཕྱག་རྒྱ་དེར་གཏད་ནས། །ཐབས་ཀྱི་གདོང་ནི་གཡོག་པ་དང་། །ཤེས་རབ་གདོང་ཡང་གཡོག་བྱས་ལ། །བོ་ལ་ཀ་ཀོ་ལ་སྦྱར་ནས། །གསུམ་པ་ཉམས་སུ་མྱོང་བྱས་ལ། །གོང་གི་དཀའ་ཐུབ་སྡོམ་པ་དེ། །མ་ཉམས་སྟེང་དུ་སླར་འཕེལ་བ། །མཆོག་ཐོབ་རྣམས་ལ་མྱོང་བས་གྲུབ། །གསུངས། འདི་གཉིས་ཀྱི་གནང་བཀག་ཀྱང་མི་གཅིག་

p. 496

པ་ཅི་ཡིན་ཟེར་ན། མཉམ་མེད་ཇོ་བོ་ཆེན་པོས། དང་པོའི་སངས་རྒྱས་རྒྱུད་ཆེན་གྱིས། །ལུང་ཁུངས་སུ་དྲངས་ནས། དབང་གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར། སོ་ཐར་སྡོམ་ལྡན་ལ་བསྐུར་མི་རུང་། སྡོམ་པ་ཉམས་ནས་དམྱལ་བར་འགྲོ་གསུངས་པ་དེ། སྤྱིར་སྙིགས་དུས་འདིར་སྔགས་ཀྱི་ཆོས་སེངྒེ་དཀར་མོའི་འོ་མ་ལྟ་བུ་བླུགས་པའི་སྣོད་གདུལ་བྱ་སྐལ་བཟང་དབང་པོ་ཡང་རབ་རིན་ཆེན་གསེར་སྣོད་ལྟ་བུ་དཀོན་ཞིང་། གང་ཟག་དབང་པོ་རྟུལ་པོ་རྫ་སྣོད་བཞིན་མང་བས། །གང་ཟག་དབང་པོ་རྟུལ་པོ་ཉོན་མོངས་རགས་པའི་སྟེང་དུ་བླ་མ་ངན་པས། ལམ་ཐུན་མོང་བས་རྒྱུད་ཀྱང་མ་སྦྱངས། འཕྲད་མ་ཐག་ནས་གསང་དབང་བསྐུར་ན། ཁྭ་ཏར་དུག་བྱིན་ན། ལུས་ཟུངས་བསྐྱེད་པ་ཕར་ཞོག །སྐྱགས་པ་ཡན་ཆད་ཤོར་ནས་འཆི་བ་བཞིན། སྔགས་ལམ་གྱི་གྲོགས་སུ་གྱུར་ནས་ལམ་ཉམས་སུ་ལོན་པ་ཕར་ཞོག །སྔར་གྱི་སྡོམ་པ་ཡན་ཆད་ཤོར་ནས་དམྱལ་བར་འགྲོ་བ་སྙིང་རྗེ་ནས། དེ་རྣམས་ལ་ཕན་པ་དང་། ཡང་ཆ་གཅིག་ན། བསྟན་ཞབས་འདུལ་བས་འཛིན་དགོས་པས། འདུལ་འཛིན་མང་ན་བསྟན་པ་མི་ནུབ་པར་

p. 497

ཡུན་རིང་གནས་པ་སོགས་བསྟན་འགྲོ་ལ་ཕན་པའི་དགོངས་གཞི་མང་པོ་ཡོད་ནས། དེ་སྐད་གསུངས་པ་མ་གཏོགས། གསང་དབང་བསྐུར་ཚད་ཐམས་ཅད་ཀྱི་སྡོམ་པ་ཤོར་ནས་དམྱལ་བར་འགྲོ་ཞེས་གསུངས་པ་མ་ཡིན་པའི་དགོངས་པ་ལོན་དགོས། དེ་ལྟར་དགོངས་པ་མ་ལོན་ན། སྡོམ་གསུམ་ལྡན་པས་གསང་སྔགས་ཉམས་སུ་ལེན་ཞེས་མཁས་གྲུབ་ཚད་ལྡན་དུ་མས་གསུངས་པ་ཐམས་ཅད་དང་འགལ་ཞིང་། འབྲོམ་རིན་པོ་ཆེས། འདུལ་བ་སྔགས་གཉིས་གཅིག་གྲོགས་སུ་གཅིག་སོང་བ་ངའི་བླ་མའི་བཀའ་བརྒྱུད་མིན་པ་མེད་གསུངས་པ་དང་། བསྟན་པ་ཐམས་ཅད་གྲུ་བཞིར་ལམ་གྱིས་འཁྱེར་ཤེས་པ་ངའི་བླ་མ་ཞེས། ཇོ་བོ་རྗེ་ལ་བསྔགས་བརྗོད་མང་པོ་གནང་བ་ལ་ཡང་དོན་འབྲས་མ་བྱུང་བས། བསྟན་པ་ཐམས་ཅད་ནར་མོ་ལམ་དུ་འཁྱེར་ཤེས་པ་ངའི་བླ་མ་ཞེས་ཟེར་དགོས་པར་འགྱུར་བའི་ཕྱིར་རོ། ཡང་བླ་མ་ཞང་རིན་པོ་ཆེས། གསང་སྔགས་ཀྱི་ཆོ་ག་མང་པོ་ལུང་ཁུངས་སུ་དྲངས་ནས། གསང་དབང་བསྐུར་ན། སྡོམ་པ་ཉམས་པ་ཕར་ཞོག །གོང་འཕེལ་དུ་འགྱུར་ཞེས་གསུངས་པ་དེ།

p. 498

སྔགས་ཀྱི་གདུལ་བྱ་དབང་པོ་ཡང་རབ་གསེར་སྣོད་ལྟ་བུ་ལ་མཚན་ལྡན་བླ་མས་ལམ་ཐུན་མོང་དང་ཐུན་མོང་མ་ཡིན་པས་རྒྱུད་སྦྱངས། སྔགས་ཀྱི་དབང་བཞི་བསྐུར་བའི་སྣོད་རུང་བྱས། ད་ངེས་པར་དབང་བསྐུར་ན། འདོད་ཡོན་ཉོན་མོངས་པའི་གྲོགས་སུ་འགྲོ་བ་ཕར་ཞོག །ངེས་པར་གསང་སྔགས་ཀྱི་བསྐྱེད་རྫོགས་ཀྱི་ལམ་གྱི་གྲོགས་སུ་གྱུར་ནས། མཆོག་གི་དངོས་གྲུབ་ཚེ་འདིར་ཐོབ་ཁི་སྙམ་པའི་གང་ཟག་རེ་གཉིས་ལ་ཤིན་ཏུ་གསང་བའི་ཚུལ་དུ་གསང་བ་ཤེས་རབ་ཡེ་ཤེས་ཀྱི་དབང་དངོས་སུ་བསྐུར་ན། རྨ་བྱ་ལ་དུག་བྱིན་ན་ལུས་ལ་གནོད་པ་ཕར་ཞོག །སྔར་བས་སྒྲོ་མདོངས་ལེགས་པ་ལྟར། སྡོམ་པ་འཆོར་བ་ཕར་ཞོག་ཡར་ལྡན་དུ་འགྱུར་བ་ལ་དགོངས་ནས་དེ་སྐད་གསུངས་པ་མ་གཏོགས། སྤྱིར་སོ་ཐར་གྱི་སྡོམ་ལྡན་ཐམས་ཅད་ལ་བུད་མེད་སྔོ་མཆུ་རེ་གཏོད་ལ། མཚན་མ་གཉིས་ལེགས་པར་སྤྲོད་དང་། སྡོམ་པ་མི་འཆོར་བའི་སྟེང་དུ་གོང་འཕེལ་དུ་འགྱུར་ཞེས་གསུངས་པ་མ་ཡིན་པའི་དགོངས་པ་ལོན་དགོས། སྤྱིར་ཀུན་ལ་དངོས་དབང་བསྐུར་གཏན་ནས་མི་ཆོག་པར་མ་ཟད། དབང་འོག་མ་གཉིས་ཀྱང་བསྐུར་མི་ཆོག་པ་

p. 499

མང་། གལ་ཏེ་དབང་བཞི་བསྐུར་ཡང་ལས་རྒྱའི་གཟུགས་བརྙན་ཤོག་གུ་ཚོར་བྲིས་པ་ལྟ་བུ་ལ་བལྟས། ཡིད་ཀྱིས་ཡེ་ཤེས་ཀྱི་ཕྱག་རྒྱ་ཚོར་མོས་པ་ཙམ་རེ་མ་གཏོག་ག་ལ་རུང་། དེ་ལྟར་དགོངས་པ་མ་ལོན་ན། མདོ་རྒྱུད་དུ་མ་དང་འགལ་ཞིང་། རྟ་བོང་ཡན་ཆད་ཀྱིས་སྔགས་ཀྱི་སྡོམ་པ་ཡར་ལྡན་དུ་གཏོང་ཞེས་ཁས་ལེན་དགོས་པའི་ཕྱིར་རོ། །དེ་ལྟར་དགོངས་པ་ལོན་ན་ཁོང་རྣམ་པ་གཉིས་ཀའི་གསུང་དེ། དོན་གྱིས་མི་འགལ་བ་ཙམ་དུ་མ་ཟད། བསྟན་འགྲོ་ལ་དངོས་སམ་བརྒྱུད་ནས་ཕན་པའི་དགོས་པ་ཆེན་པོ་ཡོད། སྔགས་ཀྱི་རྟེན་དུ་སོ་ཐར་གྱི་སྡོམ་པ་དགོས་པའི་ཚུལ་ནི། དགྱེས་རྡོར་ལས། དང་པོ་བསྙེན་གནས་སྡོམ་པ་ཕོག །དེ་རྗེས་བསླབ་པའི་གནས་བཅུ་སྦྱིན། །དེ་རྗེས་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་རྗེས་དབུ་མ་བསྟན་པར་བྱ། །རྒྱུད་ཀུན་གཞུང་ནི་ཤེས་བྱས་ལ། །དེ་རྗེས་དགྱེས་པ་རྡོ་རྗེ་བསླབ། །ཞེས་དང་། རྒྱུད་རྡོ་རྗེའི་ཕྲེང་བ་ལས། ནང་དུ་འདུས་པ་ལ་རབ་དགའ། །ཕྱི་རོལ་ཉན་ཐོས་ཀྱི་སྤྱོད་པ། །དེ་ལྟའི་མན་ངག་རིམ་པ་ཡིས། །སློབ་མ་རྣམས་ལ་

p. 500

རྗེས་སུ་བསླབ། །ཅེས་དང་། གསང་བ་ཡེ་ཤེས་ལས། ཕྱི་ལྟར་ལག་ལེན་འདུལ་བའི་ལུགས་སུ་སྤྱོད། །རྒྱུ་འབྲས་སྤང་བླང་ཞིབ་པའི་དགོས་པ་ཡོད། །ནང་ལྟར་གསང་སྔགས་ཐུན་མོང་ལུགས་སུ་སྤྱོད། །བསྐྱེད་རྫོགས་དོན་དང་འབྲེལ་བའི་དགོས་པ་ཡོད། །གསང་བ་གསང་ཆེན་ཨ་ཏིའི་ལུགས་སུ་སྤྱོད། །ཚེ་གཅིག་འོད་སྐུར་གྲོལ་བའི་དགོས་པ་ཡོད། །ཅེས་གསུངས་སོ། འོ་ན་ཡང་། དགྱེས་རྡོར་རྒྱུད་ལས། དབང་པོ་གཉིས་ནི་མཉམ་སྦྱར་བས། །སངས་རྒྱས་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། གསང་རྒྱུད་ལས། མ་༡་ནི་རང་གི་གསང་དབང་མནོས་པ་དང་༡་བུ་མོ་༢་ནི་གསང་དབང་བསྐུར་བ་སྲིང་མོ་༣་ནི་རང་དང་དབང་དུས་མཉམ་དུ་ཐོབ་པ་ལ་ཟེར་ལ། །འདོད་པའི་སེམས་ཀྱིས་སྤྱད་བྱས་ན། །པདྨ་རིགས་ཀྱི་ཞིང་དུ་སྐྱེ། །ཞེས་དང་། ཡང་ཀྱཻ་རྡོ་རྗེ་ལས། ཤིན་ཏུ་བཞིན་བཟང་མིག་ཡངས་མ། །རང་གིས་དབང་བསྐུར་སྙིང་རྗེ་ཅན། །རྡོ་རྗེའི་བུ་མོ་འདི་ཁྱེར་ནས། །སྤྱོད་པ་བྱ་བ་རྟོགས་པར་གྱིས། །ཞེས་དང་། གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། །བསྒྲུབས་བྱས་སྒྲུབ་པར་ཡང་དག་སྦྱོར། །གང་ཡིན་དེ་ནི་བསྙེན་པར་བཤད། །རྡོ་རྗེ་པདྨ་

p. 501

མཉམ་སྦྱོར་བ། །ཉེ་བར་བསྒྲུབ་པ་ཞེས་བཤད་དོ། །ཡེ་གེ་ཧཱུྃ་དང་ཕཊ྄་ལྡན་པ། །བསྐྱེད་པ་སྒྲུབ་པ་ཞེས་བཤད་པ། །ངོ་བོ་ཉིད་བདེ་ཞི་བདེ་བ། །སྒྲུབ་པ་ཆེན་པོ་ཞེས་བཤད་དོ། །ཞེས་དང་། གསང་འདུས་ཀྱི་དམ་ཚིག་ཆེན་པོའི་ལེའུ་ལས། འདོད་པའི་ལོངས་སྤྱོད་ཐམས་ཅད་ལ། །ཇི་ལྟར་འདོད་པར་བསྟེན་ན་ནི། །འདི་ལྟ་བུ་ཡི་སྦྱོར་བ་ཡིས། །སངས་རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་དང་། ཉི་ཟླ་སྒྲུབ་པ་ལས། མཚན་ཉིད་ལྡན་པའི་བུ་མོ་ལ། །སྐྱབས་འགྲོ་དབང་བསྐུར་སྣོད་དུ་བྱས། །གཟུགས་སྒྲས་ཆགས་པ་རྒྱས་པར་བྱ། །སྤྱོད་དེས་དྭངས་མ་གཡོ་བར་བྱ། །ཞེས་དང་། མདོ་ལས། ཐབས་ཆེན་རྣམས་དང་ལྡན་པ་ལ། །ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་དང་། འདུལ་བ་དོན་ཡོད་པར་གྲུབ་པའི་རྒྱུད་ལས། གང་གིས་བླུན་པོ་འཆིང་འགྱུར་བ། །དེ་ཡིས་མཁས་པ་ཡོངས་སུ་གྲོལ། །ཞེས་དང་། དཔལ་དོན་དམ་པའི་བསྙེན་པ་ལས། འདོད་ཆགས་གང་ཞིག་གིས་ནི་སེམས་ཅན་ལྷུང་གྱུར་པ། །དེ་ཉིད་ཀྱིས་ནི་རྣལ་འབྱོར་སྲིད་པའི་ཕ་རོལ་བགྲོད། །ཅེས་དང་།

p. 502

སྙན་བརྒྱུད་ལས། ཆགས་པས་ལས་རྒྱ་མང་དུ་སྦྱར། །བདེ་ཆེན་རོ་མཉམ་དག་ཏུ་བྱ། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། །བཅུ་དྲུག་ལོ་ལོན་ལུས་ཅན་མ། །གཟུགས་དང་ལང་ཚོས་བརྒྱན་པ་ལ། །དང་པོ་བྱིན་གྱིས་བརླབས་བྱས་ནས། །དབང་སྐུར་བསྒྲུབ་པ་ནས་བརྩམས་ཏེ། །བུད་མེད་སྤྱོད་པ་དེ་རྣམས་ཀྱི། །རྣལ་འབྱོར་པ་ཡི་བྱ་བ་ཡི། །ཚངས་པར་སྤྱོད་པ་ལ་གནས་ནས། །བུད་མེད་ལ་བསྲུབ་སྤྱོད་པ་སྟེ། །ཞེས་དང་། ཕྱག་རྒྱ་ཆེན་པོའི་ཡན་ལག་བསྒོམ། །འགྱུར་མེད་བདེ་བ་བསྒྲུབས་ནས་ནི། །ཚེ་འདི་ཉིད་ལ་སངས་རྒྱས་འགྱུར། །ཞེས་དང་། ཆགས་བྲལ་ལས་ནི་སྡིག་གཞན་མེད། །དེ་ལས་བསོད་ནམས་གཞན་པ་མེད། །དེ་བས་རྟག་པར་མི་འགྱུར་བདེ། །སེམས་ནི་དབུག་བྱ་མི་དབང་ཀྱེ། །ཞེས་དང་། མི་འགྱུར་བ་ལས་ཐམས་ཅད་མཁྱེན། །སྐྱེ་བ་མ་རིག་ཐེ་ཚོམ་ཟ། །ཡིད་ལ་བདེན་མིན་དེ་ལྟ་འང་། །ཆགས་བྲལ་བར་ནི་མི་བྱ་འོ། །འཕོ་བ་ལས་ནི་ཆགས་བྲལ་འགྱུར། །ཆགས་བྲལ་ལས་ནི་སྡུག་བསྔལ་འབྱུང་། །སྡུག་བསྔལ་ལས་ནི་སྐྱེས་བུའི་ཁམས། །ཟད་ལས་འཆི་བ་ཞེས་སུ་བརྗོད། །ཤི་ལས་དེ་

p. 503

ནས་སླར་ཡང་སྲིད། །སྲིད་པ་ལས་ནི་སླར་འཆི་འཕོ། །ཞེས་དང་། འོག་མིན་གྱིས་ནི་མཐར་ཐུག་པ། །གཟུགས་ཁམས་ཡེ་ཤེས་ཕྱག་རྒྱ་འོ། །ཞེས་དང་། ཡིད་འོང་ལྷ་མོ་རབ་བསམས་ཏེ། །དེ་ལ་ཀུན་ཏུ་སྙོམས་འཇུག་བྱ། །ངེས་པར་བདེ་ཆེན་རྒྱས་པར་འགྱུར། །ཞེས་དང་། རྣལ་འབྱོར་བླ་མེད་རྒྱུད་ཆེན་ལས། །སྲོག་ཆགས་གསད་པར་མི་བྱ་ཞིང་། །སློབ་དཔོན་སྨད་པར་མི་བྱ་སྟེ། །བུད་མེད་སངས་རྒྱས་སྤང་མི་བྱ། །ཞེས་དང་། ཤེས་རབ་ཡེ་ཤེས་སྦྱོར་བ་ནི། །ལྷ་མོ་གཞན་དང་ཀུན་སྦྱོར་བ། །འདོད་ལ་ཆགས་པར་གྱུར་པ་དང་། །བུད་མེད་དབང་ཕྱུག་ཤིན་ཏུ་སྦྱོར། །ཞེས་དང་། ཚེ་རིང་མཆེད་ལྔས། བཀའ་རྒྱུད་སྡེ་བླ་ན་མེད་པ་ནས། ལྷ་དང་ཀླུ་དང་གནོད་སྦྱིན་གྱི། །བུ་མོ་འགུགས་ཞེས་གསུངས་པས་ན། །བསྙེན་བཀུར་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་ཡ་མཚན་ཆེ་འོ་གསུངས། །ཞེས་སྨྲས་པའི་ལན་དུ། རྗེ་བཙུན་མི་ལའི་ཞལ་ནས། །ང་ནཱ་རོ་པཎ་ཆེན་བརྒྱུད་པ་འདི། །ལམ་རྩ་དང་རླུང་ལ་རང་དབང་ཐོབ། །མཆོད་པ་རྣམས་ཀྱི་ནང་ནས་ཀྱང་། །ཕྱག་རྒྱ་མཚན་ལྡན་

p. 504

འབུལ་བ་འདི། །ཁྱད་པར་འཕགས་པའི་འབུལ་བ་ཡིན། །གསུངས་ནས་བཞེས། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིམ་ལྔ་ལས། སྒྱུ་མ་དག་ནི་ཐམས་ཅད་ལས། །བུད་མེད་སྒྱུ་མ་ཁྱད་པར་འཕགས། །ཡེ་ཤེས་གསུམ་གྱི་དབྱེ་བ་ཡིས། །གསལ་བ་དེ་ལ་མཚོན་པ་འོ། །ཞེས་དང་། ཏཻ་ལོ་བས། ཕྱག་རྒྱ་ལ་བསྟེན་བདེ་སྟོང་ངང་གིས་འཆར། །ཚེ་རིང་མགྱོགས་ལ་སྐྱོན་རྣམས་མཐའ་དག་བསལ། །སྐྲ་དཀར་མེད་ཅིང་རང་ལུས་ཟླ་ལྟར་རྒྱས། །མདངས་གསལ་སྟོབས་འཕེལ་ཅི་འདོད་ལས་ལ་སྦྱོར། །ཞེས་དང་། ལྷོ་བྲག་མར་པས། གཞན་ལུས་ལམ་དུ་སློང་ཙ་ན། །ལས་ཀྱི་ཕྱག་རྒྱའི་གདམས་ངག་ཡོད། །ཕྱག་རྒྱ་མི་བསྟེན་རང་ལ་སྡིག །ཅེས་དང་། བྲམ་ཟེ་ཆེན་པོ་ས་ར་ཧས། མདའ་མཁན་གྱི་བུ་མོ་ཕྱག་རྒྱར་བཞེས་ནས། དེ་སྔ་ཕན་ཆད་དགེ་སློང་མིན། །དེ་རིང་དུས་ནས་དགེ་སློང་སྟེ། །ཚངས་པར་སྤྱོད་ན་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །དེ་བས་དེ་ནི་བསྟེན་པར་བྱ། །ཞེས་དང་། འཁོར་ལོ་བདེ་མཆོག་ལས། རྟག་ཏུ་ཚངས་པར་སྤྱོད་གྱུར་ནས། །རྐང་པ་བརྒྱད་པའི་སྔགས་ཀྱིས་མཆོད། །

p. 505

འཇིགས་པ་ཐམས་ཅད་རྣམ་སྤངས་ཏེ། །དེ་ལྟར་རྣལ་འབྱོར་བདག་ཉིད་བསམ། །ཞེས་དང་། རྣལ་འབྱོར་བླ་མེད་རྒྱུད་ལས། བཅུ་དྲུག་ལོ་ལོན་ཤེས་རབ་མ། །ལག་པ་གཉིས་ཀྱིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུ་མཉམ་སྦྱོར་བ། །སློབ་དཔོན་གྱི་ནི་དབང་དུ་བཤད། །ཅེས་དང་། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་དང་གསུང་དང་ཐུགས་རྡོ་རྗེ་བཙུན་མོའི་བྷ་ག་ལ་བཞུགས་སོ། །ཞེས་དང་། ཨེ་ཡི་ཆ་བྱད་བཟང་པོ་གང་། །དབུས་སུ་བཾ་གྱིས་རྣམ་པར་བརྒྱན། །སངས་རྒྱས་རིན་ཆེན་ཟ་མ་ཏོག །བདེ་བ་ཅན་ན་རྟག་ཏུ་བཞུགས། ཞེས་དང་། དཔལ་སྒྱུ་འཕྲུལ་ཆེན་པོའི་རྒྱུད་ལས། ཀྱེ་གྲོགས་པོ་དག །རྡོ་རྗེ་དང་པདྨ་ཁ་འབྱེད་པར་མཛད་པ་ཨ་ལ་ལ་ཧོཿ ཞེས་དང་། རྒྱུད་གཞན་ལས་ཀྱང་། ཐབས་གཞན་གྱིས་ནི་སངས་མི་རྒྱ། །ཞེས་སོགས་གསུངས་ནས། རྨོངས་པ་གང་ཞིག་འདི་སྤོང་བ། །དེ་ལ་མཆོག་གི་དངོས་གྲུབ་མེད། །ཅེས་གསུངས། བདེ་མཆོག་རྩ་རྒྱུད་ལས། ཁྱད་པར་དུ་ནི་སྒྲུབ་པ་པོ། །རང་གི་མགོ་པང་བར་བཞག་ལ། །དཔའ་བོ་གཉིས་

p. 506

མེད་རབ་ཏུ་མཆོད། །མ་འམ་ཡང་ན་སྲིང་མོ་འམ། །བུ་མོ་ཡང་ན་ཆུང་མར་ནི། རྣམ་པ་འདི་ལྟའི་ཆོ་ག་ཡིས། །བཅིངས་པ་ལས་ནི་རབ་གྲོལ་བྱ། །དེ་ནས་སྔགས་ནི་འགྲུབ་གྱུར་ཏེ། །ཇི་སྲིད་འབྱུང་བ་ཡོད་དུ་འོ། །ཞེས་དང་། རིག་འཛིན་ཟིལ་གནོད་དྲག་རྩལ་གྱིས། །མཛེས་སྡུག་ལང་ཚོའི་ཁུར་འཛིན་བཞིན་རས་ངོམས། །མཉེན་ལྕུག་སོར་མོའི་འཁྲི་ཤིང་ཟློས་གར་བསྒྱུར། །གནག་སྣུམ་སྐྲ་ཡི་ལན་བུ་སིལ་བུར་གྲོལ། །ཟླུམ་རྒྱས་ནུ་འབུར་མཐོ་ཞིང་སྐེད་སྐབས་ཕྲ། །བདེ་ཆེན་ཁོང་ནས་རྒོད་པའི་བཞིན་འགྱུར་ཞིང་། །ཟིམ་བུའི་ཟུར་མིག་ཕོ་ཉས་གཞན་ཡིད་འགུགས། །བྱང་སེམས་རྔུལ་ཆུའི་རྒྱུན་འབབ་ཆུ་སྐྱེས་ཀྱིས། །རབ་མཛེས་སྨད་ཀྱི་ཁོ་ལག་ཡངས་ཤིང་རྒྱས། །དྷུ་ཏིའི་མར་སྣ་ཕྱེ་བའི་སིད་སྒྲ་སྒྲོག །འདེགས་འཇོག་འགྱུར་ཁུག་སྤོམ་ཕྲའི་དབྱངས་སྙན་ལྡན། །དྲི་ཞིམ་ལུས་དང་ཁ་ཡི་ངད་པ་འཐུལ། །མ་མཆུས་སྦྲང་རྩི་མངར་པོ་ཅི་ཡང་སྟེར། །རེག་པས་ལྷག་པར་མྱོས་པའི་དགའ་ཆེན་འདྲེན། །བདེ་ཆེན་དོ་ལིས་བསྐྱོད་པ་བུ་མོས་བཟུང་། །བརླ་བཅིངས་རྐང་སྦྱོར་ས་མནན་མཉམ་དུ་བཅིངས། །འཕྲུལ་

p. 507

འཁོར་ཞོན་པ་བུང་དྲ་རྐང་པ་ཅན། །རུས་སྦལ་ཀུན་ཏུ་བཟང་པོས་བཅིངས་པ་དང་། །རི་མོ་ཅན་སོགས་འཁྲིག་པས་འདོད་ཡོན་གྱི། །སྦྱོར་ཐབས་འོ་འཁྱུད་སོ་དང་སེན་མོ་འདེབས། །མཉམ་སྦྱོར་བསྲུབ་དང་འདེགས་འཇོག་སྒྱུ་རྩལ་གྱི། །ཡོན་ཏན་དྲུག་ཅུ་བཞི་ལ་ལྷག་པར་མཁས། །པདྨ་གླང་པོ་རི་དྭགས་དུང་ཅན་མ། །ཞིང་སྔགས་ལྷན་སྐྱེས་ཕྱག་རྒྱའི་ཕོ་ཉ་མོ། །ཞེས་དང་། པདྨ་ཅན་སོགས་ཡིད་འཕྲོག་ལྷ་མོའི་གཟུགས། །སྐེད་ཕྲ་ནུ་འབུར་བྷ་ག་མངོན་པར་རྒྱས། །དབང་པོ་དྲུག་ལ་དགའ་བའི་བདེ་སྟེར་མ། །ཞེས་དང་། སྙན་ངག་མེ་ལོང་གི་དཀའ་འགྲེལ་ལས། ཨུ་དུམ་ཝཱ་ར་འཛུམ་པའི་ཞལ། །ཚེམས་ཕྲེང་ཟེའུ་འབྲུ་རྒོད་པ་ཅན། །ཧ་རི་ཙན་དན་དྲི་བྲོ་བའི། །དགའ་མ་མཐོང་བས་འདོད་འཕེལ་འགྱུར། །ཞེས་དང་། སྙིམ་པའི་རྨད་བྱུང་རེག་བྱ་ཅན། །འདོད་པས་མྱོས་པའི་ཡིད་ཅན་གྱི། །ལུས་ལ་རེག་པའི་བདེ་བ་ཡིས། །སྔོན་མེད་སྙིང་གི་བདུད་རྩིར་བྱས། །ཞེས་དང་། རྗེ་རིན་པོ་ཆེའི་མཐའ་གཅོད་མྱུ་གུ་ལས། དེ་ཡང་ཕྱི་ནང་གི་གཟུགས་ཀྱི་སྐྱེ་མཆེད་ཐམས་ཅད་ཡོངས་སུ་གྱུར་པ་

p. 508

ལས། གཟུགས་རྡོ་རྗེ་མ་ལག་པ་པདྨ་འཇམ་པོས་མེ་ལོང་བཟུང་ནས། ཞི་བའི་མིག་གིས་བལྟ་ཞིང་། མུ་ཏིག་གི་ཆུན་པོ་འཆང་བ། ནུ་མ་རྒྱས་ཤིང་འབུར་ལ་བར་དོགས་པ། གོས་ཅུང་ཟད་གྲོལ་ཞིང་། རོ་སྨད་མཛེས་པར་སྟོན་པར་བསམ་ནས་དེའི་གཟུགས་ལ་རྒྱུན་དུ་བལྟས་པས། བདེ་བ་ཆེན་པོ་འབྱུང་བར་བསམ། དེ་བཞིན་དུ་སྒྲ་རྣམས་སྒྲ་རྡོ་རྗེ་མ་གླུ་སྙན་པ་ལེན་ཞིང་པི་ཝང་གི་སྒྲ་སྒྲོག་པར་བསྐྱེད་པ་དང་། དྲི་རྣམས་དྲི་རྡོ་རྗེ་མ་གར་བྱེད་ཅིང་། ནོར་བུའི་སྣོད་དུ་གུར་གུམ་དང་། ཨ་ག་རུ་དང་། ཙན་དན་སྦྲུལ་གྱི་སྙིང་པོ་དང་། ག་བུར་ལ་སོགས་པའི་དྲིས་བཀང་བ་ཕྱོགས་བཅུར་དྲི་བཟང་པོས་ཁྱབ་པར་བསྐྱེད་པ་དང་། རོ་རྣམས་རོ་རྡོ་རྗེ་མ་གསེར་དངུལ་ལ་སོགས་པའི་རིན་པོ་ཆེའི་སྣོད་བཟའ་བཅའ་སྣ་ཚོགས་པས་བཀང་བ་དང་། ལྷའི་བདུད་རྩིས་བཀང་བ་བཟུང་བར་བསྐྱེད་པ་དང་། རེག་བྱ་རྣམས་རེག་བྱ་རྡོ་རྗེ་མ་མཚན་ཐམས་ཅད་ཀྱིས་བརྒྱན་པ། ཁྲོ་གཉེར་གསུམ་གྱིས་མཛེས་པ། སྐེད་པ་ཤིན་ཏུ་ཕྲ་བ། ལྟེ་བ་ཡངས་ཤིང་གཡས་སུ་འཁྱིལ་བ། རོ་སྨད་དང་འདོམ་སྡུག་པ། འགྲོས་དལ་ཞིང་སྒེག་པ། ཐམས་ཅད་ཀྱི་

p. 509

བཞིན་འཛུམ་ཞིང་། ཆགས་པའི་མིག་གིས་བལྟ་བར་བསྐྱེད་ནས། སྒྲ་དྲི་རོ་ལ་ལོངས་སྤྱོད་པ་དང་། ཕན་ཚུན་འཁྱུད་དེ་རེག་བྱ་ལ་ལོངས་སྤྱོད་པས། བདེ་བ་ཆེན་པོ་རྒྱས་པར་བསམ་མོ། །ཞེས་གསུངས། ཡང་མདོ་ལས། དཔེར་ན་བཅོ་ལྔའི་ཟླ་ཤར་ལ། །སྤྲིན་གྱིས་གཡོགས་པར་གྱུར་པ་ན། །འོད་སྟོང་འཇིག་རྟེན་མི་མཐོང་ལྟར། །སྐྱེས་བུ་དགེ་བའི་ཟླ་བ་ལ། །བུད་མེད་ལྷོ་སྤྲིན་དེ་བཞིན་ནོ། །ཞེས་དང་། དཔེར་ན་ཏིལ་འབྲས་སཱ་ལུ་ཡི། །ལོ་ཏོག་ཕུན་སུམ་ཚོགས་པ་ལ། །རྡོ་ཡི་སེར་བ་བབ་གྱུར་ན། །འབྲས་བུ་བླང་དུ་མེད་པ་ལྟར། །སྐྱེས་བུ་དགེ་བའི་ལོ་ཏོག་ལ། །བུད་མེད་སེར་བ་དེ་བཞིན་ནོ། ཞེས་དང་། བལྟས་ཤིང་གཏམ་ཡང་ཕུང་འགྱུར་ན། །དེ་ཉིད་བསྟེན་པ་སྨོས་ཅི་དགོས། །ཡུད་ཙམ་བདེ་ལ་ཆགས་པ་ནི། །འབར་བའི་ཁྲི་ལ་ཆགས་པ་འོ། །ཞེས་དང་། དྲན་པ་ཉེར་བཞག་ལས། ལེགས་པ་བརྒྱ་ནི་ཆུད་གཟན་པ། །མ་ཁེགས་གཅིག་པུ་དྲན་པར་བྱེད། །སྡིག་པའི་ས་གཞི་བུད་མེད་ཡིན། །སྙིང་ནི་གློག་གི་ངོ་བོ་བཞིན། །སྐྱེ་བོ་ཆགས་པའི་སེམས་ཡོད་པ། །འཇིགས་པའི་རྒྱུ་ནི་

p. 510

བུད་མེད་བྱེད། །འཇིག་རྟེན་འདི་དང་ཕ་རོལ་ཏུ། །འཇིགས་བྱེད་ནང་ནས་བུད་མེད་འཇིགས། །གལ་ཏེ་བདེ་བ་མཆོག་འདོད་ན། །དེ་ལྟར་བུད་མེད་རྣམ་པར་སྤོངས། །བུད་མེད་རྟག་ཏུ་སྤངས་པ་ནི། །འཇིག་རྟེན་འདི་དང་ཕ་རོལ་བདེ། །གང་ཞིག་དབུལ་བ་སྤོང་འདོད་ཅིང་། །གང་ཞིག་བདག་ནི་འབྱོར་འདོད་དང་། །གང་ཞིག་མྱ་ངན་འདའ་འདོད་པ། །མི་དེས་བུད་མེད་སྤང་བར་བྱ། །ཞེས་དང་། མདོ་རྒྱ་ཆེར་རོལ་པ་ལས། འདོད་པ་སྡུག་བསྔལ་མང་པོ་བསགས་ཤིང་སྡུག་བསྔལ་རྩ་བ་སྟེ། །མི་མཁས་རྣམས་ལ་བསམ་གཏན་རྫུ་འཕྲུལ་དཀའ་ཐུབ་ཉམས་པར་བྱེད། །བུད་མེད་འདོད་པའི་ཡོན་ཏན་ཆོག་པ་མེད་ཅེས་མཁས་པས་སྨྲས། །ཞེས་དང་། མི་གང་འདོད་པའི་བུད་མེད་རྣམས་ཀྱི་ཁོལ་པོར་གྱུར་པ་དང་། །གང་ཞིག་ཆོས་ཀྱི་དགའ་བ་བོར་དེ་འདོད་པའི་དགའ་བྱེད་ཅིང་། །དགའ་ལ་བརྐམ་པ་དེ་ནི་ཚུལ་ཁྲིམས་ལམ་ལས་གོལ་འགྱུར་ཞིང་། །བསམ་གཏན་ལམ་གོལ་བློ་ཉམས་ཡེ་ཤེས་ལས་ནི་རབ་རིང་གནས། །ཞེས་དང་། ཟླ་བ་སྒྲོན་མེའི་མདོ་ལས། འཇིགས་པ་ཆེན་པོའི་ཞགས་པ་ནི། །བུད་མེད་ཞགས་པ་མི་

p. 511

ཟད་པས། །སངས་རྒྱས་རྣམས་ཀྱི་འདོད་པ་དང་། །བུད་མེད་བསྟེན་པ་ཡོངས་མ་བསྔགས། །ལས་འདིས་བྱང་ཆུབ་མི་འགྱུར་བས། །བུད་མེད་རྣམས་ལ་མ་བསྟེན་པར། །སྦྲུལ་གདུག་ཤིན་ཏུ་ཁྲོ་བ་ལྟར། །མཁས་པས་དེ་ནི་རྣམ་པར་སྤང་། །ཞེས་དང་། དཔུང་བཟང་གི་རྒྱུད་ལས། འཛུམ་ཞིང་འགྲོ་ལ་སྨྲ་ཞིང་མིག་ཟུར་ཅན། །ཡན་ལག་ཐམས་ཅད་མིག་འཕྲོག་བྱེད་པའི་གཟུགས། །བུད་མེད་གཟུགས་ཀྱི་མཚོན་ཆ་འཇེབས་འདྲ་བས། །སྐྱེ་བོའི་སེམས་དག་མངོན་དུ་འཕྲོག་པར་བྱེད། །ལྕགས་ཀྱི་ཐོང་ལྕགས་རབ་ཏུ་འབར་བ་ཡིས། །མིག་ནི་རྣམ་པར་བཀབ་པ་བཅག་སླ་ཡི། །དེས་ནི་དྲན་པ་ཉམས་པས་བུད་མེད་ཀྱི། །དཀྱུས་རིང་མིག་ཅན་བཞིན་ནི་མ་མཐོང་སླ། །ཞེས་དང་། སྐྱེས་རབས་སུ། ཨེ་མ་ཧོ། འདི་མིང་འདི་ལྟར་བཏགས་པ་ནི། །དོན་དང་རྗེས་སུ་མཐུན་ཞིང་ཚིག་ཀྱང་སྙན། །འཛུམ་པའི་མདངས་དཀར་མྱོས་བྱེད་མ་ཞེས་པ། །བདག་གི་སེམས་ཀྱང་མྱོས་པ་བཞིན་དུ་བྱེད། །དེ་ནི་བརྗེད་པར་བདག་འདོད་ན། །སེམས་ཀྱིས་མཐོང་བ་བཞིན་དུ་གྱུར། །བདག་གི་སེམས་ནི་དེ་ལ་

p. 512

གནས། །སེམས་དེ་དེ་ཡི་དབང་དུ་གྱུར། །ཞེས་དང་། བུ་མོ་ཟླ་བ་མཆོག་གིས་ཞུས་པའི་མདོ་ལས། །གང་དག་གཞན་གྱི་ཆུང་མ་མཐོང་གྱུར་ན། །མ་དང་སྲིང་མོའི་འདུ་ཤེས་སྐྱེད་བྱེད་པ། །དེ་དག་མཛེས་ཤིང་བལྟ་ན་སྡུག་པ་དང་། །སྡུག་པ་མཆོག་ཏུ་ཡིད་དུ་འོང་བར་འགྱུར། །ཞེས་དང་། དྲན་པ་ཉེར་བཞག་ལས། རི་མོ་བྲིས་པའི་བུད་མེད་ལ་འང་། །མིག་གིས་ལྟ་བར་མི་བྱེད་དེ། །འཇིག་རྟེན་འདོད་པ་དག་བཅོམ་པ། །དེ་ལྟ་བུ་ནི་གྲོལ་ཞེས་བྱ། །ཞེས་དང་། རྗེ་མི་ལས། ལུས་ལ་དམར་སྨུག་གི་ནང་རུལ་མ། །ཡིད་ལ་ཁྱོ་འདོད་ཀྱི་གཞུང་ངན་མ། །ལར་ཕུང་གི་རྩ་བ་བུད་མེད་ཡིན། །གསུངས། ཁ་རག་སྒོམ་ཆུང་པས། ཞེན་ཆགས་བྲལ་བའི་དམ་པ་ལ། །ལས་ཀྱི་ཕྱག་རྒྱའི་དགོས་པ་མེད། །ཞེན་ཆགས་སེམས་དང་འདྲེས་པ་ཡི། །ཕྱག་རྒྱས་ངན་འགྲོར་འཁྲིད་དོ་ཨང་། །ཞེས་དང་། དང་པོའི་སངས་རྒྱས་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་རྣམ་པར་སྤང་། །ཞེས་དང་། དུས་འཁོར་རྩ་རྒྱུད་ལས། ལས་ཀྱི་ཕྱག་རྒྱ་ཡོངས་དོར་ཞིང་། །བཏགས་པས་ཡེ་ཤེས་ཕྱག་རྒྱ་སྤངས། །མཆོག་ཏུ་མི་འགྱུར་སྦྱོར་བ་ཡིས། །

