ཞབས་དཀར་ཚོགས་དྲུག་རང་གྲོལ་གྱི་བཀའ་འབུམ།
མི་ཤེས་མུན་པ་མཐུག་པོ་སེལ་བའི་ལམ་རིམ་གསལ་བའི་སྒྲོན་མེ། །མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
མི་ཤེས་མུན་པ་མཐུག་པོ་སེལ་བའི་ལམ་རིམ་གསལ་བའི་སྒྲོན་མེ་བཞུགས། །
འཛམ་བུ་གླིང་གི་རྒྱན་གཅིག་སྙན་པའི་བ་དན་འགྲོ་ན་ལྷང་ངེ་བ། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་དགའ་ལྡན་ཞིང་ནས་འདིར་སྤྱོན་ལ། །བདག་གི་བྱང་ཁོག་སྟོད་ཀྱི་ལྷ་ཁང་སྙིང་གི་པད་དཀར་བཞད་པའི་རྩེར། །གཟི་བརྗིད་འོད་ཟེར་འབར་བཞིན་བཞུགས་ལ་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ། །རབ་ཏུ་གསལ་བའི་བྱང་ཆུབ་ལམ་རིམ་ཆེ་ཆུང་ཉི་ཟླ་ཡོད་བཞིན་བཞག །ལམ་རིམ་ཤིན་ཏུ་བསྡུས་པའི་སྒྲོན་མེ་ཙམ་ལ་རེ་བ་དོན་གོ་ཆུང་། འོན་ཀྱང་ལས་དང་སྐལ་དམན་ཁང་པ་བློ་གྲོས་དཀར་
ཁུང་མེད་པ་ཡི། །མི་ཤེས་མུན་པ་མཐུག་པོ་སེལ་ཕྱིར་ལམ་རིམ་ཉུང་འདུས་སྒྲོན་མེ་སྦར། །རང་ཉིད་གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་རྟེན་ལེགས་པར་དགྲམ། །ཇི་ལྟར་འབྱོར་བའི་མཆོད་པ་རྣམས་ནི་གཡོ་མེད་བཀོད་པ་མཛེས་པར་བཤམས། །བདེ་བའི་སྟན་ལ་ལུས་གནད་འདུག་ལུགས་བརྒྱད་དམ་སྤྱོད་ལམ་གང་བདེར་གནས། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་པོ་བསྒོམ་པ་སྔོན་དུ་ལེགས་པར་བཏང་། །བདག་གི་ཚེ་རབས་མང་མང་ཐོག་མ་མ་མཆིས་པས་ན་སེམས་ཅན་
གྱི། །བདག་སྔོན་སྐྱེས་ཚེ་ཡང་ཡང་ཨ་མ་མ་བྱས་པ་ནི་གཅིག་ཀྱང་མེད། །བདག་ནི་ད་ལྟ་མྱུར་མྱུར་ཨ་མ་མ་ལུས་དོན་དུ་འཚང་རྒྱའི་ཕྱིར། །བདག་གིས་དམ་ཆོས་ཟབ་ཟབ་རྣལ་མ་མ་ལུས་ལམ་རིམ་བསྒོམ་པར་བྱ། །དཀོན་མཆོག་གསུམ་གྱི་བདེན་པ་སངས་རྒྱས་བྱང་ཆུབ་སེམས་དཔའི་བྱིན་རླབས་དང་། །ཚོགས་གཉིས་ཡོངས་རྫོགས་ཆོས་དབྱིངས་རྣམ་དག་སྟོབས་དང་བདག་གི་དད་མོས་ཀྱི། །མཐུ་ལས་རང་གནས་ས་ཕྱོགས་ཐ་མལ་གནས་འདི་ལྟ་བུ་མ་ཡིན་པར། །ས་གཞི་བཻ་ཌཱུརྻ་ལས་གྲུབ་ཅིང་རིན་ཆེན་དུ་མའི་ཕྲ་
ཡིས་སྤྲས། །རྒྱ་ཆེ་བདེ་འཇམ་དྲི་ངད་ལྡང་ཞིང་སྣ་ཚོགས་མེ་ཏོག་གཅལ་དུ་བཀྲམ། བཏེགས་ན་འཕར་ཞིང་མནན་ན་ནེམ་པ་སྣ་ཚོགས་མཆོད་སྤྲིན་འཁྲིགས་པའི་དབུས། །སེང་གེ་ཆེན་པོས་བཏེགས་པའི་རིན་ཆེན་སྣ་ཚོགས་ཁྲི་མང་བསྒྲིགས་ལེགས་ཤིང་། །ཡིད་འོང་གདུགས་དང་རྒྱལ་མཚན་བ་དན་སྣ་ཚོགས་བརྒྱན་པ་ཞིག་ཏུ་གྱུར། །གར་བཞུགས་ཞིང་ནས་རྩ་བའི་བླ་མ་ཐུབ་དབང་སྐུར་སྤྲུལ་འབྱོན་ལ་ཆས། །ཆས་དང་ལྷན་ཅིག་ལམ་རིམ་བརྒྱུད་པའི་བླ་མ་རྣམས་དང་ཡི་དམ་ལྷ། །ལྷ་མིར་
བཅས་པའི་འགྲོ་མགོན་སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་མ། །མ་ཡིས་བུ་བཞིན་སྐྱོང་མཛད་ཆོས་སྐྱོང་རྣམས་ཀྱང་ཆས་ནས་དུས་གཅིག་ཏུ། །སྟེང་གི་ཕྱོགས་ནས་ཐུར་དུ་འབྱོན་རྣམས་ཁ་བ་བུ་ཡུག་འཚུབས་བཞིན་སྤྱོན། །འོག་གི་ཕྱོགས་ནས་གྱེན་དུ་འབྱོན་རྣམས་ས་ཡི་ཁ་རླངས་འཐུལ་བཞིན་སྤྱོན། །བར་གྱི་ཕྱོགས་ནས་འཕྲེད་དུ་འབྱོན་རྣམས་དགེ་འདུན་འདུ་ཁང་འདུ་བཞིན་སྤྱོན། །རང་གི་ཕྱོགས་འདི་དག་ཏུ་འབྱོན་རྣམས་ཀུན་གྱིས་རྫུ་འཕྲུལ་སྟོན་བཞིན་སྤྱོན། །ཁྲུས་ཀྱི་ཁང་པ་ཤིན་ཏུ་དྲི་ཞིམ་ཤེལ་གྱིས་གཞི་གསལ་ཞིང་འཚེར། །རིན་ཆེན་འབར་བའི་ཀ་བ་ཡིད་འོང་མུ་ཏིག་འོད་ཆགས་བླ་རེ་བྲེས། །དེའི་ནང་ཡངས་པར་དར་ཟབ་སྟན་ལ་བླ་མ་ཐུབ་དབང་འཁོར་བཅས་དང་། །ཕྱོགས་བཅུའི་ཞིང་ནས་བྱོན་པའི་ཞི་ཁྲོ་རབ་འབྱམས་ཐམས་ཅད་བཞེངས་ནས་བཞུགས། །ལྷ་ཚོགས་བཟང་པོ་དེ་དག་རྣམས་ལ་ཉོན་མོངས་དྲི་མ་མི་མངའ་ཡང་། །བདག་ལུས་བཟང་པོ་གྲངས་མེད་སྤྲུལ་ནས་སེམས་ཅན་སྒྲིབ་པ་སྦྱང་སླད་དུ། །བུམ་པ་བཟང་པོ་གོས་ཀྱིས་དཀྲིས་ཤིང་དཔག་བསམ་ཤིང་གི་ཁ་རྒྱན་ཅན། །ཆུ་གཙང་བཟང་པོས་