p. 513

ཕྱག་རྒྱ་ཆེན་པོ་རྣམ་བསྒོམ་བྱ། །ཞེས་དང་། ཧེ་རུ་ཀ་མངོན་བྱུང་ལས། རྣལ་འབྱོར་མེད་པ་རྣལ་འབྱོར་ཆོས། །ཕྱག་རྒྱ་ལས་ནི་བགྲོད་གྱུར་དང་། །ཡེ་ཤེས་མེད་པ་ཡེ་ཤེས་ཚུལ། །དམྱལ་བར་འགྲོ་བར་ཐེ་ཚོམ་མེད། །ཅེས་དང་། སློབ་སྤྲིངས་ལས། བུད་མེད་ཡན་ལག་དྲི་ངན་རུལ་བ་མི་སྡུག་དང་། །པདྨ་ཟླ་བ་ཨུཏྤལ་དག་ཏུ་སྙོམས་བྱེད་པ། །སྙན་ངག་མཁན་གྱི་རྫུན་དེའི་འབྲས་བུ་མི་བཟད་པ། དེ་དག་དེ་ཡི་མངལ་ནས་འཇུག་པ་དེ་ཡིན་ནོ། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའི་རིན་ཆེན་ཕྲེང་བ་ལས། བུད་མེད་ཆགས་པ་ཕལ་ཆེར་ནི། །བུད་མེད་གཟུགས་གཙང་སེམས་ལས་བྱུང་། །བུད་མེད་གཟུགས་ལ་དོན་དུ་ནི། །གཙང་བ་ཅུང་ཟད་ཡོད་མ་ཡིན། ཁ་ནི་ཁ་མཆུ་རུལ་པ་དང་། །མི་གཙང་སོ་སྐྱག་སྣོད་ཡིན་ཏེ། །སྣ་ནི་རྣག་འདྲའི་སྣབས་ཀྱི་སྣོད། །མིག་ནི་མིག་རྡུལ་མཆི་མའི་སྣོད། །ལྟོ་བའི་ཁུང་ནི་གཤང་གཅི་དང་། །གློ་བ་མཆིན་པའི་སྣོད་ཡིན་པར། །རྨོངས་པས་བུད་མེད་མ་མཐོང་བ། །དེ་ཡི་ལུས་ལ་ཆགས་པར་བྱེད། །མི་ཤེས་གང་ཞིག་མི་གཙང་བའི། །བུམ་པའི་རྒྱན་

p. 514

ལ་ཆགས་པ་ལྟར། །འཇིག་རྟེན་མི་ཤེས་རྨོངས་པ་ཡིས། །བུད་མེད་རྣམས་ལ་དེ་བཞིན་ནོ། །ཞེས་དང་། བུད་མེད་ལ་ནི་ལྟོ་སྤྲད་དེ། །མི་གཙང་ཕུང་པོ་དེའི་བརླན་གྱིས། །བརླན་པར་གྱུར་པས་པགས་པ་ཡིས། །གཡོགས་པ་དང་ནི་ཉལ་བར་ཟད། །གཟུགས་བཟང་བ་དང་གཟུགས་ངན་དང་། །རྒན་ནམས་ཡང་ན་གཞོན་ཡང་རུང་། །བུད་མེད་གཟུགས་ཀུན་མི་གཙང་ན། །ཁྱོད་ཆགས་ཁྱད་པར་ག་ལ་སྐྱེད། །གལ་ཏེ་མི་གཙང་ཁ་དོག་བཟང་། །ཤིན་ཏུ་གསར་ལ་དབྱིབས་ལེགས་ཀྱང་། །དེ་ལ་ཆགས་པར་མི་འོས་ལྟར། །བུད་མེད་གཟུགས་ལ་ཡང་དེ་བཞིན་ནོ། །ཞེས་དང་། གང་དག་མི་གཙང་ལུས་འདི་ལ། །སྒེག་ཆོས་སྙན་དངགས་བྱེད་པ་གང་། །ཨེ་མ་གཟུ་ལུམས་ཨེ་མའོ་བླུན། །ཨེ་མའོ་སྐྱེ་བོས་ཁྲེལ་དུ་རུང་། །མི་ཤེས་མུན་པས་བསྒྲིབས་པ་ཡི། །སེམས་ཅན་འདི་ནི་ཕལ་ཆེར་ཡང་། །འདོད་པའི་དོན་དུ་རྩོད་འབྱུང་བ། །མི་གཙང་དོན་དུ་ཁྱི་རྣམས་བཞིན། །གཡན་པ་ཕྲུགས་ན་བདེ་འགྱུར་བ། །དེ་བས་གཡན་པ་མེད་ན་བདེ། །དེ་བཞིན་འཇིག་རྟེན་འདོད་ལྡན་བདེ། །འདོད་པ་མེད་ན་དེ་བས་བདེ། །ཞེས་དང་།

p. 515

སློབ་དཔོན་བཻ་རོ་ཙྭ་ནའི་ཞལ་ནས། བུད་མེད་བྱ་བ་བཙན་དུག་ཧ་ལ་ཡིན། །སེམས་ཅན་གང་གིས་ཟོས་ཀྱང་འཆི་བར་འགྱུར། །བུད་མེད་བྱ་བ་ལས་ཀྱི་སྲིན་མོ་ཡིན། །སེམས་ཅན་གང་གིས་འདོད་ཀྱང་ལ་འུར་འཆི། །བུད་མེད་བྱ་བ་དམྱལ་བའི་འདམ་རྫབ་ཡིན། །སེམས་ཅན་གང་གིས་འཁོར་བ་འདམ་ལ་ཟུག །བུད་མེད་བྱ་བ་འཁོར་བའི་བཙོན་ར་ཡིན། །གང་གིས་འབགས་ཀྱང་ཐར་པ་འཐོབ་མི་སྲིད། །བུད་མེད་བྱ་བ་བདུད་ཀྱི་མྱ་ངན་ཡིན། གང་གིས་འབྲེལ་ཀྱང་སྡུག་བསྔལ་ཚད་མེད་མྱོང་། །གསུངས། གསང་བདག་གི་ཞལ་ནས། ལམ་གྱི་བོགས་འདོན་པའི་ཕྱག་རྒྱ་མ་གསེར་བས་དཀོན། བུད་མེད་ངན་མ་མོས་གུས་བྱི་ཕོ་ལ་བྱེད། དག་སྣང་སྙིང་སྡུག་ལ་བྱེད། ཚོགས་བསགས་བྱི་ཕོ་ལ་འབུལ། ཞེན་ལོག་ལྷ་ཆོས་ལ་བྱེད། ཉན་ན་ཁྱི་ལ་སྤྱོད། དད་པ་ཁ་ནས་སྐྱེ། ལྡོག་ན་སྙིང་ནས་ལྡོག །སེར་སྣ་དང་མིག་སེར་ཆེ། ཡར་འགྲོའི་ལས་མི་གསོག་པར་མར་འདྲེན་པའི་ལྕགས་ཀྱུ་བྱེད། ཆོས་འཕེལ་བའི་བོགས་འདོན་མི་ཡོང་བར་ཆགས་སྡང་དང་སྡུག་བསྔལ་གྱི་སྣ་སུན་བྱེད། ཆགས་པས་

p. 516

གྲོལ་དུ་རེ་ནས་བསྟེན་པར་གདའ་སྟེ། ཉོན་མོངས་འཕེལ་བའི་རྒྱུ་རུ་སོང་། ཁམས་རྒྱས་པའི་རྟེན་ཡོང་དུ་རེ་ཙ་ན། ཉམས་གྲིབ་ཀྱི་ཐུམ་པོར་ཁྱེར་ཡོང་། དམ་ཚིག་མི་སྲུང་བུད་མེད་འཆོལ་མ་བདུད་མོ་ཡིན། གསུངས། པོ་ཏོ་བའི་ཞལ་ནས། བུད་མེད་འདི་ནི་བདག་གི་ཆོས་དང་མཐུན་པའི་ཡིད་ཕམ་པར་བྱེད་པའི་དགྲའོ། །ཐར་པའི་སྲོག་རྩ་གཅོད་པའི་གཤེད་མའོ། །དཀར་པོའི་ལོ་ཏོག་འཇོམས་པར་བྱེད་པའི་སེར་བའོ། །ཕུན་སུམ་ཚོགས་པ་ཐམས་ཅད་འཕྲོག་པར་བྱེད་པའི་ཆོམ་རྐུན་མའོ། །དགེ་བའི་རྩ་བ་ཐམས་ཅད་ཀྱི་བར་དུ་གཅོད་པར་བྱེད་པའི་བདུད་མོའོ། །འཁོར་བའི་སྡུག་བསྔལ་ལས་ཐར་དུ་མི་སྟེར་བའི་བཙོན་བསྲུང་མའོ། །ཉོན་མོངས་པ་མཐའ་དག་ཀུན་ནས་སློང་བར་བྱེད་པའི་དཀྲུག་མའོ། །སྡུག་བསྔལ་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་པའི་དམྱལ་བའི་མེ་ཁང་ལྟ་བུའོ། །སྙམ་དུ་བསམས་པས་ཆགས་པ་བཟློག་པར་ངེས་སོ་གསུངས། གནང་བཀག་མི་འདྲ་བ་འདི་ཅི་ཡིན་ཟེར་ན། དེ་དཔེར་ན་དགེ་བསྐོས་ཤིག་གིས། དགེ་འདུན་པ་སྟོང་ཕྲག་མང་པོ་འཚོགས་པ་ལ་སྤྱིར་ཚོགས་གཏམ་གཏོང་དུས་ཁྱེད་ཐམས་

p. 517

ཅད་ཀྱང་ཉིན་རེ་བཞིན་ཚོགས་ལ་འོང་དགོས། གཅིག་ཀྱང་ཡུལ་ནས་བསྡད་མི་ཆོག །གཞན་དུ་འགྲོ་ས་གཅིག་མེད། ཆང་འཐུང་བ་སོགས་ཆོས་མིན་གྱི་བྱ་བ་བྱས་མི་ཆོག་ཅེས་ཚོགས་གཏམ་འཇིགས་པ་བཏང་ཡང་། དགོན་པའི་སྐུ་དོན་ཆེན་པོ་སྒྲུབ་མཁན་དང་། རྒན་པ་ཚོགས་སུ་འགྲོ་མི་ནུས་པ་དང་། ན་ནས་ནད་དེ་ལ་ཕན་པའི་སྨན་ཆང་བསྟེན་དགོས་པ་བྱུང་བ་སོགས་ལ་གནང་བ་ཡོད་པ་དེ་བཞིན་དུ། སྔགས་ནས་གནང་བ་ཕལ་ཆེར། འདུལ་བ་ནས་བཀག་པ་དེ་སྤྱིར་འདུལ་བ་བསྲུང་བ་ལས་ལྷག་གི་གཞན་ཕན་གྱི་དགོས་པ་ཆེན་པོ་མེད་པ་དང་། བདེ་སྟོང་དབྱེར་མེད་ཀྱི་རྫོགས་རིམ་གྱི་རྟོགས་པ་མཐོན་པོ་མ་སླེབས་པའི་གདུལ་བྱ་ཤས་ཆེ་བས། དེ་འདྲའི་གང་ཟག་གི་དབང་དུ་མཛད་ནས་བཀག་ཅིང་། དེ་ལ་སྔགས་ནས་ཀྱང་མ་གནང་། གཞན་ཕན་གྱི་དགོས་པ་ཆེན་པོ་དག་རྫོགས་རིམ་གྱི་རྟོགས་པ་མཐོན་པོ་སླེབས་པའི་གང་ཟག་བྱེ་བྲག་པ་རྣམས་ལ་སྔགས་ནས་གནང་ཞིང་། འདོད་ཡོན་ལ་སྤྱད་ན་ཉེས་པ་མེད་པ་ནི་འདུལ་བའི་ཡང་དགོངས་པ་ཡིན་པས་འགལ་བ་མེད་དེ། སྔོན་བཅོམ་ལྡན་འདས་བྲམ་ཟེའི་

p. 518

ཁྱེའུ་སྐར་མར་འཁྲུངས་བའི་ཚེ་ལོ་བཞི་ཁྲི་བཞི་སྟོང་དུ་ཚངས་པར་སྤྱད་ནས་བཞུགས་པའི་ཚེ། བུ་མོ་ཞིག་ཆགས་པའི་དབང་གིས་སྲོག་འཆད་དུ་ཉེ་བར་གཟིགས་ནས་སྙིང་རྗེ་ཆེན་པོ་འཁྲུངས་ཏེ། དེའི་ཁྱིམ་དུ་ལོ་བཅུ་གཉིས་གནས་ནས། ཡང་ཁྱིམ་ནས་བྱུང་སྟེ་ཚངས་པར་སྤྱད་པས། བསྐལ་པ་ཁྲིའི་འཁོར་བ་བསྙིལ་ཏེ་ཚོགས་རྫོགས་པར་གསུངས། སྔོན་སངས་རྒྱས་ཀྱི་རྫོགས་རིམ་གྱི་རྟོགས་པ་མཐོན་པོར་སླེབས་ནས་ཡུམ་ཐིག་ལེ་མཆོག་མ་ཞེས་བྱ་བ་ཞིག་ལ་བསྟེན་ནས་རྫོགས་རིམ་གྱི་རྟོགས་པ་མངོན་དུ་བྱས་སྐད། རྗེ་རིན་པོ་ཆེ་ལ་ཡང་གསང་བདག་གི་ལུང་བསྟན་ལས། དབྱངས་ཅན་མ་ནི་ལས་རྒྱ་སྟེ། །ངེས་པ་ཁོ་ནར་བྱང་ཆུབ་བོ། གསུངས། དེ་ལྟར་གནང་བཀག་གི་མཚམས་ཤེས་ན། འདུལ་བ་དང་སྔགས་གཉིས་འགལ་བ་མེད་པར་མ་ཟད་གཅིག་གྲོགས་སུ་གཅིག་འགྲོ །འདུལ་བ་སྔགས་ཀྱི་གྲོགས་སུ་འགྲོ་སྟེ། དཔུང་བཟང་གིས་ཞུས་པ་ལས། སྔགས་ཀྱི་རྩ་བ་དང་པོ་ཚུལ་ཁྲིམས་ཏེ། །ཞེས་གསུངས། ཚུལ་ཁྲིམས་མེད་ན་སྔགས་ནི་མི་འགྲུབ་ཏེ། འཇམ་དཔལ་རྩ་རྒྱུད་ལས། ཚུལ་ཁྲིམས་འཆལ་ལ་ཐུབ་དབང་

p. 519

གིས། །སྔགས་རྣམས་འགྲུབ་པར་མ་གསུངས་ཏེ། །མྱ་ངན་འདས་གྲོང་འགྲོ་བ་ཡི། །ཡུལ་དང་ཕྱོགས་ཀྱང་མ་ཡིན་ནོ། །ཞེས་གསུངས། སྔགས་ཀྱི་རྟེན་དེ་དགེ་སློང་མཆོག་ཡིན་ཏེ། དུས་འཁོར་ལས། གསུམ་ལས་དགེ་སློང་མཆོག་ཡིན་འབྲིང་། །དགེ་ཚུལ་ཞེས་བྱ་དེ་དག་ལས། ཁྱིམ་ན་གནས་པ་ཐ་མ་འོ། །ཞེས་གསུངས། སྔགས་འདུལ་བའི་གྲོགས་སུ་འགྲོ་སྟེ། སྔགས་ལ་མ་ཞུགས་པའི་དགེ་སློང་གིས་ཕྱི་དྲོའི་ཁ་ཟས་ཟོས་ན། ལྟུང་བྱེད་ཙམ་ལས་མིན་ཀྱང་། སྔགས་ལ་ཞུགས་པའི་དགེ་སློང་ཞིག་ཡིན་ན། དེའི་སྟེང་དུ་བདེ་གཤེགས་བཀའ་འདས་ཀྱི་རྩ་ལྟུང་འབྱུང་སྟེ། རྩ་ལྟུང་བཅུ་བཞི་པ་ལས། བདེ་གཤེགས་བཀའ་ལས་འདས་པ་ན། །ལྟུང་བ་གཉིས་པ་ཡིན་པར་བཤད། །ཅེས་གསུངས། སྔགས་ཀྱི་སྒོར་ཞུགས་པས་སྔར་བས་ལྷག་པར་ཚུལ་ཁྲིམས་མིག་འབྲས་བཞིན་བསྲུང་དགོས། དེ་ལ་དགོངས་ནས། དགེ་བཤེས་སྟོན་པའི་ཞལ་ནས། ཁ་ཅིག་གིས་འདུལ་བའི་ཕྱོགས་བཟུང་ནས་སྔགས་ལ་མི་གུས། ཚན་གཅིག་གིས་སྔགས་ཀྱི་ཕྱོགས་བཟུང་ནས་འདུལ་བ་ལ་ཐེག་དམན་ཞེས་

p. 520

སྐུར་པ་འདེབས། དེ་གཉིས་གཅིག་གྲོགས་སུ་གཅིག་སོང་བ་ངའི་བླ་མའི་བཀའ་རྒྱུད་མིན་པ་མེད། གསུངས། རྗེ་རིན་པོ་ཆེའི་ཞལ་ནས། ཐེག་པ་གོང་འོག་དང་། མདོ་སྔགས་གཉིས་ལ་གནང་བཀག་མི་འདྲ་བ་མང་དུ་ཡོད་པ་དང་། དེ་རྣམས་གང་ཟག་གཅིག་གིས་ཉམས་སུ་ལེན་པ་གཉིས་གསུང་རབ་ཀྱི་དགོངས་པ་འཚོལ་བ་ལ་བློའི་མཐུ་མེད་པས་རྨོངས་པ་ལ་འགལ་ཡང་། མཁས་པ་ལ་མི་འགལ་བའང་ཤེས་རབ་ཀྱིས་བྱེད་པ་ཡིན་ནོ། །དེ་ལྟར་ཤེས་རབ་མེད་པ་ལ་འགལ་བ་ཤེས་རབ་ཅན་ལ་མི་འགལ་བ་མཐའ་ཡས། ཞེས་གསུངས་པ་ལྟར་བློ་གྲོས་ཅན་གྱིས་གནང་བཀག་མི་མཐུན་པ་རྣམས་ཀྱང་གང་ཟག་གི་བློ་ཁའི་མཐོ་དམན། དགོས་པ་ཆེ་ཆུང་། གནང་བཀག་གི་སོ་འཚམས་སོགས་ལ་མཁས་ན། བསྟན་པ་ཐམས་ཅད་ནང་ཕན་ཚུན་འགལ་བ་ཕར་ཞོག །གཅིག་གྲོགས་སུ་གཅིག་འགྲོ་བ་ཤ་སྟག་ཡིན་པས་སྨོད་མི་རུང་སྟེ། བླ་མ་ཞང་རིན་པོ་ཆེས། དེ་ཕྱིར་ཆགས་ལམ་གང་སྨོད་དེ། །ཐུབ་པའི་བཀའ་ལས་སྨད་པས་སྡིག །མི་བཟད་ཁུར་ནས་ལྟུང་ཉེན་ཆེའོ། །གཟོབ་ཅིག་སྨྲོས་ཤིག་སྐྱེས་བུ་ཀུན། །ཆགས་

p. 521

ལམ་དག་གི་ཁ་འཛིན་ཕྱིར། །ཆགས་བྲལ་གྲོལ་ལམ་གང་སྨོད་རྣམས། །དེ་ཡི་སྡིག་ཀྱང་དེ་བཞིན་ནོ། །དེ་ཕྱིར་ཕན་ཚུན་མ་སྨོད་མཛོད། །གསུངས། ལམ་རིམ་ཆེན་མོ་ལས། ཡང་དག་པར་རྫོགས་པའི་སངས་རྒྱས་ནི་སྐྱོན་ཕྱོགས་རེ་ཟད་པ་དང་། ཡོན་ཏན་ཕྱོགས་རེ་རྫོགས་པ་མིན་གྱི། སྐྱོན་གྱི་རིགས་ཐམས་ཅད་ཟད་ཅིང་། ཡོན་ཏན་གྱི་རིགས་མཐའ་དག་རྫོགས་པ་ཡིན་ལ། དེ་སྒྲུབ་པའི་ཐེག་པ་ཆེན་པོས་ཡང་སྐྱོན་མཐའ་དག་འགོག་ཅིང་། ཡོན་ཏན་མཐའ་དག་བསྐྱེད་པས་ན། ཐེག་པ་གཞན་ཐམས་ཀྱི་སྤངས་རྟོགས་ཀྱི་ཡོན་ཏན་གྱི་རིགས་ཐམས་ཅད་ཐེག་པ་ཆེན་པོའི་ལམ་དུ་འདུ་བ་ཡིན་ནོ། དེའི་ཕྱིར་སངས་རྒྱས་སྒྲུབ་པའི་ཐེག་པ་ཆེན་པོའི་ལམ་གྱི་ཡན་ལག་ཏུ་གསུང་རབ་ཐམས་ཅད་འདུ་སྟེ། སྐྱོན་སྣ་རེ་ཟད་པའམ་ཡོན་ཏན་སྣ་རེ་བསྐྱེད་པ་མིན་པའི་ཐུབ་པའི་གསུང་མེད་པའི་ཕྱིར་དང་། དེ་ཐམས་ཅད་ཐེག་ཆེན་པས་མི་སྒྲུབ་པ་མེད་པའི་ཕྱིར་རོ། གལ་ཏེ་ཕ་རོལ་ཏུ་ཕྱིན་པས་ཐེག་པ་ཆེན་པོར་འཇུག་པ་ལ་ཐེག་དམན་གྱི་སྡེ་སྣོད་ནས་བཤད་པའི་ལམ་རྣམས་དགོས་ནའང་། རྡོ་རྗེ་ཐེག་པར་འཇུག་པ་ལ་ནི་

p. 522

ཕར་ཕྱིན་གྱི་ཐེག་པའི་ལམ་རྣམས། ཐུན་མོང་བར་མི་འགྱུར་ཏེ་ལམ་མི་མཐུན་པའི་ཕྱིར་རོ་ཞེ་ན། འདི་ཡང་ཆེས་མི་རིགས་ཏེ་ཕ་རོལ་ཏུ་ཕྱིན་པའི་ལམ་གྱི་ངོ་བོ་ནི། བསམ་པ་བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སློབ་པར་འདུ་བ་ཡིན་ལ། དེ་ནི་རྣམ་པ་ཐམས་ཅད་དུ་བསྟེན་དགོས་པར། དཔལ་རྡོ་རྗེ་རྩེ་མོ་ལས། ཇི་སྐད་དུ། འཚོ་བའི་སྲོག་གི་ཕྱིར་ཡང་ནི། །བྱང་ཆུབ་སེམས་ནི་འདོར་མི་བྱ། །ཞེས་དང་། ཕ་རོལ་ཕྱིན་དྲུག་སྤྱོད་པ་ནི། །ནམ་ཡང་འདོར་བར་མི་བྱ་འོ། །ཞེས་གསུངས་ཤིང་། གཞན་ཡང་སྔགས་ཀྱི་གཞུང་དུ་མར་གསུངས་སོ། །རྣལ་འབྱོར་བླ་ན་མེད་པའི་དཀྱིལ་འཁོར་དུ་འཇུག་པའི་སྐབས་དུ་མར་ཡང་ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྡོམ་པ་གཉིས་གཉིས་གཟུང་དགོས་པར་གསུངས་ལ། སྔ་མ་ནི་བྱང་ཆུབ་སེམས་དཔའི་སྡོམ་པ་ཉིད་ཡིན་ཞིང་། སྡོམ་པ་གཟུང་བ་ནི། ཚུལ་ཁྲིམས་གསུམ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་ཡི་བསླབ་པ་ལ་སློབ་པར་ཁས་བླངས་པ་ཡིན་པས། སེམས་བསྐྱེད་ནས་བསླབ་པ་ལ་སློབ་པར་ཁས་བླངས་པ་བཞིན་དུ་སློབ་པ་ལས་གཞན་པའི་

p. 523

ལམ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ལའང་མེད་པའི་ཕྱིར་དང་། རྡོ་རྗེ་མཁའ་འགྲོ་དང་། སམྦུ་ཊ་དང་། རྡོ་རྗེ་རྩེ་མོ་རྣམས་སུ། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་པའི་ཆོས་ནི་མ་ལུས་བཟུང་། །ཞེས་འོད་དཔག་མེད་ཀྱི་དམ་ཚིག་བཟུང་བའི་སྐབས་སུ་གསུངས་པ་ལྟར། སྔགས་ཀྱི་སྡོམ་པ་འཛིན་པ་ན་ཁས་བླངས་དགོས་པའི་ཕྱིར་རོ། འདི་དག་ལ་གནང་བཀག་མི་འདྲ་བའི་ཆ་ཐན་ཐུན་མཐོང་ནས། ཚ་གྲང་ལྟར་ཐམས་ཅད་དུ་འགལ་བར་འཛིན་པ་ནི་རྟོག་པ་ཤིན་ཏུ་རྩིང་བར་གསལ་ལོ། །དེ་ལྟར་ན་དམིགས་བསལ་ཅན་གྱི་གནང་བཀག་འགའ་རེ་མ་གཏོགས་པ་གསུང་རབ་རྣམས་ཤིན་ཏུ་མཐུན་པས། ཐེག་པ་གསུམ་མམ་ལམ་ལྔ་ལྟ་བུ་གོང་མ་གོང་མར་འཇུག་པ་ན་ཐེག་པ་དང་ལམ་འོག་མ་འོག་མའི་ཡོན་ཏན་གྱི་རིགས་ཚང་བ་དགོས་སོ། ཕ་རོལ་ཏུ་ཕྱིན་པའི་ལམ་ནི་རྒྱལ་བའི་ཡུམ་ལས། རྒྱལ་བ་འདས་དང་མ་བྱོན་ད་ལྟ་གང་བཞུགས་པ། །ཀུན་ལམ་ཕ་རོལ་ཕྱིན་པ་འདི་ཡིན་གཞན་མ་ཡིན། །ཞེས་གསུངས་པ་ལྟར་སངས་རྒྱས་སུ་བསྒྲོད་པའི་ལམ་གྱི་གཞུང་ཤིང་ལྟ་བུ་ཡིན་པས་འདོར་དུ་མི་རུང་ངོ་། །འདི་

p. 524

ཉིད་རྡོ་རྗེ་ཐེག་པ་ལས་ཀྱང་མང་དུ་བཀའ་བསྩལ་པས་ན། མདོ་རྒྱུད་གཉིས་ཀའི་ལམ་ཐུན་མོང་བའོ། །དེའི་སྟེང་དུ་གསང་སྔགས་ཀྱི་ལམ་ཐུན་མོང་མིན་པ་དབང་དང་དམ་ཚིག་དང་སྡོམ་པ་དང་རིམ་གཉིས་འཁོར་དང་བཅས་པ་བསྣན་པས་སངས་རྒྱས་སུ་བགྲོད་པ་མྱུར་བ་ཡིན་གྱི་ལམ་ཐུན་མོང་བ་དོར་ན་ནི་ནོར་བ་ཆེན་པོའོ། །དེ་ལྟ་བུའི་གོ་བ་མ་རྙེད་ན། ཆོས་རེ་རེ་ལ་ངེས་པ་ལྟར་སྣང་རེ་རྙེད་པ་ན། གཞན་རྣམས་སྤོང་ཞིང་ཁྱད་པར་དུ་ཐེག་པ་གོང་མ་ལ་མོས་པ་ལྟར་སྣང་ཞིག་བྱུང་བ་ན། རིམ་པ་ལྟར་ཐེག་དམན་གྱི་སྡེ་སྣོད་དང་། ཕ་རོལ་ཏུ་ཕྱིན་པ་རྣམས་སྤངས་ཤིང་། སྔགས་ལའང་རྒྱུད་སྡེ་འོག་མ་གསུམ་ལ་སོགས་པ་སྤང་བར་འགྱུར་བས་འབྲེལ་ཆེ་ལ་འབྱུང་ཉེ་ཞིང་། རྣམ་པར་སྨིན་པ་ཆེས་ལྕི་བའི་ཆོས་སྤོང་གི་ལས་སྒྲིབ་ཆེན་པོ་གསོག་པར་འགྱུར་གསུངས། དེས་ན་གནང་བཀག་གི་སོ་མཚམས་མི་ཤེས་པར་དུས་ཀུན་ཚ་གྲང་ལྟར་འགལ་བའི་ལོག་ཤེས་ཀྱིས་སྔོན་གྱི་ཆོས་རྒྱལ་ཆེན་པོ་རྣམས་ཀྱིས་གསེར་ཕྱེ་བྲེ་ལ་གཞལ་ནས་རྒྱ་གར་དུ་བསྐུར། ལོ་ཙཱ་བ་རྣམས་ཀྱིས་ལུས་སྲོག་ལ་ཕངས་པ་མེད་པར་རྒྱ་གར་དུ་སོང་། དཀའ་བ་དཔག་ཏུ་མེད་པ་

p. 525

སྤྱད་ནས་བོད་དུ་བསྒྱུར་པའི། མདོ་སྔགས་ཀྱི་ཆོས་བདུད་རྩི་ལྟ་བུ་འདོར་ལེན་གཉིས་བྱས་ནས་ཕྱིན་ཆད་བསྟན་པ་ནུབ་པའི་ལྟས་ངན་ཨ་ཝ་པོ་སླེབས་པ་ཡིན། དེས་ན་ཆོས་ལ་བཟང་ངན་ཕྱེ། འཐེན་སྤྲུགས་རྒྱོངས་གསུམ་བྱས། ཆོས་ནུབ་ཏུ་བཅུག་ནས་རང་གཞན་ཀུན་གྱི་ཁ་སྟོང་པར་མ་གཏོང་། བོད་ཡུལ་མུན་པའི་གླིང་ལྟ་བུ། དབུ་རྫོགས་ཕྱག་ཆེན་སོགས་དམ་པའི་ཆོས་ཀྱི་སྒྲོན་མེ་སྔོན་གྱི་རྒྱལ་བློན་པཎ་གྲུབ་རྣམས་ཀྱིས་སྦར་ཡོད་པ། ལོག་རྟོག་གི་རླུང་གིས་བསད་ན། བོད་གངས་ཅན་གྱི་ཐར་འདོད་རྣམས་ལ་དེ་བས་ལྷག་གི་ངན་ཞིག་བྱེད་རྒྱུ་མེད། གསར་རྙིང་ཕྱག་ཆེན་གྱི་ཆོས་གང་ཡིན་ཡང་། རྒྱ་གར་ནས་ཚུར་བོད་དུ་ས་སྟེང་བརྒྱུད་ནས་མཚན་གཡུ་འབྲུག་བཞིན་གྲག་གི་གྲག་གི་འོང་བ་ཞིག་རེད། ས་འོག་བརྒྱུད་ནས་དེང་སང་འེ་ཚོའི་ཐད་ཚོ་འདིར་ཡར་ས་སྟེང་དུ་བུད་བཞག་ནི་མ་རེད། རྒྱལ་དབང་རིན་པོ་ཆེས། དབུ་རྫོགས་ཕྱག་གསུམ་ལྟ་བ་བོད་འདིར་གྲགས། གསུངས། དེས་ན། ཆོས་གང་ཡིན་ཡང་ཁུངས་མི་བཙུན་པ་གཅིག་མེད། ལོག་ལྟ་བྱེད་མི་རུང་། རྒྱ་བོད་ཀྱི་སྐྱེས་ཆེན་དམ་པས་

p. 526

བསྟན་བཅོས་བརྩམས་པ་རྣམས་ཀྱང་། མདོ་རྒྱུད་ཀྱི་ལུང་དྲངས་ནས། དེ་དང་མཐུན་པར་བརྩམས་པ་ཤ་སྟག་ཡིན་པས་རང་བཟོ་གཅིག་མེད། སྙིགས་མའི་དུས་སུ་རྒྱལ་བ་རྣམས་དགེ་བའི་བཤེས་གཉེན་དུ་སྤྲུལ་ནས། འགྲོ་བའི་དོན་མཛད་ཅེས་མདོ་རྒྱུད་མང་པོ་ནས་གསུངས། དེས་ན་སྐྱེས་བུ་དམ་པ་དེ་རྣམས་ཀྱང་དོན་གྱི་སངས་རྒྱས་དངོས་ཡིན་གསུངས་པས། བསྟན་བཅོས་རྣམས་ཀྱང་སངས་རྒྱས་ཀྱི་གསུང་དང་ཁྱད་པར་མེད་པའི་ཚད་མར་བཟུང་ནས་སྤྱི་བོར་ལེན་པ་གལ་ཆེ་སྟེ། འབའ་ར་བས། བཟང་ངན་མེད་པར་ཐམས་ཅད་གོང་དུ་ཁུར་ལ། ཀུན་ལ་དམ་པར་ལྟོས་དང་རང་རེ་ཚོ། གསུངས། དཔེར་ན་ནད་བཞི་བརྒྱ་རྩ་བཞིའི་གཉེན་པོར། སྨན་གྱི་རིགས་སྣ་ཚོགས་པ་ཡོད་ཀྱང་། དེའི་ནང་ན་དོར་བྱ་གཅིག་མེད་པ་བཞིན། སེམས་ཅན་གྱི་ཉོན་མོངས་པའི་གཉེན་པོར། ཆོས་ལུགས་སྣ་ཚོགས་པ་ཡོད་ཀྱང་། དེའི་ནང་ན་དོར་བྱ་གཅིག་མེད། སྨན་གྱི་རིགས་མི་འདྲ་བ་མང་ཡང་། དེ་སྨན་མིན་མི་ཟེར་བ་ལྟར། ཆོས་ལུགས་མང་ཡང་དེ་ཆོས་མིན་སུས་ཟེར། དཔེར་ན་རྒྱ་མཚོ་མ་སྐམས་ན་སེམས་ཅན་ཐམས་ཅད་ཀྱི་སྐོམ་

p. 527

གདུངས་སེལ་བ་ལྟར། གྲུབ་མཐའ་ཐམས་ཅད་མ་ཉམས་ན་སེམས་ཅན་མང་པོར་ཕན་ཐོགས་ཆེ། རྒྱ་མཚོ་ཆེན་པོ་སྐམས་ན། ཆུ་མིག་གཅིག་གིས་སེམས་ཅན་ཁ་ཤས་མ་གཏོགས་ཀུན་ལ་ཕན་མི་ཐོགས་པ་ལྟར། གྲུབ་མཐའ་གཞན་ཐམས་ཅད་ནུབ་ནས་གཅིག་གིས་སེམས་ཅན་མང་པོ་ལ་ཕན་མི་ཐོགས་པ་ཐག་ཆོད། འཇིག་རྟེན་གཏམ་དཔེ་ལའང་རྡོ་གཅིག་གིས་འཕྲང་དགུ་མི་ཆོད་མི་ཟེར་རམ། དེས་ན་རྒྱལ་བའི་བསྟན་པ་ཐམས་ཅད་ཕྱོགས་ཐམས་ཅད་དུ་དར་ཞིང་རྒྱས་ན་ཅི་མ་རུང་། རྒྱས་པར་གྱུར་ཅིག་ཅེས་སྨོན་ལམ་འདེབས་དགོས། དེང་སང་འགའ་རེས་ཕྱོགས་རིས་ཆགས་སྡང་གི་དབང་གིས། རང་ལུགས་དྲི་མ་མེད་པ་འདི་དར་ཞིང་རྒྱས་པར་ཤོག་ཟེར་ནས་གོར་གོར་ཆུང་ཆུང་ཞིག་གི་སྨོན་ལམ་འདེབས་པ་འདི་ཕྱོགས་ལྷུང་གི་སྨོན་ལམ་ཞིག་ཏུ་འདུག་པས་ཡ་མཚན་ཆེ་རྒྱུ་མི་སྣང་ཏེ། རྒྱལ་བ་ཀུན་གྱི་དམ་པའི་ཆོས་འཛིན་ཅིང་། །ཞེས་སོགས་ཀྱི་སྨོན་ལམ་ལ་ལྟོས་དང་ཧ་གོ་ཡོང་། ཡང་བླ་མ་འགའ་རེས་གཞན་ལ་ཆོས་བཤད་ཅིག་བྱེད་ན། དེའི་ཞོར་ལ་ཆོས་ལུགས་གཞན་ངན་ཚུལ་ངན་རབས་

p. 528

ཟེར་མིག་གཉིས་གཅེར་གི་ཚོ་བསྡད། རང་ལུགས་འདི་བཟང་ཚུལ་བཟང་རབས་ཟེར་མིག་གཉིས་ཟུམ་ཁི་ཚོ་བསྡད། རང་ལུགས་ཀྱི་བདེན་རྫུན་མི་རྟོག་པར་གང་སྨྲས་ཐམས་ཅད་བཟང་གྲལ་དུ་ནན་གྱིས་བཞག །གཞན་གྱི་དོན་དང་འབྲེལ་བའི་ལེགས་བཤད་ཀྱང་སུན་འབྱིན་བྱས་ནས་འཁྱོག་པའི་ལམ་དུ་འཇུག་པ་འདི་ངོ་མཚར་ཆེ་སྟེ། རྗེ་ངག་དབང་སངས་རྒྱས་རྡོ་རྗེས། རང་ལུགས་ཀུན་ལ་བདེན་རྫུན་མི་རྟོག་པར། །སྨྲས་ཚད་བཟང་བའི་གྲལ་དུ་ནན་གྱིས་འཇུག །གཞན་ལུགས་དོན་དང་འབྲེལ་བའི་ལེགས་བཤད་ཀྱང་། །སུན་འབྱིན་འཁྱོག་པའི་ལམ་དུ་འདྲེན་དུ་མཚར། །གསུངས། འདི་ཆོས་བཤད་མི་ཤེས་པའི་མཚང་ཞིག་ཡིན་པས་ཆོས་བཤད་བྱས་ནས་གཞན་ལ་ཕན་འདོགས་ན་སྤང་བྱའི་གཙོ་བོ་ཡིན་ཏེ། དཔུང་བཟང་ལས། བདག་ལ་བསྟོད་པ་ནམ་ཡང་མི་བྱ་ཞིང་། །གསུངས། གུར་ལས། གཞན་གྱི་ཆོས་ནི་སུན་མི་འབྱིན། །གསུངས། བདག་ཉིད་སྒྲོགས་ཤིང་གཞན་གྱི་སྐྱོན་གླེང་པ་སོགས་ཆོས་འཆད་པའི་སྐྱོན་ཡིན་པས་སྤང་དགོས་ཞེས་ལམ་རིམ་སོགས་གཞུང་དུ་མ་ནས་གསུངས། སྐྱོན་དེ་མ་སྤངས་ན་ཆོས་ཐུན་རེ་ལ་

p. 529

འབུལ་བ་དང་ཕན་ཡོན་ཅི་འོང་མི་ཤེས་ཆོས་སྤོང་གི་ལས་དང་རྩ་ལྟུང་གི་ཉེས་པ་རེ་འབྱུང་ངེས། གྲུབ་མཐའ་གཞན་ལ་དད་པ་ཆེ་བས་ཉན་ཡོད་ན། དད་པ་ལྡོག་ནས་ཆོས་ཉན་པ་འགའ་རེས་ཨང་། སྐྱབས་སུ་མཆི་དང་། ཁོང་ཡང་ཕྱོགས་རིས་ཞིག་ཆེ་ཁི་ཟེར། གྲུབ་མཐའ་གཞན་ཀུན་གྱི་མིག་ནང་གི་ལིང་ཏོག་དུ་སོང་། རིག་ས་མཐོང་ས་མེད། ཆོས་པ་ཐམས་ཅད་དགྲ་རུ་ལྡང་། འགྲོ་དོན་ཕར་ཞོག །རང་དོན་ཡང་མི་འོང་སྟེ། གཙང་པ་རྒྱ་རས་ཀྱིས། ཆོས་ཀྱི་བདག་འཛིན་མི་བགྱིད་འཚལ། །ཆོས་ཀྱི་བདག་འཛིན་ཆེས་པ་ན། །གདམས་པའི་ཆེ་བ་འདོད་འདོད་ནས། །ཆོས་པ་ཐམས་ཅད་དགྲ་རུ་འོང་། གསུངས། ནག་པོ་བས། སྨོད་པ་ནི་ང་རྒྱལ་ཀྱིས་ཀུན་ནས་བསླངས་པ་སྟེ། གཞན་གྱི་ཡོན་ཏན་ལ་ཕྲག་དོག་པའི་རྩ་བ་ང་རྒྱལ་ཉིད་དེ། རང་ཉིད་དེ་ལ་མཆོག་ཏུ་མཐོང་བས་བག་ཆགས་ཀྱི་མཐུ་བརྟས་བར་བྱེད་ཅིང་། གཞན་ཁྱད་དུ་བསད་པས་ཕ་རོལ་པའི་སེམས་འཁྲུགས་པར་འགྱུར་ཏེ། བྱང་ཆུབ་སེམས་དཔའ་གཞན་གྱི་དོན་དུ་མི་འགྱུར་ཞིང་། རང་གི་དོན་དུ་ཡང་ཆེར་མི་འགྱུར་རོ། གསུངས།

p. 530

དེང་སང་སྙིགས་མའི་དུས་ཀྱི་སེམས་ཅན་རྣམས་ཉོན་མོངས་རགས། ཕྱོགས་རིས་ཆེ་བས་ན། བླ་མ་ཚོས་ཆོས་གསུང་ཡང་གྲུབ་མཐའ་གཞན་ཐམས་ཅད་ལ་བསྟོད་ར་བརྗོད། ལག་པ་ཐལ་མོ་སྦྱོར། དད་གུས་དག་སྣང་སྦྱོང་བཞིན་རང་ལུགས་སྤེལ་དང་། བསྡུ་བཞིའི་ནང་གི་སྙན་པར་སྨྲ་བའི་ཆེ་ཤོས་ཤིག་ཀྱང་དེ་ཡིན། ཀུན་གྱིས་སྐྱབས་སུ་མཆི། དེ་གྲུབ་མཐའ་ཕྱོགས་རིས་མེད་ཟེར། དད་པ་བྱེད་མཁན་མང་། ཀུན་གྱི་རྒྱན་དུ་སོང་། ཡོན་ཏན་ཕྱོགས་བཅུར་སྒྲོག །གདུལ་བྱ་མང་པོ་འདུ། འགྲོ་དོན་རྒྱ་ཆེན་པོ་འོང་སྟེ། རྗེ་རྒོད་ཚང་པས། ཕྱོགས་མེད་དག་སྣང་འབྱོངས་པ་ན། །སྙན་པ་ཕྱོགས་བཅུར་གྲགས་པ་དང་། །ཀུན་གྱི་སྤྱི་བོར་ཁུར་ལགས་ཏེ། །གསུངས། སྔོན་ངའི་བླ་མ་ཨ་རིག་དགེ་བཤེས་རིན་པོ་ཆེས། གཞན་ཉམས་སུ་མི་ལེན་ཡང་ཐབས་མཁས་ཐུགས་རྗེ་ཆེ་བས་བོན་པོ་རྒྱ་ཟ་ལར་ཡན་ཆད་ཀྱི་ཡོན་ཏན་བརྗོད། རྒྱ་མཁར་ཚོ་སོང་ན། འདིའི་ནང་ན་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་མང་པོ་ཡོད། གསུངས། བསྐོར་བ་མཛད། དད་གུས་དག་སྣང་སྦྱངས་ཚེ། བོན་པོ་རྒྱ་ཟ་ལར་ཡན་ཆད་ཀྱིས་ཁོང་གི་གསུང་ཆོས་ཉན།

p. 531

རྒྱ་འགའ་རེས་བླ་མ་ན་བླ་མ་ཨ་རིག་དགེ་བཤེས་བླ་མ་རེད་ཟེར། འགའ་རེས་བོད་ཀྱི་བླ་མ་ངེས་ངེས་པོ་གན་རེད་ཟེར། ནོམ་པ་མང་པོ་ཕུལ་སྐད། སྤྱན་སྔ་བས། རྗེ་བཙུན་འཇམ་དཔལ་རྒྱ་མཚོས་སྒོམ་ཆེན་པ་དང་མི་སྐྱ་ཅི་རིགས་ལ། གསལ་སྟོང་འཛིན་མེད་ཀྱི་ལྟ་བའི་ཆོས་བཤད་ཨེན་རེ་ཡང་མཛད། དབང་པོ་དང་འཚམས་པའི་ཆོས་སྟོན་པ་མཁྱེན་པ་འདི་བདག་གི་བླ་མ་འདི་མིན་པ་གཞན་གྱིས་ཤེས་པ་དཀོན་པར་གདའ། བླ་མ་འདི་ཐབས་མཁས་པ་ཆེན་པོར་སྣང་སྙམ་པ་བྱུང་། དེའི་རྒྱུ་མཚན་ཅི་ཡིན་ན། བཞི་བརྒྱ་པར། སྐྱེ་བོ་གང་གང་ལ་དགའ་བ། །དེ་ནི་དེ་ཡི་སྔར་སྤྱད་བྱ། ཉམས་པར་གྱུར་པ་དམ་ཆོས་ཀྱི། །སྣོད་ནི་ཅིས་ཀྱང་མ་ཡིན་ནོ། །ཞེས་པ་ལྟར་མདོ་བསྟན་བཅོས་ནས་སློབ་མ་དང་པོར་དབང་པོ་དང་མོས་པ་དང་འཚམ་པ་ཞིག་ནས་འཁྲིད་པ་འདི་ལ་ནན་ཏན་ཆེ་བར་མཛད་གདའ། དེའི་རྒྱུ་མཚན་ཅི་ཡིན་ན། དེ་ལྟར་བྱས་ན་ངེས་པར་ཕན་ཐོགས་ལ། གཞན་ཕན་མི་ཐོགས་པས་སོ། །བཅོམ་ལྡན་འདས་ཀྱི་ཆོས་སྟོན་ལུགས་ལའང་གཅིག་རང་མིན་པའི་དབང་པོ་དང་འཚམ་པའི་ཆོས་

p. 532

རིམ་པ་སྐད་དེ་ཁྲིག་གེ་བ་ཞིག་གདའ། དེ་དཀོན་མཆོག་ཟ་མ་ཏོག་ལས། འཇམ་དཔལ་གྱིས་གཅེར་བུ་བདེན་པ་པོ་བཏུལ་བའི་ལོ་རྒྱུས་ཐོས་ན་གསལ་པོ་ཞིག་བདོག །དེས་ན་གྲུབ་མཐའ་མི་མཐུན་པའི་མི་རིགས་དང་འཕྲད་བྱུང་ནའང་སྐྱོན་བརྗོད་རེ་བྱས་ཀྱང་ཕན་མི་ཐོགས་པའི་སྟེང་དུ། གང་ཟག་སྤོང་བ་དང་ཆོས་སྤོང་བའི་སྡིག་གསོག་རེ་སོགས་ཉེས་དམིགས་མང་པོ་རེ་ཡོང་། བཀའ་ནི་རྒྱ་ཆེ། ལུང་ནི་གྲངས་མང་བ་ཡིན་པས། དང་པོ་མོས་པ་དང་མཐུན་པའི་ཆོས་སྐད་རེ་བྱས་པ་ཡིན་ན། སློབ་མ་ཡིན་ན་ལྟ་ཅི་སྨོས། གྲོགས་པོའི་ཆེད་ཡིན་ཡང་ཉེས་དམིགས་མེད་པའི་སྟེང་དུ། ཕན་ཡོན་རྒྱ་ཆེར་འོང་བས་འདི་ཡང་གལ་ཤིན་ཏུ་ཆེ་བ་ཞིག་ཡིན་ནོ། གསུངས། རྒྱལ་དབང་རིན་པོ་ཆེས། ལུགས་གཉིས་བླང་དོར་གསལ་བར་སྟོན་པའི་ཤེལ་དཀར་མེ་ལོང་ལས། ཡིད་དང་ངང་ཚུལ་རྗེས་མཐུན་སྨྲ་བའི་གཏམ། །བག་ཕེབས་གླེང་མོར་བགྱིས་ཏེ་ཐབས་མཁས་ཀྱིས། །གང་ཡིན་དོན་གྱི་ཐོག་ཏུ་འབེབས་པ་གནད། །གསུངས། དེའི་མཆན་བུའི་ཡིག་ཆུང་ལས། སངས་རྒྱས་ཀྱིས་ཀྱང་མ་སྐྱེས་དགྲ་ལ་ཕ་གསད་བྱར་གསུངས་པས་

p. 533

འགྱོད་པ་བསལ་བའི་མདོ་དང་། གདུལ་བྱ་འགའ་ཞིག་ལ་གང་ཟག་གི་བདག་ཡོད་པར་བསྟན་པ་ལྟ་བུའོ། གསུངས། དེས་ན་བླ་མ་རྣམས་ཀྱིས་འགྲོ་དོན་བྱེད་པར་འདོད་ན་ཞལ་ནས་ཡིན་མིན་བཅོ་བརྒྱད་མི་གསུང་བར། གངས་ཅན་འགྲོ་བའི་སྐྱབས་མགོན་ཟླ་མེད་བླ་མ་རྒྱལ་བ་པཎ་ཆེན་སོགས་རིས་མེད་བསྟན་འགྲོའི་དོན་མཛད་པའི་སྐྱེས་ཆེན་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་ལྟར་གྲུབ་མཐའ་ཐམས་ཅད་ལ་ཕྱོགས་རིས་མེད་པར། དག་སྣང་སྦྱོང་བཞིན་གདུལ་བྱའི་བློ་ཁ་དང་འཚམ་པའི་ཆོས་སྟོན་ལ། འགྲོ་བའི་དོན་གྱིས་དང་བཟང་སྟེ། མདོ་ལས། ཇི་ལྟར་ནད་པ་ན་བ་ལ། སྨན་པས་སྨན་ནི་གཏོང་བ་ལྟར། །དེ་བཞིན་སངས་རྒྱས་སེམས་ཅན་ལ། ཇི་ཙམ་བཟོད་པའི་ཆོས་སྟོན་ཏོ། །གསུངས། དཔེར་ན་ཁྱིམ་ཚང་ཞིག་གི་རྒྱུ་ནོམ་ཟས་གོས་སྒ་ཆ་ཁབ་སྐུད་ཡན་ཆད་མཁོ་བར་ཤེས་ནས་གཅིག་ཀྱང་མི་འདོར་བར་ཚག་བྱེད་པ་ལྟར། རྒྱལ་བ་སྲས་བཅས་ཀྱི་གསུངས་ཚིགས་བཞི་གཅིག་ཡན་ཆད་སེམས་ཅན་ལ་ཕན་པར་གོ་ནས། གཅིག་ཙམ་ཡང་ཉམས་སུ་མི་འཇུག་པ་གལ་ཆེ། དཔེར་ན་སྨན་པ་

p. 534

ཞིག་གིས་ཚ་བའི་སྨན་ཞིག་སྨན་འཚོང་གི་ལག་ནས་ཉོས། གྲང་སྨན་ཞིག་སྟེར་རྒྱུ་ཡིན་ན། དེ་མིན་ཟེར་བ་དེ། ཚ་བའི་སྨན་མིན་ཟེར་བ་མ་གཏོགས། དེ་སྨན་མིན་དུག་ཡིན་ཞེས་བཤད་ནི་མིན་པ་ལྟར། བླ་མ་དམ་པ་འགའ་རེས་ལེགས་བཤད་རྩོམ་པས་ཚེ། གཞན་ལུགས་ཀྱི་འདོད་པ་བརྗོད་ནས་དེ་མིན་ཞེས་བཀག་པ་དེ། རང་ལུགས་ཀྱི་སྐབས་སུ་དེ་མིན་ཟེར་བ་མ་གཏོགས། དེ་ཆོས་མིན་ཆོས་ལོག་ཡིན་ཞེས་བརྗོད་པ་མིན་པས་ཧ་གོ་དགོས། ཡང་སྐྱེས་བུ་དམ་པ་འགའ་རེས་ཆོས་གཞན་འགའ་རེ་ངན་ཞེས་སྨད་སྨད། རང་ལུགས་དྲི་མ་མེད་པ་འདི་བཟང་ཞེས་བསྟོད་བསྟོད་འཇོག་པ་དེ། རང་གཞན་ལ་ཕན་པའི་དགོངས་གཞི་དུ་མ་ཡོད་པས་དེ་སྐད་གསུངས་པ་ཡིན་ཐུགས་ཀྱི་གཏིང་ནས་སྨད་པ་མིན། དགོངས་གཞི་ཅི་འདྲ་ཡོད་ཟེར་ན། རང་གི་ཆོས་ལུགས་བཟང་ཞེས་བསྟོད་ན། རྗེས་འཇུག་གིས་གདམས་པ་དེ་ལ་རྩིས་ཆེ་ཞིང་ཉམས་སུ་ལེན་པ་ལ་སྤྲོ། གཞན་ཡ་ཀི་མ་ཀི་མང་པོ་ཉམས་སུ་བླངས་ན་མི་སྙམ་པར། དེ་རྩེ་གཅིག་ཏུ་ཉམས་སུ་བླང་ན་མྱུར་དུ་ཉམས་རྟོགས་ཁྱད་པར་ཅན་སྐྱེ་བའི་ཕྱིར་གསུངས། གཞན་ལ་སྨད་ན། གྲུབ་མཐའ་

p. 535

སྨད་པ་དེ་བས་རང་གི་ཆོས་ཀྱི་ཆེ་བ་འབྱིན་ཕྱིར་ཉམས་ལེན་བྱས། མངོན་ཤེས་རྫུ་འཕྲུལ་སོགས་ལམ་རྟགས་ཀྱི་ཡོན་ཏན་བཟང་པོ་ཨེ་ཐོབ་ཕྱིར་འབད་པ་དང་། གྲུབ་མཐའ་དེ་འཛིན་པའི་བླ་མ་དམ་པ་རྣམས་ཀྱིས་ལུང་རིགས་དང་མཐུན་པའི་ལན་བཏབ་ནས། སླར་བསྟན་པ་ལ་ག་དར་བྱེད་པ་དང་། བསྟན་པའི་སྲོལ་ནུབ་འགྲོ་ཁི་སྙམ་ནས་འཛིན་སྐྱོང་སྤེལ་གསུམ་ལྷག་པར་མཛད་པ་དང་། རང་གཞན་གྱི་གྲུབ་མཐའ་མ་འདྲེས་པར་བསྡད་ན། ཚ་གྲང་གི་སྨན་ལྟར་སེམས་ཅན་རིགས་མི་འདྲ་བ་མང་པོར་ཕན་ཆེ་བར་དགོངས་ནས་གསུངས་པ་ཡིན། ཡང་བླ་མ་དམ་པ་འགའ་རེའི་ལེགས་བཤད་ན་གཞན་གྱི་གྲུབ་མཐའ་ལ་སྨད་ར་འདྲ་བ་མང་བ་དེ། ཐུགས་ཀྱི་གཏིང་ནས་མ་ཡིན་ཏེ། དཔེར་ན་རྟ་ལ་མེ་ཏོག་གཅོད་འདོད་ཀྱི་བསམ་པ་མེད་ཀྱང་རྒྱུག་ན་ཤུགས་ཀྱིས་གཅོད་པ་ལྟར། བླ་མར་གྲུབ་མཐའ་གཞན་སྨོད་པའི་ཀུན་སློང་ངན་པ་མེད་ཀྱང་། རང་ལུགས་འཇོག་ཚེ་མཁྱེན་དཔྱོད་རླབས་ཆེ་བའི་ཤུགས་ཀྱིས་དེ་འདྲ་བྱུང་བ་ཡིན་པས། ཐུགས་ཀྱི་གཏིང་ནས་སྨད་པར་མ་སེམས། དེ་ལྟར་ཤེས་ན་དེ་འདྲའི་གཏམ་དང་དཔེ་

p. 536

ཆ་མཐོང་ཡང་། ལོག་རྟོག་གི་སྤྲིན་ནག་གིས་ནམ་ཡང་སྒྲིབ་མི་ནུས་པར་གྲུབ་མཐའ་ཐམས་ཅད་ལ་དད་གུས་དག་སྣང་གི་ཉི་མ་ཕྱོགས་མེད་དུ་འཆར། བླ་མའི་དགོངས་གཞི་དེ་འདྲ་ཡིན་པར་མ་གོ་བར་ངེས་པར་ཐུགས་ཀྱི་གཏིང་ནས་སྨད་པར་འདོད་ན། བླ་མ་དམ་པ་མང་པོ་ཡང་ལོག་རྟོག་གི་གདོན་གྱིས་རང་དབང་མེད་པར་མྱོས། ཆགས་སྡང་གི་ཞབས་བགྲད། རྩ་ལྟུང་དྲུག་པའི་ཉེས་པ་དང་། ཆོས་སྤོང་གི་ལས་ངན་པའི་ཕྱག་གཉིས་བརྒྱངས། བླང་དོར་ལ་ལྟ་བའི་ཤེས་རབ་ཀྱི་སྤྱན་གཉིས་བཙུམ་སྟེ་མར་དམྱལ་བའི་མེ་ནང་དུ་ཤེད་ཀྱིས་མཆོངས་པ་ཡིན་ཞེས་ཁས་མ་སྨྲས་པ་མ་གཏོགས་དོན་གྱིས་སྐུར་བ་བཏབ་པ་ཡིན་པས་གཞན་མ་སེམས། འོ་ན་བླ་མ་རྣམས་ཀྱིས་ཐུགས་ཀྱི་གཏིང་ནས་མིན་ཡང་། ཞལ་ནས་དེ་སྐད་གསུངས་པ་ལ་ཉེས་པ་མེད་དམ་སྙམ་ན། ལུང་ལས། སེམས་དགེ་བ་ལ་ཉེས་པ་མེད། གསུངས། འཇུག་པ་ལས། གལ་ཏེ་དེ་ཉིད་རྣམ་པར་དཔྱོད་པའི་ཚེ། གཞན་གཞུང་འཇིག་པར་གྱུར་ནའང་ཉེས་པ་མེད། ཅེས་དང་། འབྲུག་པ་ཀུན་ལེགས་ཀྱིས། ཁྱི་འགའ་ཤོར་ནས་འོང་ཚེ། དགག་བྱ་བ་ལ་དགོས་པ་གཙོ།

p. 537

ཁྱི་ལ་པོ་ཏིའི་བཀྲ་ཤིས་ཤོག །གསུངས། ཆོས་ཤིག་རྒྱབ་ཏུ་ཁུར་ཡོད་པ་ལག་ཏུ་བླངས་ནས་ཁྱིའི་མགོ་ལ་བརྡུངས་པ་བཞིན། རང་གཞན་ལ་ཕན་པའི་དགོས་པ་ཆེ་ན་ཉེས་པ་མེད་པར་མ་ཟད་བསོད་ནམས་ཆེ་སྟེ། རྩ་ལྟུང་གི་འགྲེལ་པ་ལས། ལྟ་བ་འོག་མ་གོང་མ་ལ་གཟུད་པ་དང་། འདུལ་བའི་བསམ་པས་གཞན་གྱི་གྲུབ་མཐའ་སྨོད་པ་ནི་ཉེས་པ་མེད་དེ། བསོད་ནམས་ཀྱང་མང་དུ་འཕེལ་ལོ། །ཞེས་གསུངས། ཡང་བླ་མ་འགའ་རེས་ཁོ་ལ་རྙེད་བཀུར་མི་འོང་གིས་དོགས་ནས་ཆགས་སྡང་གི་དབང་གིས་གཞན་གྱི་གང་ཟག་དང་ཆོས་ལ་སྨད་ཚེ། བླུན་པོ་འགའ་རེས་བླ་མ་དེ་བས་བླ་མ་གཅིག་ཚང་དང་ཆོས་གཅིག་དེ་མི་བཟང་གསུངས་པས་དེ་ལོས་བདེན་ཟེར་ཀུན་ལ་བཤད། སྨད་ཤེས་མི་ཤེས་གཉིས་ཀས་སྨད་ཐུབ་ཐུབ་བྱེད་པ་དེ། ཁྱི་རྒན་འགའ་རེས་སྔས་ཀྱི་རུས་ཁོག་གཞན་གྱིས་འཁྱེར་གྱིས་དོགས་ནས་ཆགས་སྡང་གི་སྐད་དྲག་པོ་བཏོན་ནས་ཟུག་ན། སྡེ་པའི་ཁྱི་ཐམས་ཅད་ཀྱིས་ཁྱི་དེའི་སྐད་གོ་ཚེ་དགྲ་ཞིག་ཡོད་རྒྱུ་རེད་སྙམ་ནས་ཐམས་ཅད་འུར་ལངས་འཇོག་པ་དང་འདྲ་བས། དེ་ལ་བློ་གཏད་མཆོད་ཅིག་

p. 538

མེད་དེ། རྗེ་ས་སྐྱ་པཎྜི་ཏས། ཁྱི་རྒན་ཀུ་ཅོ་བཏོན་པ་ན། །རྒྱུ་མཚན་མེད་པར་གཞན་དག་རྒྱུག །གསུངས་པ་ཐོག་ཏུ་བབ་སྣང་། དེའི་ཁར་རྒྱུག་མི་ཉན། བརྒྱུགས་ན་དམྱལ་བ་ཚོ་ཡང་རྒྱུག་འགྲོ་དགོས། དེས་ན་རང་གིས་ཐམས་ཅད་ལ་དད་གུས་དག་སྣང་བྱས་ན་ཁེ་ཆེ། ཡང་འགའ་རེས་ཁོག་ཏུ་ཆགས་སྡང་གི་གདོན་ཆེན་པོ་ཞུགས་ནས་དགོས་པ་མཆོད་ཅིག་མེད་བཞིན། གྲུབ་མཐའ་གཅིག་གི་གཅིག་ལ་ངན་རབས་ཐུ་རབས་ཀྱི་སྔོན་བྱུང་གཏམ་རྒྱུད་འཁྱག་འཁྱོག་ལུང་རིགས་དྲི་མ་ཅན་མང་པོ་ཕྱོགས་གཅིག་ཏུ་བསྡུས་ནས། སྔོན་ཡོད་མ་མྱོང་བའི་ཉེས་བཤད་མང་པོ་བརྩམས་ནས། མིང་ལ་བསྟན་པའི་བྱི་དོར། ཆོས་ལོག་སུན་འབྱིན་ཚོ་ཟེར་བའི་སྙན་མི་སྙན་མང་པོ་བཏགས་ནས། ཀུན་ལ་བསྟན་ནས་འདི་གསུངས་ནི་རེད་ཟེར་འགྲེལ་པ་ཚོ་རྒྱག་པ་འདི་བསྟན་པའི་བྱི་དོར་དུ་མི་འགྲོ་བཤིག་རྐྱེན་དུ་འགྱུར། དད་པ་ཅན་ཞིག་གིས་མཐོང་ངམ་ཐོས་ཚེ་སྔར་དད་པ་ཡོད་པ་ཉམས་ནས་ལོག་རྟོག་གི་ཁུར་གྱིས་ནོན་གཞན་ལ་ཁ་བཏང་ནས་དམྱལ་བའི་རྒྱུ་གསོག་པ་ཡིན་ཏེ། རྒྱལ་དབང་ཐམས་ཅད་མཁྱེན་པའི་ཞལ་ནས། ཁེངས་པའི་གདེངས་

p. 539

ཅན་དྲེགས་པའི་ཕུད་སྒྲ་སྒྲོག །ཉེས་བཤད་དུག་གིས་ཐར་པའི་སྲོག་འཕྲོག་ཀྱང་། །ཟང་ཟིང་ནོར་གྱིས་གཞན་མགོ་སྐོར་བྱེད་པའི། །དེང་དུས་བསྟན་འཛིན་ཕལ་ཆེར་ཀླུ་དབང་བཞིན། །གསུངས། རྗེ་སངས་རྒྱས་རྡོ་རྗེས། དེས་ན་གཅིག་བསྟོད་གཅིག་སྨོད་པ། །ཀུན་སློང་ངན་པའི་གདོན་གྱིས་སྦྱོར། །ཞེས་དང་། འབའ་ར་བས། སྙིགས་མ་ལྔ་དུས་སྐྱེ་བོ་བསོད་ནམས་དམན། །ཆོས་མཛད་དམ་པ་ཚུལ་བཞིན་བསྒོམས་ན་སྨོད། །སངས་རྒྱས་བསྟན་པ་བག་མེད་སྤྱོད་པས་བསྣུབས། །ངན་བྱེད་སྤྱོད་པ་མཐའ་རྣམས་ཀུན་ཏུ་རྒྱས། །གསུངས། བླ་མ་ཞང་རིན་པོ་ཆེས། ཇོ་བོ་བཀའ་གདམས་པ་འགའ་རེས། ཆོས་དང་ཆོས་མ་ཡིན་པ་འབྱེད་པའི་འབྱམས་ཡིག་ཟེར་ནས་ཡིག་སྣ་མཛད་ནས་གདའ། མ་དགོངས་པའི་སྡིག་ཁམ་ཆེན་པོ་དེ་ཙམ་ལ་གཟིགས་རྟོག་མ་མཛད། ཕྱོགས་སུ་མ་བསྙེན་མཛོད། ཅེས་གསུངས། དེས་ན་དཔེ་ངན་དེ་འདྲའི་ཁ་ཕྱེ་ནས་བལྟས་པ་ལས་ཟུམ་ནས་བཞག་པ་དགའ། དེ་ལ་དད་གུས་དག་སྣང་གི་བདུད་དཔེ་ཟེར་དགོས། དེར་བལྟས་སྔས་མགོ་བཞག་ན་རྟེན་འབྲེལ་གྱི་ཆོས་ཉིད་ཀྱིས།

p. 540

ཆོས་དང་གང་ཟག་གཞན་ལ་ལོག་ལྟ་ཐེ་ཚོམ་སྐྱེས་ནས་སྐུར་འདེབས་བྱེད་པ་སྨོས་ཅི་དགོས། རང་གི་བླ་མ་དང་ཆོས་ལ་སྔར་དད་གུས་ཆེ་བ་ཞིག་ཡིན་ནའང་རྒྱུད་ལ་ལོག་ལྟ་ཐེ་ཚོམ་སྐྱེ་ཉེན་ཆེ་སྟེ། དེ་ཅིའི་ཕྱིར་ཞེ་ན། ཀུན་གྱིས་ཆོས་བཟང་སྐྱེས་བུ་དམ་པ་ཡིན་ཞེས་ཚད་མར་འཛིན་པ་ཡང་འདི་འདྲ་ཞིག་ངན་ན་ངའི་བླ་མའི་ཆོས་འདི་ཡང་ག་འདྲ་ཞིག་ཡིན་ནམ་སྙམ་ནས་སྐྱོན་རྟོགས་མང་དུ་བྱས་ན། རང་གི་བླ་མ་དང་ཆོས་ལ་ཡང་ལོག་ལྟ་ཐེ་ཚོམ་མང་པོ་འཕེལ་བ་ཆོས་ཉིད་ཡིན་པའི་ཕྱིར་རོ། །སྤྱིར་ཆོས་ལོག་མ་ལོག་དེ། ཆོས་ཀྱི་སྟེང་ནས་མི་འཇོག །གང་ཟག་གི་སྟེང་ནས་འཇོག་དགོས། དཔེར་ན་བྱིས་པ་ཆུང་ངུ་ལ་འོ་མ་རྩམ་ཉོགས་སོགས་འཇུ་སླ་བ་བྱིན་ན་ལེགས་ཀྱི། ཤ་ཐུད་སོགས་ཟས་སྟོབས་ཅན་འཇུ་དཀའ་བ་བྱིན་ན་ལོག་པར་འགྱུར། མི་གཞོན་པ་ལ་ཤ་ཐུད་སོགས་ཟས་སྟོབས་ཅན་བྱིན་ན་ལེགས་ཀྱི། འོ་མ་རྩམ་ཉོགས་སོགས་ཟས་ཉམས་ཆུང་བྱིན་ན་ལོག་པ་ཡིན་པ། དེ་བཞིན་དུ་གང་ཟག་ལས་དང་པོ་བ་བློ་ཁ་ཆུང་ངུ་དག་ལ། ཐེག་པ་ཆུང་ངུའི་ཆོས་བསྟན་ན་ལེགས་ཀྱི། ཐེག་ཆེན་གྱི་ཆོས་བསྟན་ན་བློ་ཁར་མི་ཤོང་

p. 541

བས་ལོག་པར་འགྱུར། གང་ཟག་ཆོས་ལ་སྦྱངས་པའི་བློ་ཁ་མཐོན་པོ་ལ། ཐེག་ཆེན་གྱི་ཆོས་བསྟན་ན་ལེགས་ཀྱི། ཐེག་དམན་ལ་ཁྲིད་ན་ལོག་པ་ཡིན་ནོ། །དེ་ལྟར་གོ་ན་ཆོས་ལོག་པ་ཞིག་རྒྱལ་བའི་གསུང་རབ་ལ་ཡོད་མི་སྲིད་པ་ཤེས་སོ། དེས་ན་ཆོས་ལོག་ཟེར་ནས་གཞན་གྱི་གྲུབ་མཐའ་སྨོད་པ་རྣམས་ཀྱིས་རང་བློ་ལོག་པར་ཤོར་བའི་རང་མཚང་དུ་གོ་ནས་དུག་བཞིན་དུ་སྤོང་བ་གལ་ཆེ། སྔོན་བླ་བྲང་བཀྲ་ཤིས་འཁྱིལ་པའི་གྲྭ་པ་གཉིས་ཀྱི་ནང་ནས་གཅིག་སྨྱོས་པས། མ་སྨྱོས་པ་དེ་སོང་ནས་གཞན་གྱི་གྲྭ་པ་གཅིག་ལ་ཁོ་བོའི་གྲོགས་པོ་ད་ནངས་སྨྱོས་འདུག །ད་བཀྱིག་དགོས་ཀྱི། ཁྱོད་ཁོ་བོའི་བཀྱིག་གྲོགས་སུ་གཅིག་འགྲོ་ཞེས་ཁྲིད་འོང་ཚེ། སྨྱོས་ཡོད་པས་ཀྱང་། ཁྱོད་འདིར་འོང་བ་བཟང་ཁོ་བོའི་གྲོགས་པོ་འདི་ད་ནངས་སྨྱོས་ཡོད་ཀྱི། ད་བཀྱིག་དགོས་སྨྲས་པས། གཞན་གྱི་གྲྭ་པ་དེས་གཉིས་ཀ་ལ་གཅིག་བལྟས་ནས། ག་རེད་ད་ཁྱེད་གཉིས་ཀྱི་གཅིག་སྨྱོས་འདུག་ཀྱང་སུ་ཡིན་མི་ཤེས་ཁི། ཁོ་ཕྱིར་འགྲོ་ཟེར་ནས་ལངས་སོང་བ་བཞིན། གྲུབ་མཐའ་གཅིག་གིས་གཅིག་ལ། ཐབས་དུ་མའི་སྒོ་

p. 542

ནས་ཆོས་ལོག་ངན་པ་ཡིན་ཞེས་སྨད་ན། སྐྱ་སེར་ཕོ་མོ་ཐམས་ཅད་གང་ལ་ཡང་དད་པ་མི་འོང་བར་འགྱུར་ལ། དད་པ་ནི་བླ་མ་དེ་བཟང་ཆོས་ཀྱི་ཡོན་ཏན་བརྗོད་ན་སྐྱེ་བ་ཡིན། སྐྱོན་བརྗོད་ནས་སྐྱེ་མི་སྲིད། དཔེར་ན་ཟས་ཤིག་ལ་ཞིམ་མངར་ཆེ་ཚུལ་བརྗོད་ན་ཟ་འདོད་སྐྱེ། དུག་འདྲེས་ཡོད་སོགས་ངན་རབས་ཐུ་རབས་བརྗོད་ན་ཟ་འདོད་མི་སྐྱེ་བ་དང་འདྲ། དེས་ན་དད་གུས་དག་སྣང་གི་བདུད་ལ་འདི་ལས་ཆེ་ཞིག་མེད། ཡང་ངན་སྨྲས་མང་པོ་གོ་ཚེ། ཆོས་ལུགས་གང་ཡིན་ཡང་ཉམས་སུ་ལེན་དུས་ཐེ་ཚོམ་ཟ་བཞིན་ཉམས་སུ་བླངས་ན་ཉམས་རྟོགས་གང་ཡང་སྐྱེ་མི་སྲིད། དཔེར་ན་ཁབ་རྩེ་གཉིས་ཀྱིས་ཚེམ་བུ་མི་འོང་བ་དང་འདྲ། དེས་ན་ཉམས་རྟོགས་སྐྱེ་བའི་གེགས་ལ་ཡང་འདི་ངན། གཅིག་གིས་གཅིག་ལ་ཁ་མང་པོ་བཏང་ན། ཆོས་ཀྱི་སྒོར་འཇུག་མཁན་ཉུང་། ཞུགས་ཀྱང་ལོག་ལྟ་ཐེ་ཚོམ་གྱིས་ནོན་ནས། རྒྱུད་ལ་ཡོན་ཏན་མི་སྐྱེ་བ་མང་། དེས་ན་བཤད་སྒྲུབ་ཀྱི་བསྟན་པ་ནུབ་པའི་རྐྱེན་དུ་འདི་ཆེ། ཡང་འགའ་རེས་ལེགས་བཤད་ཅིག་བརྩམས་ཀྱང་གྲུབ་མཐའ་གཞན་ལ་བརྙས་སྨོད་དུ་འགྱུར་བའི་ཟུར་གཏམ་བསྲེས་པ་དེ་ཡང་ལེགས་

p. 543

བཤད་ཉེས་བཤད་ཀྱིས་བརྗོད་པ་ཡིན་པས་གདུལ་བྱ་ལ་ཕན་པའི་དགོས་པ་ཆེ་ན་མ་གཏོགས། དེ་འདྲ་ལེགས་བཤད་ནང་དུ་མ་བཅུག་ན་བཟང་། དེ་མཐོང་ན་ཕལ་ཆེར་དད་པ་སྐྱེ། སེམས་ལ་ཕན་ཡང་། འགའ་རེས་བལྟས་ནས། ཨང་སྐྱབས་སུ་མཆི་དང་། འདི་ནའང་གཅིག་ཚང་ལ་སྐྱོན་གཏམ་གྱི་མདའ་ཞིག་འཕངས་འདུག །བླ་རྒན་མདའ་ཁ་ཡང་བཟང་ནི་རེད་ཟེར་དགོད། འགའ་རེས་ཅི་ཚོ་གསུང་གི་ཟེར་བློར་མི་འབབ་ཁ་བཏང་། ངན་བརྗོད་ནས། དེའི་རྒྱུད་ལ་མི་དགེ་བ་འཇོག་པ་ངས་ཀྱང་མཐོང་། དེས་ན་ལེགས་བཤད་རྩོམ་ཡང་། ཆོས་ལུགས་གང་ལ་དད་གུས་དག་སྣང་སྐྱེ་ཞིང་། ཀུན་གྱི་རྒྱུད་ལ་ཕན་པ་ཞིག་བརྩམས་ན་བཟང་། ཡང་འགའ་རེས་ཆོས་ཤིག་བཤད་ཀྱང་རྒྱལ་བའི་བཀའ་དྲི་མ་མེད་པ་འདི་མི་ཟེར། རང་ལུགས་དྲི་མ་མེད་པ་འདི་ཟེར་གཞན་ཐམས་ཅད་ཤུགས་ཀྱིས་སྨད། ཉན་པ་འགའ་རེས། ལགས། དྲི་མ་ཅན་པོ་དེ་གང་ཡིན་ཞེས་འདྲི་རྒྱུ་ཡིན་ན་ཧ་གོ་ཡོང་། དེས་ན་དགོས་ཆེད་ཆེ་ན་མ་གཏོགས། དེ་འདྲའི་ཚིག་ཙམ་ཡང་སྨྲས་ན་མི་བཟང་། ཡང་འགའ་རེས།

p. 544

གསར་མ་བ་འདིའི་རིགས་རྟོག་གེ་ཁ་ཕྱི་བལྟས་ཤོར་སོང་ནས་རྒྱུད་ལ་ཕན་དཀའ། ཡིད་དཔྱོད་ཚིག་གི་ལྟ་བ་ཙམ་ཞིག་མིན། ངེས་དོན་གྱི་ལྟ་བ་སྒོམ་ཚུལ་འདི་བ་ཚང་ལ་མེད་ལམ་རིང་། གསང་སྔགས་མྱུར་ལམ་ལྟ་བུ་མིན་ཟེར། སྨོད་ཤེས་རུང་མི་ཤེས་རུང་ཐབས་སྣ་ཚོགས་པས་སྨད། གསར་མ་འགའ་རེས། རྙིང་མ་འདི་བ་ཚང་། སྐྱུར་དད་ཆེ། ཡོན་ཏན་ཅང་མི་ཤེས། ཞི་གནས་ཙམ་ཞིག་མིན། ལྟ་བའི་ཕྱོགས་སྒོ་ཙམ་ཡང་མ་རྟོགས། རྟོགས་ལྡན་པ་ཟེར། སྨིན་མ་ལྟ་སྟངས་ཀྱིས་གཟེངས་མཐོ་བ་མང་སྟེ། དོན་གོ་ཆུང་ཟེར་ནས་སྨད། བསྟན་པའི་ལ་རྒྱ་བརྩད་ཟེར་ནས་བསམ་ངན་སྦྱོར་རྩུབ་གཅིག་གིས་གཅིག་ལ་མཐུ་བྱས། འགའ་རེ་འཁོན་འཛིང་བྱེད་པ་འདི་མི་རུང་། སྔོན་རྒྱ་ཟ་ལར་གྱི་ཆོས་སོ་རྙིང་གཉིས་བརྩད་ནས་ཆོས་ལུགས་སོ་མས་དམག་དྲངས། རྙིང་པ་ངན་བྱས་པས། མཐར་སོ་མ་ཁོ་རང་ཡང་གོང་མས་ངན་གསོད་བྱས་ནས་བསད། ཕན་ཚུན་གཉིས་ཀ་ཆོས་ལ་བརྟེན་ནས། ཚེ་འདི་ཕྱིར་ཕུང་ཚུལ་དང་། འགའ་རེས་མཐུ་བྱེད་རེ་བྱས། ཕན་ཚུན་གཉིས་ཀའི་ཤུལ་ཆད་རྗེས་ལྡོག་ཚུལ་རྣམས་ཞིབ་ཏུ་སོམས་

p. 545

དང་བཟང་མི་བཟང་གི་ཧ་གོ་ཡོང་། འགའ་རེས་རང་བསྟན་འཛིན་དུ་རློམ། གཞན་བསྟན་པ་འཛིན་པའི་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་དགྲ་རུ་བཟུང་། མཐོང་ན་ལྟས་ངན་དགུན་སྦྲུལ་མཐོང་བ་ལྟར། མི་ལྟ་བར་ལྡིང་གི་ཚོ་སོང་། བསྟན་བཤིག་ཀ་ཤི་ནའང་སྙམ་ནས་མ་ཐུབ་པའི་དགྲ་བྱས། ཁྲོས་ནས་ངན་བརྒྱ་ཕྲག་སྨྲ། དེས་བཤད་པའི་ཆོས་དེ་ཆོས་ལོག་ཡིན་པས་སུས་ཉན་མི་རུང་། བཏོན་ན་བཀྲ་མི་ཤིས་འདོན་ས་མེད་ཟེར་དགག་པ་ཚོ་གཏོང་བ་དེ། ཁོང་ཚང་གི་ཆོས་ཀྱིས་ཁོའི་རྒྱུད་ཀོ་སྐམ་ལྟ་བུ་འདི་མ་ཐུལ་བར་ལྷག་པར་གྱོང་། མ་རིག་ཉོན་མོངས་ལས་སྒྲིབ་ཀྱི་ལིང་ཏོག་གིས་ཁོ་བོའི་བླང་དོར་འབྱེད་པའི་ཤེས་རབ་ཀྱི་མིག་བསྒྲིབས་ནས་གང་ཡང་མི་མཐོང་། ཁོའི་རྒྱུད་ན་ཡོན་ཏན་ཐམས་ཅད་བསྐྱེད་པའི་གཞི་མ། དད་གུས་ཏིལ་འབྲུ་ཙམ་ཡང་གཏན་ནས་མེད་ཅེས་རང་མཚང་ཐམས་ཅད་ཕྱིར་ཕུད་ཀུན་ལ་འདིར་ལྟོས་དང་བསྟན་འཛིན་གྱི་ཁྱུ་ནས་རོ་ལྟར་བུད་ཡོད་ཅེས་གཞན་ལ་སྔར་མཐོང་མ་མྱོང་བའི་ལྟས་ངན་ཨ་ཝ་པོ་བསྟན་པ་ཡིན་པས་བློ་ལྡན་རྣམས་ཀྱིས་དེའི་ལད་མོ་ཕར་ཞོག་བལྟ་མི་

p. 546

རུང་། སྐྱེས་བུ་དམ་པ་རྣམས་ཀྱིས་མཐོང་ངམ་ཐོས་ན་སྐྱོ་བ་སྐྱེ་བའི་རྒྱུ་ཞིག་ཡིན་ཏེ། རྗེ་དགེ་འདུན་གྲུབ་ཀྱིས་གསུང་ཤར་གངས་རི་མ་ལས། ལར་ད་ལྟ་གངས་རིའི་ཁྲོད་འདི་ན། །རང་བསྟན་པ་འཛིན་པར་ཁས་ལེན་ཡང་། །གཞན་བསྟན་འཛིན་དགྲ་བོའི་དྭངས་མར་འཛིན། །ཚུལ་འདི་ལ་སྐྱོ་བ་གཏིང་ནས་སྐྱེས། །གཞན་འཕུང་བར་འདོད་པའི་ཀུན་སློང་དང་། །རྒྱུད་མཚན་འཛིན་དམ་པོས་བཅིངས་ལགས་ཀྱང་། །ལམ་མཐོན་པོར་གནས་པའི་ཁས་ལེན་བྱེད། །འདི་བརྟགས་ན་ཀུན་གྱིས་ཁྲེལ་བའི་རྒྱུ། །ལམ་གོལ་སར་རྒས་པའི་སྡུག་ཡུས་ཀྱིས། །ཆོས་ཚུལ་བཞིན་སྒྲུབ་པའི་གང་ཟག་ལ། །རྒྱུད་ཁོང་ནས་འཁྲུགས་པའི་གདུག་སེམས་ཅན། །གདོན་ཐུགས་ལ་ཞུགས་པ་མ་ལགས་སམ། །དགྲ་ཉོན་མོངས་འདུལ་ཐབས་མི་བྱེད་པར། །ཤག་འགྱེད་པ་ཙམ་གྱི་འཆད་ཉན་ཡང་། །འདྲེ་ཤར་སྒོའི་ཕྱོགས་སུ་གནས་པ་ལ། །གླུད་ནུབ་སྒོར་གཏོང་བཞིན་དོན་རེ་ཆུང་། །དོན་དེ་ལྟར་གོ་བའི་བཤེས་གཉེན་པ། །སྤྱིར་ལུས་ཅན་ཀུན་ལ་བཀའ་དྲིན་སོམས། །དགོས་ཆོས་མཛད་ཡོངས་ལ་དག་སྣང་སྦྱོངས། །དགྲ་ནང་ན་འདུག་པའི་ཉོན་མོངས་