བཀང་ནས་གླུ་དབྱངས་རོལ་མོ་སྒྲོགས་བཞིན་སྐུ་ཁྲུས་གསོལ། །སྟོང་གསུམ་ཀུན་ཏུ་དྲི་ངད་ལྡང་བའི་དྲི་མཆོག་རྣམས་ཀྱིས་སྐུ་ལ་བྱུགས། །སྒོ་གསུམ་རབ་ཏུ་གུས་པའི་སྒོ་ནས་གཙང་མའི་གོས་ཀྱིས་སྐུ་ཕྱི་ཞིང་། །སྲིད་གསུམ་ཀུན་ན་མཚུངས་མེད་གོས་བཟང་སྣ་ཚོགས་རྒྱན་གྱིས་སྐུ་ལ་སྤྲས། །སྐུ་གསུམ་མཆོག་བརྙེས་རྒྱལ་རྣམས་ད་ནི་མདུན་གྱི་ཁྲི་ལ་སྐུ་བཞུགས་གསོལ། །བདག་ལུས་གྲངས་མེད་སྤྲུལ་ནས་ལུས་ངག་ཡིད་གསུམ་གུས་པས་ཕྱག་འཚལ་ལོ། །དངོས་སུ་འབྱོར་དང་ཡིད་ཀྱིས་སྤྲུལ་པའི་མཆོད་སྤྲིན་བསམ་གྱིས་མི་ཁྱབ་འབུལ། །སྡར་བྱས་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་སྙིང་ནས་འགྱོད་པས་མཐོལ་ལོ་བཤགས། །ཕྱི་ནང་གསང་བའི་མཛད་སྤྱོད་རྣམས་ལ་རབ་ཏུ་དགའ་བས་རྗེས་ཡི་རང་། །ཟབ་དང་རྒྱ་ཆེའི་ཆོས་ཀྱི་འཁོར་ལོ་རྒྱུན་འཆད་མེད་པར་བསྐོར་བར་སྐུལ། །བདག་དང་འགྲོ་བའི་དོན་དུ་མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །འདིས་མཚོན་དགེ་བ་ཅི་བསགས་ཐམས་ཅད་འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོ། །གང་ཡང་འགྲོ་བའི་འབད་མ་དགོས་པར་བདག་གི་
དགེ་བས་ཡོངས་གྲོལ་ཤོག །ས་གཞི་ལྕགས་རིས་བསྐོར་བའི་དབུས་སུ་རི་རབ་གླིང་བཞི་གླིང་ཕྲན་དང་། །རིན་པོ་ཆེ་ཡི་རི་བོ་དཔག་བསམ་ལྗོན་ཤིང་འདོད་འཇོའི་བ་མོ་དང་། །མ་རྨོས་ལོ་ཏོག་རྒྱལ་སྲིད་སྣ་བདུན་གཏེར་ཆེན་བུམ་བཟང་ལྷ་མོ་བརྒྱད། །ཉི་ཟླ་གདུགས་དང་རྒྱལ་མཚན་ལྷ་མིའི་དཔལ་འབྱོར་བློ་ཡིས་བླངས་ནས་འབུལ། །འགྲོ་བའི་སྐྱབས་མགོན་བླ་མ་རྒྱལ་བ་ཞི་ཁྲོའི་ཚོགས་རྣམས་དགོངས་སུ་གསོལ། །གསོལ་བ་འདེབས་པའི་བདག་དང་བདག་འདྲའི་ད་ལྟའི་སྐལ་བ་དམན་པ་ཀུན། །ཀུན་མཁྱེན་སངས་རྒྱས་མང་པོ་སྔོན་དུས་བྱོན་ཡང་འདྲེན་པར་མ་ནུས་བཞག །བཞག་རྣམས་ད་ནི་མྱུར་དུ་ཐར་པའི་ལམ་སྣ་ཟིན་པར་བྱིན་གྱིས་རློབས། །དེ་ལྟར་གསོལ་བ་བཏབ་པས་ཚོགས་ཞིང་རྣམས་ལས་བདུད་རྩི་འོད་ཟེར་འཕྲོས། །བདག་གཞན་ལ་ཕོག་སྡིག་ལྟུང་སྦྱངས་ནས་མཆོག་ཐུན་དངོས་གྲུབ་འཐོབ་པར་གྱུར། །ཚོགས་ཞིང་ཐམས་ཅད་མཐའ་ནས་རིམ་བཞིན་བླ་མ་ཐུབ་པའི་དབང་པོར་ཐིམ། །ཐུབ་དབང་བྱོན་ནས་རང་གི་སྤྱི་གཙུག་པད་ཟླའི་གདན་ལ་བཞུགས་པར་གྱུར། །སྐྱབས་གནས་ཀུན་འདུས་བླ་མ་ཐུབ་པའི་
དབང་པོའི་ཞབས་ལ་ཕྱག་འཚལ་ལོ། །མཆོད་ཚོགས་ཀུན་འབུལ་སྡིག་ལྟུང་མཐོལ་བཤགས་མཛད་སྤྱོད་རྣམས་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་དང་བཞུགས་པར་གསོལ་འདེབས་དགེ་ཚོགས་བྱང་ཆུབ་ཆེན་པོར་བསྔོ། །ས་གཞི་རི་གླིང་ཉི་ཟླ་བདག་གཞན་ལུས་དང་ལོངས་སྤྱོད་དགེ་ཚོགས་འབུལ། །མཛེས་སྐུ་སྐུ་གཞན་ལས་མཆོག་སུས་མཐོང་མཐོང་ཚེ་སྔོན་ལས་ལས་སྒྲིབ་འདག །གསུང་གང་གང་གི་རྣ་བར་ཐོས་ན་ནད་གདོན་གནོད་འཚེས་འཚེ་ལས་གྲོལ། །རབ་གསལ་གསལ་སྟོང་ཐུགས་ཀྱིས་གསུང་རབ་རབ་འབྱམས་ཞིང་ཁམས་ཁམས་གསུམ་མཁྱེན། །བླ་མ་མ་ལུས་འགྲོ་བའི་སྐྱབས་མགོན་མགོན་མེད་གདུངས་དབྱངས་དབྱངས་ལ་གསོན། །ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་སངས་རྒྱས་ཆོས་ཀྱང་ཡིན། །ཁྱོད་ནི་དགེ་འདུན་ཁྱོད་ནི་དཔའ་བོ་ཁྱོད་ནི་མཁའ་འགྲོ་མ་རྣམས་དང་། །ཁྱོད་ནི་ཆོས་སྐྱོང་ཁྱོད་ནི་སྐྱབས་འདུས་ཁྱོད་ནི་རྒྱལ་བ་ཀུན་ལས་ལྷག །ཁྱོད་ནི་འགྲོ་མགོན་ཁྱོད་ལ་རེ་བས་ཁྱོད་ཀྱིས་མཆོག་ཐུན་དངོས་གྲུབ་སྩོལ། །རྒྱལ་ཀུན་འདུས་གཟུགས་རྩ་བའི་བླ་མ་ཐུབ་པའི་དབང་པོ་ཁྱད་