p. 547

ཐུལ། །མི་ཁོ་བོའི་རྗེས་འཇུག་གྲོགས་པོ་རྣམས། །ཡིད་ཕྱོགས་སུ་ལྷུང་བས་མི་འཆིང་བར། །བློ་གཟུ་བོར་གནས་པའི་རྟོགས་དཔྱོད་ཀྱིས། །ལམ་དྲང་པོར་ཞུགས་པ་ཅིས་ཀྱང་ལེགས། །གསུངས། མཉམ་མེད་པོ་ཏོ་བའི་ཞལ་ནས། དམ་པ་ཕན་ཚུན་གཅིག་གིས་གཅིག་བསྟོད་པ། །དེང་སང་དུས་ན་ཐམས་ཅད་འགྲན་པ་འགྱུར། །དབེན་པར་གནས་ནས་ཚུལ་བཞིན་སེམས་པ་དེ། །དེང་སང་དུས་ན་ཉིན་པར་སྐར་མ་ཙམ། །གདམས་ངག་བསམ་བཞིན་རྟོགས་པ་འབུལ་བ་དེ། །དེང་སང་དུས་ན་ལུགས་ཀྱང་མེད་པར་གྱུར། །ཟང་ཟིང་མི་ལྟ་སྒྲུབ་པ་ལྷུར་ལེན་པ། །དེང་སང་དུས་ན་སྙིང་རྗེའི་ཡུལ་དུ་གྱུར། །ཆོས་ཀྱི་བར་ཆད་ཟ་ར་ཟི་ར་དེ། །དེང་སང་དུས་ན་བསོད་ནམས་ཅན་དུ་གྲགས། །ཤེས་བྱ་མི་སྦྱོང་གདམས་ངག་སེམས་པ་དེ། །དེང་སང་དུས་ན་དགའ་བ་མེད་པར་འགྱུར། །ཚིག་ཟིན་སྐམ་པོའི་གྲངས་བསྐྱེད་བྱེད་པ་དེ། །དེང་སང་དུས་ན་ཀུན་གྱིས་གོ་བར་བྱེད། །ཚེ་འདི་བློས་བཏང་ཐར་ལམ་སྒྲུབ་པ་དེ། །དེང་སང་དུས་ན་རང་མདོ་མེད་པར་བྱེད། །ཚེ་འདི་དོན་གཉེར་ཡོ་བྱད་གསོག་པ་དེ། །དེང་

p. 548

སང་དུས་ན་རང་མདོ་ཅན་དུ་བྱེད། །བྱ་བྱེད་བཞག་ནས་སྙིང་པོ་བགྲང་བ་དེ། །དེང་སང་དུས་ན་བྱ་རྒྱུ་མེད་པར་བྱེད། །ཚེ་འདི་འདོད་ནས་བྱ་བཞག་བྱེད་པ་དེ། །དེང་སང་དུས་ན་ཕན་སེམས་ཅན་དུ་བྱེད། །ཚོགས་གསོག་མིང་བཏགས་ཁ་ལན་བྱེད་པ་དེ། །དེང་སང་དུས་ན་ཆོས་ཀྱི་མཆོག་ཏུ་བྱེད། །བསླབ་ལ་གུས་ཤིང་དམན་ས་འཛིན་པ་དེ། །དེང་སང་དུས་ན་ཀུན་གྱིས་བརྙས་བཅོས་བྱེད། །སྡིག་ལ་མི་འཛེམ་རྩབ་རལ་བྱེད་པ་དེ། །དེང་སང་དུས་ན་ཀུན་གྱིས་སྤྱི་བོར་འཁུར། །གཞོན་པས་རྒན་ལ་བསྙེན་བཀུར་བྱེད་པ་དང་། །རྒན་པས་གཞོན་ལ་བློ་སྦྱོང་བྱེད་པ་དང་། །དགེ་སློང་རྒན་ལ་དགེ་ཚུལ་བསྟེན་པ་དེ། །དེང་སང་དུས་ན་བཟློག་ནས་བྱེད་པར་འགྱུར། །དམ་པ་ཐམས་ཅད་རིམ་གྱིས་གཤེགས་གྱུར་པས། །དེང་སང་དུས་ན་བསྟན་པ་མེད་པར་གྱུར། །རང་གིས་འཁོར་བའི་སྐྱོན་ལ་བསམ་བྱས་ནས། །ཤེས་པ་ནང་དུ་བཟློག་ཏེ་བལྟ་བར་བྱ། །ཞེས་དང་། རྗེ་རྒོད་ཚང་པས། འགྲོ་དོན་བྱེད་པའི་ཚུལ་སྟོན་ཡང་། །རང་ཆེ་བར་འདོད་པས་གཞན་མགོ་སྨོད། །ཉེ་རིང་ཕྱོགས་རིས་ངང་ལ་གནས། །ཆོས་བརྒྱད་ཅན་ལ་སྐྱོ་བ་སྐྱེས། །

p. 549

བསོད་ནམས་ཚོགས་ཀྱང་མི་བསོག་ཅིང་། །ཡེ་ཤེས་ཚོགས་དང་མི་ལྡན་པར། །རང་ཉིད་སངས་རྒྱས་ཡིན་ཟེར་ནས། །ཁ་འཕང་ཤོར་ལ་སྐྱོ་བ་སྐྱེས། །ཞེས་གསུངས་པ་འདི་ཐུགས་ཤིན་ཏུ་གདའ་དེ། །དེང་སང་འེ་ཚོའི་བླ་མ་འདི་བཟང་། འདིས་ཆོས་ཤེས་སྙམ། རེ་བཞག་ཆེ་བ་རྣམས་ཀྱི་མདུན་དུ་སོང་ན་རེ་བ་བཞིན་མ་བྱུང་། ཁོག་ལོག་གེ་གཏོང་བ་མང་། དེས་ན་ས་དགེ་རྙིང་འབྲུག་སོགས་ཀྱི་བླ་མ་སུ་ཡིན་ཡང་། རང་རང་གི་གྲུབ་མཐའ་སྐྱོང་ཡང་། གྲུབ་མཐའ་གཞན་འཛིན་སྐྱོང་སྤེལ་བའི་བླ་མ་དགེ་བའི་བཤེས་གཉེན་ཡོངས་ལ་དད་གུས་དག་སྣང་སྦྱངས་ནས་མཆོད་བསྟོད་བཀུར་བ་འདི་ཤིན་ཏུ་གལ་ཆེ་སྟེ། རིག་འཛིན་གང་ཤར་རང་གྲོལ་གྱི་ཞལ་ནས། ཞྭ་སེར་དམར་སོགས་ཆོས་ལུགས་མ་ལུས་པ། ཞྭ་ལྟར་གཙུག་གི་རྒྱན་དུ་གུས་བརྟེན་ཅིང་། །ཞྭ་ལྷམ་ཟས་གོས་ངན་ངོན་ཙམ་གྱོན་ནས། ཞ་ལོང་བཞིན་དུ་ཁེངས་བསྐྱུངས་དམན་ས་ཟུང་ས། སུངས། རྗེ་མི་ལའི་ཞལ་ནས། ང་མི་ལས་བུད་པས་ལྷ་དང་མཇལ། །དམན་ས་བཟུང་བས་རྒྱལ་ས་ཐོབ། །གསུངས་པས་ན་དེ་ལུགས་ཀྱིས།

p. 550

འོ་སྐོལ་རྣམས་ཀྱིས་སངས་རྒྱས་ས་བཟུང་བས་དམན་སར་ལྷུང་ཟེར་བ་ཞིག་གི་གནས་སུ་མ་གྱུར་པར་མཛོད། ཡང་དཔེར་ན་ཟས་བཟང་ངན་རབ་འབྲིང་ཐ་གསུམ་ཡོད་ན། སེམས་ཅན་གྱི་རིགས་སྣ་ཚོགས་ལ་ཕན་ཆེ་བ་ལྟར། ཆོས་ལུགས་གྲུབ་མཐའ་སྣ་ཚོགས་ཡོད་ཀྱང་ཐམས་ཅད་མ་ཉམས་དར་ན། སེམས་ཅན་ལ་གཅིག་གིས་ཕན་མི་ཐོགས་པ་གཅིག་གིས་ཕན་པས་བཟང་། ཁྱིམ་པ་སོ་ནམ་བྱེད་མཁན་མང་ན་གཅིག་གིས་གཅིག་ལ་འགྲན་བཞིན་སོ་ནམ་ལ་རེམ་ན་ཐམས་ཅད་ཕྱུག་པོར་འགྱུར་བ་བཞིན། གྲུབ་མཐའ་མང་ན་གཅིག་གིས་གཅིག་ལ་འགྲན་བཞིན་ཉམས་ལེན་བྱས་ན་མྱུར་དུ་འཚང་རྒྱ་བས་ཀྱང་བཟང་། གྲུབ་མཐའ་གཞན་ཐམས་ཅད་ཉམས་ནས་རང་ལུགས་འདི་དར་ན་སྙམ་པ་དེ་བས་བསམ་ནག་ཅིག་གཞན་ན་མེད། གྲུབ་མཐའ་གཞན་ཐམས་ཅད་ནུབ་ནས་གཅིག་ཤུལ་དུ་ལུས་པ་སྐྱིད་ཆེ་སྙམ་པ་དེ། ཁྱིམ་ཚང་ཀུན་ཤི་ནས་རྒན་མོས་མོ་གཅིག་པུ་ཤུལ་དུ་ལུས་ན་ཟ་འཐུང་ཆེ་སྙམ་པ་དང་འདྲ་བས་གཞན་མ་སེམས། དཔེར་ན་ཟས་མང་པོ་མ་འདྲེས་ན། ཁ་སྤོས་ནས་གང་འདོད་ཟོས་ན། ལྷག་པར་ཕན་ཆེ་བ་ལྟར་གྲུབ་མཐའ་

p. 551

རྣམས་མ་འདྲེས་ན། རང་གིས་གང་མོས་ཉམས་སུ་བླང་ཆོག་པས་བཟང་། འདྲེས་སོང་ཡང་ཁྲག་དང་འོ་མ་འདྲེས་པ་བཞིན་བསམ་པ་དེ་གནད་མ་གོ་བ་ཡིན། ཆོས་ཤིག་ཡིན་ཕྱིན་སེམས་ཅན་ལ་དངོས་སམ་བརྒྱུད་ནས་ཕན་ཐོགས་འབྱུང་བ་ཤ་སྟག་ཡིན། དེ་རྣམས་འདྲེས་སོང་ཡང་ཀ་ར་བུ་རམ་སྦྲང་རྩི་རྣམས་འདྲེས་པ་དང་འདྲ་བས་འགལ་བ་མེད། དཔེར་ན་ཟས་ཞིམ་པོ་ཕྱོགས་གཅིག་ཏུ་བསྡུས་ནས་ཟོས་ན་ལྷག་པར་ཞིམ་པ་ལྟར། བློའི་མཐུ་ཡོད་པ་རྣམས་ཀྱིས་དབུ་རྫོགས་ཕྱག་ཆེན་རྣམས་གུང་བསྒྲིགས་ནས་ཉམས་སུ་བླངས་ཀྱང་ལྷག་པར་ཟབ་སྟེ། རྒྱལ་དབང་རྗེས། ཐེག་པ་སྣ་ཚོགས་ཀྱི་ཆོས་སྐད་ཀྱང་། རང་རང་གི་ས་ན་བདེན་མོད་ཀྱང་། གུང་གཅིག་ཏུ་བསྒྲིགས་ན་ཟབ་པ་ཡིན། གསུངས། དེས་ན་དམ་པ་གོང་མ་འགའ་རེས་གྲུབ་མཐའ་ཕྱོགས་རིས་མེད་པར་དད་གུས་དག་སྣང་སྦྱངས། བླ་མ་མང་པོར་དབང་ལུང་འཁྲིད་གསུམ་ཞུས་ཉམས་སུ་བླངས་པའི་རྒྱུ་མཚན་ཡང་དེ་ཡིན། དུག་དང་བདུད་རྩི་བཞིན་འགལ་ན། དམ་པ་དེ་རྣམས་ཀྱིས་ཉམས་སུ་མི་ལེན། དེང་སང་འེ་ཚོའི་ཚ་གྲང་ལྟར་

p. 552

འགལ་བར་སེམས་པ་དེ་རང་གི་བློ་མཐུ་ཆུང་བས་ལན་པ་ཡིན་པས་གཞན་མ་སེམས། ཕྱག་ན་པདྨོ་ལྔ་པ་རྒྱལ་དབང་རིན་པོ་ཆེའི་ཞལ་ནས། དགེ་ལྡན་བསྟན་པའི་གཞི་མ་ཡིན་པས་བརྟན་དགོས། རྙིང་མ་བསྟན་པའི་ལྕགས་རི་ཡིན་པས་མཐོ་དགོས། གསུངས། ཡང་སྔགས་འཆང་གོས་དཀར་ལྕང་ལོ་ཅན་གྱི་སྡེ། རབ་བྱུང་ངུར་སྨྲིག་ཆོས་གོས་ཅན་གྱི་སྡེ་གཉིས། འབྲོང་རྭ་གཡས་གཡོན་བཞིན་གཅིག་གཅིག་གི་རྒྱན་ཡིན། གཉིས་ཀ་དར་དགོས། གསུངས་སྐད། དེས་ན་གསར་རྙིང་གི་བསྟན་འཛིན་རྣམས་སྤུན་ཟླ་བཞིན་འགྲོགས་ནས། བརྩེ་གདུངས་རྒྱུན་མི་འཆད་དུ་བྱས། ཕྱོགས་རིས་མེད་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་གྱིས་དང་བཟང་། ཡང་རྙིང་མའི་ཆོས་མི་བཟང་ཞེས་སྨོད་ག་ལ་རུང་། རྗེས་འབངས་ཉེར་ལྔ་སོགས་མངོན་ཤེས་རྫུ་འཕྲུལ་མངའ་བའི་གྲུབ་ཆེན་རི་བྲག་འདྲ་བ་དེ་ཚོ་གང་ནས་བྱུང་། གསར་མའི་ཆོས་མི་བཟང་ཞེས་སྨོད་ག་ལ་རུང་། འབྲོམ་ཁུ་རྔོག་སོགས་བཀའ་གདམས་བླ་མ་མཁས་གྲུབ་གཉིས་འཛོམ་གནམ་གྱིས་ས་བཀབ་པ་ལྟ་བུ་དེ་ཚོ་གང་ནས་བྱུང་། དེ་ཚོ་མི་བསམ་པར་ཆོས་ལ་དད་ལོག་

p. 553

བྱས་ནས་ཁ་བཏང་ན། ཆོས་དེ་བརྒྱུད་པའི་བླ་མ་གསུང་བ་པོ་སྟོན་པ་སངས་རྒྱས་རྡོ་རྗེ་འཆང་སོགས་ལ་ཡང་ཁས་མི་བཟང་མ་སྨྲས་པ་མ་གཏོགས། དོན་གྱི་མི་བཟང་ཞེས་སྐུར་བ་བཏབ་པ་ཡིན་པས། མི་དགེ་བ་ཐམས་ཅད་ཀྱི་ནང་ན་སྐུར་འདེབས་ཉེས་པ་ཆེ། རྟ་ཁ་འཐེན་མིན་མཐའ་འ་ལྟུང་གི་ཟེར་བ་ལྟར། ཚོད་བཟུང་མིན་དམྱལ་བའི་མེ་ནང་དུ་ལྟུང་ཉེན་ཡོད། ཡང་དེ་རྣམས་སྨད་ནི་མིན། དེ་རྣམས་ཀྱིས་ཆོས་གསུངས་པ་བཟང་ཡང་། དེའི་འཕྲོ་ལ་རྒྱ་བོད་ཀྱི་ལོ་ཙཱ་བ་ཆོས་པ་ཡིན་ཟེར་བའི་ངན་པ་འགའ་རེས། ཆོས་བཟང་པོ་བསྲེ་སླད་བརྒྱབ་བརྒྱབ་པས་མི་བཟང་བ་ཡིན་ཟེར་ན། དེ་འདྲའི་ཞིབ་ཆ་སུ་ལ་ཡོད། དེ་དུས་དྲུང་ན་ཡོད་ནི་འདྲ་ཡིས་བཤད་བཤད་དེ་མི་རུང་། ཆོས་འདི་བཟང་འདི་མི་བཟང་ཆོས་ལོག་ཡིན་ཞེས་ཐག་བཅད་གི་བཅད་གི་བཤད་པ་འདི་ཨེ་ཚོའི་གཏམ་ཞིག་མིན། ཐམས་ཅད་མཁྱེན་པས་གསུང་རྒྱུ་ཞིག་ཡིན། དཔེར་ན་མི་ཆེན་ཞིག་གིས་བཤད་རྒྱུ་ཞིག་བྱིས་པ་འགའ་རེས་སྨྲས་ན་རྒན་པ་རྣམས་ཧ་བགད་བྱེད་པ་ལྟར་དེ་འདྲ་སྨྲས་པ་མཁྱེན་རྒྱ་ཆེ་བའི་རྒྱལ་བ་སྲས་བཅས་ཀྱིས་

p. 554

གསན་ན་བཞད་གད་ཀྱི་གནས་ཡིན་པས་གཞན་མ་སེམས། ཕྱི་རབས་པས་ཆོས་བསྲེ་སླད་བྱས་ནས་བརྫད་ཡོད་ན། དེང་སང་ས་དགེ་རྙིང་གསུམ་སོགས་ཀྱི་ཆོས་ཉམས་སུ་ལེན་མཁན་གྱི་ནང་ན། མཁས་ཤིང་གྲུབ་པ་བརྙེས་པའི་སྐྱེས་ཆེན་དམ་པ་མང་པོ་འདུག་པ་མིག་གིས་ལྟོས། རྣ་བས་ཉོན་དང་བརྫད་ཡོད་ན་དེ་འདྲ་བྱུང་དོགས་མེད། དེས་ན་མ་བརྫད་པར་ཆོས་རྣམ་དག་ཡིན་པའི་རྟགས་དེ་ལྷང་ངེར་ཡོད་པས་ལོག་ལྟ་དང་ཐེ་ཚོམ་གྱི་མཆིང་བུ་དོར་ལ། དད་གུས་དག་སྣང་གི་ནོར་བུ་ལོངས་དང་བཟང་། རྗེ་རྒོད་ཚང་པས། བཀའ་གདམས་དང་རྫོགས་ཆེན་ལ་སོགས་པ་ཆོས་ཐམས་ཅད་ལ་མི་ཟབ་པ་གཅིག་ཀྱང་མེད། འོན་ཀྱང་སྤང་བྱ་ཉོན་མོངས་པ་གཅིག་པུའི་གཉེན་པོར་གསུངས་པ་ལས་མེད། ཐུབ་པ་ཆེན་པོས་གསུངས་པའི་ཆོས་ལ་མི་ཟབ་པ་གང་ཡོད། ཟབ་མི་ཟབ་ཐམས་ཅད་རང་རེའི་བློ་ཚོད་དང་མཐུན་མི་མཐུན། རང་རེ་ལས་འཕྲོ་གང་བཞག་པ་དེ་ཟབ་པར་ཡོང་བ་ཡིན། བཀའ་བརྒྱུད་འདིའི་ལུགས་སུ་མོས་གུས་ཟབ་པར་འདོད། གསུངས། ཡང་ཆོས་འདི་ཁུངས་དག་མི་དག་བཟང་མི་བཟང་གི་དོགས་པ་ཟ་རྒྱུ་ཞིག་གི་

p. 555

དབང་དུ་སོང་ན། སངས་རྒྱས་ཀྱི་བཀའ་ཡང་ཕྱི་ནས་ཉན་ཐོས་དགྲ་བཅོམ་པ་མང་པོས་བསྡུས། ཡི་གེར་ཕབ་པ་ཡིན་པས། དེའི་དུས་ཀྱང་འཆུག་པ་དང་། དག་མི་དག་ཨེ་ཡོད་སྙམ་ནས་ཐེ་ཚོམ་ཟ་དགོས། དེ་ནས་ལོ་ཙཱ་བ་བརྒྱ་ཕྲག་མང་པོས་ཆོས་དེ་བོད་སྐད་དུ་བསྒྱུར་བ་ཡིན་པས། དེའི་དུས་སུ་འཆུག་ཨེ་ཡོད་སྙམ་ནས་ཐེ་ཚོམ་ཟ་དགོས། དེ་ནས་བོད་ཀྱི་འབྲི་ཤེས་མི་ཤེས་གཉིས་ཀས་བྲིས་པ་ཡིན་པས། ལྷག་ཆད་ཨེ་ཡོད་སྙམ་ནས་དོགས་པ་སྐྱེ། རྣམ་རྟོག་ངན་པ་རྐྱང་བསླངས་ན། སྐབས་ཤིག་སངས་རྒྱས་ཀྱི་བཀའ་ཡང་ཨེ་ཡིན་མི་ཡིན་སྙམ་ནས་ཡིད་ཆེས་སྐྱེས་དཀའ། དེས་ན་རྒྱུད་ལས། རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་མཆོག་གི་དངོས་གྲུབ་རིང་། གསུངས་པ་ཡིན་ལ། ད་ས་འོག་རྡོ་འོག་མིན་ཚད་ནས་རང་གིས་རང་ལ་དོགས་པ་ངན་པ་རྐྱང་མ་སློང་བར། ཉན་ཐོས་དགྲ་བཅོམ་ལོ་པཎ་མཁས་གྲུབ་སོགས་ཆོས་འདི་འཛིན་སྐྱོང་སྤེལ་གསུམ་བྱེད་མཁན་ཐམས་ཅད་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་ཤ་སྟག་ཡིན། དེ་ལ་ནོར་འཁྲུལ་ཞིག་མི་སྲིད་སྙམ་དུ་ཡིད་ཆེས་ཀྱི་དད་པ་

p. 556

ལྷང་ལྷང་བསྐྱེད་ནས་ཕྱོགས་རིས་སྤོང་བ་གལ་ཆེ་སྟེ། འབའ་ར་བས། སེམས་ཅན་བསམ་པ་སྣ་ཚོགས་ལ། །རྒྱལ་བས་ཐེག་པ་སྣ་ཚོགས་བསྟན། །སྣོད་དང་མཐུན་པའི་ཆོས་དེ་ཟབ། །ཕྱོགས་རིས་སྤོངས་ཤིག་རྒྱལ་མཚན་དཔལ། །གསུངས། ཡང་བསམ་པ་མི་ལ་གནག་ན། སྦྱོར་བ་རང་ལ་འཁོར་ཟེར་བ་ལྟར། གཞན་ལ་བསམ་ངན་བཟུང་ན། རང་གི་བསྟན་པ་ཉམས་པའི་གེགས་ཡིན་ཏེ། སྔོན་ལྷོ་ཁའི་ཕྱོགས་ཀྱི་དགོན་ཆུང་དགེ་ལུགས་པ་ལ་ཤིན་ཏུ་སྡང་བ་ཞིག་ཡོད་པས། རྗེ་རིན་པོ་ཆེ་ལ་སྐུར་བ་ཀྱང་བཏབ། དགོན་པའི་ཁྱི་ཞིག་ཡོད་པའི་མིང་ལ་ཡང་བློ་བཟང་གྲགས་པ་ཞེས་བོས། ལོ་གཅིག་དགོན་པའི་ཁྲི་པ་གསར་པ་ལ་ཁྲི་སྟོན་བྱེད་སྙམ་ནས་དགུང་མོ་འདུ་ཁང་དུ་ཁྲི་གདན་བཏིང་། སྟོན་མོའི་བཟའ་བཏུང་ཡོ་བྱད་རྣམས་བཞག་ཡོད་པ། མཚན་མོ་ཁྱི་དེ་ནང་དུ་འཛུལ་ནས། ཟས་ཡོད་ཚད་ཚད་ཟོས། ནང་དུ་སྐྱག་པ་མང་པོ་བཏང་། བླ་མ་བཞུགས་པའི་ཁྲི་ཐོག་ན་ཉལ་ཡོད་པ། སྔ་མོ་སྐུ་གཉེར་གྱིས་མཐོང་ནས་ཀུན་ལ་འོ་མདངས་ཁྱི་རྒན་བློ་བཟང་གྲགས་པ་ནང་དུ་འཛུལ་ནས་སྟོན་མོའི་ཤ་སོགས་ཟོས་ནས་ཁྲི་

p. 557

པ་བཞུགས་སའི་ཁྲི་ཐོག་ཏུ་སོང་ནས་ཉལ་འདུག་སྨྲས་པས། ཐམས་ཅད་ཀྱི་མ་བཟང་རྟེན་འབྲེལ་བཙོག་པ་ཟེར་ནས་རྣམ་རྟོག་ཟོས། དེའི་ཕྱི་ལོ་དགོན་པ་དེར་དམག་ཅིག་གིས་བརྒྱབ་ནས། ཤུལ་དུ་དགེ་ལུགས་པའི་དགོན་པ་ཞིག་ཚུགས་སྐད། ཡང་སྔོན་དབུས་ཕྱོགས་ཀྱི་དགོན་ཆུང་རྙིང་མ་བ་ལ་ཁ་བཏང་སྡང་པོ་བྱེད་མཁན་ཞིག་ཡོད་པའི་གྲྭ་བ་གཅིག་ལམ་དུ་སོང་བས་བྲག་འཕྲང་ཞིག་ན་ཨོ་རྒྱན་གྱི་སྐུ་རྡོ་ལ་བཟོས་པའི་བྱིན་ཅན་ཞིག་ཡོད་པ་མཐོང་ནས་ཡིད་ལ་མ་སོང་ཁོང་ཁྲོ་སྐྱེས། འདི་མེད་ས་མི་སྣང་ས་ཟད་རྡོ་འཕྲང་ཚོ་ན་ཡང་ས་བཅད་ནས་འདུག་ཟེར་རྡོ་མང་པོ་འཕང་ནས། ཞལ་རས་ཀྱི་ཤངས་བསྣད། སྐུར་ཞུས་མང་པོ་བྱས་པས། ཕྱིས་ཚེ་རིང་པོ་མ་ལོན། ནད་ངན་པ་ཞིག་ན་ནས། ངོ་སྐྲངས་སྣ་ཆད་ནས་ཤི། དགོན་པ་དེ་ཡང་འཐོར་སོང་སྐད། དེས་ན་རང་ལུགས་དྲི་མེད་དར་དུ་འཇུག་རྒྱུ་ཡིན་ཚོ་ཟེར། གཞན་གྱི་གྲུབ་མཐའ་རྣམས་ལ་སྡིག་རྒྱལ་ཚོར་ཞུས་ནས་ཉམས་སུ་བཅུག་ན། གྲུབ་མཐའ་ཕ་རོལ་པོ་དེ་བ་ཚང་བཙན་པོ་ཞིག་ཡིན་ན་དམག་འདྲེན། སྙོམ་ཆུང་ཞིག་ཡིན་ན་མཐུ་བཏང་ནས།

p. 558

བླ་མ་རྒྱལ་པོ་རྣམས་ཀྱི་སྐུ་ཚེ་ཇེ་ཐུང་དུ་བཏང་། བསྟན་པ་དར་མི་དགོས་རྒུད་དུ་འཇུག །ཆགས་སྡང་མཁན་འགའ་རེས་ཁོ་སྐྱེ་བ་ཕྱི་མ་ལ་ག་ཚང་གི་བསྟན་པ་ལ་གནོད་སྐྱེལ་ནུས་ཤིང་། རང་ལུགས་དར་རྒྱས་སུས་གཏོང་བ་ཞིག་ཏུ་སྐྱེ་བར་ཤོག་ཟེར་སྨོན་ལམ་ལོག་པར་བཏབ་ན། གདོན་ཆེན་པོ་འཇིགས་སུ་རུང་བའམ་སྡིག་རྒྱལ་ཚོར་སྐྱེས། བསྟན་པ་གཅིག་གིས་གཅིག་ལ་གནོད་བསྐྱལ་ནས་ཐམས་ཅད་ཉམས་འགྲོ་བས་མི་བཟང་། དེང་སང་ས་དགེ་རྙིང་གསུམ་སོགས་ཀྱི་བླ་མ་རྣམས་ཕལ་ཆེར་སྐུ་ཚེ་ཐུང་བ་རྣམས། གྲུབ་མཐའི་ཕྱོགས་རིས་ཆགས་སྡང་བྱས། དེའི་དབང་གིས་གཅིག་གིས་གཅིག་ལ་བསམ་ངན་སྦྱོར་རྩུབ་བྱས་པས་ལན་པ་ཡིན། བླ་མ་རྣམས་ཀྱི་སྐུ་ཚེ་རིང་བར་འདོད་ན་ཡང་ཚེ་སྒྲུབ་ཞབས་བརྟན་བྱས་རྒྱུ་ནོམ་བརླགས་པ་བས་གྲུབ་མཐའི་ཕྱོགས་རིས་མ་བྱེད་པར་གཅིག་གིས་གཅིག་ལ་དད་གུས་དག་སྣང་སྦྱང་། གཅིག་གྲོགས་གཅིག་གིས་གྱིས་དང་སྐུ་ཚེ་རིང་། ཚེ་སྒྲུབ་ཀྱི་མཆོག་གཅིག་དེ་ན་སྣང་། གཞན་རང་བཞིན་གྱིས་དད་ནས་ཆོས་སྒོར་མ་ཞུགས་ན། བཙན་ཚུགས་བྱས་ནས་ཆོས་སྒོར་བཅུག་ན་རང་གཞན་གཉིས་ཀ་

p. 559

ཕན་ལས་གནོད་ཆེ། སྔ་སོར་ཁམས་ཕྱོགས་ཀྱི་དགེ་ལུགས་པ་དང་བོན་པོའི་དགོན་པ་གཉིས་ཐག་ཉེ་ཞིག་ཡོད་པས་གཅིག་ཚང་གིས་གཅིག་ཚང་ལ། ཁྱེད་ཚང་གི་ཆོས་བཞག་ནས། ཁོང་ཚོའི་ཆོས་འདི་འདོན་དགོས་ཞེས་མ་འགྲིགས། ཕྱིས་དགེ་ལུགས་པ་ཚང་གིས་བོན་པོའི་དགོན་པར་བཙན་ཚུགས་བྱས། བན་ཆོས་འདོན་དུ་བཅུག་པའི་ཚེ། བོན་རྣམས་ཀྱིས་དངོས་སུ་འདོན་པ་ལྟར་བྱས། ལྐོག་ནས་མཐུ་བརྒྱབ་པས། དགེ་ལུགས་པའི་དགོན་པའི་ཁྲི་པ་དང་གྲྭ་པ་མང་པོ་བཀྲོངས། སྡོད་མཁན་མ་བྱུང་། བན་བོན་གཉིས་ཀ་དར་མི་དགོས་ཇེ་རྒུད་དུ་སོང་སྐད། དེས་ན་བོང་བུ་བྲག་ཐེམ་དུ་འགྲོ་འདོད་མེད་པ་ཕར་གཏད་ན་ཚུར་གཏད་ནས་གཉིས་ཀ་མཐའ་ལ་འཕེན་པ་དང་། རྩིད་བུ་ཆུ་འཐུང་འདོད་མེད་ན་བཙན་ཚུགས་བྱས་མཆུ་ཆུ་ནང་དུ་བཙུགས་ན་འབའ་འཕགས་ནས་ཆུ་གཙང་རྙོག་པ་དང་འདྲ། དེས་ན་བཙན་ཚུགས་བྱས་ནས་ཆོས་སྒོར་བཅུག་པ་དོན་སྒོ་སྤུ་ཙམ་མེད། སྔོན་སངས་རྒྱས་ཀྱིས་ཀྱང་ཆོས་འཁོར་བསྐོར་དུས་ཐབས་མཁས་བསྡུ་བཞིའི་སྒོ་ནས་ཆོས་བསྟན་ཟེར་བ་གོ །བཙན་ཚུགས་བྱས་

p. 560

ནས་ཁྱོད་ཀྱིས་ཆོས་འདི་ལ་ཉན་རྒྱུ་ཨེ་ཡིན། མི་ཉན་ན་གསོད་རྒྱུ་ཡིན་ཞེས་གསུངས་ཟེར་བ་གོ་མ་མྱོང་། སངས་རྒྱས་ཀྱིས་མཁའ་མཉམ་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྒོ་མོ་མཐའ་ཡས་པ་གསུངས། ཆོས་ལུགས་གྲུབ་མཐའི་རིགས་མི་འདྲ་བ་མཐའ་ཡས་པ་ཡོད། བོད་གངས་ཅན་ཁབ་མིག་གི་ནམ་མཁའི་ཆ་ཙམ་ལ། ཆོས་སྐུད་པ་ཙམ་ཞིག་དར་ཡོད་པ་ཀུན་གྱིས་ཡིན་མིན་བཟང་མི་བཟང་ཟེར། དཔེ་ངན་ལུང་རིགས་ངན་པས་རོ་ཤེད་ཀྱིས་འཐེན་སྤྲུག་རྒྱོང་གསུམ་བྱས་བཅད་མ་གཏོང་དང་བཟང་། ཆོས་ལ་ལ་བཟང་བར་འདུ་ཤེས། ལ་ལ་ངན་པར་འདུ་ཤེས་ནས་དོར་ན་ཆོས་སྤོང་གི་ལས་ངན་པ་ཡིན་སྟེ། རྣམ་པར་འཐག་པ་ཐམས་ཅད་འདུས་པའི་མདོ་ལས། དེ་བཞིན་གཤེགས་པས་གསུངས་པའི་བཀའ་ལ་ལ་ནི་བཟང་བར་འདུ་ཤེས། ལ་ལ་ནི་ངན་པར་འདུ་ཤེས་པ་ནི་ཆོས་སྤོང་བའོ། །ཆོས་སྤོང་བ་དེས་ཆོས་སྤངས་པས། དེ་བཞིན་གཤེགས་པ་ལ་སྐུར་བ་འདེབས་པ་ཡིན་ནོ། །དགེ་འདུན་ལ་ངན་དུ་བརྗོད་པ་ཡིན་ནོ། །ཞེས་དང་། མི་བླུན་པོ་དག་ངའི་ཆོས་འདི་ལ། འདི་ནི་ཉན་ཐོས་རྣམས་ལ་བཤད་པའོ། །འདི་རང་སངས་

p. 561

རྒྱས་རྣམས་ལ་བཤད་པའོ། །འདི་ནི་བྱང་ཆུབ་སེམས་དཔའ་རྣམས་ལ་བཤད་པའོ། །ཞེས་ཐ་དད་དུ་ཕྱེ་སྟེ། དེ་ཐ་དད་པའི་འདུ་ཤེས་ཀྱིས་ཆོས་དེ་ལ་བརྙས་ན་ཆོས་སྤོང་བ་ཡིན་ནོ། །འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པའོ། འདི་ནི་བྱང་ཆུབ་སེམས་དཔའི་བསླབ་པ་མ་ཡིན་ནོ། །ཞེས་ཟེར་ནས་འདོར་ན་ཆོས་སྤོང་བ་ཡིན་ནོ། །ཆོས་སྨྲ་བའི་སྤྱོད་པ་སུན་འབྱིན་ཏེ། སྐྱོན་འདོག་ན་ཆོས་སྤོང་བ་ཡིན་ནོ། ཆོས་སྨྲ་བ་ལ་སྒྲུབ་པ་ཕུན་སུམ་ཚོགས་པ་མ་ཡིན་ནོ་ཞེས་ཟེར་ན་ཆོས་སྤོང་བ་ཡིན་ནོ། དེ་བཞིན་དུ་བག་མེད་པས་གླེང་ན། སྤྱོད་ལམ་གྱིས་གླེང་ན། སྤྱོད་པ་དང་ཚུལ་ཁྲིམས་ཉམས་པས་གླེང་ན། སྤོབས་པས་དོན་གོ་བར་མི་བྱེད་དོ། །ཞེས་ཟེར་ན། ཆོས་སྤོང་བ་ཡིན་ནོ། །ཞེས་དང་། དགེ་སློང་ངམ། དགེ་སློང་མ་འམ། དགེ་བསྙེན་ནམ། དགེ་བསྙེན་མས་ཆོས་སྨྲ་བ་ལ་འདི་ནི་འདི་འདྲའོ། ཞེས་སེམས་སམ་སྨྲས་ན་དམ་པའི་ཆོས་སྤོང་བ་ཡིན་ནོ། ཞེས་གསུངས། ཆོས་སྤོང་གི་ལས་ངན་པ་དེ་བསགས་ན་ཉེས་པ་ཤིན་ཏུ་ལྕི་བས་དམྱལ་བ་ནས་ཐོན་པའི་དུས་མི་འབྱུང་སྟེ། དེ་ཉིད་ལས། བྱང་ཆུབ་

p. 562

སེམས་དཔའ་རྣམས་ལ་བརྙས་པ་དེ་དག་ནི་སེམས་ཅན་དམྱལ་བ་ན་གནས་པ་མཐར་ཕྱིན་པ་ང་མི་སྨྲའོ། །དེ་ཅིའི་ཕྱིར་ཞེ་ན། གང་བྱང་ཆུབ་སེམས་དཔའ་ཆོས་སྨྲ་བ་ལ་བརྙས་པ་དེ་ནི་སངས་རྒྱས་ལ་སྨོད་པ་ཡིན་ནོ། །དེ་ནི་ཆོས་སྤོང་བ་ཡིན་ནོ། །དེ་ནི་དགེ་འདུན་ལ་གཤུང་བ་ཡིན་ནོ། །ཞེས་དང་། སྡུད་པ་ལས། ཐོས་ནས་བློ་ཆུང་དེ་ཡི་འདི་ནི་སྤོང་བྱེད་དེ། །སྤངས་ནས་སྐྱབས་མེད་གྱུར་པ་དེ་ནི་མནར་མེད་འགྲོ། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། གང་གིས་འཛམ་བུ་གླིང་འདིར་ནི། །མཆོད་རྟེན་ཐམས་ཅད་བཤིག་བྱེད་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །གང་གིས་གངྒའི་བྱེ་སྙེད་ཀྱི། །དགྲ་བཅོམ་བསད་པར་གྱུར་པ་བས། །གང་གིས་མདོ་སྡེ་སྤོང་བྱེད་པའི། །སྡིག་པ་འདི་ནི་ཆེས་ཁྱད་འཕགས། །ཞེས་དང་། སྟོན་པ་རིན་པོ་ཆེའི་ཞལ་ནས། ཆོས་ལ་བརྟེན་པའི་སྡིག་པའི་གམ་ན། མི་དགེ་བ་བཅུ་སྡིག་པ་བྲུད་བྲུད་ཡིན་གསུངས་པ་ཤིན་ཏུ་མད་པར་སྣང་། དེ་ལ་དགོངས་ནས། ལྗོན་ཤིང་གི་མདོ་ལས། ཕ་དང་མ་ཡི་དོན་དུའང་སྡིག་པའི་ལས་མི་བྱ། །ལུས་དང་སྲོག་གི་

p. 563

ཕྱིར་ཡང་དམ་པའི་ཆོས་མི་སྤོང་། གསུངས། གཞན་གྱི་གྲུབ་མཐའ་སྨད་ན་བྱང་ཆུབ་སེམས་དཔའ་དང་། རིག་འཛིན་སྔགས་ཀྱི་སྡོམ་པ་གཉིས་ཀ་འཇིག་སྟེ། རྗེ་བུདྡྷ་བཛྲ་གྱིས། ཆོས་ལ་སྨོད་པས་སྡོམ་པ་གཉིས། །འཇིག་ན་ཕྱག་རྒྱ་ཆེན་པོ་དང་། །དེ་འཛིན་དཀར་རྒྱུད་ལ་སྨོད་མཁན། །རྣམས་ཀྱིས་ཐུགས་བསམ་གཏོང་རེ་རན། །གསུངས་པ་ཐུགས་བདེན་དེ། སྡོམ་བཟུང་ལས། ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ཞེས་གསུངས་པ་དང་། བྱང་ཆུབ་སེམས་དཔའི་སྡོམ་པ་ཉི་ཤུ་པ་ལས། རྙེད་དང་བཀུར་སྟི་ཆགས་པ་ཡི། །བདག་བསྟོད་གཞན་ལ་སྨོད་པ་དང་། །ཞེས་སྨོད་མི་རུང་གསུངས་པ་དང་། བྱང་སེམས་རྩ་ལྟུང་བསྡུས་པའི་ཚིགས་སུ་བཅད་པ་ལས། དམ་པའི་ཆོས་ནི་སྤོང་བྱེད་པ། །གཉིས་པར་ཐུབ་པས་གསུངས་པ་ཡིན། །ཞེས་པ་དང་། སྔགས་ཀྱི་རྩ་ལྟུང་བཅུ་བཞི་པ་ལས། བདེ་གཤེགས་བཀའ་ལས་འདས་པ་ནི། །ལྟུང་བ་གཉིས་པ་ཡིན་པར་བརྗོད། །ཅེས་དང་། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །

p. 564

གསུངས་པ་སོགས་མང་པོ་འགལ་བར་འགྱུར་བས། སྡོམ་པ་ཐམས་ཅད་རྩ་བ་ནས་ཤོར་བ་ཡིན་ལ། དེ་ལ་བཤགས་པ་བྱེད་དགོས་སྟེ། སློབ་དཔོན་འབའ་ར་བས། ཕྱི་རོལ་པ་དང་ཉན་ཐོས་རང་རྒྱལ་དང་། །ཐེག་པ་ཆེ་དང་གསང་སྔགས་བླ་ན་མེད། །ལམ་ཚོལ་ཞུགས་དང་ལམ་ཞུགས་ལམ་ཆེན་ཞུགས། །གྲུབ་པའི་མཐའ་རྣམས་སྨད་པ་མཐོལ་ལོ་བཤགས། གསུངས། གྲུབ་ཐོབ་གླིང་རས་པས། ཆོས་སྐུ་རོ་གཅིག་འདུག་པ་སོ་སོར་མཐོང་། །ཆོས་ལ་ཕྱོགས་རིས་བྱས་པ་མཐོལ་ལོ་བཤགས། །གསུངས་པ་ལྟར་བཤགས་པ་བྱས་ནས་འདག་གི་མ་བཅུག་ན་གསང་སྔགས་ཀྱི་དམ་ཚིག་གཅིག་ཙམ་ཉམས་ཡང་། ཚེ་འདིར་ནད་སོགས་ཀྱིས་བཏབ་ནས་སྡུག་བསྔལ་མྱོང་ཞིང་ཤི་མ་ཐག་ནས་ཁ་ཐུར་དུ་བལྟས་ནས་མར་དམྱལ་བར་འགྲོ་དགོས་སྟེ། རྩ་ལྟུང་བཅུ་བཞི་པ་ལས། གཞན་དུ་དམ་ཚིག་ལས་ཉམས་ན། །ཉམས་པ་བདུད་ཀྱིས་བཟུང་བར་འགྱུར། དེ་ནས་སྡུག་བསྔལ་མྱོང་འགྱུར་ཞིང་། །ཐུར་དུ་བལྟས་ཏེ་དམྱལ་བར་འགྲོ །གསུངས། ཡང་ཁ་ཅིག་ན་རེ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་

p. 565

པ་ཡིན། །ཞེས་པ་དང་། དོན་དམ་བསྙེན་པར་གྲུབ་པའི་མཐའ་ལ་སྐྱོན་བཟུང་བས་ན་དྲུག་པ་སྟེ། ཞེས་གསུངས་པ་དེ་མདོ་སྔགས་ཀྱི་ཕྱོགས་བཟུང་ནས་ཕན་ཚུན་གོང་འོག་སྨད་ན་རྩ་ལྟུང་དྲུག་པར་འགྱུར་བར་གསུངས་པ་ཡིན་གྱི་གཞན་ཕྱི་རོལ་པ་སོགས་སྨད་ན་ཉེས་བྱས་སུ་འགྱུར་ཡང་། རྩ་ལྟུང་དུ་མི་འགྱུར་ཏེ། དྲི་མེད་འོད་ལས། དྲུག་པ་གྲུབ་པའི་མཐའ་ལ་སྨོད་པ་སྟེ། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་དང་། སྔགས་ཀྱི་ཚུལ་ལ་དེ་ཁོ་ན་ཉིད་ཀྱི་ལེའུའོ། །དེ་ལ་སྨོད་པ་གང་ཡིན་པ་དེ་ནི་དྲུག་པའོ། །ཞེས་དང་། དྷ་རི་ཀ་པའི་ཚིག་འབྱེད་ལས། གྲུབ་པའི་མཐའ་ནི་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་ཡིན་ལ། སྨད་ཅེས་པ་དེ་དང་སྔགས་ཀྱི་ཚུལ་ཐ་དད་པར་འཛིན་པ་ནི་རྩ་བའི་ལྟུང་བ་ཡིན་ཞིང་། དེ་ལས་གཞན་པའི་ཐེག་པ་ལ་སྨད་པས་ནི་རྩ་བའི་ལྟུང་བ་མ་ཡིན་ལ། དེས་ཀྱང་ཐུན་མོང་གི་དངོས་གྲུབ་འཕྲོག་པ་ཡིན་ནོ། གསུངས། ནག་པོ་བས། བདག་གཞན་ཆོས་ལ་སྨད་མི་བྱ། །ཞེས་པ་ལ། བདག་ནི་སངས་རྒྱས་པའོ། །གཞན་ནི་མུ་སྟེགས་ཅན་ནོ། །ཆོས་ནི་མངོན་

p. 566

པར་མཐོ་བའི་ལམ་དུ་མཐོང་བའོ། །སྨད་པར་བྱ་ཡང་ཐེག་པའི་རིམ་པས་ཉེས་པ་ཡང་། དེ་བཞིན་དུ་འགྱུར་གསུངས། ཀུན་མཁྱེན་པདྨ་དཀར་པོའི་དམར་ནག་གི་རྒྱུད་དུ། རང་གཞན་ཆོས་ནི་སུན་མི་འབྱིན། །ཞེས་གསུངས་པ་ལ། འགྲེལ་པ་མན་ངག་གི་སྙེ་མ་དང་། སྡོམ་འབྱུང་གི་འགྲེལ་པ་དང་། བསྟན་པའི་ནོར་ཐམས་ཅད་སྒྲུབ་པའི་ཐབས་དང་། གསང་བ་འདུས་པའི་རྒྱན་རྣམས་སུ་ལྟུང་བ་འདི་ལ་ཐེག་པ་གསུམ་ལ་སྨོད་པ་ཞེས་པས་མིང་འདོགས་མཛད་དོ་ཞེས་གསུངས་སོ་ཟེར་ན། དེ་ལ་ཁྱོད་ཀྱིས་ལུང་འདྲེན་མང་པོ་བྱེད་མི་དགོས་ཁྱོད་བདེན། ཐེག་པའི་མཐོ་དམན་གྱིས་ཁྱད་ཡིན་ཏེ། རྣམ་སྣང་མངོན་བྱང་ལས། དམན་པ་མུ་སྟེགས་ཐེག་པ་དང་། །མཆོག་གྱུར་སངས་རྒྱས་ཐེག་པ་འོ། །གསུངས་པའི་ཕྱིར་རོ། འོན་ཀྱང་ཁྱོད་ལ་དྲི་རྒྱུ་གཉིས་སྣང་། ཁྱོད་ཀྱིས་བོད་ལ་དར་བའི་ས་དགེ་རྙིང་འབྲུག་སོགས་ཀྱི་གྲུབ་མཐའ་རྣམས་སངས་རྒྱས་ཀྱི་གསུངས་མདོ་སྔགས་ཀྱི་ཆོས་སུ་འདོད་དམ་མི་འདོད། ཤོད་དང་། དེ་འདོད་ཟེར་ན། འོ་ལགས་སོ། །ད་ཕྱིན་ཆད་ནས་བཟུང་བོད་དུ་དར་བའི་གྲུབ་མཐའ་གང་ལ་སྨད་ན། མགོ་ཐུར་

p. 567

དུ་བསྟན་ནས་དམྱལ་བར་ལྟུང་བའི་རྒྱུའི་རྩ་བ་རྩ་ལྟུང་དྲུག་པ་ཞེས་ཡོངས་སུ་གྲགས་པ་དེ་ཕོག་ངེས་པས་གཟབ་འཚལ། གཞན་ཕྱི་རོལ་པ་སོགས་ལ་སྨད་ན་ཡང་། བཅོམ་ལྡན་འདས་རྣམ་པར་སྣང་མཛད་ལ་སོགས་ཕྱོགས་བཅུའི་རྒྱལ་བ་རྣམས་ལ་རང་ཞལ་མཇལ་བའི་དུས་མི་འབྱུང་བར་ཇེ་རིང་དུ་འགྲོ་བའི་རྒྱུ་དང་། ཞི་རྒྱས་དབང་དྲག་གྲུབ་པ་བརྒྱད་སོགས་ཐུན་མོང་གི་དངོས་གྲུབ་ཐམས་ཅད་འཕྲོག་པའི་རྒྱུ་དང་། འཁོར་བ་ངན་སོང་གི་གནས་ངན་ལེན་གྱི་རྒྱུ་ཉེས་བྱས་སུ་འགྱུར་བ་ཐུགས་ན་མངའ་བ་དེ་རེད། འཛེམ་དགོས་མི་དགོས་ཐུགས་བསམ་ཐོངས། ཡང་ཁོ་བོ་ནི་དེ་ལྟར་མི་འདོད་མདོ་སྔགས་ཞེས་པ། ས་དགེ་རྙིང་འབྲུག་སོགས་རང་རང་གི་གྲུབ་མཐའ་རང་གང་འཐད་གཅིག་ལ་འདོད་དོ་ཟེར་ན། དེ་ཆོས་ཆེན་པོ་མ་སྦྱངས་པའི་རང་མཚང་ཕྱིར་བསྟན་པ་ཡིན་ཏེ། སྤྱིར་རྒྱལ་བ་རྣམས་ཀྱིས་སེམས་ཅན་གྱི་རྒྱུད་ཀྱི་ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར། ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གསུངས་པ་ཐམས་ཅད་གླེགས་བམ་དུ་བྱས་ནས་ཕྱོགས་གཅིག་ཏུ་བརྩིགས་རྒྱུ་ཡིན་ན། ནམ་མཁའི་དབྱིངས་

p. 568

དང་མཉམ་ལ། དེ་ཀུན་གྱི་ཚིག་དོན་མཐའ་ཡས། རགས་རིམ་ཙམ་མདོར་ཧྲིལ་གྱིས་དྲིལ་ན། རྒྱུ་ཕ་རོལ་ཏུ་ཕྱིན་པའི་ཐེག་པ་དང་། འབྲས་བུ་རྡོ་རྗེ་ཐེག་པ་གཉིས་སུ་འདུ། དེས་ན་མདོ་སྔགས་ཞེས་གསུངས་པ་རྒྱ་ཆུང་ཆུང་ཞིག་ཏུ་གོ་མི་རུང་། བོད་དུ་དར་བའི་གྲུབ་མཐའ་འདི་རྣམས་མདོ་སྔགས་ཀྱི་ཆོས་ཀྱི་ཁུངས་སུ་གཏོགས་པ་ཙམ་དུ་མ་ཟད། མདོ་སྔགས་ཆོས་ཀུན་གྱིས་ཀྱང་སྙིང་པོའི་ཡང་སྙིང་ཡིན་ཞེས། སྔོན་བྱོན་མཁས་གྲུབ་གནམ་གྱིས་ས་བཀབ་པ་ལྟ་བུ་རི་དང་བྲག་འདྲ་བ་མཚན་བསྐལ་བར་མི་ནུབ་པའི་སྐྱེས་བུ་དམ་པ་མང་པོས་ལུང་རིགས་གཉིས་ཀྱི་སྒོ་ནས་ལན་གཅིག་མ་ཡིན་ཡང་ཡང་བསྒྲུབས་ཟིན་པ། ཁྱོད་ཀྱིས་དེ་རྣམས་མིན་ཞེས་སྨྲས་ན། ཁྱོད་ཕྱོགས་བཅུའི་ཆོས་པ་ཐམས་ཅད་ཀྱི་ཁྱུ་ནས་བུད་པ་ཡིན་པས་ངོ་མི་ཚའམ། ད་ཁྱོད་ཆོས་མཛད་མི་མང་འཚོགས་པ་ལྟ་བུའི་ཁྲོད་ནས་མར་རོ་ལྟར་ཕུད་མ་འཇོག་ཡར་འཚོངས་དང་། ངས་ཁྱོད་ལ་བློ་སྐྱེད་ཅིག་སྟེར། སྤྱིར་དགེ་མི་དགེ་གཉིས་སུ་འགྱུར་མི་འགྱུར་ལུས་ངག་གཉིས་ཀྱི་སྟེང་ནས་མི་འཇོག །སེམས་ཁོ་ནའི་སྟེང་ནས་འཇོག་སྟེ། ལུང་ལས། ཡིད་ནི་རབ་ཏུ་འཁྲུགས་པ་

p. 569

ཡིས། །བྱས་པ་དང་ནི་བསགས་པ་དག །ཐམས་ཅད་མི་དགེའི་ལུས་སུ་འགྱུར། །ཡིད་ནི་རབ་ཏུ་དྭངས་པ་ཡིས། །བྱས་པ་དང་ནི་བསགས་པ་དག །ཐམས་ཅད་དགེ་བའི་ལས་སུ་འགྱུར། །ཞེས་དང་། སློབ་དཔོན་ཀླུ་སྒྲུབ་ཀྱིས། འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །དེས་བསྐྱེད་ལས་ནི་མི་དགེ་བ་འོ། །མ་ཆགས་མི་སྡང་གཏི་མུག་མེད། །དེས་བསྐྱེད་ལས་ནི་དགེ་བ་འོ། །ཞེས་དང་། རྗེ་རིན་པོ་ཆེས། དཀར་ནག་ལས་རྣམས་བསམ་པ་བཟང་ངན་ལགས། །བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །བསམ་པ་ངན་ན་ས་དང་ལམ་ཡང་ངན། །ཐམས་ཅད་བསམ་པ་དག་ལ་རག་ལས་པས། གསུངས། ཇོ་བོ་རྗེས། ཁོ་བོའི་སྒོམ་པ་རིན་ཆེན་བླ་མ་བསྒོམ་སྐད། སྒོམ་ཙ་ན་བསྒོམས་པས་དར་ཡུག་དང་ཇ་སིག་མང་པོ་ཡོང་སེམས་ན། ཇི་ཙམ་བསྒོམས་ཀྱང་སྡིག་པ་ཡིན། སྒོམ་ཙ་ན་སྐྱེ་བའི་རྒྱ་མཚོ་མཐར་དབྱུང་བྱང་ཆུབ་མཆོག་གི་ས་བོན་བཏབ་སེམས་ན། སེམས་པ་ཙམ་ཞིག་བྱས་པའི་བསོད་ནམས་ནམ་མཁར་མི་ཤོང་། གསུངས། ཡང་རྩ་བ་དུག་ཡིན་ན་ཡལ་ག་དང་ལོ་མ་དུག །རྩ་བ་

p. 570

སྨན་ཡིན་ན་ཡལ་ག་དང་ལོ་མ་སྨན་དུ་ཡོང་བ་བཞིན། རྩ་བ་འདོད་ཆགས་ཞེ་སྡང་གཏི་མུག་གསུམ་གྱིས་ཀུན་ནས་བསླངས་པའི་ལས་ཅི་བྱས་པ་ཐམས་ཅད་མི་དགེ་བ་ཡིན་གསུངས། ཀུན་བཟང་སྙིང་ཐིག་ལས། རང་གི་སེམས་ལ་སེམས་ཅན་འདི་གསོད་དོ་སྙམ་པ་ལན་གཅིག་ཤར་ཡང་། དེས་ཕྱི་མར་ལན་གཅིག་གསོད་དོ། །གཞན་གསོད་པར་བསྐུལ་ན་ཕ་རོལ་གྱི་རྒྱུད་ཀྱང་ཆུད་གཟན་པ་སྟེ། སྐྱེ་བ་ཉིས་བརྒྱར་སྲོག་ལན་སྨིན་པར་འགྱུར་རོ། གསུངས། ཀུན་མཁྱེན་པདྨ་དཀར་པོས། བྱང་ཆུབ་སེམས་དཔའ་སྙིང་རྗེ་ཅན་གྱིས་མི་ནག་པོ་བསད་པའི་ཚེ་མ་ཆགས་པ་དང་། ཞེ་སྡང་མེད་པ་དང་། གཏི་མུག་མེད་པའི་སེམས་ཀྱིས་ཕ་རོལ་སྲོག་དང་བྲལ་བར་བྱས་པ་ཡིན་པས། འཕེན་རྫོགས་གཉིས་ཀ་ཉོན་མོངས་མེད་པའི་ཕྱིར་སྲོག་གཅོད་པའི་མི་དགེ་བའི་ལས་ལམ་ཡོད་པ་མ་ཡིན་པས། གནས་ངན་ལེན་མ་ཡིན་གྱི། མི་དགེ་བའི་གཟུགས་བརྙན་ཙམ་དུ་ཟད་དོ། །དེ་བཞིན་དུ་དགེ་སློང་མ་སེར་སྐྱ་བཟང་མོ་ལ་རྒྱལ་པོ་མ་སྐྱེས་དགྲས། འདོད་པ་ལན་མང་དུ་སྤྱད་དུ་ཟིན་ཀྱང་། དགེ་སློང་མ་ལ་འདོད་ཆགས་ཀྱི་སེམས་མེད་པའི་ཕྱིར་

p. 571

དེས་ཕམ་པ་བསྐྱེད་མི་ནུས་པར་ཉན་ཐོས་ཀྱི་ཐེག་པར་ཡང་གསུངས་སོ། །ཞེས་པ་དང་། སྔོན་སྤྲང་པོ་གཉིས་ཀྱི་གཅིག་གིས། དགེ་འདུན་པ་འདི་རྣམས་ཀྱི་སྐེ་འཁོར་ལོས་བཅད་པ་ཞིག་བྱུང་ན་ཞེས་ཁྲོས་ཏེ་སྨྲས་པའི་རྣམ་སྨིན་གྱིས་ཁོ་བོ་ལམ་དུ་ཉལ་བས་ཤིང་རྟའི་འཁོར་ལོ་ཞིག་གིས་ཁོ་བོའི་མགོ་བོ་བཅད། གཅིག་གིས་དགེ་འདུན་པ་འདི་རྣམས་ལ་ལྷའི་བདུད་རྩིའི་མཆོད་དུ་ཡོད་ནའང་སྙམ་པས། བསོད་ནམས་ཆེན་པོ་སྐྱེས། ཚོང་དཔོན་ཆེན་པོ་ཞིག་གི་ཚབ་དུ་དབང་བསྐུར་ནས་བདེ་སྐྱིད་མྱངས། སྔོན་ལམ་འགྲམ་ཞིག་ན་ཐུབ་པའི་འདྲ་སྐུ་ཞིག་ཡོད་པ་ཆར་དང་ཐིག་པས་འཇིག་གིས་དོགས་ནས། མི་གཅིག་གིས་ལྷམ་ཆད་ཅིག་ཐུབ་པའི་དབུ་ལ་བསྐྱོན་ནས་སོང་། ཕྱི་ནས་མི་གཅིག་གིས་མཐོང་ནས་ཨ་ཁ་བཙོག་པ་འདི་ཐུབ་པའི་དབུ་ལ་བསྐོན་མི་རུང་སྙམ་མར་བླངས། མི་དེ་གཉིས་ཀས་བསོད་ནམས་ཐོབ་སྐད། རྗེ་རྒོད་ཚང་པས། ཆགས་ན་ཡི་དམ་གྱི་ལྷ་ལ་ཆགས་ན་ཡང་འཕུང་བྱ་བ་ཡིན། ཚེ་འདིའི་རྣམ་བཞག་འདོད་ནས་སམ། བླ་མ་ལས་ཡི་དམ་བཟང་བར་བཟུང་ན་ནི། མགོན་པོ་ཕྱག་དྲུག་པ་འགྲུབ་

p. 572

ནས་ཡི་དྭགས་སུ་སྐྱེས་པའི་ལོ་རྒྱུས་དང་། ཧེ་རུ་ཀར་གྲུབ་ཀྱང་། ཞལ་གསུམ་ཕྱག་དྲུག་པར་ཀྲོང་ངེ་དམྱལ་བར་སོང་བའི་ལོ་རྒྱུས་ཡོད་དེ། ཀུན་སློང་ངན་པས་ལྷ་སྒྲུབ་ཙ་ན། ལྷ་གསལ་བ་དང་། ཉོན་མོངས་དེ་གསལ། ལྷ་དེ་གྲུབ་པ་དང་ཉོན་མོངས་པ་དེའི་ཡང་ནུས་པ་འགྲུབ་ནས་དམྱལ་བར་སོང་བ་ཡིན། ཧེ་རུ་ཀའི་གཟུག་བརྙན་དུ་སོང་བས་ལན་པ་ལགས་མོད། མདོར་ན་ཉོན་མོངས་པས་ཀུན་ནས་བསླངས་ནས་སྒོ་གསུམ་བྱ་བ་ཅི་བྱེད་མི་དགེ་བར་འགྱུར་བས། ཡི་དམ་དེས་སྒྲུབ་པ་བྱས་ཚད་མི་དག་པར་སོང་ནས་ཡོད་པ་ལགས་མོད། ལས་མི་དགེ་བ་བསགས་ན། ཞལ་གསུམ་ཕྱག་དྲུག་པ་བས། ཕྱག་འབུམ་པར་སོང་ཡང་དམྱལ་བར་འགྲོ། དེས་ན་ཀུན་སློང་མ་འཆུག་པ་གལ་ཆེ། གསུངས། དེ་ལ་དགོངས་ནས་པཎ་ཆེན་རིན་པོ་ཆེས། ཆོས་རྣམས་ཀུན་གྱི་དང་པོའི་མགོ །རྒྱ་གར་སྐད་མཚུངས་རང་རྒྱུད་ལ། །ལེགས་པར་བརྟགས་པ་ཡིན་ནོ་ཞེས། ཟླ་མེད་བླ་མ་མཆོག་དེས་བཞེད། གསུངས་སོ། ཁྱད་པར་གྲུབ་མཐའ་ཕན་ཚུན་སྨད་ན་རྩ་ལྟུང་དུ་འགྱུར་མི་འགྱུར་དེ་དགོས་པ་ཡོད་མེད། བསམ་པ་བཟང་ངན་གྱི་སྟེང་ནས་

p. 573

འཇོག་དགོས་ཏེ། དེ་ཡང་བསྟན་པ་དང་གདུལ་བྱ་ལ་ཕན་པའི་དགོས་པ་ཆེན་པོ་ཡོད་ནས། ཕན་སེམས་ཀྱིས་ཀུན་ནས་བསླངས་ནས་མདོ་སྔགས་ཀྱི་ནང་ཕན་ཚུན་བརྒྱ་སྨད་རུང་། སྔགས་ཀྱི་རྩ་ལྟུང་དུ་མི་འགྱུར་བ་ཙམ་དུ་མ་ཟད། ཉེས་ལྟུང་ཆུང་ངུར་ཡང་མི་འགྱུར་ལ། ཉེས་པ་མེད་པར་མ་ཟད་བསོད་ནམས་ཀྱང་མང་དུ་འཕེལ་ལ། དེ་འདྲའི་དགོས་ཆེན་ཕན་སེམས་དང་མི་ལྡན་པར། རང་དགར་སྨྲས་ན་སྔགས་ཀྱི་རྩ་ལྟུང་ཕོག་པར་མ་ཟད། བྱང་སེམས་སོ་ཐར་གྱི་ལྟུང་བ་ཡང་ཕོག་ལ། དེ་ཡི་མི་ཚད་ཆོས་སྤོང་གི་ལས་ངན་པ་ཡང་བསག་པར་འགྱུར་རོ། །དེ་བཞིན་དུ་མདོ་སྔགས་ན་ལས་རྒྱ་འདོད་ཡོན་སོགས་ཀྱི་གནང་བཀག་མི་འདྲ་བ་མང་པོ་ཡོད་པ་རྣམས་ཀྱང་དགོས་པ་ཡོད་མེད། ཡོད་ན་ཆེ་ཆུང་། བསམ་པ་བཟང་ངན། ཉོན་མོངས་པའི་གཉེན་པོར་འགྱུར་མི་འགྱུར་སོགས་ལ་རྟོག་དཔྱོད་ཞིབ་དུ་བཏང་ནས། སྡོམ་པ་གསུམ་གྱི་བཅས་པ་དང་འགལ་མི་འགལ་གྱི་དགོངས་པ་ལོན་ནས་བླང་དོར་བྱེད་པ་གཅེས་སོ། །རང་གི་ཚིག་ཙམ་བདེན་པར་བཟུང་ནས་འཁྲུལ་པར་མི་བྱའོ། །ཡང་འགའ་རེས་རང་

p. 574

རང་གི་གྲུབ་མཐའ་གོང་འོག་ཕན་ཚུན་སྨོད་མི་རུང་ཉེས་པ་ཡོད། གཞན་སྨད་ན་ཉེས་པ་མེད་ཟེར་ན། ཡང་ཁྱོད་ལ་དྲི་བ་གཉིས་བྱེད་རྒྱུ་སྣང་། ཁྱོད་ཀྱིས་བསྟན་འགྲོ་ལ་ཕན་པའི་དགོས་པ་ཆེན་པོ་ཞིག་ཡོད་པ་ཤེས་ནས་ཕན་སེམས་ཀྱིས་སྨད་ན་ཉེས་པ་མེད་ཟེར་རམ། ཀུན་སློང་ངན་པའམ། རང་དགར་སྨྲས་ན་ཡང་ཉེས་པ་མེད་ཟེར་སོ་སོར་མ་འདྲེས་པར་ཤོད་དང་། དགོས་ཆེད་ཡོད་ཚེ་ཕན་སེམས་ཀྱིས་སྨད་ན་ཉེས་པ་མེད་ཟེར་ན། སྐྱོན་ཆེར་མེད་ལ། འོན་ཀྱང་རང་འདོད་དང་མ་འདྲེས་པའི་གཞན་ཕན་གྱི་ཀུན་སློང་སྐྱེ་བ་ཨུ་དུམ་ཝཱ་ར་ལས་ཀྱང་དཀོན་ལ། ཀུན་སློང་བཟང་ཡང་སྦྱོར་བ་ངན་ན་འབྲས་བུ་བདེ་སྡུག་སྤེལ་མར་བསྐྱེད་པར་བཤད་པ་ཡང་ཡོད། སྐྱོན་ཡོན་ཏན་དུ་སྒྱུར་ནུས་པ་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་ཞིག་གི་སྤྱོད་ཡུལ་ཡིན་གྱི། འོ་སྐོལ་ཤེས་རྒྱུད་ཉོན་མོངས་ཀྱིས་གང་འདུག་པ་རྣམས་ཀྱི་མཐའ་གཅིག་ཏུ་དག་སྣང་ཁོ་ན་ལ་བརྟེན་ན་ལེགས། ཀུན་སློང་ངན་པ་འམ། རང་དགར་སྨྲས་ཀྱང་ཉེས་པ་མེད་དོ་ཟེར་ན། དེ་ཆོས་གཏན་ནས་མ་ཤེས་པའི་རང་མཚང་ཐམས་ཅད་བསྟན་པ་ཡིན་ཏེ། དེ་ངོ་ཚ་རྒྱུ་མེད་པའི་སྨྱོན་པ་

p. 575

ཞིག་གིས་ལབ་རྒྱུ་ཞིག་ཡིན་པས། ཆོས་པ་ཞིག་གི་ཁ་ནས་ཐོན་པར་མ་སེམས། རྒྱལ་བའི་གསུང་རབ་མདོ་རྒྱུད་བསྟན་བཅོས་ནས་ཀུན་སློང་ངན་པ་བརྣབ་སེམས་གནོད་སེམས་ལོག་ལྟ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ། འཇིག་རྟེན་ཆོས་བརྒྱད་སོགས་ཀྱིས་ཀུན་ནས་བསླངས། གཞན་ཆོས་དང་གང་ཟག་ལ་བརྙས་སྨོད་ཁྱད་གསོད་སུན་འབྱིན་སྐུར་འདེབས་སོགས་ལུས་ངག་གི་མི་དགེ་བདུན་བྱས་ན་ཉེས་དམིགས་ཆེ་ཚུལ་བསམ་གྱིས་མི་ཁྱབ་བརྗོད་ཀྱིས་མི་ལང་བ། རྒྱལ་བའི་གསུང་རབ་ན་ཡོད་པའི་ནང་ནས་ངས་ཟུར་ཙམ་རེ་བསྟན་པས། ཁྱེད་ཀྱིས་དེ་རྣམས་ལ་ཐུགས་བསམ་རེ་ཐོངས། དེ་ཡང་གྲུབ་མཐའ་གཞན་སྨད་ན་མི་དེས་ནམ་ཡང་ཐར་པ་འཐོབ་མི་སྲིད་དེ། རྗེ་མི་ལས། མཁས་བཙུན་ཐམས་ཅད་ཐུགས་མཐུན་པས། །ཕོ་རུས་ཆགས་སྡང་བྱེད་པ་རྣམས། །བསླབ་ཚད་ཆུ་ལ་འབོ་བ་ཡིན། །ཆོས་ལ་དཀར་ནག་མེད་པ་ལ། །གྲུབ་མཐའི་ཁ་འཛིན་ཆོས་ལ་སྨོད། །ཐར་པའི་འཇུ་ཐག་ཆད་པ་ཡིན། །གསུངས། གཞན་ཡང་ང་རྒྱལ་བྱང་ཆུབ་སྒྲུབ་མཁན་གྱི་ལམ་ལ་བར་ཆད་

p. 576

བྱེད་པའི་བདུད་ཡིན། ཡོན་ཏན་ལ་ཡར་སྐྱེད་མི་འབྱུང་མར་འགྲིབ་སྟེ། རྗེ་མི་ལས། བདུད་དུ་ང་རྒྱལ་ཆེའོ། གསུངས། རྗེ་སྐལ་ལྡན་རྒྱ་མཚོས། ང་རྒྱལ་ཅན་ལ་ཡོན་ཏན་ཡར་སྐྱེད་མེད། །ཧ་ཅང་སྐད་མགོ་མ་མཐོ་རི་ཁྲོད་པ། གསུངས། འབྲོམ་རིན་པོ་ཆེས། ང་རྒྱལ་ཅན་གཟིགས་ཙ་ན། རྐ་འགོ་མ་མཐོ། རྐ་འགོ་མ་མཐོ། རྐ་འགོ་མཐོ་ན་ཡུར་བ་ལ་མར་ཆུ་མི་འོང་། ང་རྒྱལ་ཅན་ལ་ཡོན་ཏན་མི་སྐྱེ། གསུངས། དེས་ན་ཇོ་བོ་ཆེན་པོས། དྲེགས་རློམ་ང་རྒྱལ་ཁེངས་པའི་སེམས་ཀུན་སྨོད་ལ་ཞི་ཞིང་དུལ་བར་གྱིས། ཡོན་ཏན་ཅན་ལ་ཕྲག་དོག་མི་བྱ། གུས་པར་གྱིས་ལ་ཡོན་ཏན་ལོངས། གསུངས། རྗེ་མི་ལས་སློབ་མ་རྣམས་ལ་དམན་པའི་ས་བཟུང་། ཧྲུལ་བོའི་གོས་གྱོན། གྱོང་ལྟོ་གོས་གཏམ་གསུམ་ལ་ཐོང་། ཡང་། ག་ལེར་སྐྱོད་དང་མགྱོགས་པོར་སླེབས། །དམན་ས་ཟུང་དང་རྒྱལ་ས་ཟིན། །གསུངས། གཞན་ཡང་རང་ཕྱོགས་ཀྱི་ཆོས་དང་། གང་ཟག་ལ་ཆགས་ཤིང་ཞེན་པ་ཆེ། གཞན་ཆོས་དང་གང་ཟག་མཐོང་ཐོས་ཁོང་ཁྲོ་སྐྱེ་བ་རྣམས་ཕྱི་ནས་འཁོར་བར་འཁྱམས། སྡུག་བསྔལ་མྱོང་། མྱང་འདས་ཀྱི་

p. 577

བདེ་བ་ནམ་ཡང་མི་འཐོབ་སྟེ། ཏིང་འཛིན་རྒྱལ་པོ་ལས། གང་ཞིག་ཆོས་འདི་ཐོས་ནས་ཆགས་བྱེད་ཅིང་། །ཆོས་མ་ཡིན་པར་ཐོས་ནས་ཁོང་ཁྲོ་བྱེད། །ང་རྒྱལ་རྒྱགས་པས་བཅོམ་པ་ལོག་པ་སྟེ། །ང་རྒྱལ་དབང་གིས་སྡུག་བསྔལ་རྗེས་སུ་མྱོང་། །ཞེས་དང་། བརྒྱ་པ་ལས། རང་གི་ཕྱོགས་ལ་ཆགས་ཡོད་ཅིང་། །གཞན་ཕྱོགས་ལ་ཁྱོད་མི་དགའ་ན། །མྱ་ངན་འདས་པར་མི་འགྲོ་སྟེ། གཉིས་སྤྱོད་ཞི་བར་ཡོངས་མི་འགྱུར། །ཞེས་དང་། ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་རིན་པོ་ཆེས། རང་གི་ལྟ་བ་ལ་ཆགས་པ་དང་། དེ་བཞིན་དུ་གཞན་ཕྱོགས་ཀྱི་ལྟ་བ་ལ་རྒྱུད་འཁྲུགས་པ་གང་ཡིན་པ་དེ་ནི་འཆིང་བའི་རྟོག་པ་ཉིད་ཡིན་པས། ཁྲོ་ཆགས་ཀྱི་རྟོག་པ་མ་ལོག་པར་འཕེལ་བས་འཆིང་བ་ཉིད་དུ་འགྱུར་གྱི། ཐར་པ་ནི་མིན་ནོ། ཞེས་གསུངས། གཞན་ཡང་དམྱལ་བར་སྐྱེ་བའི་རྒྱུའི་གཙོ་བོ་ལོག་ལྟ་ཡིན། སྔོན་གཏེར་སྟོན་ཞིག་ལ་གྲྭ་བ་ཞིག་གིས་གསང་སྔགས་ཀྱི་ཆོས་ཞུས། གསུངས་ཚེ་གྲྭ་པའི་བློར་མ་ཤོང་། འགལ་འབྲེལ་མང་པོ་བསྡེབས་ནས། དེ་མ་རེད་འདི་མ་རེད་ཞུས། ཆོས་ལོག་ཅིག་རེད་སྙམ།

p. 578

ཉམས་སུ་ལེན་མི་དགོས་དད་ལོག་བྱས་པས་ས་གས་ནས་དམྱལ་བ་རྡོ་རྗེ་གདན་དུ་ལྷུང་སོང་སྐད། ཡང་བླ་མ་ཞིག་གིས་ཁོ་བོའི་རིང་ལུགས་འདི་མ་གཏོགས་གཞན་ཐམས་ཅད་ཆོས་རྣམ་དག་མིན་ཞེས་ལོག་པར་བལྟས། ཞེ་སྡང་གིས་ཆོས་ལུགས་གཞན་ལ་དགག་པ་མང་པོ་བཏང་བས་ཚེ་དེར་དུག་སྦྲུལ་འདོམ་པ་གང་ཙམ་དུ་གྱུར་ནས་ནགས་གསེབ་ཅིག་ཏུ་སོང་སྐད། ཡང་སྔོན་ཆོས་སྨྲ་བ་ཆོས་ཤེས་པ་གཅིག་གིས། ངས་བསྟན་པའི་ཆོས་འདི་ཡིན་གྱི་གཞན་མ་ཡིན་ནོ། ཞེས་ཆོས་སྨྲ་བ་གཅིག་ལ་སྨད་པས། བསྐལ་པ་བདུན་ཅུར་དམྱལ་བར་སྐྱེས། ཚེ་དགུ་ཁྲིར་དུད་འགྲོར་སྐྱེས། དྲུག་ཁྲིར་མི་དབུལ་བོ་ལྕེ་མེད་པར་གྱུར། གསུངས། ཀུན་བཟང་སྙིང་ཐིག་ལས། ལོག་ལྟ་ཞེས་པ་བསམ་བློའི་མཐོང་སྣང་ལོག་པ་སྟེ། ལེགས་པ་ཉེས་པར་མཐོང་བ། ཡིན་པ་མིན་པར་འཛིན་པ། བདེན་པ་རྫུན་དུ་ལྟ་བ། ཕན་བྱས་གནོད་དུ་ལྟ་བ། བཟང་བྱས་ངན་དུ་ལྟ་བ་སོགས་བླ་མ་དང་སངས་རྒྱས་ལ་བདུད་སྤྲུལ་དུ་ལྟ། སྐྱོན་གྱི་གོང་བུར་ལྟ། ཟོག་ཁྲམ་སླུ་བྱེད་དུ་ལྟ་བ། དོན་ཕྱིན་ལོག་ཕྱོགས་རིས་དོན་མེད་དུ་ལྟ་བ། ཁྱད་པར་ལས་རྒྱ་

p. 579

བསྟེན་པ་དང་། བསྒྲལ་བའི་དྲག་ལས་སོགས་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་ལ་ཆོས་མིན་འཆལ་བར་ལྟ་བ། སྨྱོ་སྤྱོད་ཚུལ་མིན་དུ་ལྟ་བ་འདི་དག་ནི་ལོག་པར་མཐོང་ནས་བལྟས་པ་ཡིན་ཏེ། ཉེས་ལྟུང་ནི། འཁོར་བ་མ་སྟོངས་ཀྱི་བར་དུ་རྡོ་རྗེ་དམྱལ་བ་ནས་ཐོན་མི་སྲིད་པས། གང་ལའང་ངོ་མཚར་བར་མཐོང་ཞིང་ལོག་ལྟ་ཡུད་ཙམ་མ་སྐྱེས་པར་བྱའོ། །ཞེས་གསུངས། གཞན་ཡང་བརྣབ་སེམས་སྐྱེས་ན་ཉེས་པ་ཆེ་སྟེ། ཡང་ཀུན་བཟང་སྙིང་ཐིག་ལས། བརྣབ་སེམས་ཞེས་པ་ཚོགས་དྲུག་གི་ཡུལ་ལ། དུང་སེམས་བྱེད་པ་སྟེ། གཞན་གྱི་མངའ་ཐང་ལོངས་སྤྱོད་བཟའ་བཏུང་གོས་གྲོགས་ཐམས་ཅད་བདག་གི་དབང་དུ་བྱ་སྙམ་པའི་འདུན་པ་བསྐྱེད་པས་ཡི་དྭགས་ཀྱི་གནས་སུ་བསྐལ་པ་སྟོང་ཕྲག་གཅིག་ཏུ་གནས་ཤིང་སྡུག་བསྔལ་བས། ཅི་ལའང་ཞེན་ཆགས་ཀྱི་སྣང་བ་སྐད་ཅིག་ཀྱང་མ་སྐྱེས་པར་བྱའོ། གསུངས། གཞན་ཡང་བདེ་སྐྱིད་རྙེད་བཀུར་སོགས་འཇིག་རྟེན་ཆོས་བརྒྱད་འདོད་ནས། ལས་དགེ་བ་བྱས་ཀྱང་ཉེས་པ་ཆེ་སྟེ། འབྲོམ་སྟོན་པ་རིན་པོ་ཆེས། ཇོ་བོ་རྗེ་ལ། ཚེ་འདིའི་བདེ་སྐྱིད་རྙེད་

p. 580

བཀུར་འདོད་ནས། བྱས་པའི་ལས་རྣམས་ལ་འབྲས་བུ་ཅི་མཆི་ཞུས་པས། ལན་དུ་འབྲས་བུ་དེ་ཁོ་ན་ཉིད་མཆི་གསུངས། ཕྱི་མར་ཅི་མཆི་ཞུས་པས། དམྱལ་བ་མཆི། ཡི་དྭགས་མཆི། དུད་འགྲོ་མཆི། གསུངས། དགེ་བཤེས་དགོན་པ་བའི་ཞལ་ནས། ཆོས་བརྒྱད་ཀྱི་བསམ་པས་བྱས་པ་རྣམས་ལ་འབྲས་བུ་འདོད་པ་བཞིན་བྱུང་ན། ཚེ་འདི་ལ་འབྲས་བུ་དེ་རང་ཡིན། ཕྱི་མར་ཕན་པ་མེད། མི་འདོད་པ་བཞི་བྱུང་ན། ཚེ་འདི་ལ་ཡང་ཕན་པ་མེད། གསུངས། དེ་ལ་དགོངས་ནས། བླ་མ་ཞང་གིས། ཀུན་སློང་ངན་པ་དང་མ་འདྲེས་པར། འཇིག་རྟེན་བྱ་བ་མཐའ་དག་སྤངས་ཏེ། ཤིན་ཏུ་དགོན་པ་ཞིག་ཏུ་འདུ་ལོང་ལ་སོགས་པ་ཚར་བཅད། གསུངས། རྗེ་བདག་ཉིད་ཆེན་པོས་ཀྱང་། དགེ་འདིས་མཚོན་ནས་དུས་གསུམ་དང་འབྲེལ་བའི། །བདག་གཞན་དགེ་བའི་རྩ་བ་ཇི་སྙེད་པ། །དེ་དག་ཐམས་ཅད་སྐྱེ་ཞིང་སྐྱེ་བ་རུ། །བྱང་ཆུབ་མཆོག་གི་རྗེས་སུ་མི་མཐུན་པའི། །ཤེས་ཀྱི་ཁེ་འདོད་པ་དང་གྲགས་པ་དང་། །འཁོར་དང་རྙེད་བཀུར་གྲགས་སོགས་བདེ་བའི་རྒྱུར། །སྐད་ཅིག་ཙམ་ཡང་སྨིན་པར་མི་འགྱུར་ཞིང་། །བླ་