པར་དུ། །རྒྱལ་བས་ལུང་བསྟན་བརྙེས་པའི་ཀླུ་སྒྲུབ་ཐོགས་མེད་གཉིས་ལས་རིམ་བཞིན་བརྒྱུད། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པས་རྟོགས་དཀའི་གནས་རྣམས་གསལ་བར་ཕྱེས། །རྒྱལ་སྲས་རྣམས་ཀྱིས་བསྔགས་པའི་ལམ་རིམ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས། །སྤྱི་བོའི་བླ་མ་ཐུབ་དབང་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་རྒྱུན། །རྒྱུན་འཆད་མེད་པར་བྱུང་ནས་བདག་གཞན་འགྲོ་བ་ཀུན་གྱི་ལུས་ལ་ཞུགས། །ཞུགས་མ་ཐག་ཏུ་ཉི་མའི་འོད་ཀྱིས་གྲིབ་མ་དེད་བཞིན་སྡིག་ལྟུང་ཀུན། །ཀུན་ཀྱང་ལྷག་མེད་དག་ནས་ཚེ་བསོད་ལུང་རྟོགས་ཡོན་ཏན་རྒྱས་པར་གྱུར། །བླ་མ་ཐུབ་པའི་དབང་པོའི་ཐུགས་ཀའི་ཆོས་འབྲེལ་ཡོད་ཚད་བླ་མ་རྣམས། །ཚུར་བྱུང་རང་གི་མདུན་གྱི་ནམ་མཁར་འཇའ་འོད་ཀློང་དུ་བཞུགས་པར་གྱུར། །རྔ་བོ་ཆེ་ཡི་མདོ་ལས་སྟོན་པ་ཤཱཀྱ་ཐུབ་པས་སྙིགས་དུས་སུ། །དགེ་བའི་བཤེས་གཉེན་སྐུ་རུ་སྤྲུལ་ནས་སེམས་ཅན་དོན་མཛད་གསུངས་པ་བཞིན། །བདག་གི་བླ་མ་དགེ་བའི་བཤེས་གཉེན་འདི་རྣམས་སངས་རྒྱས་དངོས་རང་ཡིན། །སྐྱོན་ལྟར་སྣང་བ་རྣམས་ནི་རང་སྣང་མ་དག་པ་ཡི་དབང་གིས་ཡིན། །སྔོན་དུས་
ལེགས་པའི་སྐར་མས་སངས་རྒྱས་ཅི་མཛད་སྐྱོན་དུ་མཐོང་བ་དང་། །རྗེ་བཙུན་ཐོགས་མེད་ཀྱིས་ཀྱང་རྗེ་བཙུན་བྱམས་པ་ཁྱི་མོར་མཐོང་བ་དང་། །ནཱ་རོས་གྲུབ་ཆེན་ཏཻ་ལོ་ཉ་ནི་གསོན་སྲེག་བྱེད་པར་མཐོང་བ་དང་། །དགེ་ཚུལ་ཚེམ་བུ་པ་ཡིས་རྡོ་རྗེ་ཕག་མོ་མཛེ་མོར་མཐོང་བ་སོགས། །དམ་པ་ཕལ་ཆེར་ལ་ཡང་འཁྲུལ་བའི་སྣང་བ་དེ་འདྲ་བྱུང་གྱུར་ན། །ལས་དང་ཉོན་མོངས་གཏིང་དུ་ལྷུང་བ་བདག་ལ་སྣང་ཚུལ་ཕྱིན་ཅི་ལོག །དེ་འདྲ་ཅིའི་ཕྱིར་མི་འབྱུང་དཔེར་ན་དུང་ནི་རབ་ཏུ་དཀར་བ་ལ། །སེར་པོ་མེད་ཀྱང་མཁྲིས་ནད་ཅན་གྱི་མིག་ལ་སེར་པོར་སྣང་བ་དེ། །དུང་གི་སྐྱོན་མིན་ཁོ་རང་སྐྱོན་བཞིན་བླ་མ་རྣམས་ལ་སྐྱོན་མེད་ཀྱང་། །རང་ལ་སྐྱོན་ལྟར་སྣང་བ་དེ་ཉིད་བླ་མའི་སྐྱོན་མིན་རང་སྐྱོན་ཡིན། །དེ་ལྟར་སྐྱོན་ནི་མེད་པར་མ་ཟད་དྲིན་ཅན་བླ་མ་ཐམས་ཅད་ལ། །མཁས་བཙུན་བཟང་གསུམ་ལ་སོགས་ཡོན་ཏན་ཁྱད་པར་ཅན་ནི་མང་པོ་མངའ། །གཞན་ཡང་སྒྲ་བསྒྱུར་མར་བས་མི་ལའི་ལས་སྒྲིབ་འདག་ཕྱིར་སྐུ་རྒྱབ་ལ། །རྒལ་བ་བྱུང་རག་བར་དུ་སྲས་མཁར་དགུ་ཐོག་རྩིག་ཏུ་བཅུག་པ་ལྟར། །དྲིན་ཅན་རྩ་
བའི་བླ་མ་རྣམས་ཀྱིས་བདག་ལ་མཛད་པ་སྣ་ཚོགས་ཤིག །སྟོན་པ་རྣམས་ལ་ཐུགས་དགོངས་ཅི་འདྲ་བ་ཞིག་ཡོད་པ་མི་ཤེས་པས། །སྣ་ཚོགས་མཛད་སྤྱོད་སྟོན་ལ་ལོག་ལྟ་སྐད་ཅིག་ཙམ་ཡང་མི་བྱེད་ཅིང་། །ཅི་མཛད་ཐམས་ཅད་ལེགས་པའི་ཡོན་ཏན་རྣམས་སུ་མཐོང་ནས་དད་པར་བྱ། །དེ་ལྟར་ནུས་པར་སྤྱི་བོའི་བླ་མ་ཐུབ་བའི་དབང་པོའི་བྱིན་གྱིས་རློབས། །སྙིགས་མའི་དུས་འདིར་དམུ་རྒོད་གདུལ་དཀའི་རང་རང་འགྲོ་རྣམས་འདྲེན་སླད་དུ། །དུས་གསུམ་སངས་རྒྱས་ཐམས་ཅད་མི་ཡི་གཟུགས་སུ་སྤྲུལ་ནས་བྱོན་པ་ལགས། །སྐྱོན་ཟད་ཡོན་ཏན་ལྡན་པའི་ཆ་ནས་སངས་རྒྱས་རྣམས་དང་ཁྱད་མ་མཆིས། །ཁྱད་པར་རང་གི་ངོས་ནས་ཕྱོགས་བཅུའི་སངས་རྒྱས་ལས་ཀྱང་ལྷག་ཡིན་ཏེ། །སངས་རྒྱས་རྣམས་ཀྱིས་འགྲོ་བ་མང་པོ་སྨིན་གྲོལ་ལམ་ལ་སྔར་བཀོད་མོད། །སངས་རྒྱས་ཉེ་རིང་ཡོད་ནས་རང་ཉིད་ཡལ་བར་དོར་བ་མ་ཡིན་ཀྱང་། །བྲག་ཕུག་ཁ་བྱང་བསྟན་ལ་ཉི་མ་མི་འཆར་བ་བཞིན་རང་ཉིད་ནི། །ལས་དང་སྐལ་བ་དམན་པས་སངས་རྒྱས་དེ་རྣམས་དངོས་སུ་མཇལ་བ་དང་། །གསུང་གི་བདུད་རྩི་མྱོང་བ་མ་བྱུང་སྔོན་ནས་ད་བར་འཁོར་
བར་འཁྱམས། །ད་རེས་ལ་ཡང་དྲིན་ཅན་བླ་མ་དམ་པ་རྣམས་དང་མ་མཇལ་ན། །སླར་ཡང་དཀོན་མཆོག་སྒྲ་ཙམ་མི་ཐོས་འཁོར་བར་གཏན་འཁྱམས་དགོས་པ་ལ། །དེ་རེས་བླ་མ་རྣམས་ཀྱིས་ཟབ་ཅིང་རྒྱ་ཆེའི་ཆོས་ནི་མང་པོ་བསྟན། །ཉམས་ལེན་ནུས་ན་ཐར་བ་དང་ནི་ཐམས་ཅད་མཁྱེན་པ་ཐོབ་པར་ངེས། །སངས་རྒྱས་དངོས་དང་མཇལ་ཡང་དེ་ལས་ལྷག་པའི་གཞན་ཞིག་བྱེད་རྒྱུ་མེད། །གཞན་ཡང་ཐུགས་ཀྱིས་བརྩེ་བས་ཟས་གོས་གནས་མལ་ཡན་ཆད་གནང་བ་དང་། །ནད་གདོན་བར་ཆད་འཇིགས་ལས་བསྐྱབས་ཤིང་ཤ་ཚའི་བསླབ་བྱ་བསྟན་པ་སོགས། །བཀའ་དྲིན་སྟོང་གསུམ་གསེར་གྱིས་བཀང་ནས་ཕུལ་ཡང་གཞལ་བར་ག་ལ་ནུས། །རང་ལ་སངས་རྒྱས་ལས་ཀྱང་བླ་མ་རྣམས་ནི་བཀའ་དྲིན་ལྷག་པར་ཆེ། །རྟག་ཏུ་གུས་པས་མཉེས་པ་སྒྲུབ་ཅིང་མི་མཉེས་བྱ་བ་སྤང་བར་བྱ། །དེ་ལྟར་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དྲིན་ཅན་བླ་མ་དམ་པ་མཉེས་ན་མིག་དང་སྙིང་ཡང་ཅིའི་མི་འབུལ། །སངས་རྒྱས་སློབ་པ་ལམ་གྱི་གནས་སྐབས་ཆོས་ཚིག་རེ་རེ་གསན་པའི་ཕྱིར། །