p. 581

མེད་བྱང་ཆུབ་ཁོ་ནའི་རྒྱུར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པ་ལགས་སོ། །གཞན་ཡང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའི་སྤྲུལ་པ་བླ་མ་ཆོས་མཛད་རྣམས་ལ་ཁྲོས་ནས། རྒྱབ་ཀྱིས་ཕྱོགས་ནས་སྨད་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། དད་པའི་སྟོབས་བསྐྱེད་པ་ལ་འཇུག་པའི་ཕྱག་རྒྱའི་མདོ་ལས། འགའ་ཞིག་ཁྲོས་ནས་ཕྱོགས་བཅུའི་སེམས་ཅན་བཙོན་ར་མུན་ནག་ཏུ་བཅུག་པ་ལས། ཁྲོས་ཏེ་བྱང་སེམས་ལ་རྒྱབ་ཀྱིས་ཕྱོགས་ཏེ། འདུག་ནས་མ་རུངས་པ་འདི་མི་བལྟའོ་ཟེར་ན། སྡིག་ཆེས་གྲངས་མེད་པ་བསྐྱེད་པ་དང་། འཛམ་བུ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་བདོག་པ་ཐམས་ཅད་འཕྲོག་པ་བས། བྱང་སེམས་གང་ཡང་རུང་བ་སྨད་ན་སྡིག་པ་ཆེས་གྲངས་མེད་པ་བསྐྱེད་པ་དང་། མཆོད་རྟེན་གངྒཱའི་ཀླུང་གི་བྱེ་མ་སྙེད་བཤིག་པ་དང་། བསྲེགས་པ་ལས་ཐེག་པ་ཆེན་པོར་མོས་པའི་བྱང་སེམས་ལ། གནོད་སེམས་དང་ཁོང་ཁྲོ་བསྐྱེད་ཅིང་མི་སྙན་པ་སྨྲས་ན་སྡིག་པ་ཆེས་གྲངས་མེད་བསྐྱེད། གསུངས། ཏ་ཐཱ་ག་ཏ་བདུན་གྱི་སྨོན་ལམ་གྱི་མདོ་ལས།

p. 582

འཇམ་དཔལ་གཞན་ཡང་སེམས་ཅན་གང་དག་བདག་གིས་བསྔགས་པ་བརྗོད་ཅིང་། ཕྲག་དོག་གིས་གཞན་ལ་མི་སྙན་པ་བརྗོད་པ་ཡོད་པ་དེ། བདག་ལ་བསྟོད་ཅིང་། གཞན་ལ་སྨོད་པའི་སེམས་ཅན་དེ་དག་ངན་སོང་གསུམ་པོ་དག་ཏུ་ལོ་སྟོང་ཕྲག་མང་པོར་སྡུག་བསྔལ་མྱོང་བར་འགྱུར་རོ། །དེ་དག་ལོ་སྟོང་ཕྲག་དུ་མར་འདས་ནས། དེ་ནས་ཤི་འཕོས་ནས། བ་གླང་དང་། རྟ་དང་རྔ་མོང་དང་། བོང་བུ་ལ་སོགས་པར་དུད་འགྲོའི་སྐྱེ་གནས་རྣམས་སུ་སྐྱེ་བར་འགྱུར། ལྕུག་ལྕགས་དང་། དབྱུག་ལྕགས་རྣམས་ཀྱིས་བརྡེག་པར་འགྱུར། བཀྲེས་པ་དང་སྐོམ་པའི་ཉོན་མོངས་པ་དང་། ཁལ་ཆེན་པོ་བཀལ་ཏེ་ལམ་དུ་འགྲོ་བར་འགྱུར་རོ། །གལ་ཏེ་བརྒྱ་ལ་མིའི་རྙེད་པ་རྙེད་ན་ཡང་། རྟག་ཏུ་རིགས་དམའ་བ་རྣམས་ཀྱི་ནང་དུ་སྐྱེ་བར་འགྱུར། བྲན་དུ་འགྱུར་ཞིང་གཞན་གྱི་དབང་དུ་འགྱུར་རོ། །ཞེས་གསུངས། འོད་སྲུངས་གི་ལེའུ་ལས། བདག་གི་སྐྱོན་ནི་འཆབ་བྱེད་དང་། །ཕ་རོལ་ཉེས་པ་རྟོག་བྱེད་པ། །འདི་གཉིས་དུག་གི་རྨ་དང་འདྲ། །རྟོགས་པ་རྣམས་ཀྱིས་རྨ་འདི་སྤོངས། ཞེས་དང་། རྗེ་མི་ལས། བདག་བསྟོད་

p. 583

གཞན་ལ་སྨོད་པ་ནི། །འཇིགས་པའི་གཡང་སར་ལྷུང་ངོ་གསུངས། །ཞེས་དང་། དམ་ཚིག་རྡོ་རྗེའི་རྣམ་བཤད་ལས། གཡོ་སྒྱུ་སྣ་ཚོགས་སྒོ་ནས་སྨོད་པ་ནི། །ལྕེ་གཏུབ་ཞིང་རྨོས་དམྱལ་བར་ལྟུང་བར་འགྱུར། །ཞེས་དང་། བླ་མ་ལྔ་བཅུ་པ་ལས། སློབ་དཔོན་ལ་ནི་སྨོད་པ་དང་། །ཡམས་དང་འཚེ་བའི་ནད་རྣམས་དང་། །གདོན་དང་རིམས་དང་དུག་རྣམས་ཀྱིས། །རྨོངས་ཆེན་དེ་ནི་འཆི་བར་འགྱུར། །རྒྱལ་པོ་མེ་དང་སྦྲུལ་གདུག་དང་། །ཆུ་དང་མཁའ་འགྲོ་རྐུན་པོ་དང་། །གདོན་དང་ལོག་འདྲེན་རྣམས་ཀྱིས་ཀྱང་། །བསད་ནས་སེམས་ཅན་དམྱལ་བར་འགྲོ །གསུངས། དེ་བཞིན་དུ་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་བདག་བསྟོད་གཞན་སྨོད་འདི་སྡིག་ཆེ་བར་གསུངས། བྱང་ཆུབ་སེམས་དཔའི་ཆོས་ཀྱི་སྦྱིན་པ་གཏོང་བ་ལ་དགག་པ་བཏང་ནས་བར་ཆད་བྱས་ན་ཉེས་པ་ཆེ་བ་སྨོས་ཅི་དགོས། ཐ་ན་དུད་འགྲོ་ལ་ཟན་ཞིག་སྟེར་བའི་བར་ཆད་བྱས་ན་ཉེས་དམིགས་ཤིན་ཏུ་ཆེ་སྟེ། རབ་ཏུ་ཞི་བ་རྣམ་པར་ངེས་པའི་ཆོ་འཕྲུལ་གྱི་མདོ་ལས། འཛམ་གླིང་གི་སེམས་ཅན་ཐམས་ཅད་ཀྱི་སྲོག་བཅད་དམ་བདོག་པ་

p. 584

ཐམས་ཅད་ཕྲོགས་པ་ལས། བྱང་སེམས་ཀྱིས་ཐ་ན་དུད་འགྲོ་ལ་ཟན་ཆང་གཅིག་སྦྱིན་པའི་དགེ་བ་ལ་བར་ཆད་བྱས་ན་སྡིག་པ་ཆེས་གྲངས་མེད་པར་བསྐྱེད། གསུངས། རྫོགས་ཆེན་འབྲིང་པོ་བྱ་བ་ནས། གཞན་ཆོས་བྱེད་པའི་གེགས་བྱས་ན་ལམ་པས་སྲོག་གཅོད་པ་བྱ་བ་ཡིན་པས། ཁམས་གསུམ་གྱིས་སེམས་ཅན་ཐམས་ཅད་བསད་པ་བས་སྡིག་ཆེ། ཞེས་གསུངས། གཞན་གྲུབ་མཐའ་འཛིན་པའི་རྒྱལ་སྲས་བྱང་ཆུབ་སེམས་དཔའ་ལ་གནོད་འཚེ་ཞིག་བྱུང་ན་སྙམ་པའི་ངན་སེམས་སྐད་ཅིག་མ་ཅི་ཙམ་སྐྱེས་པའི་གྲངས་དང་མཉམ་པར་བསྐལ་པར་དམྱལ་བར་གནས་པ་སོགས་ཉེས་དམིགས་ཤིན་ཏུ་ཆེ་སྟེ། སྤྱོད་འཇུག་ལས། གང་ཞིག་དེ་འདྲའི་རྒྱལ་སྲས་སྦྱིན་བདག་ལ། །གལ་ཏེ་ངན་སེམས་སྐྱེད་པར་བྱེད་པ་དེ། །ངན་སེམས་བསྐྱེད་པའི་གྲངས་བཞིན་བསྐལ་པར་ནི། །དམྱལ་བར་གནས་པར་འགྱུར་ཞེས་ཐུབ་པས་གསུངས། །ཞེས་དང་། ཀུན་བཟང་སྙིང་ཐིག་ལས། གནོད་སེམས་ཞེས་པ་ཕ་རོལ་གང་ལའང་ཚེ་དཔལ་མཐུ་སྟོབས་སྙན་གྲགས་སོགས་ཉམས་པ་དང་བརླག་པ་གཅིག་བྱུང་ནས་ཟད་ཅིང་སྟོངས་ན་ཅི་མ་རུང་སྙམ་

p. 585

པའི་སེམས་ངན་ཤར་ན་བསྐལ་པ་འབུམ་དུ་ཚ་བའི་དམྱལ་བ་བར་ཚམས་མེད་པ་མྱོང་དགོས། གསུངས། བདེ་མཆོག་བསྡུས་པ་ལས། རྣལ་འབྱོར་ཆེ་ལ་གང་ཞིག་སྡང་། །ཁྱི་ཡི་སྐྱེ་བ་བརྒྱར་སྐྱེས་ཤིང་། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། གསུངས། དེའི་རྣམ་སྨིན་དགེ་བ་གང་བྱས་ཀྱང་སྐྱོབ་མི་ནུས་ཏེ། ཏིང་འཛིན་རྒྱལ་པོ་ལས། གཅིག་ལ་གཅིག་ནི་གནོད་སེམས་བྱས་ན་ནི། དེ་ལ་ཚུལ་ཁྲིམས་ཐོས་པས་སྐྱོབ་མི་ནུས། །བསམ་གཏན་མི་སྐྱོབ་དགོན་གནས་སྐྱོབ་མི་ནུས། །སྦྱིན་པས་མི་སྐྱོབ་སངས་རྒྱས་མཆོད་པས་མིན། །ཞེས་གསུངས། བྱང་ཆུབ་སེམས་དཔའ་ལ་དམིགས་ནས་ཁོང་ཁྲོ་གཅིག་སྐྱེས་ཀྱང་། བསྐལ་པ་གྲངས་མེད་པར་བསགས་པའི་དགེ་ཀུན་འཇོམས་ན་ཚེ་འདིར་བསགས་ཚད་སྨོས་ཅི་དགོས། སྤྱོད་འཇུག་ལས། བསྐལ་པ་སྟོང་དུ་བསགས་པ་ཡི། སྦྱིན་དང་བདེ་གཤེགས་མཆོད་ལ་སོགས། །ལེགས་སྤྱད་གང་ཡིན་དེ་ཀུན་ཀྱང་། ཁོང་ཁྲོ་གཅིག་གིས་འཇོམས་པར་བྱེད། །ཅེས་དང་། འཇུག་པ་ལས། གང་ཕྱིར་རྒྱལ་སྲས་རྣམས་ལ་ཁྲོས་པ་ཡིས། །སྦྱིན་དང་ཁྲིམས་བྱུང་

p. 586

དགེ་བ་བསྐལ་པ་བརྒྱར། །བསགས་པ་སྐད་ཅིག་གཅིག་འཇོམས་དེ་ཡི་ཕྱིར། །མི་བཟོད་ལས་གཞན་སྡིག་པ་ཡོད་མ་ཡིན། གསུངས། བླ་མ་དམ་པ་འགའ་རེས། ཞེ་སྡང་སྐད་ཅིག་གཅིག་གིས་ཀྱང་། །བསྐལ་པ་སྟོང་གི་དགེ་རྩ་འཇོམས། །གསུངས། བྱང་ཆུབ་སེམས་དཔའ་ཟེར་བ་དེ་རྒྱུད་ན་གཞན་ཕན་གྱི་བསམ་པ་ཡོད་ཚད་ཡོངས་ལ་བྱང་ཆུབ་སེམས་དཔའ་ཟེར། བྱང་ཆུབ་སེམས་དཔའ་ནི་ཐལ་བས་བཀབ་པའི་མེ་བཞིན་གང་ལ་ཡོད་མི་ཤེས་གཟབ་དགོས། ཞེས་འབྲོམ་སྟོན་པ་རིན་པོ་ཆེས་གསུངས། དེ་བཞིན་དུ་རྗེ་སྐལ་ལྡན་རྒྱ་མཚོས་ཀྱང་། བྱང་ཆུབ་སེམས་དཔའ་གང་ན་བཞུགས་མི་ཤེས། །མཐོང་ཐོས་ཀུན་ལ་མ་སྨོད་རི་ཁྲོད་པ། གསུངས། དམ་པ་འགའ་རེས་དགེ་སློང་བཞི་སྡེ་ཞིག་ཚོགས་པའི་ནང་ནའང་བྱང་ཆུབ་སེམས་དཔའ་རེ་ཡོད་གསུངས། རྒད་པོ་འགའ་རེས་རྐུན་མ་དང་བྱང་ཆུབ་སེམས་དཔའ་གར་ཡོད་མི་ཤེས་ཟེར། དེས་ན་སུ་ལ་བརྙས་སྨོད་ཁོང་ཁྲོ་སྐྱེ་མི་རུང་། གཞན་ཡང་བྱང་ཆུབ་སེམས་དཔའ་ཕར་ཞོག །གང་ཟག་མཆོག་དམན་གང་ལ་བརྟེན་ནས། ཁོང་ཁྲོ་སྐྱེས་ན་སྔར་བྱས་དགེ་རྩ་ཀུན་

p. 587

འཇོམས་ནས་སྒྲེན་མོ་ལག་སྟོང་ལྟ་བུར་འགྱུར་ཏེ། རྒྱལ་དབང་ལྔ་པ་རིན་པོ་ཆེའི་ཞལ་ནས། སྐྱེ་བར་བསགས་པའི་དགེ་ཚོགས་ནགས་ཀྱི་ཀླུང་། ཁོང་ཁྲོའི་མེ་དཔུང་གཅིག་གིས་རབ་བསྲེགས་ནས། །མི་དགེའི་སྡོང་དུམ་སྲིད་པའི་རྩེར་སྤུངས་པའི། །མི་བཟོད་དགྲ་འདི་སྡུག་བསྔལ་ཀུན་གྱི་གཞི། །ཞེས་དང་། རིག་འཛིན་གང་ཤར་རང་གྲོལ་གྱིས། ཁོང་ཁྲོ་ཟེར་བའི་སྡིག་ཅན་དེ། །ལན་གཅིག་བྱུང་ན་དགེ་ཀུན་འཇོམས། །མང་པོ་བྱུང་ན་སྨོས་ཅི་དགོས། །རུས་རང་ས་སུད་མ་བྱེད་ཨང་། །ཞེས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། གདུག་སེམས་ནགས་ཀྱི་མེ་ཆེན་འདྲ། །རང་རྒྱུད་དགེ་བའི་བུད་ཤིང་བསྲེགས། །ད་རེས་བཟོད་པའི་གོ་གྱོན་ལ། ཁོང་ཁྲོའི་ཟུག་རྔུ་ཕྱུང་ན་ལེགས། །ཞེས་གསུངས། དཔེར་ན་རྩྭ་ཕུང་རི་རབ་ཙམ་ཞིག་སྤུངས་ཡོད་པའི་ནང་དུ་མེ་ཆེན་མི་དགོས། མེ་སྟག་ཆུང་ཆུང་ཞིག་ལྷུང་ཡང་ཐམས་ཅད་རྩ་བ་ནས་ཚིག་པ་ལྟར། སྔར་སྐྱེ་བ་འདི་དང་སྔོན་མ་རྣམས་སུ་དགེ་བ་ཅི་བྱས་པ་ཐམས་ཅད་ཁོང་ཁྲོ་ཡུན་རིང་མི་དགོས། སེ་གོལ་གཏོགས་པའི་ཡུན་ཙམ་ཞིག་

p. 588

སྐྱེས་ཀྱང་རྩ་བ་ནས་འཇོམས་པར་འགྱུར། སྔར་དགེ་བ་མ་ཐུབ་གི་དེ་ཐུབ་ཅུང་ཟད་རེ་བྱས་ཡོད་པ་ཐམས་ཅད་རྩ་བ་ནས་ཁོང་ཁྲོས་འཇོམས་དུ་བཅུག་ནས། དོན་མེད་ཆུད་ཟོས་སུ་བཏང་ན། རང་གིས་རང་ལ་ཕན་སྟེར་རྒྱུ་མེད། འགའ་རེས་དགེ་སྦྱོར་རེ་བྱས། ཅུང་ཟད་རེ་ཁོང་ཁྲོ་རེ་ལངས་པ་འདི་དཔེར་ན་མེ་རེ་སྦར། ཆུ་རེ་བླུགས་ནས་བསད། རྩྭ་རེ་སྤུངས་མེ་རེ་བཞག་ནས་བསྲེགས་པ་དང་འདྲ་བས་རང་གིས་རང་ལ་སྡུག་བསྐོལ་བ་མ་གཏོགས་དོན་གོ་མཆོད་ཅིག་མེད། དེང་སང་འདི་གཉིས་ཀ་བྱེད་པ་མང་། ཞེ་སྡང་དམྱལ་བར་འཕེན་བྱེད་ཀྱི་རྒྱུའི་གཙོ་བོ་ཡིན་ཏེ། རྗེ་མི་ལས། ཞེ་སྡང་ཆེ་ན་དམྱལ་བའི་སྒྲོག །གསུངས། རྒྱལ་བ་ཀརྨ་པས། ཞེ་སྡང་འབྲས་བུས་དམྱལ་བ་དང་། །གསུངས། ཁོང་ཁྲོའི་དབང་གིས་གཞན་ལ་ཚིག་རྩུབ་སྨྲས་ན་རྣམ་སྨིན་ལྕི་སྟེ། ཚིག་རྩུབ་གང་སྨྲས་ཕྱི་མར་དམྱལ་བའི་ནང་དུ་སྐྱེ་ཚེ། གཤིན་རྗེའི་ཕོ་ཉ་རྣམས་ཀྱིས་མི་དེའི་ཁ་ནས། ལྕེ་ཕྱིར་ཕྱུང་གྲི་རྣོན་པོས་བཅད་ནས་སླར་ཁ་ནང་དུ་འཇོག་ཅེས་མདོ་དྲན་པ་ཉེར་བཞག་ལས་གསུངས། སྔོན་སངས་རྒྱས་འོད་སྲུངས་གི་བསྟན་པ་ལ། ཚེམས་བུ་

p. 589

མཁན་གྱིས་རང་གི་ཕུ་བོ་ཕྱིར་མི་འོང་བ་ལ། འཕྱེ་བོ་ཞེས་ཚིག་རྩུབ་སྨྲས་པས། ཚེ་རབས་མང་པོར་འཕྱེ་བོར་གྱུར། དགེ་སློང་མ་ཞིག་གིས། དགེ་སློང་མ་གཞན་མང་པོ་ལ་བ་ལང་རྫི་བོ་ཞེས་སྨྲས་པས། ཚེ་རབས་མང་པོར་བ་ལང་རྫིར་གྱུར། བུ་མོ་གསེར་མདོག་གིས་དགེ་འདུན་རྣམས་ལ་བྱད་གཟུགས་མི་སྡུག་པ་དང་རིགས་ངན་སོགས་ཀྱི་ཚིག་རྩུབ་སྨྲས་པས། གང་དུ་སྐྱེས་ཀྱང་གཟུགས་བྱད་མི་སྡུག་པ་དང་རིགས་ངན་དུ་སྐྱེས། བྱང་ཆུབ་སེམས་དཔའ་སྣང་བ་བསམ་གྱིས་མི་ཁྱབ་པས། བྱང་སེམས་ལྷ་བཟང་ལ་ནལ་བུ་ཁྱོད་ལ་ཡོན་ཏན་ཅང་མེད་སྨྲས་པས། བསྐལ་པ་དགུ་བཅུར་ནལ་བུར་སྐྱེས། བཙས་མ་ཐག་ཏུ་མས་བོར་བས། ཁྱི་སྤྱང་སོགས་ཀྱིས་ཟོས། དགེ་སློང་གཅིག་གིས། དགེ་སློང་གཞན་ཁ་ཏོན་བྱེད་པ་སྦལ་བ་ལྟར་སྐད་འབྱིན་ཞེས་སྨྲས་པས། སྐྱེ་བ་ལྔ་བརྒྱར་སྦལ་བར་སྐྱེས། དགེ་སློང་གཅིག་གིས་དགེ་སློང་གཞན་གཅིག་ལ་སྤྲེའུ་འདྲ་སྨྲས་པས། སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས། དགེ་ཚུལ་གཅིག་གིས། དགེ་སློང་དགྲ་བཅོམ་པ་ཞིག་ལ། ཁྱོད་དབྱངས་འཐེན་པ་ཁྱི་ཟུག་པ་

p. 590

འདྲའོ་སྨྲས་པས་ཁྱིའི་སྐྱེ་བ་ལྔ་བརྒྱ་བླངས། དེ་རྣམས་ལ་དགོངས་ནས། རིག་འཛིན་གང་ཤར་རང་གྲོལ་གྱིས། གཏམ་འཇམ་པོས་སྨྲ་བ་མ་གཏོགས་པ། །ངོ་གནག་ཅིང་ཚིག་རྩུབ་སྨྲ་བ་སོགས། །དུག་བཞིན་དུ་སྤོང་བ་གནད་དུ་ཆེ། གསུངས། གཞན་ཡང་ཆོས་གང་ཟག་སུ་ལ་ཡང་སྐུར་བ་བཏབ་ན་སྡིག་པ་ཆེ་སྟེ། རྗེ་མི་ལས། སྡིག་ཏུ་སྐུར་བ་ཆེའོ། གསུངས། གྲུབ་ཆེན་གླིང་རས་པས། སྐུར་འདེབས་དམྱལ་བར་སྐྱུར་བ་ཡིན། གསུངས། དམ་ཚིག་རྡོ་རྗེའི་རྣམ་བཤད་ལས། སྒྲོ་བསྐུར་བཏབ་ན་དགེ་སློང་འབུམ་བསད་མཚུངས་ཞེས་རྣམ་སྨིན་མནར་མེད་དམྱལ་བ་ཁོ་ནར་ལྷུང་། །ཞེས་གསུངས། སྔོན་རྒྱལ་པོ་གཅིག་གིས་བྱང་ཆུབ་སེམས་དཔའ་ལ་མཆོད་པའི་ཕྱིར་ཞག་བདུན། བུད་མེད་ལྔ་བརྒྱས་གླུ་གར་རོལ་མོ་བྱས་པ་ལ། ཁྱེའུ་བཅུས་ཆོས་སྨྲ་བའི་བྱང་ཆུབ་སེམས་དཔའ་དེ་ལ་བུད་མེད་ཀྱི་སྐུར་པ་བཏབ་པས་ལོ་དགུ་ཁྲིར་དམྱལ་བར་སྐྱེས། ཚེ་ལྔ་བརྒྱར་ཟ་མ་དང་ཀླ་ཀློ་དང་ལོག་ལྟ་ཅན་དུ་སྐྱེས། ཚེ་དྲུག་བརྒྱར་དམུས་ལོང་དང་ལྕེ་མེད་པར་གྱུར་གསུངས། གཞན་ཡང་དུས་འཁོར་ཡེ་ཤེས་ཀྱི་ལེའུ་ལས། སེམས་ཅན་

p. 591

རྣམས་ནི་སངས་རྒྱས་ཉིད་དེ་སངས་རྒྱས་ཆེན་པོ་གཞན་ནི་འཇིག་རྟེན་ཁམས་ན་ཡོད་མ་ཡིན། །དེ་དག་མཉེས་པར་བྱས་པས་དཔག་མེད་སྲིད་པ་གཅོད་པར་བྱེད་དེ་རྣམ་པར་མི་རྟོག་པ་ལས་སོ། །རྣམ་འབྱོར་བ་ནི་འཁུ་བར་བྱེད་ན་དམྱལ་བ་ངུ་འབོད་ཆེན་པོའི་མཐའ་རུ་འགྲོ་བར་འགྱུར། །དེ་ཕྱིར་སེམས་ནི་དག་པ་ན་ཡང་མཁས་དང་མི་མཁས་སྐྱེ་བོ་རྣམས་ལ་འགལ་བ་མི་བྱའོ། གསུངས། གཞན་ཡང་རབ་བྱུང་གིས་གཞན་ལ་འཚེ་བ་སྨོས་ཅི་དགོས། ཚུར་ལ་མི་འདོད་པ་བྱས་པ་ལ་ལན་བྱེད་མི་རུང་སྟེ། རྗེ་བཙུན་ཡེ་ཤེས་རྒྱལ་མཚན་གྱིས། གཤེས་ཀྱང་སླར་མི་གཤེས། ཁྲོས་ཀྱང་སླར་མི་ཁྲོ། བརྡེགས་ཀྱང་སླར་མི་རྡེག །མཚང་བྲུས་ཀྱང་སླར་མི་འབྲུ་འདི་དགེ་སྦྱོང་གི་ཆོས་བཞི་ཡིན་གསུངས་པ་ལྟར་རྒྱལ་བ་སྲས་བཅས་ཀྱིས་མགྲིན་གཅིག་ལྟར་གསུངས་པས་ན་ཕར་ལ་ཁོང་ཁྲོའམ་བརྡེག་རྡུང་མཚང་འབྲུ་གང་བྱས་ཀྱང་དགེ་སྦྱོང་གི་ཆོས་བཞི་ཤོར་བ་ཡིན་ལ། དེ་ཤོར་མ་ཐག་ནས་ནང་པ་སངས་རྒྱས་ཀྱི་རྗེས་འཇུག་དགེ་སློང་རབ་བྱུང་ཆོས་པ་རྣམས་ཀྱི་གྲལ་དུ་མི་ཆུད་དེ། མདོ་ལས། བཟོད་པ་དཀའ་ཐུབ་

p. 592

བཟོད་པ་དམ་པ་ནི། །མྱ་ངན་འདས་པ་མཆོག་ཅེས་སངས་རྒྱས་གསུངས། རབ་ཏུ་བྱུང་བ་གཞན་ལ་གནོད་པ་དང་། །གཞན་ལ་འཚེ་བ་དགེ་སྦྱོང་མ་ཡིན་ནོ། །ཞེས་གསལ་བར་གསུངས་པའི་ཕྱིར་རོ། །སྟོན་པའི་རྗེས་འཇུག་རྣམས་ཀྱི་གྲལ་ནས་མར་བུད་ཕྱིན་ཆད་ད་ཧ་གོ །གྲོང་གི་རྒན་རྒོན་ཁོང་ཁྲོ་ཅན་སྡང་མིག་བལྟ་ས་བཟའ་སྡིག་ཐུག་པ་བཞིན་བསྐོལ་བའི་གྲལ་ཡིན། དེ་མིན་ན་བསྟན་པའི་བླ་བཙོང་། རབ་བྱུང་གི་རྐང་འདྲེན་སྔར་མེད་པའི་རྒད་པོ་མགོ་རིལ་ཁྱད་ཆོས་ཅན་ཞིག་གསར་དུ་བྱུང་བ་ཡིན་པས། མིང་ལ་སྔར་མེད་རྒད་པོ་མགོ་རིལ་ཞེས་ངས་བཏགས་པ་ཡིན་པས། ཀུན་གྱིས་དེ་ལྟར་འབོད་པར་རིགས་སོ། །གཞན་ཡང་བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་མནར་སེམས་སོགས་སྐྱེས་ན། རང་རྒྱུད་ལ་ཡོན་ཏན་གང་ཡང་མི་འོང་། གཞན་ཐེག་པ་གསུམ་གྱི་གང་ཟག་དང་ཆོས་སྨྲ་བ་ལ་གུས་པ་སོགས་མ་བྱས་ན་ཆོས་ནུབ་པར་འགྱུར་ཏེ། ད་ལྟར་གྱི་སངས་རྒྱས་མངོན་སུམ་པའི་ཏིང་འཛིན་རྒྱལ་པོ་ལས། གལ་ཏེ་དེས་དེ་ལ་མནར་སེམས་སམ། ཐ་བའམ་སྡང་བའི་སེམས་ཀྱིས་གནས་ན། དེའི་ཡོན་ཏན་ཐོབ་པ་ནི་གནས་

p. 593

མེད་དོ། །སྟོན་པའི་འདུ་ཤེས་མི་སྐྱེད་ནའང་དེ་བཞིན། འདི་ལྟར་ཐེག་པ་གསུམ་ཀའི་གང་ཟག་དང་ཆོས་སྟོན་པའི་དགེ་སློང་ལ་གུས་པ་དང་། བླ་མའམ་སྟོན་པའི་འདུ་ཤེས་མི་སྐྱེད་ན་དེ་དག་མ་ཐོབ་པའི་ཆོས་ཐོབ་པའམ། ཐོབ་པ་ཆུད་མི་ཟ་བ་ནི་གནས་མེད་དེ། མ་གུས་པས་ནི་ཆོས་ནུབ་པར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་སོ། །གཞན་ཡང་མཁས་བཙུན་བཟང་གསུམ་གང་ན་ཡོད་མི་ཤེས་པས། མ་ཤེས་བཞིན་ནམ། ཤེས་བཞིན་མཁས་པའི་གྲལ་གོང་དུ་བསྡད་ན་ལྕི་བ་བཞིའི་ནང་ནས་གཅིག་ཡིན་ལ། རྒྱལ་སྲས་ཀྱི་སྤྱོད་པ་ལས་ཉམས་པར་འགྱུར་ཞིང་། ཁྱད་པར་ཆོས་འབྲེལ་ཅུང་ཟད་ཙམ་ཞིག་ཡོད་པའི་གོང་དུ་བསྡད་ན་ཉེས་པ་དེ་བས་ཆེ་སྟེ། དམ་ཚིག་རྡོ་རྗེའི་རྣམ་བཤད་ལས། ཆོས་ཚིག་གསུམ་ཚུན་ཞུས་པའི་གོང་དུ་བསྡད་ན་ཤེས་རབ་འཆལ་བའི་རིགས་སུ་སྐྱེ། ཞེས་དང་། དགྲ་ནག་དཀའ་འགྲེལ་ལས། ཚིགས་བཅད་གཅིག་ཙམ་ཉན་པ་ཡན། །གང་གིས་བླ་མར་མི་འཛིན་པ། ཁྱི་ཡི་སྐྱེ་བ་བརྒྱ་བླངས་ནས། །རྨེ་ཤ་ཅན་དུ་སྐྱེ་བར་འགྱུར། །གསུངས་པ་སོགས་ཉེས་དམིགས་མཐའ་ཡས་པ་

p. 594

གསུངས་སོ། །གཞན་ཡང་དཔེར་ན་རྡོ་རྩིག་གི་ནང་ནས་རྡོ་གཅིག་ཙམ་ཕྱིར་འཐེན་ཡང་གཞན་ཐམས་ཅད་མི་བརྟན་པར་འཇིག་པ་ལྟར། ཞེ་སྡང་གི་དབང་གིས་སེམས་ཅན་གཅིག་ཙམ་ཡལ་བར་འདོར་བའི་བློ་སྐད་ཅིག་མ་གཅིག་སྐྱེས་ཀྱང་བྱང་ཆུབ་ཀྱི་སེམས་ཉམས་པ་ཡིན། བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ཉམས་མ་ཐག་ནས། ཐེག་ཆེན་བྱང་ཆུབ་སེམས་དཔའི་གྲལ་ནས་མར་རོ་ལྟར་བུད་པ་ཡིན་ནོ། །བྱང་ཆུབ་ཀྱི་སེམས་བླ་མེད་སངས་རྒྱས་ཀྱི་རྒྱུ་ས་བོན་ལྟ་བུ། གཞན་ཕར་ཕྱིན་དྲུག་རིམ་གཉིས་སོགས་ཆུ་ལུད་དྲོད་གཤེར་དང་མཚུངས་པས། ས་བོན་མེད་པར་ཆུ་ལུད་སྦྱར་ཀྱང་སྟོན་ཐོག་མི་འབྱུང་བ་ལྟར། བྱང་ཆུབ་ཀྱི་སེམས་ཉམས་པས་དགེ་སྦྱོར་བསྐལ་པར་འབད་ཀྱང་བླ་མེད་རྫོགས་པའི་སངས་རྒྱས་མི་འཐོབ་གསུངས། ཆོས་ཤེས་ཀྱིན་རང་རྒྱུད་ཀྱི་ཉོན་མོངས་ཆུང་དུ་འགྲོ་དགོས་པ་ལ། དུག་གསུམ་གྲུ་མ་ཉམས་པའི་སྟེང་དུ་རང་མཐོང་ང་རྒྱལ་གཞན་མཐོ་བར་དོགས་པའི་ཕྲག་དོག་སོགས་བསྣན་ནས། ཇེ་ཆེར་བཏང་ན་རང་ཐེག་པ་ཆེན་པོའི་ཆོས་པ་བསྟན་འཛིན་དུ་བརྒྱ་རློམས་ཀྱང་ཕྱིན་ཆད་གཏིང་མཐའ་མེད་པའི་འཁོར་བའི་རྒྱ་

p. 595

མཚོ་ཆེན་པོར་བྱིང་ནས་ལས་དང་ཉོན་མོངས་པའི་རྦ་རླབས་དྲག་པོས་གཡེངས་ཤིང་ཁྱེར། སྡུག་བསྔལ་དུ་མའི་ཆུ་སྲིན་འཇིགས་རུང་དང་སྲིན་བུ་དུ་མས་ཟ་བཞིན་སྐབས་རེ་མཐོ་རིས་ཀྱི་མཚོ་ཁར་སོན། རྒྱུན་དུ་ངན་སོང་གསུམ་གྱི་མཚོ་གཏིང་དུ་བྱིང་ནས་འཁོར་བ་ནམ་གནས་བར་དུ་འོ་བརྒྱལ་མྱོང་བཞིན་དུ་སྡོད་དགོས། ཐར་པའི་དུས་མི་འབྱུང་། ཐེག་ཆེན་བྱང་ཆུབ་ཀྱི་སེམས་མངའ་བ་གར་ཡོད་མི་ཤེས་པས་ཡོངས་ལ་དད་གུས་བྱས་ཡོན་ཏན་བརྗོད། མཆོད་བསྟོད་བཀུར་ན་བསོད་ནམས་ཆེ་སྟེ། ངེས་པ་དང་མ་ངེས་པ་ལ་འཇུག་པ་ཕྱག་རྒྱའི་མདོ་ལས། ཕྱོགས་བཅུའི་སེམས་ཅན་གྱི་མིག་ཕྱུང་བ་བྱམས་པའི་སེམས་ཀྱིས་མིག་སླར་བསྐྱེད་པ་དང་། སེམས་ཅན་སྔ་མ་རྣམས་བཙོན་ར་ནས་བཏོན་ཏེ་འཁོར་སྒྱུར་རམ། ཚངས་པའི་བདེ་ལ་བཀོད་པ་བས། རིམ་པ་ལྟར་ཐེག་ཆེན་ལ་མོས་པའི་བྱང་སེམས་ལ་དྭངས་བས་བལྟ་བ་དང་། དྭངས་བས་བལྟ་འདོད་ཅིང་། དེའི་བསྔགས་པ་བརྗོད་ན་བསོད་ནམས་ཆེས་གྲངས་མེད་པར་བསྐྱེད། གསུངས། སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ལ་བསྙེན་

p. 596

བཀུར་བྱས་པའི་བྱང་ཆུབ་སེམས་དཔའ་རྣམས་ནི་སྤྱོད་པ་ཐམས་ཅད་ལ་མི་བརྗེད་པར་སྤྱོད་པ་ཡིན་ནོ། དགེ་བའི་བཤེས་གཉེན་གྱིས་ཡོངས་སུ་བཟུང་བའི་བྱང་ཆུབ་སེམས་དཔའ་རྣམས་ནི། ལས་དང་ཉོན་མོངས་པ་རྣམས་ཀྱིས་ཐུབ་པར་དཀའ་བ་ཡིན་ནོ། །ཞེས་དང་། སྐྱེས་རབས་ལས། དམ་པ་རྣམས་ནི་སུས་ཀྱང་མི་སྲིང་སྟེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བསྒོས་པར་ཡང་གོས་པར་འགྱུར། །ཞེས་པ་ལ་སོགས་མདོ་རྒྱུད་བསྟན་བཅོས་དུ་མ་ནས་ཕན་ཡོན་མཐའ་ཡས་པར་གསུངས། འགྲོ་དོན་གྱི་མཆོག་ཀྱང་ཆོས་པ་བཀུར་ན་ཡིན་ཏེ། རྗེ་རྒོད་ཚང་བས། སྙིགས་མའི་དུས་སུ་འགྲོ་དོན་ཆོས་པ་ཐམས་ཅད་སྤྱི་བོར་ཁུར་ནས། རང་གིས་འགྲོ་དོན་མ་བྱས་པར་སྒྲུབ་པ་ཚུལ་བཞིན་བྱས་ན་འགྲོ་དོན་ཆེ། གསུངས། རྒྱལ་སྲས་ལག་ལེན་ཡང་དེ་ཡིན། རྒྱལ་སྲས་ཐོགས་མེད་ཀྱིས། རང་དང་མཉམ་པའམ་དམན་པའི་སྐྱེ་བོ་ཡི། །ང་རྒྱལ་དབང་གིས་བརྙས་ཐབས་བྱེད་ནའང་། །བླ་མ་བཞིན་དུ་གུས་པས་བདག་ཉིད་ཀྱི། །སྤྱི་བོར་ལེན་པ་རྒྱལ་སྲས་ལག་ལེན་ཡིན།

p. 597

གསུངས། དེས་ན་སྲིད་ཞིའི་བདེ་སྐྱིད་ཀྱི་དཔལ་ལ་རོལ་འདོད་པའི་བློ་གྲོས་ཅན་རྣམས་ཀྱི་གཞན་གྱི་ཆོས་དང་གང་ཟག་རབ་འབྲིང་ཐ་གསུམ་གང་ལ་ཡང་དད་གུས་དག་སྣང་བྱས། ཡོན་ཏན་ཕྱོགས་བཅུར་བསྒྲགས། དངོས་སམ་ཡིད་ཀྱིས་ཕྱག་མཆོད་བྱས། དུས་རྒྱུན་དུ་མཆོད་བསྟོད་བསྙེན་བཀུར་ཕུན་སུམ་ཚོགས་པ་བྱས་ན་ཕན་ཡོན་དཔག་ཏུ་མེད་པ་འབྱུང་ཚུལ་དང་། བདག་འཛིན་ཉེ་རིང་ཆགས་སྡང་ང་རྒྱལ་ཕྲག་དོག་གི་དབང་གིས་གཞན་གྱི་ཆོས་དང་གང་ཟག་བཟང་ངན་སུ་ལ་བརྙས་སྨོད་ཚིག་རྩུབ་ཁྱད་གསོད་སུན་འབྱིན་སྐུར་འདེབས་སོགས་བྱས་ན་ཉེས་དམིགས་བསམ་གྱིས་མི་ཁྱབ་པ་ཡོད་ཅེས་རྒྱལ་བའི་བཀའ་མདོ་རྒྱུད་བསྟན་བཅོས། བླ་མ་གོང་མ་དུ་མས་གསུངས་པ་རྣམས་ལ་ཞིབ་དུ་རྟོག་དཔྱོད་བཏང་ནས། གཤེ་སྐུར་སོགས་མི་བྱེད་པར། སྙན་པ་སྒྲོག་པ་གཅེས་ཏེ། རྒྱལ་བ་རྒོད་ཚང་བས། སྤྱིར་སེམས་ཅན་ཐམས་ཅད། སྒོས་ཆོས་ཐམས་ཅད་ལ་མི་གཤེ་མི་སྐུར་བར། སྙན་པའི་བ་དན་ཕྱོགས་བཅུར་སྒྲོགས། གསུངས། དཔེར་ན་ཁྱིམ་ཚང་འགའ་རེས་རྒྱུ་ནོམ་ཆེ་ཆུང་ཐམས་ཅད་བསགས་ན་