སྐུ་ལུས་མར་མེ་སྟོང་ཚོ་བཙུགས་ཤིང་ལྕགས་གཟེར་སྟོང་ཚོ་བཏབ་པ་དང་། །བུ་དང་བུ་མོ་མངའ་ཐང་ལོངས་སྤྱོད་ཐམས་ཅད་ཕངས་མེད་ཕུལ་པ་དང་། །རྟག་ཏུ་ངུ་བུ་ཡིས་ཆོས་འཕགས་བསྟེན་ཕྱིར་གཞན་ལ་སྐུ་ཤ་རུས་པ་བཙོངས། །ལུས་ཀྱི་རྩ་ཆེན་ཕུག་ནས་ས་ལ་ཁྲག་གིས་ཆག་ཆག་བཏབ་པ་དང་། །མཉམ་མེད་ཇོ་བོ་ཆེན་པོས་བླ་མ་གསེར་གླིང་པ་ལ་བྱང་ཆུབ་སེམས། །ཞུ་བའི་ཕྱིར་དུ་རྒྱ་མཚོ་ཆེན་པོར་ཞུགས་ནས་དཀའ་བ་སྤྱད་པ་དང་། །འབྲོམ་གྱིས་ཇོ་བོ་ནཱ་རོས་ཏཻ་ལོ་མི་ལས་མར་པ་བསྟེན་པ་སོགས། །དམ་པ་གོང་མ་རྣམས་ཀྱིས་ཆོས་ཕྱིར་ལུས་དང་ལོངས་སྤྱོད་ཐམས་ཅད་ལ། །ཕངས་པ་མེད་པར་དཀའ་བ་བསམ་གྱིས་མི་ཁྱབ་མང་པོ་སྤྱད་པ་བཞིན། །བདག་ཀྱང་བླ་མ་མཉེས་ཕྱིར་ཟས་ནོར་རབ་ཏུ་གཅེས་དགུ་མ་ལུས་འབུལ། །བྱ་བར་དཀའ་ཞིང་བྱེད་དུ་མི་རུང་བ་ཞིག་གསུངས་ཀྱང་འདི་ཉིད་ལ། །ཕན་པའི་དགོས་པ་ཅི་ཡོད་མི་ཤེས་སྙམ་དུ་ཚམ་ཚོམ་མེད་པར་འཇུག །ཡང་ན་གཏན་ནས་མི་འགྲུབ་མི་རུང་འདུག་ན་ཚིག་གིས་ཤད་སྦྱངས་བྱ། །སྐུ་མཉེ་དྲིལ་ཕྱིས་གདན་འབུལ་བསྙུང་གཡོག་བཟའ་བཏུང་ཕུད་ཀྱིས་རྟག་ཏུ་
མཆོད། །བསྟོད་པའི་དབྱངས་ཀྱིས་གསོལ་བ་འདེབས་ཤིང་ཡོན་ཏན་ཕྱོགས་མཚམས་ཀུན་ཏུ་སྒྲོགས། །ལུས་སྲོག་ལོངས་སྤྱོད་རྣམས་ལ་ཕངས་སེམས་མེད་པར་བླ་མའི་ཕྱོགས་སུ་གཏོང་། །ཁྱད་པར་བཀའ་བཞིན་སྒྲུབ་པའི་མཆོད་པས་བླ་མ་ཤིན་ཏུ་དགྱེས་པས་ན། །བླ་མ་རྣམས་ཀྱིས་བསྟན་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་ནན་ཏན་བྱ། །དེ་ལྟར་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །བླ་མ་ཚུལ་བཞིན་བསྟེན་ན་སངས་རྒྱས་གོ་འཕང་མཆོག་ཉེ་རྒྱལ་རྣམས་དགྱེས། །དགེ་བའི་བཤེས་ཀྱིས་མི་ཕོངས་པ་དང་ངན་འགྲོའི་གནས་སུ་མི་ལྟུང་དང་། །ལས་ཉོན་གཉིས་ཀྱིས་ཐུབ་པར་དཀའ་དང་བྱང་སེམས་སྤྱོད་པར་མི་འགལ་ཞིང་། །དེ་ལ་དྲན་པ་དང་ལྡན་ཡོན་ཏན་ཚོགས་ཀྱིས་ཇེ་མཐོ་ཇེ་མཐོར་འགྱུར། །མདོར་ན་གནས་སྐབས་མཐར་ཐུག་བསམ་དོན་ཐམས་ཅད་མྱུར་དུ་འགྲུབ་པར་གསུངས། །ཚུལ་བཞིན་མ་བསྟེན་བླ་མ་རྣམས་ཀྱི་བཀའ་བཅག་ཐུགས་དཀྲུགས་སོགས་བྱས་ན། །མི་འདོད་སྣ་ཚོགས་འོང་ཞིང་ངན་འགྲོར་སྐྱེ་བས་ཤིན་ཏུ་འཛེམ་པར་བྱ། །དེ་ལྟར་ནུས་པར་སྤྱི་
བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །བླ་མ་ཐམས་ཅད་དགྱེས་བཞིན་སླར་ཡང་ཐུབ་དབང་ཐུགས་ཀར་ཐིམ་པར་གྱུར། །ཚེ་སྔོན་ཚུལ་ཁྲིམས་བསྲུངས་ཤིང་ཚོགས་བསགས་སྨོན་ལམ་རྣམ་དག་བཏབ་པའི་མཐུས། །ད་རེས་དགེ་སློང་དགེ་བསྙེན་ཕ་མ་རྣམ་བཞི་མེད་པའི་མཐའ་འཁོབ་དང་། །གླེན་ལྐུགས་ཡན་ལག་ཉིང་ལག་རྣ་བ་ལ་སོགས་དབང་པོ་མ་ཚང་དང་། །ཚེ་ལ་སྔ་ཕྱི་ལས་འབྲས་དཀོན་མཆོག་མེད་པར་འཛིན་པའི་ལོག་ལྟ་དང་། །ཡང་དག་རྫོགས་པའི་སངས་རྒྱས་འབྱུང་བ་མེད་པའི་རྒྱལ་བའི་བཀའ་མེད་དང་། །དམྱལ་བ་ཡི་དྭགས་དུད་འགྲོ་གསུམ་དང་འདུ་ཤེས་མེད་པའི་ཚེ་རིང་ལྷ། །མི་ཁོམ་དེ་དག་རྣམས་སུ་མ་སྐྱེས་དམ་ཆོས་སྒྲུབ་ལ་ཁོམ་པ་ཡི། །དལ་བ་ཕུན་སུམ་ཚོགས་པ་ཐོབ་པའི་དུས་འདིར་ཆོས་ལ་བརྩོན་པར་བྱ། །དེ་ལྟར་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དམ་པའི་ལྷ་ཆོས་སྒྲུབ་པའི་རྟེན་བཟང་མི་ཡི་ལུས་རྟེན་ཐོབ་པ་དང་། །གངས་ཅན་བོད་འདིར་དགེ་སློང་དགེ་བསྙེན་ཕ་མ་རྣམ་བཞི་མ་ཚང་ཡང་། །དགེ་སློང་ཕ་ནི་ཡོད་ན་དོན་གྱི་ཡུལ་དབུས་ཡིན་པས་ཡུལ་དབུས་སྐྱེས། །
གླེན་ལྐུགས་སོགས་སུ་མ་སྐྱེས་ཡན་ལག་ཉིང་ལག་མིག་སོགས་དབང་པོ་ཚང་། །མཚམས་མེད་ལས་ནི་མ་བྱས་བྱེད་དུ་མ་བཅུག་ལས་མཐའ་མ་ལོག་དང་། །དཀར་ཆོས་ཐམས་ཅད་སྐྱེ་གནས་འདུལ་བ་མདོ་སྡེ་མངོན་པར་དད་པ་དང་། །འབྱོན་དཀའི་སངས་རྒྱས་འཇིག་རྟེན་ཁམས་སུ་བྱོན་དང་དེས་ཆོས་བསྟན་པ་དང་། །བསྟན་པ་མ་ནུབ་ཙམ་དུ་གནས་དང་དེ་ཡི་རྗེས་སུ་འཇུག་པ་དང་། །གཞན་གྱི་སྙིང་ནས་བརྩེ་བས་རང་ལ་ཟས་གོས་མཐུན་རྐྱེན་སྟེར་བ་སྟེ། །འབྱོར་བ་ཕུན་སུམ་ཚོགས་པའི་དུས་འདིར་དམ་པའི་ལྷ་ཆོས་བསྒྲུབ་བར་བྱ། །དེ་ལྟར་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ད་རེས་བླང་དོར་མ་ནོར་བ་ཞིག་བྱས་ན་མངོན་མཐོ་ལྷ་མི་དང་། །ངེས་ལེགས་ཐར་པ་དང་ནི་ཐམས་ཅད་མཁྱེན་པའི་གོ་འཕང་མཆོག་དེ་ཡང་། །སྙིགས་དུས་ཚེ་ཐུང་གཅིག་ལ་འཐོབ་པར་ནུས་པའི་དལ་འབྱོར་རྟེན་བཟང་འདི། །ད་རེས་རང་གིས་རྙེད་པ་ཡིད་བཞིན་ནོར་བུ་ལས་ཀྱང་ལྷག་པར་འདུག །རྙེད་དཀའ་དོན་ཆེའི་ལུས་རྟེན་བཟང་པོ་ཅིའི་ཕྱིར་འབྲས་བུ་མེད་པར་བྱེད། །ངན་སོང་ལ་སོགས་མི་
ཁོམ་གནས་སུ་བསྐལ་པ་བརྒྱད་ཁྲིར་བཙལ་གྱུར་ཀྱང་། །རྙེད་དཀའི་རྟེན་འདི་དོན་མེད་བྱས་ནས་སླར་ཡང་གནས་དེར་ལོག་གྱུར་ན། །བདག་ནི་སྨྱོས་སམ་གདོན་གྱིས་ཟིན་ནམ་ཡང་ན་སེམས་ནི་མེད་པར་ངེས། །དེ་ཕྱིར་ད་རེས་བདག་གིས་དམ་པའི་ཆོས་ཀྱི་སྙིང་པོ་ཅི་ལོན་བྱ། །དེ་ལྟར་ནུས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རྒྱ་མཚོར་གཉའ་ཤིང་བུ་གར་རུས་སྦལ་མགྲིན་ཆུད་པས་ཀྱང་ངན་འགྲོ་ལས། །དལ་འབྱོར་ཚང་བའི་མི་ལུས་ཐོབ་པ་ཤིན་ཏུ་དཀའ་བ་སངས་རྒྱས་གསུངས། །གྱང་ལོགས་ངོས་ལ་སྲན་མ་གཏོར་བ་རེ་རེ་ཙམ་མིན་ཆགས་པ་དཀོན། །དེ་བཞིན་ངན་འགྲོར་སྐྱེ་བ་སྲན་མ་ས་ལ་ལྷུང་བའི་ཚོད་དང་མཉམ། །མི་ལུས་ཐོབ་པ་རེ་རེ་ཆགས་པ་འདྲ་ཞེས་དམ་པ་གོང་མས་གསུངས། །བདེ་འགྲོ་ཙམ་ཞིག་ཐོབ་ལ་ཚུལ་ཁྲིམས་སྣ་གཅིག་བསྲུང་བ་ཡན་ཆད་དགོས། །ཁྱད་པར་དལ་འབྱོར་མི་ལུས་ཐོབ་ལ་ཚུལ་ཁྲིམས་རྣམ་དག་གཞི་བཟུང་ཞིང་། །སྦྱིན་པ་སོགས་ཀྱིས་གྲོགས་བྱས་སྨོན་ལམ་དྲི་མེད་རྣམ་དག་མཚམས་སྦྱོར་དགོས། །རྒྱུ་དེ་ད་ལྟ་སྒྲུབ་པའང་ཉུང་བས་དལ་འབྱོར་རྟེན་བཟང་ཐོབ་པ་དཀོན། །དམྱལ་
བ་རྣམས་ལས་ཡི་དྭགས་ཉུང་ཞིང་ཡི་དྭགས་རྣམས་ལས་དུད་འགྲོ་ཉུང་། །དུད་འགྲོ་གཞན་ཚོ་ཕར་ཞོག་རི་ཀླུང་ཞིག་ལ་གནས་པའི་སྲིན་བུ་ལ། །བོད་ཡུལ་མི་ཡི་གྲངས་ཙམ་འདུག་པས་མི་ལུས་ཉིན་སྐར་བཞིན་དུ་དཀོན། །ད་རེས་ཚེ་མཇུག་འདི་ལ་གཏན་གྱི་བཙན་ས་ཟིན་པར་མ་བྱས་ན། །ཕྱིན་ཆད་མི་ལུས་རྙེད་པར་དཀའ་འདུག་ད་ནི་སྙིང་པོ་ལེན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཤིན་ཏུ་རྙེད་དཀའི་དལ་འབྱོར་རྟེན་བཟང་ཐོབ་ཀྱང་དམ་ཆོས་སྒྲུབ་པ་ལ། །ག་ལེ་སོས་དལ་བྱེད་པའི་ལོང་མེད་མྱུར་དུ་མི་རྟག་འཇིག་པར་ངེས། །ལུས་ནི་ཅི་འདྲ་བླངས་ཀྱང་འཆི་བས་མི་ཚུགས་པ་ནི་གཅིག་ཙམ་མེད། །སྔོན་བྱོན་ཡང་དག་རྫོགས་པའི་སངས་རྒྱས་སྐྱེ་འཆིར་རང་དབང་ཐོབ་རྣམས་ཀྱང་། །གདུལ་བྱ་རྟག་འཛིན་ཅན་རྣམས་ཆོས་ལ་བསྐུལ་ཕྱིར་མྱ་ངན་འདས་ཚུལ་བསྟན། །དྲང་སྲོང་ཆེན་པོ་མངོན་ཤེས་ལྔ་དང་ལྡན་རྣམས་དཔག་ཚད་མང་པོ་ཡི། །ནམ་མཁར་བྱ་བཞིན་འགྲོ་བ་ལ་སོགས་རྫུ་འཕྲུལ་ཅན་རྣམས་ཐམས་ཅད་ཀྱང་། །སྡོད་པའི་ཐབས་ནི་མ་རྙེད་གྲོངས་ན་