p. 598

ཕྱུག་པོར་འགྲོ་བར་ཤེས་ནས། རྒྱུ་ནོམ་རྙེད་ཚད་བསགས། གཅིག་ཀྱང་མི་འདོར་མ་རྙེད་པ་རྣམས་ཀྱང་རྙེད་པའི་ཐབས་ལ་འབད་ནས། ཡིད་སྨོན་བྱེད་པ་ལྟར། སྐྱེས་བུ་བློ་གྲོས་ཅན་རྣམས་ཀྱིས་ཆོས་ཐམས་ཅད་ཉམས་སུ་བླང་ན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་ཤེས་ནས། རྒྱལ་བའི་གསུང་རབ་རྣམས་ཅི་ནུས་ཀྱིས་ཉམས་སུ་བླངས། མི་ལོན་པ་རྣམས་ཀྱང་མི་སྤོང་བར་ནམ་ཞིག་ཉམས་སུ་ལོན་པ་ཞིག་འོང་ན་སྙམ། དེའི་རྒྱུར་ཚོགས་བསག་སྒྲིབ་སྦྱོང་སྨོན་ལམ་འདེབས་དགོས་སྟེ། རྗེ་བདག་ཉིད་ཆེན་པོས་གསུངས་རབ་ཐམས་ཅད་གང་ཟག་གཅིག་འཚང་རྒྱ་བའི་ཆ་རྐྱེན་དུ་འགྱུར་བའི་ཚུལ་ལ་ངེས་པ་བསྟན་པར་བྱས་ལ། ད་ལྟ་ཉམས་སུ་ལོན་པ་རྣམས་ཉམས་སུ་བླང་ཞིང་། དངོས་སུ་འཇུག་ལྡོག་མ་ནུས་ཀྱང་། རང་ཉིད་ཀྱིས་འཇུག་ལྡོག་མ་ནུས་པ་རྒྱུ་མཚན་དུ་བྱས་ནས་མི་སྤང་བར། དེ་དག་ལ་དངོས་སུ་འཇུག་ལྡོག་གི་སྒོ་ནས་ཉམས་སུ་ལོན་པ་ཞིག་ནམ་ཞིག་ན་འོང་སྙམ་དུ་བསམ་ནས། དེའི་རྒྱུར་ཚོགས་བསག་པ་དང་། སྒྲིབ་པ་སྦྱང་བ་དང་སྨོན་ལམ་གདབ་པར་བྱའོ། །དེ་ནས་རིང་པོར་མི་ཐོགས་པར་བློའི་མཐུ་ཇེ་ཆེ་ཇེ་ཆེར་

p. 599

སོང་སྟེ། དེ་དག་ཐམས་ཅད་ཉམས་སུ་ལེན་ནུས་པར་འགྱུར་རོ། །ཞེས་གསུངས། པཎ་ཆེན་ཐམས་ཅད་མཁྱེན་པས། འཕགས་པའི་སྐྱེ་བོ་རྣམས་ཀྱི་མཛད་པ་རྣམ་ཐར་སོ་སོའི་སྐྱེ་བོ་རྣམས་ཀྱི་ཡུལ་ལས་འདས་ཤིང་། ཆོས་དང་སྐྱེས་བུ་དམ་པ་ལ་བརྟེན་པའི་སྡིག་པ་ནི་ཤིན་ཏུ་མི་བཟད་པས། ཕྱོགས་འཛིན་གྱི་སྡང་ཞུགས་དོར་ནས། དག་སྣང་ནོར་བུའི་འོད་ཀྱིས་ཁྱབ་པར་མཛད་དུ་གསོལ་ཞེས། ཆོས་ཀྱི་རྒྱལ་མཚན་གསོལ་བ་འདེབས་སོ། གསུངས། གྲུབ་ཐོབ་འབྲུག་པ་ཀུན་ལེགས་ཀྱིས། བྱས་པས་ཆོས་རྣམས་ཐམས་ཅད་འཇིག་པ་ཡིན། །མ་བྱས་ཆོས་ནི་ཀུན་གྱིས་རྟོགས་པར་དཀའ། །ཆོས་སྤོང་གྲུབ་མཐའ་འཛིན་པའི་ཤེས་རབ་ཅན། །ང་ཁྱོད་ཕྱོགས་རིས་མ་མཛད་ཐུགས་ལ་ཞོག །གསུངས། རིག་འཛིན་གང་ཤར་རང་གྲོལ་གྱིས། དེང་སང་ཆོས་ལུགས་གྲུབ་མཐའ་མང་། ཐམས་ཅད་སངས་རྒྱས་ལམ་དུ་གཅིག །དོན་མེད་ཁ་སྡིག་མ་གསོག་པར། །ཀུན་ལ་དག་སྣང་མཛོད་ཅིག་ཨང་། །གསུངས། གླང་རི་ཐང་པས། སངས་རྒྱས་ཀྱི་ཆོས་ཐམས་ཅད་འབྲས་བུ་དང་བཅས་པ་ཡིན་པས་ཆོས་

p. 600

ལ་བཟང་ངན་དུ་མ་སྤྱད། གསུངས། རྗེ་སྣ་ཚོགས་རང་གྲོལ་གྱིས། གྲུབ་མཐའ་ཆོས་རྒྱུད་རྩོད་པའི་བསྟན་པའི་གཞོག་འཐེན་དང་། །ཆོས་ལ་བཟང་ངན་འཛིན་པའི་ཅལ་སྒྲོག་རྗེས་འབྲང་དང་། །རང་ཕྱོགས་རྒྱལ་ན་དགའ་བའི་ཆགས་སྡང་ཁ་འཛིན་སོགས། །ཀུན་གྱིས་ནན་ལྟར་འབད་མོད་སྤང་བྱའི་གཙོ་བོར་གདའ། །གསུངས། རྗེ་བཙུན་བསོད་ནམས་སེངྒེའི་ཞལ་ནས། ཆོས་པས་ཆོས་ཀྱི་རྣམ་དབྱེ་ལ་དཔྱད་ནས། གཞན་སྐྱོན་རྟོག་པ་ཤེས་རབ་ཡིན་སྙམ་ཡང་། །དེ་ལ་བརྟེན་ནས་རང་སྡིག་པ་གསོག་པའི་རྒྱུ། །དག་སྣང་ཕྱོགས་མེད་ཁོ་བོའི་སྙིང་གཏམ་ཡིན། གསུངས། རྗེ་དགེ་ལེགས་བསྟན་འཛིན་གྱིས། རང་སྣང་དག་ན་ཐམས་ཅད་སངས་རྒྱས་དངོས། །དག་སྣང་ཕྱོགས་མེད་ཀྱིས་ཤིག་ཤེས་ལྡན་རྣམས། །གསུངས། རྗེ་ངག་དབང་སངས་རྒྱས་རྡོ་རྗེས། ཕྱོགས་རིས་ཞེན་པས་བསྒྲིབས་པའི་ཆུ་བུར་མིག །ཇི་ཙམ་བལྟས་ཀྱང་བསྟན་བཅོས་རྒྱ་ཆེ་ཞིང་། །མཐོང་བའི་སྐབས་བྲལ་དེ་ཕྱིར་དག་སྣང་གི །མིག་སྨན་གསར་པ་བརྟེན་པ་མན་ངག་ཡིན། །གསུངས། སྟག་ཚང་ལོ་ཙཱ་བས། ཕྱོགས་འཛིན་ཉེས་པ་ཀུན་གྱི་

p. 601

འབྱུང་ཁུངས་ཕྱིར། །སྡང་ཞུགས་ཚུལ་གྱིས་གཞན་སྡེ་སྨད་མི་རུང་། གསུངས། སྤྱན་སྔ་བས། རྙིང་མའི་རྫོགས་རིམ་སོགས་གཙོ་བོ་ཡིན་པས། རྫོགས་ཆེན་ལ་སངས་རྒྱས་ཀྱི་ཆོས་མེད་ཅེས་བྱར་མི་རུང་ལ། ཆོས་སྤོང་ནི་མཚམས་མེད་པ་ལས་ལྕི་བར་མང་དུ་གསུངས་པས་བག་ཡོད་པར་གྱིས། གསུངས། རྗེ་བཙུན་མི་ལ་རས་པས། ཐེག་པའི་ཁྱད་པར་མི་རྟོག་པར། །རང་སེམས་མིང་ལ་ཞེན་པ་ཡིས། །ལྟ་བ་ང་ཡིར་བཟུང་ནས་ནི། །གཞན་ལ་སྐུར་བ་མ་གདབ་འཚལ། གསུངས། བུ་སྟོན་རིན་པོ་ཆེས། ཆོས་ཀྱི་མཚན་ཉིད་གང་ལ་ཡོད་མེད་དག །མི་ཤེས་མཐོང་བ་མེད་པར་རྒྱུ་བཞི་ཡི། །རྣམ་དབྱེ་སྨྲ་བའི་ཁ་ནི་བདུད་ཀྱིས་ཕྱེ། །ཆོས་ལ་བརྙས་སྨོད་ཐུབ་པའི་གཞུང་ལས་བཀག །གསུངས། དཔལ་གསང་བའི་བདག་པོས། དེས་ན་ཐམས་ཅད་ལ་དག་པའི་སྣང་བ་བསྐྱེད་དགོས་གསུངས། རྗེ་རྒོད་ཚང་བས། ངས་ཆོས་ཐམས་ཅད་གཅིག་ཏུ་བསྡུས་ནས་བཞག །ཚེ་འདི་བློས་གཏོང་བ། སྤྲང་པོས་དམན་ས་བཟུང་ནས་ཐམས་ཅད་སྤྱི་བོར་ཁུར་བ། ཀུན་ལ་དག་སྣང་སྦྱོང་བ་གསུམ་

p. 602

ཡིན། བསླབ་པ་རིན་པོ་ཆེ་གསུམ་མམ། སྡོམ་པ་གསུམ་ཡང་འདུས་སམ་སྙམ། གསུངས། དེ་བཞིན་དུ་སྔོན་གྱི་སྐྱེས་ཆེན་དམ་པ་མང་པོས་གཞན་ཆོས་ལུགས་གང་ལ་དད་གུས་དག་སྣང་སྦྱོངས་ལ། རང་ཉིད་གང་མོས་དེ་ཉམས་སུ་ལོངས་ཞེས་གསུངས་པ་ཤ་སྟག་ཡིན། སྐྱེས་ཆེན་དམ་པ་གོང་མ་གཅིག་གི་གསུང་ཡང་མི་བརྩི་བར། དད་གུས་དག་སྣང་གི་གོས་ལྷམ་ཕུད། ངོ་ཚ་མེད་པར་གཅེར་བུར་ཕྱུང་། ཆགས་སྡང་གི་གོམ་པ་ཤུགས་དྲག་སྤོས། བདག་བསྟོད་གཞན་སྨོད་ཀྱི་ལབ་ལོབ་མང་པོ་ཁ་ནས་བཤད། གཏི་མུག་གི་མིག་གིས་བླང་དོར་ལྟ་བའི་ཤེས་རབ་ཀྱི་མིག་འབྲས་རང་དབང་མེད་པར་བཙུམ་ནས། ཆོས་སྤོང་དང་རྩ་ལྟུང་གཉིས་པས། ལག་པ་གཉིས་བརྒྱངས་ནས་ཤེད་ཀྱིས་དམྱལ་བའི་མེ་ནང་དུ་མར་མཆོངས་མ་འཇོག་ཅེས། རྗེ་དུས་གསུམ་མཁྱེན་པ་པཎ་ཆེན་རིན་པོ་ཆེས་གསུངས་པའི་རྗེས་ཟློས་བྱས། ཕྲན་ཆུང་ངས་ཀྱང་ལག་པ་ཐལ་མོ་སྦྱར་ནས། ཁྱོད་མཆོག་དམན་འབྲིང་གསུམ་ལ། འོ་དོད་དྲག་པོས་བོས་ནས་ལན་གསུམ་གསོལ་བ་འདེབས་པས་རྒྱལ་བའི་གསུངས་ལ་འདིངས་རྒྱག །རང་གི་

p. 603

རང་ཉིད་སྙིང་རྗེ་ན་ཚིག་འདི་ཀུན་གྱིས་སྒོ་གསུམ་གུས་པས་དང་དུ་ལོངས་དང་། བདེ་སྐྱིད་སྙན་གསུམ་འབྱུང་བར་གདོན་མི་ཟའོ། ཡང་ལྷའི་བདུད་རྩི་དང་ཕྲད་ཀྱང་ལེན་སྣོད་མེད་པའི་ལག་སྟོང་ལྟར། དམ་ཆོས་བདུད་རྩི་དང་འཕྲད་ཀྱང་། དད་པའི་སྣོད་མེད་པའི་སྐལ་ཆད་ལོག་ལྟ་ཅན་འགའ་རེས། ཁྱེད་ཀྱིས་དེ་ལྟར་བརྒྱ་སྟོང་བཤད་ཀྱང་ཁོ་བོ་ད་དུང་ཡིད་ཆེས་ཀྱི་དད་པ་ཞིག་མི་འོང་ཁི་ཞེས་ཟེར་ན། ཁྱོད་ང་དང་ང་འདྲའི་གཏམ་ལ་ཡིད་མི་ཆེས་པ་བདེན་ཡང་། དུས་གསུམ་མཁྱེན་པའི་རྒྱལ་བ་སྲས་བཅས་ཀྱི་ཞལ་ནས་དོན་མེད་ཀྱི་རྫུན་ནམ་ཡང་མི་གསུངས་པས་ན། ཁྱོད་མདོ་རྒྱུད་ཀྱི་ལུང་དང་བླ་མ་མཁས་གྲུབ་དུ་མའི་གསུང་ལ་ཡིད་ཆེས་དགོས་ཏེ། ཏིང་འཛིན་རྒྱལ་པོ་ལས། ཟླ་བ་སྐར་མར་བཅས་པ་གནས་ལྟུང་ཞིང་། །རི་དང་གྲོང་དང་བཅས་པའི་ས་ཞིག་ལ། །ནམ་མཁའི་ཁམས་ནི་རྣམ་པ་གཞན་གྱུར་ཀྱང་། ཁྱོད་ནི་མི་བདེན་པ་ཡི་ཚིག་མི་གསུངས། །ཞེས་དང་། རྒྱལ་དབང་ལྔ་པས། རྒྱལ་བའི་གསུང་རབ་བགྲང་ཡས་ཆོས་ཕུང་ཚོགས། །བསྡུ་ན་རྒྱུ་འབྲས་ཐེག་པ་གཉིས་སུ་འདུས། །

p. 604

མཐའ་དག་འགྲོ་ལ་སྨན་པ་ཤ་སྟག་ལས། །དོན་མེད་དོན་ལོག་སྟོན་པར་མི་སྲིད་ཀྱང་། །གསུངས། སློབ་དཔོན་དྷརྨ་ཀིརྟིའི་ཞལ་ནས། ལུང་ནི་ཡིད་ཆེས་ཚིག་ཡིན་ཏེ། །ཉེས་པ་ཟད་པ་རྫུན་གྱི་ཚིག །སྨྲ་བར་མི་བྱེད་རྒྱུ་མེད་ཕྱིར། །ཉེས་ཟད་ལུང་དུ་ཤེས་པར་བྱ། །ཞེས་དང་། རྗེ་བཙུན་བྱམས་པས་མཛད་པའི་མདོ་སྡེ་རྒྱན་ལས། ལུང་མ་གཏོགས་པར་རྟོག་གེ་ཡི། །ཆོས་གཞན་རྣམ་དག་གནས་མ་ཡིན། །དྲང་སྲོང་རྣམས་ཀྱིས་ཤེས་ན་ཡང་། །དེ་ཡང་ལུང་ནི་སྔོན་དུ་བཏང་། །ཞེས་དང་། དབུ་མ་རིན་ཆེན་སྒྲོན་མེ་ལས། སྒོམ་པ་གང་ཡིན་ལུང་དང་ནི། །རིག་པ་དང་ཡང་མི་འགལ་ལ། །བླ་མའི་གདམས་ངག་དང་ལྡན་པའི། །སྒོམ་པ་དེ་ཉིད་བསྒོམ་པར་འོས། །ཞེས་དང་། བླ་མ་གོང་མ་འགའ་རེས། རྟོག་ལྡན་ཉམས་མྱོང་བདེ་གཤེགས་བཀའ་དང་འདྲ། །ཞེས་གསུངས། སློབ་དཔོན་ཨཱརྻ་དེ་བ་ས་བརྒྱད་པར་གྲགས་པ་དང་། སློབ་དཔོན་ཀླུ་སྒྲུབ་ས་དྲུག་པར་གྲགས་པ་དང་། སློབ་དཔོན་ཞི་བ་ལྷས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པ་དང་། སློབ་དཔོན་ཨ་བྷྱ་ལེགས་ལྡན་རང་གཞན་གྱི་གྲུབ་མཐའ་རྒྱ་མཚོ་ཙམ་མཁྱེན་

p. 605

ཅིང་། སྐུ་ཚེ་དེ་ཉིད་ཀྱིས་རིག་འཛིན་གྱི་ས་ལ་གཤེགས་པའི་མཁས་པས་ཀྱང་མདོ་རྒྱུད་ཀྱི་ལུང་ཚད་མར་འཛིན་ན། འོ་སྐོལ་རྣམས་ཀྱིས་ཚད་མར་འཛིན་དགོས་པ་སྨོས་ཅི་དགོས། བསྟན་བཅོས་བརྩམས་ཀྱང་གཞན་ཡིད་ཆེས་པའི་ཕྱིར་མདོ་རྒྱུད་ཀྱི་ལུང་ཁུངས་སུ་དྲངས་ནས་རྩོམ་པ་ཡིན་ལ། ཁྱོད་རྒྱལ་བའི་བཀའ་ལ་ཡིད་མི་ཆེས་པ་ཡོན་ཏན་ཞིག་མ་ཡིན། བདུད་སྡིག་ཅན་གྱི་བྱིན་གྱིས་བརླབས་པ་ཡིན། ཡིད་ཆེས་ན་སངས་རྒྱས་ཀྱིས་རྗེས་སུ་བཟུང་བ་ཡིན་ཏེ། འཕགས་པ་དཀོན་མཆོག་སྤྲིན་ཆེན་པོའི་མདོ་ལས། དེ་ལ་ཡིད་མི་ཆེས་པ་ཐམས་ཅད་ནི་བདུད་ཀྱི་བྱིན་གྱིས་བརླབས་པས་གཏི་མུག་ཅན་ནོ། །དེ་ལ་སེམས་པ་ནི་སངས་རྒྱས་ཀྱིས་ཡོངས་སུ་བཟུང་བའོ། གསུངས། གལ་ཏེ་ཁྱོད་མདོ་རྒྱུད་བསྟན་བཅོས་ཀྱི་ལུང་ཁུངས་ལ་ཡིད་མི་ཆེས་ན། འོ་ན་ད་ཧ་ཧ། ཁྱོད་འདི་ལ་ཡིད་ཨེ་ཆེས་ཁི་ལྟོས། སྔོན་སོག་པོའི་སྨན་པ། བོད་སྐད་ཆེར་མི་ཤེས་པ་ཞིག་གིས། བོད་ཀྱི་ནད་པ་ཞིག་གི་རྩ་མྱང་ནས་བལྟས། ནད་པ་ལ་ཁྱོད་ཀྱི་ལྕེ་གཅིག་སྟོན་ཟེར་བ་མ་ཤེས། ཁྱོད་ཀྱི་མཇེ་གཅིག་སྟོན་སྨྲས་སྙམ། ནད་པས་

p. 606

འོག་གི་མཇེ་གཅིག་བསྟན་ཚེ། སོག་སྨན་དེ་འཛུམ་ནས་ཁྱོད་ཀྱི་དེ་བཟང་བས། ད་ཁ་ནང་གི་དེ་གཅིག་སྟོན་བཤད་པ་ལྟར། ཁྱོད་ཀྱི་ཧེ་རན་སྐད་ཆ་དེ་བཟང་བས། ད་ཁྱོད་ཀྱི་ཡིད་ཆེས་ས་པོ་དེ་སུ་ཡིན་གཅིག་སྟོན་དང་། དེ་སྔར་བཤད་པ་བས་ཀྱང་བཟང་ཡིན་ས་སྣང་། སྔོན་བུད་མེད་ཅིག་གིས་ཚོད་མ་ཉིན་རེ་བཞིན་བཅོ་ཙ་ན། ཕོ་སྐྱེས་ལ་རབ། མོ་རང་ལ་འབྲིང་། བུ་ཚ་ལ་ཐ་མ་རེ་བཅོས་ཚོད་མའི་མགོ་ལ་རྩྭ་ཐུར་རེའི་རྟགས་བཞག་ནས་ཁོན་ཐོག་ཏུ་བཞག་ནས་འཚོད་པ། ཉིན་གཅིག་མ་སྒོ་རུ་སོང་ཤུལ་ནས། བུ་ཡིས་ཟངས་ཁ་ཕྱེས། ཕ་བུ་གཉིས་ཀྱི་ཚོད་མའི་རྟགས་གོ་བརྗེས་ནས་བཞག་པས། ཚོད་མ་བླངས་ནས་ཟོས་པས་ཕོ་སྐྱེས་ཀྱིས་དེ་རིང་གི་ཚོད་མ་འདི་ཅི་བྱུང་། ཞིམ་པོ་མ་རེད་སྨྲས་ཚེ། ཆུང་མས་ཁ་རོག་ཟ་རྒྱུ་ཟོ་དང་། ཡིན་རྒྱུ་ཡིན་སྨྲས་པ་ལྟར། ཁྱོད་ཀྱིས་དེང་སང་ཁ་ཡར་ཐོངས་དང་། ཕྱི་ནས་འགྲོ་ས་བོ་མར་ཡིན། སྔོན་འུག་པ་ལ་བྱ་རྣམས་ཀྱིས་ཁྱོད་ཀྱི་མགོ་ལེབ་ལེབ་ཡིན་ནཱོ་ཅི་ཡིན་དྲིས་པས། དེ་ཁོས་བླ་མའི་དྲུང་དུ་ཆོས་ཉན་མང་པོ་བྱས། དུས་ལན་མང་མཇལ་བའི་སྟབས་ཡིན་སྨྲས། རྣ་བ་ཐུ་ཐུ་ཡིན་ནཱོ་ཅི་ཡིན་དྲིས་

p. 607

པས། དེ་ཁོས་ཆོས་སྐད་རྣ་བས་མ་ཐོས་པ་ཡིན་སྨྲས་པ་ལྟར། མཁས་ཀྱང་དད་པ་མེད་ན། གཞན་གྱིས་ཁྱེད་ཚང་ཆོས་ལ་མཁས་པ་ཅི་ཡིན་དྲིས་ན། དེ་ཁོས་བླ་མ་མང་པོའི་དྲུང་ནས་ཆོས་ཉན་པའི་སྟབས་ཡིན་སྨྲས་ཆོག་ཀྱང་། ཁྱེད་ལ་དད་པ་མེད་པ་ཅི་ཡིན་ཞེས་འདྲི་རྒྱུ་ཡིན་ན། དེ་ཁོས་ནང་པ་སངས་རྒྱས་ཀྱི་ཆོས་སྐད་རྣ་བས་མ་ཐོས་པ་ཡིན་ཞེས་ཁས་ལེན་དགོས་པས། གཞན་ལ་ཆོས་བཤད་བརྒྱ་བྱས་ཀྱང་། དད་པ་མེད་ན་འུག་པས་བཤད་བཤད་དང་འདྲ་བས་གཞན་གྱི་རྣ་བར་མི་འགྲོ །མཁས་པས་བཞད་གད་ཀྱི་རྒྱུ་ཡིན། འུག་པས་ཁོ་བྱ་བརྒྱའི་ཨ་བ་གསོ་ནཱོ་ཡིན་ཟེར་རྒྱུ་ལ། ཁ་འཆུགས་ནས་ཁོ་བྱ་བརྒྱའི་ཨ་བ་གསོད་ནཱོ་ཡིན་སྨྲས་པས། བྱ་ཐམས་ཅད་ཀྱིས་རིག་ས་མེད་པ་ལྟར། གྲུབ་མཐའ་ཐམས་ཅད་བཟང་པོ་ཡིན་གྱི་རེད་མི་ཟེར། ཁ་བྱད་དམ་གདོན་གྱིས་ཁྲིད་པར་ལྟར། ངན་རབས་ཐུ་རབས་སྨྲས་ན། མཁས་བླུན་བར་གསུམ་གྱིས་རིག་ས་མཐོང་ས་མེད། འུག་པས་ནམ་ཡང་ཉི་མ་རིག་དཀའ་བ་བཞིན། ཚེ་འདི་ཕྱིར་བདེ་སྐྱིད་ཀྱི་ཉི་མ་མཐོང་དཀའ། འུག་པས་རང་ལ་མི་ཕན་ཡང་།

p. 608

གཞན་གྱི་ཐག་ཉེར་སོང་ནས། ཨུང་ཟེར་འཁུན། ཧ་ཧ་ཟེར་བགད། ལྟས་ངན་བསྟན་ནས་གཞན་ལ་རྣམ་རྟོག་ངན་པ་རྐྱང་སློང་བ་ལྟར། རང་ལ་མི་ཕན་ཡང་། གཞན་དད་ཅན་རྣམས་ཀྱི་ཐག་ཉེར་སོང་། ཐོག་མར་ཨུང་ཟེར་འཁུན། དེ་ནས་ཆོས་དང་གང་ཟག་ལ་ཁ་བཏང་། ཧ་ཧ་ཟེར་བགད། རང་ལ་ནང་ན་དད་པ་མེད་པའི་མཚང་ཕྱིར་བསྟན་ནས། གཞན་ལ་ལོག་ལྟ་ཐེ་ཚོམ་གྱིས་རྣམ་རྟོག་ངན་པ་རྐྱང་བསླངས་ན། སྔར་ཡོད་མ་མྱོང་བའི་གཤོག་སྒྲོ་མེད་པའི་འུག་པ་ཞིག་སྙིགས་དུས་འདིར་བྱུང་བ་ཡིན་པས། ལྟས་ངན་ནང་གི་ལྟས་ངན་མི་སྲིད་པ་ཞིག་ཡིན། དེ་ལ་འུག་རྒན་གྱི་ཆོ་ལོ་ངས་བྱིན་པ་ཡིན་པས། ཀུན་གྱིས་དེ་ལྟར་བོས། རྗེ་བཙུན་མི་ལས། ཕྱོགས་ལྷུང་ཁ་འཛིན་གྱི་གྲྭ་པ་ལ། །མི་མཐུན་རྩོད་པའི་གཞུང་རིངས་དྲོངས། །གསུངས་པ་དེ་དྲོངས། བླ་མ་ཞང་གིས། དེ་འདྲ་སྨྲས་པོའི་ཁར་སྐྱག་པ་ཆུག་གསུངས་པ། དེ་ཁར་ཆུག །འབྲུག་པ་ཀུན་ལེགས་ཀྱིས། ཡཱ། མི་ལ་ལ་ལྷ་ཡུལ་ཡངས་པར་དགའ། །ལ་ལ་ཀླུ་ཡུལ་ནོར་ལ་དགའ། །ལྷ་དགའ་ཀླུ་དགའི་བཀྲ་ཤིས་ཤོག །མི་ལ་ལ་བསོད་ནམས་སྐྱིད་ལ་

p. 609

དགའ། །ལ་ལ་བྱུར་འདོད་སྡུག་ལ་དགའ། །སྐྱིད་དགའ་སྡུག་དགའི་བཀྲ་ཤིས་ཤོག །ཕ་ངག་དབང་ཆོས་རྒྱལ་རྟ་ལ་དགའ། །ང་བྱ་བཏང་ཀུན་ལེགས་སྟུ་ལ་དགའ། །རྟ་དགའ་སྟུ་དགའི་བཀྲ་ཤིས་ཤོག །ཉེ་གནས་ལེགས་ཤེས་ཆང་ལ་དགའ། །དཔལ་བཟང་རྡོ་རྗེ་ཤ་ལ་དགའ། །ཤ་དགའ་ཆང་དགའི་བཀྲ་ཤིས་ཤོག །སྐྱོབ་སྐྱོབ་ཤ་རལ་ཤྭ་ལ་དགའ། །ཨ་ཞང་ཁྱུང་སྐྱབས་གླུ་ལ་དགའ། །ཤྭ་དགའ་གླུ་དགའི་བཀྲ་ཤིས་ཤོག །འབའ་ལེབ་ཟུང་ཟུང་མ་ཎིར་དགའ། །དོན་འགྲུབ་དཔལ་བཟང་ཉ་ལ་དགའ། །ཆོས་དགའ་ཉ་དགའི་བཀྲ་ཤིས་ཤོག །ཨ་ནེ་ཨ་བཙུན་ཉལ་བར་དགའ། །ཨ་པ་ཨ་སྐྱབས་ལངས་བར་དགའ། །ཉལ་དགའ་ལངས་དགའི་བཀྲ་ཤིས་ཤོག །སྟོད་པ་ཚེ་དཔལ་ཆོས་ལ་དགའ། །བྱ་བཏང་ཀུན་ལེགས་གནས་མོར་དགའ། །ཆོས་དགའ་གནས་དགའི་བཀྲ་ཤིས་ཤོག །བཙུན་ཆུང་བཀྲ་ཤིས་བོད་ལ་དགའ། །བརྩོན་འགྲུས་བཟང་པོ་ལྷོ་ལ་དགའ། །བོད་དགའ་ལྷོ་དགའི་བཀྲ་ཤིས་ཤོག །གསུངས་པས། ཐམས་ཅད་ཀྱིས་བཞད་གད་བྱས་པ་བཞིན། ཀུན་གྱིས་རྒྱལ་བའི་

p. 610

གསུང་ལ་ཡིད་མི་ཆེས་པའི་ཁ་ངོ་ལ་ལྟོས། བཞད་གད་ཀྱིས། རིགས་པའི་དབང་ཕྱུག་གིས། ལོག་པའི་ལམ་ལ་མཐའ་མེད་ཕྱིར། །དེ་དག་འདིར་ནི་སྤྲོ་བྱ་མིན། །གསུངས་པས་ན། དེ་ཙམ་གྱིས། སློབ་དཔོན་དྷརྨ་བོ་དྷིས། ལར་ཡིན་ལུགས་བཤད་པས་གནོང་ལ་ཕོག །འཁྱུས་པ་བྱས་ན་ཕུང་གཞི་ཆེ། ཁ་རོག་བསྡད་པ་གདམས་པ་ཟབ། གསུངས་པ་ཟབ་པར་གོ །བུ་སྟོན་རིན་པོ་ཆེས། བདག་གི་ཆོས་མིན་སྨྲས་ན་ཆོས་དང་འགལ། །ཆོས་བཞིན་སྨྲས་ན་བོད་རྣམས་དགྲ་རུ་སྡང་། །ཅི་ཡང་མ་སྨྲས་ཀུན་གྱིས་བླུན་ཞེས་བརྙས། །ཀྱེ་མ་ད་ནི་བདག་གིས་ཇི་ལྟར་བྱ། གསུངས་པ་ལྟར། ད་ཅི་བྱ། པཎ་ཆེན་ཐམས་ཅད་མཁྱེན་པས། སངས་རྒྱས་གྲངས་མེད་བྱོན་པས་མ་ཐུལ་བའི། །མ་རུངས་གདུལ་དཀའི་སྙིགས་དུས་འགྲོ་བ་ལ། །བདེ་གཤེགས་ལམ་བཟང་ཇི་བཞིན་སྟོན་པ་ཡི། །སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །གསུངས་པ་ཐོག་ཏུ་བབ་བྱུང་། ད་གསོལ་བ་འདེབས་པ་ལས་གཞན་འོས་ཅི་ཡོད། རྒད་པོ་འགའ་རེས། སྔོན་གྱི་ལས་ལ་བཅོས་པའི་ཐབས་ཀྱང་མེད། །རྒས་པའི་གཉེར་མ་བཀྲུས་

p. 611

ནས་དག་པའང་མེད། །ཟེར་བ་ཡང་བདེན་པར་གདའ། རྒྱལ་བའི་གསུང་རབ་མདོ་རྒྱུད་སྐྱེས་བུ་དམ་པའི་གསུང་འདི་དག་མཐོང་ཐོས་ཚེ་མཚང་ལ་ཕོག་ན་ཆོས་སེམས་རྒྱབ་འགལ་དུ་ཤོར་བའི་རྟགས་ཡིན་ལ། འདི་དག་བཏོན་པ་ནམ་ཐོས་ཚེ་མཐུན་ཅིང་རྒྱན་དུ་འགྱུར་ན། གང་ཟག་དེའི་རྒྱུད་ན། ཐེག་ཆེན་ཆོས་ཀུན་ཡོད་པར་ཤེས་པར་གྱིས། ལེགས་བཤད་འདི་ཆོས་པའི་སྐྱོན་དང་ཡོན་ཏན་གང་ཡོད་ལ་བལྟ་བའི་མེ་ལོང་གཙང་མ་ཞིག་ཡིན་ཏེ། པོ་ཏོ་བ་རིན་པོ་ཆེས། གང་ཞིག་ཆོས་འདི་མཐོང་བར་གྱུར་པ་ན། །མཚང་དུ་ཤེས་ནས་བལྟ་བར་མི་འདོད་ན། སྣ་ཆད་མེ་ལོང་བལྟ་བ་མི་འདོད་བཞིན། །རྒྱུད་དང་ཆོས་སུ་འཛོལ་བར་ཤེས་པར་བྱ། །འདི་དང་མཐུན་ན་གང་ཟག་དེ་ཉིད་ལ། །ཐེག་ཆེན་ཆོས་ཀུན་ཡོད་པར་ཤེས་པར་བྱ། །གསུངས་སོ། ཡང་བླ་མ་ཞང་གིས། དཀྱུས་ས་བསྟན་པའི་རྟ་རྒོད་བཞིན། །ཟབ་མོའི་ཆོས་ལ་ཁ་མ་ཐུབ། །ཉུང་བར་འདོད་ཀྱང་བག་ཙམ་མང་། །མང་ཡང་དམ་ཆོས་བདུད་རྩི་ཡིན། །གསུངས་པ་ལྟར། ཆོས་བཤད་འདི་ཉིད་ཉུང་བར་འདོད་ཀྱང་ཅུང་ཟད་མང་སོང་ཡང་། དམ་

p. 612

ཆོས་བདུད་རྩི་ཡིན་པས་འགལ་བ་མེད་སྙམ། ཡང་བླ་མ་ཞང་གིས། གཞན་ལ་བསྟན་པའི་སྒྲོན་མེ་དེས། །རང་གི་ལམ་ཡང་གསལ་བ་ལྟར། །གཞན་དོན་བྱ་བའི་གདམས་ངག་འདི། །རང་ལ་ཤིན་ཏུ་ཕན་པར་བྱུང་། །ཐ་སྙད་ཚིག་ཕྱིར་མི་འབྲང་ཞིང་། །རང་རྟོག་ངན་པ་མི་དགའ་བར། །དྲངས་པའི་བློ་ཡིས་ལེགས་གཟིགས་ན། །འདི་ཉིད་ངོ་མཚར་ཅིའི་མི་ཆེ། །རྒྱ་མཚོའི་གླིང་ནས་ནོར་བུ་རིན་པོ་ཆེ། །དེད་དཔོན་གྱིས་བླངས་རིགས་ངན་ལག་ཏུ་བརྒྱུད། །རིགས་ངན་དག་ལ་བྲམ་ཟེ་མི་འདུད་ཀྱང་། །ནོར་བུ་ལ་ནི་བྲམ་ཟེ་དགའ་ནས་འདུད། །རྒྱ་མཚོའི་གླིང་འདྲ་མདོ་རྒྱུད་རྣམས་ལས་ནི། །དེད་དཔོན་དང་འདྲ་བླ་མ་མཁས་རྣམས་ཀྱིས། །ནོར་བུ་དང་འདྲ་དམ་ཆོས་བདུད་རྩི་འདི། །རིགས་ངན་དང་འདྲ་དབུལ་པོ་བདག་ལ་གཏད། །བྲམ་ཟེ་དང་འདྲ་ཐར་པ་དོན་གཉེར་ཁྱོད། །རིགས་ངན་འདྲ་བ་བདག་ལ་མི་འདུད་ཀྱང་། །ནོར་བུ་དང་འདྲ་དམ་ཆོས་ཟབ་མོ་འདི། །བློ་ལྡན་རྣམས་ཀྱིས་གུས་པས་བླང་བར་རིགས། །ཞེས་གསུངས་པ་ལྟར། ཆོས་བཤད་གཞན་ཕན་ནོར་བུ་ཞེས་བྱ་བ་འདི་ཉིད་བློ་གྲོས་ཅན་རྣམས་ཀྱིས་ངོ་མཚར་བའི་གནས་སུ་

p. 613

མཐོང་ནས་བླང་བར་རིགས་སོ། །དེ་ལྟར་ཕྱི་རོལ་གྱི་དཔེ་མང་པོ་བཞག །མདོ་རྒྱུད་ཀྱི་ལུང་འདྲེན་མང་པོ་བྱས། བླ་མ་དམ་པ་མང་པོའི་གསུང་སྒྲོས་ཀྱིས་བརྒྱན་ནས་བཤད་ཀྱང་། ད་དུང་ཕྱོགས་རིས་མེད་པའི་དད་གུས་དག་སྣང་ཞིག་མ་སྐྱེས་ན། སྔོན་ལས་ཀྱི་སྒྲིབ་པ་ཤིན་ཏུ་འཐུག་པ་ཡིན་པས། བླ་མ་དཀོན་མཆོག་ལ་གསོལ་འདེབས་དང་། ཚོགས་གསོག་སྒྲིབ་སྦྱོང་ཡང་དག་བྱེད་པ་ཤིན་ཏུ་གལ་ཆེ་སྟེ། རྗེ་རིན་པོ་ཆེས་མཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན། གསུངས་སོ། ད་བཤད་པ་ཀུན་མདོར་ཧྲིལ་གྱིས་དྲིལ་ན། དཔེར་ན་ལྷ་བཟོ་མཁས་པས། རས་གཞི་ཐང་ལྷོད་མེད་པར་བརྒྱངས། ཀ་རག་བར་མཚམས་མེད་པར་བསྐུས་བརྡར་ནས། སྟེང་དུ་རང་གང་མོས་ཀྱི་སངས་རྒྱས་བྱང་སེམས་སོགས་ཀྱི་སྐུའི་རི་མོ་བྲིས། ཚོན་བཏང་། བཅད་མདངས་གསེར་བྲིས་བརྒྱབ་ན་ཇེ་ལེགས་ཇེ་ལེགས་སུ་གྱུར་པའི་མཐར་གྲུབ་ཚེ། ཀུན་གྱིས་མཆོད་གནས་སུ་འགྱུར་བ་ལྟར། འོ་སྐོལ་རྣམས་ཀྱི་ཆོས་དང་གང་ཟག་

p. 614

མཆོག་དམན་ཡོངས་ལ་ཕྱོགས་རིས་འགྱུར་ལྡོག་མེད་པའི་དད་གུས་དག་སྣང་སྦྱངས། རང་ཉིད་གང་མོས་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ན་ཇེ་མཐོ་ཇེ་མཐོར་འགྱུར་བས་མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། འགྲོ་བ་ཀུན་གྱི་ཕྱག་དང་མཆོད་པའི་གནས་སུ་འགྱུར་ཞེས་བླ་མ་རྒྱལ་བ་སྲས་དང་བཅས་པས་གསུངས་པས། དེ་ལྟར་ཀུན་གྱིས་བྱས་ན་ལེགས་སོ། །ངས་འདི་ལྟར་ཆོས་བཤད་བྱས་པ་རང་ཆེ་འདོད་གྲགས་འདོད་སོགས་འཇིག་རྟེན་ཆོས་བརྒྱད་དང་། གྲུབ་མཐའི་ཉེ་རིང་ཆགས་སྡང་སོགས་ཀྱི་ཀུན་སློང་ངན་པས་ནམ་ཡང་མ་བསླད་པར་སྐྱེ་བོ་ཕོ་མོ་ཐམས་ཅད་ཀྱིས་བླ་མ་དང་ཆོས་ལ་ཕྱོགས་མེད་ཀྱི་དད་གུས་དག་སྣང་སྐྱེས། ཕྱོགས་བཅུའི་ཆོས་མཛད་ཐམས་ཅད་ཕན་ཚུན་ཐུགས་མཐུན། ཁྲིམས་གཙང་བར་གྱུར། བསྟན་འཛིན་གྱི་སྐྱེས་བུ་རྣམས་ཀྱིས་སྡང་ཞེན་ཕྱོགས་རིས་མེད་པར་བསྟན་པ་འཛིན་སྐྱོང་སྤེལ་གསུམ་མཛད། དེའི་མཐུས་སངས་རྒྱས་ཀྱི་བསྟན་པ་ཐམས་ཅད་འཇིག་རྟེན་གྱི་ཁམས་འདིར་ཡུན་རིང་དུ་གནས། དེའི་མཐུས་ཡུལ་ཕྱོགས་ཐམས་ཅད་ཀྱི་ནད་རིམས་མུ་གེ་སད་སེར་ཐན་པ་སོགས་མི་མཐུན་