རང་ཉིད་ལྟ་བུ་སྨོས་ཅི་དགོས། །ཚངས་པ་བརྒྱ་བྱིན་དགའ་བོ་འཇོག་པོ་འཁོར་ལོས་བསྒྱུར་རྒྱལ་རྣམས་ཀྱང་ཤི། །རྒྱ་གར་བོད་ཡུལ་མཁས་གྲུབ་རྒྱལ་བློན་བྱང་ཆུབ་སེམས་དཔའ་ཐམས་ཅད་གཤེགས། །རང་གི་ཕ་མ་མཁན་སློབ་གྲོགས་མཆེད་དགྲ་གཉེན་བར་མ་མང་པོ་ཤི། །སྔོན་ཆད་སྐྱེས་པའི་མི་རྣམས་ཚེ་ཐར་ལུས་པ་མཐོང་ཐོས་གཅིག་ཀྱང་མེད། །ཡོད་དམ་མེད་དམ་སྙམ་པའི་ཐེ་ཚོམ་འཇུག་པ་ཙམ་ཡང་མི་སྲིད་ན། །རང་ཉིད་གཅིག་པུ་དམིགས་བསལ་བྱས་ནས་འཆི་མི་དགོས་པ་གལ་འོང་། །ཡུལ་ཕྱོགས་གང་དུ་བསྡད་ཀྱང་འཆི་བ་མི་འོང་ས་ཕྱོགས་གང་ཡང་མེད། །འཆི་བར་བྲོས་པས་མི་ཐར་རྫས་སྔགས་སྨན་སོགས་རྐྱེན་གྱིས་བཟློག་ཏུ་མེད། །ཚེ་ལ་སྣོན་པ་ཅུང་ཟད་ཙམ་མེད་འབྲིད་བྱེད་བར་མ་ཆད་དུ་ཡོད། །ད་ལྟ་ལོ་བརྒྱ་ཐུབ་པ་དཀོན་པས་དྲུག་ཅུ་ཐུབ་པའི་དབང་བྱས་ཀྱང་། །ཚེ་ལོ་དྲུག་ཅུ་ལོན་པའི་མི་ཚོ་སང་འཆི་གནངས་འཆི་ལྟ་བུ་ཡིན། །ཚེ་ལོ་ལྔ་བཅུ་ལོན་པའི་མི་ཚོ་ཚེ་ལྷག་ལོ་བཅུ་ཙམ་མིན་མེད། །དེ་བཞིན་མི་རྣམས་ལ་ལས་སུམ་གཉིས་ལ་ལས་ཚེ་ཕྱེད་སོང་བ་མང་། །ཚེ་ཡི་ལྷག་མ་ཅུང་ཟད་ཡོད་པ་ལོ་ཟླ་ཞག་
གིས་མྱུར་དུ་འཛད། །གསོན་པའི་ཚེ་ཡང་དམ་ཆོས་བྱེད་པའི་སྐབས་ནི་ཅུང་ཟད་ཙམ་མིན་མེད། །གཞོན་ནུའི་དུས་སུ་དམ་ཆོས་མི་དྲན་རྒས་དུས་དྲན་ཀྱང་ཆོས་མི་ནུས། །བར་གྱི་ཚེ་ལ་ཕྱེད་ཀ་གཉིད་ཀྱིས་ཁྱེར་ཞིང་ཕྱེད་ཀ་རྣམ་གཡེང་དང་། །བཟའ་བཏུང་ན་བ་སོགས་ཀྱིས་ཁྱེར་བའི་ཤུལ་ན་དམ་ཆོས་བྱེད་པ་ལ། །མི་ལོ་ལྔ་དྲུག་ཙམ་མིན་མེད་པས་དམ་ཆོས་སྒྲུབ་ཁོམ་མེད་པར་འཆི། །དེས་ན་ཚེ་འདིའི་ཕུན་ཚོགས་ཇི་ལྟར་འཛོམ་རུང་རྨི་ལམ་ཐུན་གཅིག་ན། །བདེ་བ་སྤྱད་པ་སད་ནས་དྲན་ལྟར་འཆི་དུས་དྲན་པའི་ཡུལ་དུ་འགྱུར། །འཆི་བའི་དགྲ་ནི་འགོག་ཏུ་མེད་པར་རང་གི་ཐོག་ཏུ་ངེས་པར་འོང་། །ཁྲིད་ནས་འཇིག་རྟེན་ཕ་རོལ་རྒྱུས་མེད་ཆ་མེད་གནས་སུ་འགྲོ་དགོས་ན། །སེམས་ཡོད་སྐྱེས་བུ་སུ་ཞིག་ཚེ་འདིའི་བསླུ་བྲིད་དག་ལ་དགའ་ཞིང་ཆགས། །ད་ནི་ཚེ་འདིའི་ཕུན་ཚོགས་སྤངས་ནས་ཕྱི་མར་སྐྱིད་པའི་ཆོས་ཤིག་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །འཆི་བར་མ་ཟད་ནམ་འཆི་ཆ་མེད་དོ་ནུབ་ཡིན་ཡང་འཆི་ཉེན་ཡོད། །འཛམ་གླིང་ཚེ་ལ་ངེས་པ་ཅང་མེད་ལ་ལ་བཙས་མ་ཐག་
ཏུ་འཆི། །ལ་ལ་གཞོན་ནུ་དར་བབས་དུས་སུ་གློ་བུར་ནད་མཚོན་དུག་གིས་འཆི། །ཁ་སང་ཡོད་པའི་མི་རྣམས་དེ་རིང་ཤི་བ་ཐོས་པས་ཤུལ་གྱི་མིས། །ལ་ལ་ན་རེ་ཁ་སང་ངེད་གཉིས་ཟ་མ་ཟོས་ནས་ལྷན་ཅིག་བསྡད། །ཟླ་བ་ཕྱི་མའི་གྲབས་ཤོམ་མང་བྱས་གློ་བུར་ཤི་བ་ཨུ་ཤི་ཟེར། །ལ་ལ་ན་རེ་དེ་ཡི་མི་ཚད་ད་ནངས་ངེད་གཉིས་ཁ་ཏ་བྱས། །ཨ་ཁ་སྙིང་རྗེ་ལོ་ཅང་མ་ལོན་ན་གཞོན་འཆི་ནི་མ་རན་ཟེར། །དེ་འདྲ་བ་ཞིག་རང་ལ་དེ་རིང་ཙམ་ལ་མི་འོང་ངེས་པ་མེད། །འཆི་རྐྱེན་མང་ཞིང་གསོན་རྐྱེན་ཉུང་བས་དུག་བཏང་མཚོན་གྱིས་བརྒྱབ་པ་དང་། །གནོད་སྦྱིན་རྒྱལ་པོ་བཙན་དང་མ་མོ་སོགས་ཀྱིས་སྲོག་ནི་འཕྲོག་པ་དང་། །གློ་བུར་ཆུས་ཁྱེར་མེས་ཚིག་གཡང་ལ་ལྷུང་དང་གད་པ་རྡིབ་པ་དང་། །གཟའ་རྒོད་གདོང་ཐུག་ལ་སོགས་རྐྱེན་མང་ཆར་རླུང་གསེབ་ཀྱི་མར་མེ་འདྲ། །གསོན་རྐྱེན་ཟས་གོས་སྨན་སོགས་ཡིན་ཡང་ཟས་དུག་སྨན་ནི་མ་འཕྲོད་དང་། །བྱིས་པ་གོས་ཀྱིས་བསུབ་དང་གནས་ཁང་རྡིབས་དང་མཛའ་བོས་བསླུས་པ་དང་། །གསོན་པའི་རྐྱེན་ཡང་འཆི་བའི་རྐྱེན་དུ་འགྱུར་བས་གསོན་རྐྱེན་མི་སྣང་ངོ་། །ལུས་འདི་ཤིན་ཏུ་ཉམ་ཆུང་བས་ན་
ནམ་འཆི་ངེས་པ་མེད་པ་ཡིན། །ཆུ་ཡི་ལྦུ་བ་ལྟ་བུའི་ལུས་ལ་ནད་གདོན་ཆེན་པོ་མི་དགོས་པར། །ཚེར་མ་ཟུག་པ་ཙམ་གྱི་རྐྱེན་ལ་སྙད་བཏགས་འཇིག་པར་འགྱུར་བས་ན། །འཆི་རྐྱེན་ཅུང་ཟད་ཙམ་གྱིས་སྒྱུ་ལུས་གཞོམ་པར་ཤིན་ཏུ་སླ་བ་ཡིན། །དེ་བས་ནམ་འཆི་ཆ་མེད་མྱུར་དུ་ཆོས་ཤིག་མི་བྱེད་སྡོད་རེ་ཤི། །མི་ཕན་ཚེ་འདིའི་བྱ་བ་མགར་བ་ཤི་བའི་ལག་ཆ་བཞིན་དུ་བསྐྱུར། །ད་ལྟ་ད་ལྟར་འཆི་ཉེན་འདུག་པས་ཆོས་ཀྱིས་ཉིན་མཚན་འདའ་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །འཆི་བ་ཟེར་བའི་འབྲུག་བཞིན་གྲགས་པའི་འཆི་བདག་ཐོག་དང་འདྲ་བ་དེ། །ངེས་པར་ཐོག་ཏུ་བབ་ཚེ་དམ་ཆོས་མ་གཏོགས་གང་གིས་ཕན་པ་མེད། །བརྩེ་གདུང་ཆེ་བའི་གཉེན་གྱིས་མི་ཕན་འགྲོགས་ནས་ཕྱི་མར་འཁྲིད་དབང་མེད། །ཡིད་དུ་འོང་བའི་ནོར་གྱིས་མི་ཕན་ཇི་སྙེད་ཡོད་ཀྱང་འཁྱེར་ས་མེད། །ལྷན་ཅིག་འགྲོགས་པའི་ལུས་ཀྱིས་མི་ཕན་ཤུལ་དུ་བཞག་ནས་ཕ་རོལ་འགྲོ། །མོ་སྨན་རིམ་གྲོས་མི་བཟློག་མཁས་པའི་ངག་གིས་ཞུ་བ་བྱེད་དུ་མེད། །དཔའ་མཛངས་དམག་གིས་སྲུང་
བར་མི་ནུས་རྒྱུ་ནོར་དངོས་པོས་བླུ་མི་ནུས། །དཔའ་བོས་མཚོན་གྱིས་མི་བཟློག་སྡར་མས་ལྐོག་ཏུ་བྲོས་ནས་འགྲོ་ས་མེད། །མི་འདི་ལོ་ཅང་མ་ལོན་ད་དུང་འཆི་ནི་མ་རན་བཤད་ས་མེད། །བུ་གཅིག་འདི་ལས་མེད་པས་བུ་འདི་མཁོ་བས་ཞོག་ཅེས་བཤད་ས་མེད། །མི་འདི་ཡུལ་སྡེ་བཟའ་ཚང་ཀུན་ལ་དགོས་པས་ཞོག་ཅེས་བཤད་ས་མེད། །མི་འདི་ཡར་ལ་མ་རྒས་མར་ལ་མི་གཞོན་ཞོག་ཅེས་བཤད་ས་མེད། །རྒན་རྒོན་ཤ་ཟད་རུས་ཟད་འདི་འདྲ་དགོས་མེད་ཞོག་ཅེས་བཤད་ས་མེད། །དེ་ཚེ་ལུས་ལ་ནད་ཀྱིས་གདུངས་ཤིང་ཤ་དང་ཁྲག་སྐམ་བཀྲག་མདངས་ཉམས། །མོ་སྨན་རིམ་གྲོས་བོར་ནས་རྐང་ལག་གཡབ་ཅིང་དབུགས་སྒྲ་ངར་ངར་འདོན། །ཅི་ཞིག་ཟོས་ཀྱང་དང་ཁ་ལ་མི་བདེ་མངར་མོ་ཟོས་ཀྱང་ཁ་མོར་ཚོར། །མལ་གྱི་ཐ་མར་ཉལ་ཞིང་ཟས་ཀྱི་ཐ་མ་ཆུ་ཐིགས་ཙམ་རེ་འཐུང་། །ཉེ་དུ་འབྲེལ་བས་མཐའ་ནས་བསྐོར་ཞིང་གདོང་ལ་ཧྲིག་ཧྲིག་བལྟ་བའི་ཚེ། །སྲོག་གཅོད་ནད་ནི་བགོ་བཤའ་མི་ཐུབ་སྡུག་བསྔལ་རང་ཉིད་གཅིག་པུས་མྱོང་། །དབུགས་ཀྱི་འགྱུ་བ་ཆད་ནས་ཁ་གདངས་སོ་གཙིགས་རོ་ལ་ལིང་གིས་སོང་། །དེ་ཚེ་ཉེ་འབྲེལ་
རྣམས་ཀྱིས་ཤི་ཟེར་ཐག་གུས་བསྡམས་ནས་ཡོལ་བས་བསྒྲིབས། །ངུ་འབོད་བྱེད་ཅིང་གཟའ་སྐར་བརྩི་དང་ཤི་དགེ་དུར་འདེབས་ཤོམས་ར་འདིངས། །ཚེ་འདིར་སེར་སྣས་བསགས་པའི་ཟས་ནོར་རང་གིས་སྤྱད་པར་མ་ཕོད་པ། །གཉེན་གྲོགས་འཁོར་གྱིས་ཅི་བདེར་སྤྱོད་ཅིང་རང་ཉིད་ལག་པ་སྟོང་པ་རུ། །ཆ་མེད་བར་དོའི་འཕྲང་རིང་ལམ་ལ་རྒྱུས་མེད་གཅིག་པུར་འགྲོ་དུས་འགྱོད། །ངན་སོང་འཇིགས་པ་ཆེན་པོ་མཐོང་ཚེ་རབ་ཏུ་སྐྲག་ནས་གློ་སྙིང་འདར། །དེ་ཚེ་མགོན་སྐྱབས་དཀོན་མཆོག་གསུམ་དང་ཕན་པ་དགེ་བ་མ་གཏོགས་མེད། །དེ་འདྲའི་དུས་ཤིག་རིང་པོར་མི་འགོར་འོང་ཞིང་ནམ་འོང་ཆ་མེད་པས། །མི་ཕན་ཚེ་འདིའི་གཉེན་བཤེས་ནོར་རྫས་རྣམས་ལ་ཞེན་པས་ཅི་ཞིག་བྱ། །ཐམས་ཅད་ཤུལ་དུ་བཞག་ནས་འགྲོ་བས་གང་ལ་ཆགས་མེད་ཞེན་མེད་བྱ། །ཐག་རིང་ཕྱི་མའི་ལམ་ལ་འགྲོ་དུས་ཕན་པའི་རྒྱགས་ཕྱེ་ཆོས་ཁོ་ན། །ད་ནི་སྡོད་གྲབས་བྱས་པས་ཅི་བྱ་འཇིག་རྟེན་ཕྱི་མར་འགྲོ་གྲབས་བྱེད། །ད་ལྟ་ད་ལྟར་འཆི་བྲོད་ཚགས་སུ་ཚུད་པའི་དམ་ཆོས་རྣམ་དག་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་
དབང་པོས་བྱིན་གྱིས་རློབས། །རྙེད་དཀའ་དོན་ཆེའི་དལ་འབྱོར་ཚང་བའི་རྟེན་འདི་མི་རྟག་མྱུར་དུ་འཇིག །ཞིག་པའི་འོག་ཏུ་རྩྭ་ཕུང་བསྲེག་ལྟར་མེད་ནས་མི་འགྲོ་སྐྱེ་དགོས་ལ། །སྐྱེས་ན་བདེ་འགྲོ་ངན་འགྲོ་གཉིས་མིན་མ་གཏོགས་གཞན་དུ་སྐྱེ་ས་མེད། །བདེ་འགྲོ་ངན་འགྲོ་གང་སྐྱེ་རང་ལ་དབང་མེད་ལས་ནི་རང་དབང་ཆེ། །དགེ་དང་མི་དགེའི་ལས་ཀྱིས་ཇི་ལྟར་འཕངས་པ་བཞིན་དུ་སྐྱེ་བར་འགྱུར། །མི་དགེའི་ལས་ཀྱིས་ངན་སོང་གསུམ་དུ་སྐྱེས་ན་སྡུག་བསྔལ་བཟོད་པར་དཀའ། །འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་འོག་ན་དམྱལ་བ་ཡང་སོས་ཡོད། །དེ་ནས་དཔག་ཚད་བཞི་སྟོང་བཞི་སྟོང་ཆོད་པའི་འོག་ན་གཞན་བདུན་ཡོད། །དམྱལ་བ་ཡང་སོས་གནས་སུ་སྐྱེས་པའི་སེམས་ཅན་ཚོགས་ནས་ལས་དབང་གིས། །བྱུང་བའི་མཚོན་ཆ་སྣ་ཚོགས་རིམ་གྱིས་བྱུང་བ་རྣམས་ཀྱིས་གཅིག་ལ་གཅིག །རྡེག་པར་བྱེད་ཅིང་དེ་ནས་བརྒྱལ་དེ་ཐམས་ཅད་ས་ལ་འགྱེལ་བ་དང་། །མཁའ་ལས་ཁྱེད་རྣམས་ད་ཡང་སོས་པར་གྱུར་ཅིག་ཅེས་པའི་སྒྲ་འབྱུང་ངོ་། །དེ་ནས་སོས་ཏེ་ལངས་ནས་སྔར་ལྟར་རྡེག་ཅིང་སྡུག་བསྔལ་དཔག་མེད་མྱོང་། །