p. 615

རྒུད་པའི་རིགས་ལྷག་མེད་དུ་ཞི་ནས་མིང་ཙམ་ཡང་མི་གྲག་པར་བྱས། ཆར་ཆུ་དུས་སུ་བབ། ལོ་ཕྱུགས་རྟག་ཏུ་ལེགས། ཕུན་ཚོགས་དགེ་ལེགས་བཀྲ་ཤིས་བདེ་སྐྱིད་ཀྱི་ཉི་མ་ཕྱོགས་རིས་མེད་པར་ཤར་ན་ཅི་མ་རུང་། མྱུར་དུ་འཆར་བར་གྱུར་ཅིག །འཆར་བ་ཞིག་བདག་གིས་བྱའོ་སྙམ་པའི་བསམ་པ་གངས་དང་དུང་ལས་དཀར་བའི་སྒོ་ནས་ཆོས་བཤད་གཞན་ཕན་ནོར་བུ་ཞེས་བྱ་བ་འདི་ཉིད་བཤད་ཚར་སོང་། དཔེར་ན་བློ་ཆུང་བྱིས་པ་འགའ་རེས་དྲིན་ཅན་གྱི་ཕ་མ་སོགས་རྒན་པ་ལ་ཕན་སེམས་ཀྱིས་བསླབ་བྱ་བསྟན་ན་ཅུང་ཟད་རེ་ནོར་ཡང་ཕ་མས་བྱིས་པ་འདིས་འདི་འདྲ་དྲན་པ་ཡ་མཚན་ཟེར། རབ་ཏུ་བྱམས་ཤིང་བྱིས་པས་བསླབས་པ་ལྟར་སྒྲུབ་པ་བཞིན། བློ་གྲོས་དམན་ཞིང་སྦྱངས་པ་ཆུང་བས་བདག་བློ་བྱིས་པའི་ངང་ཚུལ་ཅན་བདག་གིས་ལྷག་བསམ་བཟང་པོའི་སྒོ་ནས། ཁྱེད་མཁས་གྲུབ་ཡོངས་ལ་ཆོས་བཤད་བྱས་པ་འགལ་འཁྲུལ་ལྷག་ཆད་ཀྱི་ནོར་བ་ཅུང་ཟད་མཆིས་སྲིད། འོན་ཀྱང་ཁྱེད་ས་དགེ་རྙིང་གསུམ་ལ་སོགས་པའི་ལུང་རིགས་ལ་སྦྱངས་པའི་མཁས་པས་ཀྱང་། ཆོས་བཤད་འདི་འགྲིག་མ་

p. 616

འགྲིག་འཕྲོད་མ་འཕྲོད་ཀྱི་འགལ་འབྲེལ་ཞིབ་དུ་མི་བརྩི་བར། ལྷག་བསམ་བཟང་པོས་བཤད་པ་ངོ་མཚར་ཆེ་ཞེས་བརྗོད་ལ། ཐུགས་རབ་ཏུ་བརྩེ་བས་ཇེ་གསལ་ཇེ་རྒྱས་སུ་ཐོངས་ལ་ཀུན་ལ་སྟོན་དང་ལེགས་ཚོགས་ཡར་ངོའི་ཟླ་ལྟར་འཕེལ་ཞིང་རྒྱས་པར་འགྱུར་རོ། ༈ །སྨྲས་པ། ཕུལ་བྱུང་སྟོན་པ་ཤཱཀྱ་ཐུབ་པ་དེ། །མི་རྣམས་ཐམས་ཅད་ཚེ་ལོ་བརྒྱ་བའི་དུས། །ཞིང་འདིར་བྱོན་ནས་མཚན་དཔེ་གསལ་རྫོགས་ཀྱི། །སྐུ་ལས་གཟི་བརྗིད་འོད་ཟེར་འབར་བཞིན་དུ། །ལྷ་མིས་གཙོར་བྱས་འགྲོ་བ་མཐའ་དག་ལ། །ཟབ་རྒྱས་ཆོས་ཀྱི་སྒོ་མོ་མཐའ་ཡས་གསུངས། །རྒྱ་གར་བོད་ཀྱི་མཁས་གྲུབ་མཐའ་ཡས་ཀྱིས། །སྔ་ཕྱི་བྱས་ནས་དགོངས་འགྲེལ་མཐའ་ཡས་མཛད། །ཤིན་ཏུ་མཁས་པ་ཞིག་གིས་རྒྱལ་བའི་བཀའ། །དགོངས་འགྲེལ་རྣམས་ཀྱི་དགོངས་པ་སོ་སོར་བཀྲལ། །ཉན་ཤེས་མཁན་ལ་བཤད་རྒྱུ་ཞིག་ཡིན་ན། །འགལ་བ་ཕར་ཞོག་གཅིག་ཀྱང་གཅིག་གྲོགས་འགྱུར། །རབ་འབྱམས་གཞུང་ལ་སྦྱངས་པའི་མཁས་པ་དང་། །སྒོམ་པའི་ཉམས་མྱོང་ཅན་གྱི་རྣལ་འབྱོར་བས། །དཔྱད་ནས་དགོངས་པ་ལོན་ཚེ་གང་ལ་འང་། །སྨོད་

p. 617

པ་ཕར་ཞོག་དད་གུས་དག་སྣང་བྱེད། །སྨན་གྱི་རིགས་ནི་བྱེ་བྲག་མཐའ་ཡས་ཀྱང་། །དེ་དག་སྨན་མིན་སྨན་པས་མི་ཟེར་བཞིན། །རྒྱལ་བའི་ཆོས་ལུགས་མི་འདྲ་མཐའ་ཡས་ཀྱང་། །དེ་དག་ཆོས་མིན་མཁས་པ་སུ་ཞིག་སྨྲ། །དེང་སང་མི་རྣམས་བློ་དམན་བསོད་ནམས་དམན། །རང་གིས་མི་ཤེས་ཤེས་མཁན་འདྲི་ས་མེད། །གྲུབ་མཐའ་ཐམས་ཅད་ཕན་ཚུན་འགལ་བར་བཟུང་། །དད་པ་ཕར་ཞོག་བརྙས་སྨོད་བྱེད་པ་མང་། །སྔོན་བྱོན་ད་ལྟའི་མཁས་གྲུབ་ཕལ་ཆེར་གྱིས། །ལེགས་བཤད་མགུར་ན་གཞན་ལུགས་སྨད་འདྲའི་གསུངས། སྣང་ཡང་ཕན་པའི་དགོངས་གཞི་དམིགས་བསལ་ཡོད། །འོ་སྐོལ་རྣམས་ཀྱིས་ལད་མོ་བྱེད་མི་རུང་། །འགའ་རེ་རྙེད་བཀུར་གདོན་གྱིས་དབང་མེད་མྱོས། །དད་གུས་དག་སྣང་གོས་ཕུད་གཅེར་བུར་རྒྱུག །གཞན་ལ་བརྙས་སྨོད་སྨྱོ་གཏམ་རྐྱང་པ་སྨྲ། །དེ་ཡི་ཁ་ལ་ཉན་རྒྱུ་མཆོད་ཅིག་མེད། །འགའ་རེ་ཕྲག་དོག་འཚོ་མེད་ནད་ཀྱིས་ཟིན། །བདག་བསྟོད་འཁུན་བུ་གཞན་སྨོད་མཆིལ་སྣབས་འཕེན། །བློ་དམན་ཁྱི་རྒན་ས་དེར་མ་རྒྱུགས་དང་། །དེ་ན་ཕན་པའི་ཟ་རྒྱུ་ཅི་ཡང་

p. 618

མེད། །འགའ་རེས་མ་ཤེས་ལོག་རྟོག་དུག་ཆུ་འཐུང་། །ཆགས་སྡང་ཟུག་རྔུ་བྱུང་ནས་མ་བཟོད་པར། །ངན་སྨྲས་ཚིག་རྩུབ་གཤང་གཅི་དབང་མེད་ཤོར། །དྲུང་དུ་མ་འགྲོ་མི་བརྗོད་བདག་བརྗོད་འོང་། །བློ་ལྡན་རྣམས་ཀྱིས་གོ་ཞིང་ཤེས་བཞིན་དུ། །ཤེས་རབ་མིག་གཉིས་རང་དབང་མེད་པར་བཙུམ། །ཆོས་སྤོང་རྩ་ལྟུང་ཉེས་པའི་ལག་པ་བརྒྱངས། །ཤེད་ཀྱིས་དམྱལ་བའི་གཡང་དུ་མཆོངས་མ་འཇོག །དད་གུས་དག་སྣང་ཅང་ཤེས་རྟ་ཕོ་ཞོན། །ཤེས་རབ་མིག་གིས་ཟབ་རྒྱས་ལམ་ལ་ལྟོས། །བརྩོན་འགྲུས་ལྕག་ཕྱོར་ལེགས་བཤད་སྙན་པའི་གླུ། །ལེན་བཞིན་ཐམས་ཅད་མཁྱེན་པའི་ས་རུང་སོང་། །བདག་འདྲས་རྒྱལ་བའི་དགོངས་པ་ལོན་དཀའ་ཡང་། །ཆོས་སྤོང་ལས་ཀྱིས་དམྱལ་བར་མང་འགྲོ་མཐོང་། །ཤིན་ཏུ་ཕངས་ནས་མ་བཟོད་ཨེ་ཕན་སྙམ། །རྨོངས་བློར་ཤར་ཚོད་ཙམ་ཞིག་སྨྲས་པ་ཡིན། །རྒྱལ་བའི་དགོངས་པ་མཁའ་ལྟར་གཏིང་དཔག་དཀའ། །བདག་གི་བློ་གྲོས་ཁབ་མིག་ལས་ཀྱང་ཆུང་། །འདི་ལ་འགལ་འཁྲུལ་ནོངས་པ་ཅིས་མི་འབྱུང་། །བྱུང་ཚད་ཆོས་ཀྱི་སྤྱན་ལྡན་སྤྱན་སྔར་བཤགས། །ཆོས་བཤད་གཞན་ཕན་

p. 619

ནོར་བུ་འོད་འབར་འདིས། །བདག་གཞན་ཁང་སྟོང་ལོག་རྟོག་རྨོངས་མུན་བསལ། །ཤེས་རབ་མིག་ཕྱེ་བླ་མ་ཟབ་ཆོས་མཛོད། །མཐོང་ཚད་དད་གུས་སྣོད་དུ་ལེན་པར་ཤོག ༈ །དེ་ཡང་འགྲོ་བ་ཡོངས་ཀྱི་རེ་བ་མཐའ་དག་སྐོང་ནུས་པའི་ནོར་འཇིག་རྟེན་ཁམས་ན་དཀོན་པ། འདོད་དགུ་འབྱུང་བའི་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་ལྟ་བུ། སྲིད་ཞིའི་བདེ་སྐྱིད་མ་ལུས་པ་འབྱུང་བའི་ཆོས་བཤད་གཞན་ཕན་ནོར་བུ་ཞེས་བྱ་བ་འདི་ཉིད། སྔོན་སྦྱངས་ལས་འཕྲོ་ཅན་སྐལ་ལྡན་སྙིང་གི་བུ་མཆོག་ཐོས་བསམ་སྒོམ་གསུམ། བསླབ་པ་རྣམ་གསུམ། འཆད་རྩོད་རྩོམ་གསུམ་སོགས་གང་ལའང་མི་རྨོངས་པའི་ཤེས་རབ་ཅན་ཀུན་བཟང་རང་གྲོལ། དད་གཏོང་ཤེས་རབ་སོགས་འཕགས་ནོར་བདུན་གྱིས་རྒྱུད་ཕྱུག་པའི་བུ་ཆེན་ལྷུན་གྲུབ་རིག་འཛིན་རྣམ་གཉིས་ཀྱིས་གུས་པའི་ཕྱག་དང་བཀྲ་ཤིས་པའི་ལྷ་རྫས་དྲི་མེད་བཅས། དེང་སང་སྙིགས་མའི་དུས་ཀྱི་བདག་འདྲའི་གདུལ་བྱ་འགྲོ་བ་རྣམས་བློ་གྲོས་ཤིན་ཏུ་དམན་ཞིང་སྦྱངས་པ་ཆུང་བས་རང་གིས་མི་ཤེས་པར་མ་ཟད། བསོད་ནམས་ཀྱང་དམན་ནས་གཞན་གཞུང་ལུགས་རབ་

p. 620

འབྱམས་ཀུན་ལ་སྦྱངས་པའི་ཀུན་ཤེས་དགེ་བའི་བཤེས་གཉེན་ལ་འདྲི་ས་ཡང་མི་རྙེད་པར་གདའ། གྲུབ་མཐའ་ཐམས་ཅད་ཚ་གྲང་ལྟར་འགལ་བར་བཟུང་ནས་ཕན་ཚུན་གཅིག་གིས་གཅིག་ལ་དད་གུས་དག་སྣང་བྱེད་པ་ཕར་ཞོག །བརྙས་སྨོད་ཁྱད་གསོད་སོགས་བྱས། དངོས་སམ་བརྒྱུད་ནས་བཤད་སྒྲུབ་ཀྱི་བསྟན་པ་དང་། བསྟན་འཛིན་འགྲོ་བ་ཡོངས་ལ་གནོད་ཅིང་། རང་ཉིད་འཁོར་བ་དང་ཁྱད་པར་ངན་སོང་གསུམ་དུ་གཏན་འཁྱམས་བྱེད་པའི་རྒྱུ་ཆོས་སྤོང་སོགས་ལས་ངན་པ་གསོག་པ་མང་པོ་འདུག་པས། རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཆེན་པོ་ཁྱེད་མི་མེད་དབེན་པའི་བསིལ་གྲིབ་ཏུ། རང་ཉིད་ཞི་བདེ་སྒྲུབ་པའི་ཉན་རང་དྲང་སྲོང་བཞིན་ཐུགས་བཏང་སྙོམས་སུ་བཞུགས་པར་མི་རིགས་པས། ཆོས་དང་གང་ཟག་མཆོག་དམན་ཡོངས་ལ་དད་གུས་དག་སྣང་རྩོལ་མེད་དུ་འབྱུང་བའི་ཆོས་བཤད་ལུང་རིགས་ཀྱི་ལམ་ནས་དྲངས་པ་ཞིག་ཅི་ནས་ཀྱང་གསུང་དགོས་ཞེས་ཡང་ཡང་ནན་ཏན་ཆེན་པོས་བསྐུལ་ཚེ། རང་གི་དད་གུས་དག་སྣང་གི་གསོས་སུ་ཕན་པར་གོ་ནས། འཁོར་བའི་ཆོས་ལས་འདས་ཤིང་། མྱང་འདས་ཀྱི་གོ་

p. 621

འཕང་མ་ཐོབ་བར། མི་མེད་དབེན་པའི་བྲག་ཕུག་ཏུ་ཉལ་ནས་ཐོབ་ཏུ་རེ་བའི་ཀུན་སྤངས། སངས་རྒྱས་དང་སེམས་ཅན་གཉིས་རང་ལ་མངོན་ཤེས་མེད་པས་མ་ཤེས་ཚེ། གང་ཟག་མཆོག་དམན་གང་ལའང་སྟོན་པའི་འདུ་ཤེས་བཞག་ནས། དངོས་སམ་ཡིད་ཀྱིས་ཕྱག་མཆོད་འབུལ་བའི་བློ་རྨོངས། རྒྱལ་བའི་གསུང་རབ་ཀུན་གྱི་ཕ་མཐའ་འདིའོ་ཞེས་མ་རྟོགས་པར། ཐ་ན་ཕྱི་རོལ་པ་སོགས་གྲུབ་མཐའ་ཡོངས་ལ་དག་སྣང་སྦྱངས། སྤང་བླང་གཉིས་སུ་མི་འབྱེད་པར་ཐམས་ཅད་སྤྱི་བོར་འཁུར་བའི་འཆོལ་པོ། དུས་རྟག་ཏུ་ཚོགས་དྲུག་གི་ཡུལ་ལ་དུང་སེམས་ཆེ་ཡང་། མིང་ཚོགས་དྲུག་རང་གྲོལ་དུ་འབོད་པའི་མིང་དོན་རྒྱབ་འགལ་བདག་གིས་ཕྱོགས་མེད་ཀྱི་རྒྱལ་ཁམས། ངེས་མེད་ཀྱི་རི་ཁྲོད་འགྲིམས་དུས། དབུལ་པོས་ནོར་སྒྲུབ་པ་ལྟར། ཕྱོགས་ཕྱོགས་ཀྱི་རྒྱལ་བའི་གསུང་རབ་དཀོར་མཛོད་ནས། ཉེར་མཁོ་ལུང་འདྲེན་གྱི་ནོར་མང་པོ་བསྒྲུབས། དབུལ་པོ་སྦྱིན་གཏོང་ལ་དགའ་བས་ཟས་ནོར་ཅུང་ཟད་འཛོམ་ཚེ། ཡུལ་བཟང་པོ་ཞིག་ནས་ཀུན་མཆོད་སྦྱིན་དུ་གཏོང་བ་ལྟར། ལུང་འདྲེན་ཁ་ཤས་

p. 622

འབྱོར་ཚེ། ཡུལ་བཟང་པོ་ལས་ཅན་དག་པའི་གཟིགས་ངོར། ཕྱོགས་བཅུའི་རྒྱལ་བ་སྲས་བཅས་བྱེ་བ་ཐེར་འབུམ་ཏིལ་གྱི་གང་བུ་བཞིན་བཞུགས་པའི་ངོ་མཚར་ལྷའི་ཕོ་བྲང་། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་བྱེ་བ་དུང་ཕྱུར་སྤྲིན་བཞིན་དུ་འདུ་བའི་ཞིང་ཁམས་ཀུན་གྱི་མཆོག་གྱུར་སར་གནས་དག་པ་མཁའ་སྤྱོད་དཔལ་གྱི་ཙཱ་རི་ཏྲ་ཞེས་སྙན་གྲགས་དབྱར་གྱི་རྔ་བོ་ཆེ་ཕྱོགས་ཀུན་ཏུ་ལྡིར་བའི་བྱང་ཕྱོགས་རྩྭ་མཆོག་ཀླུ་བདུད་ནག་པོ་ཞེས་བྱ་བ་སྐྱེ་འགྲོ་གང་གི་ཁར་སོང་ན། ཀླུ་ནད་སོགས་ནད་ཀུན་སེལ་ཞིང་མཆོག་ཐུན་གྱི་དངོས་གྲུབ་ཀུན་སྟེར་བའི་ངོ་མཚར་རྩྭ་དེ་སྐྱེ་བའི་ས་ཕུན་སུམ་ཚོགས་པ་མཚན་སྙན་པ་གཅིག་ཆར་ཞེས་བྱ་བའི་དབེན་གནས། ཕྱག་ན་པད་དཀར་བསྣམས་པའི་རྣམ་འཕྲུལ་ཀུན་མཁྱེན་ཆེན་པོ་འབྲུག་པ་པདྨ་དཀར་པོའི་སྐུ་རིང་ལ་བཞེངས་པའི་བྱིན་རླབས་གཟི་བརྗིད་རབ་འབར་ཕག་མོ་ཞལ་གཉིས་མ་དངོས་དང་མཚུངས་པའི་སྐུ་རིན་པོ་དུ་མ་ལས་གྲུབ་པའི་མི་ཚད་ལས་ལྷག་པ་ཞིག་སོགས་སྐུ་གསུང་ཐུགས་རྟེན་བྱིན་ཅན་དུ་མ་བཞུགས་པའི་གཙུག་ལག་ཁང་གསེར་གྱི་རྒྱ་ཕིབ་ཏོག་གིས་ཀུན་ནས་མཛེས་པར་བྱས་

p. 623

པའི་ཐག་ཉེའི་རི་ངོས་ལྗོན་ཤིང་སྣ་ཚོགས་གཡུ་དང་མུ་མེན་མུ་ཏིག་གི་དྲ་བ་དྲྭ་ཕྱེད་ལྟར་བྲེས་པའི་གསེབ། རང་ཤོང་བསམ་གཏན་ཁང་བུ་ཉམས་དགའ་ཞིག་ནས། བག་ཕེབས་སོས་དལ་དུ་བསྡད་ནས། དགེ་སྦྱོར་བྱེད་ཞོར་ལ་རང་གི་བློ་གྲོས་ཀྱི་རྩལ་ཅི་ཡོད་ཀྱིས་ཆོས་བཤད་ཡོངས་རྫོགས་ལེགས་པར་ཚར་ནས། རང་ཉིད་བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་སྐུར་གསལ་བཏབ། ཐུགས་ཀ་ནས་འོད་ཟེར་འཕྲོས། ཕྱོགས་བཅུ་དུས་གསུམ་གྱི་མཆོད་འོས་སྐྱབས་གྱུར་མ་ལུས་པ་སྤྱན་དྲངས་ནས། དངོས་འབྱོར་ཡིད་ཀྱི་མཆོད་སྤྲིན་ནམ་མཁའ་གང་བར་སྤྲོས་ནས་མཆོད་བསྟོད་གསོལ་བ་བཏབ། བསྟན་འགྲོ་ཡོངས་ལ་ཕན་པའི་བྱིན་རླབས་ཞུས། སེམས་ཅན་ཐམས་ཅད་རང་གི་མདུན་དུ་གསལ་བཏབ། སྟོང་གསུམ་མི་མཇེད་ཁམས་ཀྱི་འགྲོ་བ་ཡོངས་ཀྱི་རྣ་ལམ་དུ་ཆོས་ཀྱི་སྒྲ་སྙན་པའི་དབྱངས་ཀྱིས་བསྒྲགས་པ་ཀུན་གྱིས་ཐོས། ཚིག་དོན་གྱི་གནས་ཀུན་རྟོགས་པར་དམིགས་ནས། སློབ་བུ་ཀུན་བཟང་རང་གྲོལ་ལ་ལུང་བྱིན་ནས་ཚར་ཚེ། གླེགས་བམ་སྤྱི་བོར་བཞག་ནས། ཆོས་འདི་མཐོང་ཐོས་དྲན་

p. 624

རེག་གི་འགྲོ་བ་ཡོངས་ལ་ཕན་པའི་སྨོན་ལམ་རྒྱ་ཆེན་མཛད་ཚེ། གནས་ཀྱི་བྱིན་རླབས་སམ། གང་ཡིན་ཡང་རང་ཉིད་ཀྱི་ཉམས་སྣང་ལ། རང་གནས་པའི་ས་ཕྱོགས་དག་པའི་ཞིང་ཁམས་ཆེན་པོར་གསལ་བའི་མདུན་གྱི་ནམ་མཁར་རྒྱལ་བ་སྲས་བཅས་ཁྲ་ལམ་མེར་བཞུགས་པ་རྣམས་ཐུགས་དགྱེས་པའི་རྟགས་ཞལ་རས་འཛུམ་ཞིང་ཐུགས་ཀ་ནས་འོད་ཟེར་མང་པོ་སྤྲོས། ཀྱེ། རྒྱལ་བའི་སྲས་པོ་དེ་དེ་བཞིན་ནོ། །དེ་དེ་བཞིན་ཏེ། རྒྱལ་བ་རྣམས་ཀྱི་ཐུགས་དམ་སྐོང་ཞིང་། འགྲོ་བ་ཀུན་གྱི་ཡིད་ཚིམ་པའི་སྔོན་མེད་ལེགས་བཤད་དེ་ཡིན་པས་ངོ་མཚར་ཆེ། རིགས་ཀྱི་བུ། ཁྱོད་རྒྱལ་བ་ཀུན་གྱི་སྲས་ཀྱི་ཐུ་བོ། འགྲོ་བ་ཡོངས་ཀྱི་མགོན་སྐྱབས་སུ་མངའ་གསོལ་བ་ཡིན་ནོ། །ཞེས་དབུགས་དབྱུང་གཟེངས་བསྟོད་ཅིང་དཔའ་བོ་མཁའ་འགྲོ་ཆོས་སྐྱོང་རྣམས་རབ་ཏུ་དགྱེས་པའི་གར་སྟབས་སྣ་ཚོགས་པ་སྒྱུར་བཞིན། མི་འགྱུར་ལྷུན་པོ་མ་སོགས་བཀྲ་ཤིས་པའི་གླུ་དབྱངས་བླངས། འཇའ་འོད་ཀྱི་སྤྲིན་བསྡུས། མེ་ཏོག་གི་ཆར་ཕབ། རོལ་མོའི་སྒྲ་བསྒྲགས་པ་སོགས་ངོ་མཚར་བའི་ཉམས་སྣང་ཤར་ཞིང་། དངོས་སུ་ཡང་ནམ་མཁའ་ལ་འཇའ་

p. 625

ཚོན་ཁ་དོག་ལྔ་ལྡན་ཤར། མེ་ཏོག་དཀར་པོའི་ཆར་བབ། དུང་དང་རྔ་སོགས་རོལ་མོའི་སྒྲ་གྲག་པ་ཉེ་འཁོར་བ་ཕལ་ཆེར་གྱིས་མཐོང་ཞིང་ཐོས་པ་བྱུང་། ངེད་དཔོན་སློབ་གཉིས་ཀྱི་རྟེན་འབྲེལ་བཟང་སྙམ་རབ་དགའི་ས་ཐོབ་པ་ལྟ་བུའི་དགའ་སྤྲོ་ཤར་ནས། ཉམས་དགའ་སྐྱིད་པའི་རྒྱང་གླུ་མང་པོ་བླངས་སོ། །འདིས་ཀྱང་བསྟན་འགྲོ་ཇི་སྲིད་ནམ་གནས་ཀྱི་བར་དུ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག ༈ །སྐུ་དང་ཡེ་ཤེས་གཉིས་སུ་མེད་གང་ཚོགས་གཉིས་མཐར་སོན་དག་པ་ཉིས་ལྡན་ཆོས་ཀྱི་སྐུ། །སྣང་དང་སྟོང་པ་གཉིས་སུ་མེད་གང་དྲུག་པ་རྡོར་འཆང་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །ཐབས་དང་ཤེས་རབ་གཉིས་སུ་མེད་གང་རང་གཞན་གྲོལ་མཛད་མཚན་དཔེ་གསལ་རྫོགས་སྤྲུལ་པའི་སྐུ། །སྐུ་གསུམ་འདུས་ཞལ་ཞབས་ཟུང་བདག་སྙིང་པད་དཀར་རྩེར་བཞུགས་བྱང་ཆུབ་ཐོབ་ཀྱང་རིགས་ཀྱི་བདག །ཚོགས་གཉིས་ཁོ་ལག་རབ་རྒྱས་དོན་གཉིས་མཐར་སོན་འབྲས་བུས་བརྗིད། །བདེན་གཉིས་ཟུང་འཇུག་ལོ་མ་མེ་ཏོག་རབ་རྒྱས་གཡུར་ཟ་ལྡེམ། །ལྡན་གྲོལ་གཉིས་ལྡན་ཡལ་ག་རབ་རྒྱས་

p. 626

འགྲོ་བའི་གདུང་སེལ་མཁན། །རིན་ཆེན་རྣམ་གསུམ་དཔག་བསམ་ལྗོན་པ་སྐྱེ་རྒུའི་བླ་ན་བརྗིད། །གང་གི་བསྟན་པ་ལུང་རྟོགས་རྒྱ་མཚོའི་འཛིངས། །འགྲོ་འདྲེན་དྲང་སྲོང་ཛ་ཧུའི་ལྟོར་འཁྱིལ་བ། །ལས་ལྡན་སྐལ་ལྡན་ཤིང་རྟས་ཉེར་དྲངས་ཏེ། །ལུས་ཅན་འཇུག་བཅུའི་ཞབས་བསིལ་སྦྲེང་འདི་རྨད། །རྨད་བྱུང་མཛད་པས་དྲུག་ཁྲིའི་ལོག་རྟོག་དྲི། །སྦྱང་ཕྱིར་ལས་ཀྱི་འཁོར་ལོས་ཡུར་བ་རུ། །ཤུགས་དྲག་བརྩོན་པས་ཉེ་བར་དྲངས་པ་འདིས། །ལས་ལྡན་ཞིང་སའི་ལོ་ཏོག་ཅིའི་མི་བསྐྲུན། །དེ་ལྟ་མོད་ཀྱང་ཉི་ཟེར་ཕོག་པ་ན། །འབྱུང་པོའི་བྱ་རྣམས་ལྡོང་པ་ཆོས་ཉིད་དེ། །དེ་བཞིན་ཚིག་གིས་སྦོས་པའི་སྟོན་ཆེན་ལ། །མཁོ་བ་མིན་ཏེ་ལོག་རྟོག་གོམས་པའི་འབྲས། །ཆོས་ལ་བརྟེན་ནས་ཆོས་བཞིན་སྤྱོད་འདོད་པའི། །ཆོས་ཀྱི་དབྱིངས་ལ་ཆོས་ཀུན་བརྟེན་པའི་ཚུལ། །ཆོས་ཀྱི་རྒྱལ་པོས་ཆོས་ནས་གསུངས་པ་གང་། །ཆོས་ཀྱི་རྗེ་དེས་ཆོས་བཤད་འདིར་འདུས་ནས། །ཆོས་ཀྱིས་ཕོངས་པའི་ཆོས་མཛད་ཇི་སྙེད་ལ། །ཆོས་ལྟར་བཅོས་པས་ཆོས་མིན་མ་གསོག་པར། །ཆོས་དབྱིངས་ངང་ལས་ཆོས་རྣམས་སྣང་ཞིང་སྟོང་། །ཆོས་ཀུན་རང་

p. 627

བཞིན་ཆོས་དབྱིངས་བསམ་མི་ཁྱབ། །ཆོས་ཚུལ་རྒྱ་མཚོའི་ཆོས་ཉིད་ཤེས་མཛོད་ལ། །ཆོས་ལ་བརྟེན་ནས་ཆོས་དབྱིངས་འཐོབ་བྱའི་ཕྱིར། །ཆོས་སྐུ་འཕོ་མེད་ཆོས་ཀྱི་རྒྱལ་སྲིད་སྐྱོངས། །ཆོས་ཉིད་རྒྱལ་པོའི་ཆོས་སྲིད་ཟིན་པར་མཛོད། །ཆོས་རྗེ་ཆོས་བཤད་གཞན་ཕན་ནོར་བུ་འདི། །ཆོས་སྤོང་ལས་ངན་གསོག་པ་མ་བཟོད་ནས། །ཆོས་བཞིན་སྤྱོད་ན་འདི་བཞིན་བྱེད་དགོས་ཞེས། །ཆོས་སྦྱིན་གཏན་མེད་སྒོ་འཕར་འདི་ཕྱེས་སོ། །ཆོས་ཀྱི་སྤྱན་ལྡན་གཟུར་གནས་མཁས་རྣམས་དང་། །ཆོས་བཞིན་སྤྱོད་པའི་སྐལ་བཟང་ཇི་སྙེད་ལ། །ཆོས་དང་ཆོས་ཅན་གནས་ལུགས་རྟོགས་པའི་ཆེད། །ཆོས་སྦྱིན་འཛད་མེད་པར་གྱི་འདོད་འབྱུང་ནོར། །མང་མང་སྐྱེ་བར་ལེགས་སྨོན་མཐུ་བརྟས་པའི། །བཟང་བཟང་དབེན་གནས་བརྒྱ་ཕྲག་ལ་བརྟེན་ཏེ། །ཟབ་ཟབ་གདམས་པ་རྩེ་གཅིག་བསྒོམ་པའི་མཐུས། །གསལ་གསལ་ཉམས་རྟོགས་སྦྲང་རྩིས་རྟག་མྱོས་པའི། །དྲང་སྲོང་རྒྱལ་མཚན་འཛིན་པའི་རི་པ་མཆོག །བསྟན་འཛིན་ནོར་བུས་ཡབ་རྗེའི་དྲིན་བསབ་ཕྱིར། །རྨ་ཀླུང་ཉིན་སྲིབ་སྐྱེ་རྒུ་མཐའ་དག་ལ། །དགེ་སྐུལ་གྱིས་

p. 628

མཚོན་འབད་པ་ལྷུར་བླངས་ནས། །དད་གཤིན་རྫས་རྣམས་དོན་དང་ལྡན་པ་དང་། །བསྟན་དང་འགྲོ་བའི་ཉེར་འཚོའི་གཞིར་གྱུར་སླད། །ལྷག་བསམ་དག་པས་རྒྱལ་མཚན་རྩེར་བཀོད་དེ། །ཐར་འདོད་སྐྱེ་བོ་ཡོངས་ཀྱི་དཔལ་དུ་བྱིན། །འདིས་མཚོན་དགེ་བ་དུང་དང་ཀུནྡ་ལྟར། །དཀར་བའི་དགེ་ཚོགས་ཇི་སྙེད་བསག་པ་དང་། །གསོག་འགྱུར་དགེ་རྣམས་གཅིག་ཏུ་སྡོམ་བྱས་ནས། །མཁའ་མཉམ་མ་གྱུར་འགྲོ་དང་ཐབ་ཅིག་པར། །མུ་མེད་རབ་འབྱམས་རྒྱལ་བ་སྲས་བཅས་ལ། །དཔག་མེད་སྒོ་གསུམ་གུས་པས་འདུད་ཕྱག་བགྱི། །རབ་འབྱམས་ཞིང་ཀུན་གང་བའི་མཆོད་པའི་སྤྲིན། །རབ་འབྱམས་ཞིང་གི་རྒྱལ་བ་སྲས་བཅས་མཆོད། །ཐོག་མེད་ནས་བསགས་སྡིག་ལྟུང་ཉེས་པའི་ཚོགས། །འཆབ་མེད་འགྱོད་པས་སྙིང་ནས་བཤགས་པར་བགྱི། །རྒྱལ་སྲས་ཉན་རང་སོ་སྐྱེས་དགེ་ཚོགས་ལ། །རྒྱལ་བའི་མཛད་པ་སྒྲུབ་ཕྱིར་ཡི་རང་ངོ་། །ཕྱོགས་བཅུའི་ཞིང་གི་རྒྱལ་བ་སྲས་བཅས་ལ། །ཕྱོགས་བཅུའི་འགྲོར་སྨན་ཆོས་འཁོར་བསྐོར་བར་བསྐུལ། །མྱ་ངན་འདའ་བཞེད་རྒྱལ་སྲས་ཇི་སྙེད་པ། །མྱ་ངན་མི་འདའ་བསྐལ་བརྒྱར་

p. 629

བཞུགས་གསོལ་འདེབས། །འདིས་མཚོན་རྣམ་དཀར་ཕུང་པོ་ཇི་སྙེད་པ། །འབྲེལ་ཐོགས་ལས་བྱེད་ཁུར་འཛིན་གཙོར་བྱས་པའི། །མཁའ་མཉམ་འགྲོ་བའི་ཚོགས་རྣམས་མ་ལུས་པ། །ཀུན་མཁྱེན་རྒྱལ་བའི་གོ་འཕང་འཐོབ་ཕྱིར་བསྔོ། །གཞན་ཡང་འདིར་འབད་བསོད་ནམས་ཕུང་པོ་ཡིས། །ཐུབ་པའི་བསྟན་པ་སླར་ཡང་ཆེས་ཆེར་འཕེལ། །བསྟན་འཛིན་བཤེས་གཉེན་དགེ་འདུན་ཐུགས་མཐུན་ཞིང་། །བཤད་སྒྲུབ་བྱ་བ་ཡར་ཟླ་ལྟར་འཕེལ་ཤོག ཁྱད་པར་མཆོག་སྤྲུལ་ཉི་མ་གཞོན་ནུ་དང་། །གང་གི་རྗེས་འཇུག་སྐྱེས་མཆོག་ཇི་སྙེད་པ། །སྐུ་ཚེ་ཉི་ཟླ་མངའ་ཐང་ཆོས་སྲིད་རྣམས། །དབྱར་གྱི་ཆུ་གཏེར་བཞིན་དུ་རྒྱས་གྱུར་ཅིག །དེའི་མཐུས་སྙིགས་མའི་རྒུད་པ་མཐར་དབྱུང་ཞིང་། །ནད་ཡམས་འཁྲུག་རྩོད་སད་སེར་ཐན་པ་ཞི། །ཆར་ཆུ་དུས་བབ་ལོ་ཕྱུགས་རྟག་ཏུ་ལེགས། །རྫོགས་ལྡན་གསར་པའི་དཔལ་ལ་སྤྱོད་པར་ཤོག །བདག་ཀྱང་འདི་ནས་ཉིང་མཚམས་སྦྱར་མ་ཐག །འཆི་བ་འོད་གསལ་ཆོས་སྐུ་མངོན་གྱུར་ནས། །མཁའ་མཉམ་མ་རྣམས་རྣམ་བྱང་ལ་འགོད་པའི། །སྐུ་བཞིའི་དཔལ་ལ་

p. 630

སྤྱོད་པ་ཉིད་གྱུར་ཅིག །གླེགས་བམ་གང་དུ་འཕེལ་བའི་ས་ཕྱོགས་སུ། །མི་ཤིས་རྒུད་པའི་མིང་ཡང་མི་གྲག་ཅིང་། །ཆོས་མཛད་ཆོས་ལུགས་ཡོངས་ལ་དག་སྣང་འབྱོངས། །རང་སྣང་དག་པ་འོག་མིན་ལྟར་གྱུར་ཅིག །མ་དག་ཞིང་རྣམས་དག་པའི་ཞིང་དུ་གྱུར། །མ་དག་འགྲོ་རྣམས་རྒྱལ་དང་རྒྱལ་སྲས་གྱུར། །མ་དག་འཁོར་བའི་མིང་ཡང་མི་གྲག་ཅིང་། །མ་རྣམས་བྱང་ཆེན་བརྙེས་པའི་བཀྲ་ཤིས་ཤོག ༈ །ཅེས་སྤར་བྱང་ཉུང་འདུས་རང་བཞིན་བརྗོད་པའི་ངག་གི་ཕྲེང་བ་བློ་ལྡན་དགའ་སྐྱེད་ཚིགས་སུ་བཅད་པ་དེ་ཉིད་ཀྱི་གྲངས་ལྡན་འདི་ནི་དམ་པ་གང་གི་ཐུགས་སྲས་དྲང་སྲོང་རྒྱལ་མཚན་འཛིན་པ་བསྟན་འཛིན་ནོར་བུའི་ལེགས་སྨོན་དར་བའི་མཐུ་ལས་གླེགས་བུ་རེ་ལ་དོང་རྩེ་ཁྲོན་གཅིག་ལྔ་བརྒྱའི་པར་ཡོན་དགའ་སྟོན་དང་བཅས་རབ་ཡིད་ཤིང་བྱིའི་ལོ་དབོ་ཟླའི་དགའ་བ་དང་པོའི་ཚེས་ལ་དབུ་བཙུགས། འགྲོ་བའི་བླ་མ་ཟས་གཙང་སྲས་པོས་ཞིབ་མཆོག་གི་གོ་འཕང་བརྙེས་ཤིང་འགྲོ་ལ་བདུད་རྩིའི་བགོ་སྐལ་ཐོག་མར་འགྱེད་ནས་བགྲང་བྱ་ཉིས་སྟོང་བརྒྱད་བརྒྱ་ཉེར་དགུ །བོད་ཡུལ་གངས་ཅན་གྱི་ལྗོངས་སུ་འཕགས་པ་ཀུན་ཏུ་བཟང་

p. 631

པོའི་རྣམ་སྤྲུལ། ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་རིང་ལ་ཙིནྟ་མ་ཎི་སོགས་དམ་པ་ཆོས་ཀྱི་དབུ་བརྙེས་ནས་ཟླ་བའི་ཕུང་པོ་གཟུགས་མཚོ་རིགས་བྱེད་བསེ་རུ། ཆོས་རྒྱལ་སྲོང་བཙན་སྒམ་པོས་ར་ས་འཕྲུལ་སྣང་གི་གཙུག་ལག་ཁང་བཏབ་ཅིང་དམ་པ་ཆོས་ཀྱི་སྲོལ་བཏོད་ནས་ལོ་མཚོ་ལག་མིག་གཟུགས། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱིས་དམ་པའི་ཆོས་དར་ཞིང་རྒྱས་པར་མཛད་ཅིང་སད་མི་བདུན་རབ་ཏུ་བྱུང་ནས་བགྲང་བྱ་ཀླུ་མཚོ་མཁའ་ཟླ་འདས་པ་མེ་ཡོས་གནམ་ལོའི་རང་ཞལ་གསར་དུ་ངོམ་པའི་དུས་ཚེས་དགེ་བ་ལ་སྤར་དུ་སྒྲུབ་པར་བགྱིས་སྐབས་གང་གི་བཀའ་དྲིན་ཁོ་ནས་འཚོ་བའི་བན་རྒན་གྱི་ན་བ་བུདྡྷ་རཏྣས་སུག་ལས་སུ་བསྟར་བ་འདིས་ཀྱང་རྗེ་བཙུན་དཔལ་ལྡན་བླ་མས་ཚེ་རབས་ཀྱི་ཕྲེང་བར་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཤུ་བཾ་མསྟུ་སརྦ་ཛ་ག་ཏཾ།། །

Pecha page