དམྱལ་བ་ཐིག་ནག་གནས་སུ་སྐྱེས་པའི་སེམས་ཅན་དམྱལ་སྲུང་རྣམས་ཀྱིས་བཟུང་། །ཐིག་ནག་བཏབ་སྟེ་སོག་ལེས་དྲལ་ཞིང་མཚོན་ཆས་གཤགས་ནས་སྡུག་བསྔལ་མྱོང་། །དམྱལ་བ་བསྡུས་འཇོམས་གནས་སུ་སྐྱེས་པའི་སེམས་ཅན་གཅིག་ཏུ་འདུས་པའི་ཚེ། །དམྱལ་སྲུང་རྣམས་ཀྱིས་ལྕགས་ཀྱི་རི་བོ་ར་ལུག་རྟ་དང་གླང་པོ་ཆེ། །སེང་གེ་སྟག་གི་གདོང་པ་འདྲ་བ་གཉིས་རེའི་བར་དུ་འཚིར་བར་བྱེད། །དེ་འདྲའི་བར་དུ་བཙིར་ནས་སྒོ་རྣམས་ཀུན་ནས་ཁྲག་གི་རྒྱུན་འབབ་ཅིང་། །དེ་ནས་རི་གཉིས་གྱེས་པས་ཐམས་ཅད་སོས་ཏེ་སྔར་བཞིན་འདུས་པ་ན། །ལྕགས་ཀྱི་འཕྲུལ་འཁོར་ཆེན་པོའི་ནང་དུ་བཅུག་ནས་བུར་ཤིང་བཙིར་བཞིན་འཚིར། །དེ་ནས་ཕྱི་རུ་ཕྱུང་ནས་སོས་ཏེ་འདུས་པའི་ཚེ་ན་ཡར་སྟེང་ནས། །ལྕགས་ཀྱི་ཕ་བོང་ཆེན་པོ་ལྷུང་ནས་ལྕགས་ཀྱི་གཞི་ལ་གཅོད་བ་དང་། །འབྱེད་དང་རྡུང་དང་དམྱལ་བར་བྱེད་པའི་དུས་སུ་ཁྲག་གི་རྒྱུན་འབབ་པོ། །དམྱལ་བ་དུ་འབོད་གནས་སུ་སྐྱེས་པའི་སེམས་ཅན་དེ་དག་གནས་འཚོལ་ཚེ། །ལྕགས་ཀྱི་ཁང་པའི་ནང་དུ་ཕྱིན་ནས་དེ་མ་ཐག་ཏུ་སྒོ་འགྲིགས་ཏེ། །ལྕགས་
ཁང་ནང་ནས་མེ་འབར་བསྲེགས་ནས་འགྲོ་ས་མི་འདུག་སྙམ་དུ་ངུ་། །དམྱལ་བ་ངུ་འབོད་ཆེན་པོའི་གནས་སྐྱེས་སེམས་ཅན་ལྕགས་ཁང་ཉིས་རིམ་གྱི། །ནང་དུ་ཞུགས་ཚེ་དེ་མ་ཐག་ཏུ་སྒོ་འགྲིགས་ནང་ནས་མེ་འབར་བས། །ལུས་ཀུན་བསྲེགས་པས་འགྲོ་ས་མི་རྙེད་སྙམ་དུ་ངུ་འབོད་ཆེན་པོ་བྱེད། །ཚ་བའི་དམྱལ་བའི་གནས་སུ་སྐྱེས་པའི་སེམས་ཅན་དམྱལ་སྲུང་རྣམས་ཀྱིས་བཟུང་། །ལྕགས་ཟངས་དཔག་ཚད་དུ་མ་ཡོད་པ་ཚ་ཞིང་འབར་བའི་ནང་དུ་བསྲེགས། །ལྕགས་ཀྱི་གསལ་ཤིང་རབ་ཏུ་འབར་བས་འཕོང་ནས་ཕུག་སྟེ་སྤྱི་བོར་འབྱིན། །ཁ་དང་མིག་དང་སྣ་དང་རྣ་བའི་བུ་ག་བ་སྤུའི་ཁོང་བུ་ནས། །མེ་ལྕེ་འབར་དང་ལྕགས་ཀྱི་ས་གཞི་རབ་ཏུ་འབར་ལ་གན་རྐྱལ་ལམ། །ཁ་སྦུབས་བཞག་སྟེ་ལྕགས་ཀྱི་ཐོ་བ་ཚ་ཞིང་རབ་ཏུ་འབར་བས་བརྡུངས། །རབ་ཏུ་ཚ་བའི་དམྱལ་བར་སྐྱེས་པའི་སེམས་ཅན་དམྱལ་སྲུང་རྣམས་ཀྱིས་བཟུང་། །ལྕགས་ཀྱི་གསལ་ཤིང་རྩེ་གསུམ་འབར་བ་འཕོང་དུ་བཙུགས་ནས་རྩེ་མོ་གསུམ། །ཕྲག་གཉིས་སྤྱི་བོར་འབྱིན་ཅིང་ཁ་སོགས་སྒོ་རྣམས་ཀུན་ནས་མེ་ལྕེ་འབར། །ལྕགས་ལེབ་ཚ་ཞིང་འབར་བས་ལུས་པོ་ཡོངས་
སུ་སྣམ་བུ་དཀྲིས་བཞིན་དཀྲི། །ལྕགས་ཟངས་ཆེན་པོར་ཁྲོ་ཆུ་ཁོལ་བའི་ནང་དུ་འཚོད་ཅིང་ཤ་ཁྲག་རྣམས། །ཞིག་ནས་ཀེང་རུས་ལྟ་བུར་གྱུར་ཚེ་ཕྱིར་ཕྱུང་ལྕགས་ཀྱི་ས་གཞིར་འགྲེམས། །ཤ་ཁྲག་སྐྱེས་ཚེ་ནང་དུ་འཇུག་ཅིང་ལྷག་མ་གཞན་ནི་ཚ་བ་འདྲ། །མནར་མེད་དམྱལ་བའི་ཤར་ཕྱོགས་ས་གཞི་དཔག་ཚད་བརྒྱ་ཕྲག་དུ་མ་ཞིག །ཡོད་པ་ཀུན་ཏུ་འབར་ཞིང་མཆེད་དེ་མེ་དཔུང་འབར་བའི་ཤུགས་འོང་ནས། །དེ་རུ་སྐྱེས་པའི་སེམས་ཅན་རྣམས་ཀྱི་པགས་པ་ཤ་ཁྲག་རིམ་གྱིས་འཚིག །མར་མེའི་སྡོང་བུ་བཞིན་དུ་ལུས་པོ་ཐམས་ཅད་མེ་ཡིས་ཁྱབ་ཅིང་འབར། །ཕྱོགས་གཞན་གསུམ་ནས་དེ་བཞིན་མེ་འབར་འོང་བས་ཕྱོགས་བཞིའི་མེ་རྣམས་འདྲེས། །ཉམ་ཐག་ངུ་བའི་སྐད་ཀྱིས་སེམས་ཅན་ཡིན་པ་ཤེས་ཙམ་མ་གཏོགས་པ། །མེ་དང་ལུས་གཉིས་ལྷན་ཅིག་འུར་འུར་ཆེམ་ཆེམ་འབར་བས་ལུས་མི་མཐོང་། །ལྕགས་ཀྱི་གཞི་མའི་ནང་དུ་ལྕགས་ཀྱི་མདག་མ་འབར་བ་འཁྲབ་ཏུ་འཇུག །ལྕགས་ཀྱི་ས་གཞིར་ལྕགས་ཀྱི་རི་ལ་འབབ་འཛེག་བྱེད་དུ་འཇུག་བ་དང་། །ཁ་ནས་ལྕེ་ཕྱུང་ལྕགས་ཀྱི་ཕུར་བས་གླང་གི་ཀོ་བ་བཞིན་དུ་
རྒྱོང་། །ལྕགས་ཀྱི་ས་གཞིར་གན་རྐྱལ་བཞག་ནས་ལྕགས་ཀྱི་འབྱེད་བྱེད་དག་གིས་ཁ། །ཕྱེ་ནས་ལྕགས་ཀྱི་ཐོ་ལུམ་འབར་བ་ཁ་རུ་འཇུག་པར་བྱེད་པ་དང་། །ཁྲོ་ཆུ་ཁོལ་བ་ཁ་རུ་བླུགས་ནས་ཁོག་རྣམས་ཚིག་ནས་སྨད་ནས་འབྱུང་། །ལྷག་མ་གཞན་ནི་ཡོད་པ་རབ་ཏུ་ཚ་བའི་དམྱལ་བ་ཇི་བཞིན་ནོ། །དེ་དག་གནོད་པ་རགས་པ་ཙམ་ཡིན་གཞན་ཡང་གནོད་པ་སྣ་ཚོགས་ཡོད། །མི་ཡི་མེ་ལས་བསྐལ་པ་འཇིག་པའི་མེ་ནི་བདུན་འགྱུར་ཚ་བ་དང་། །དེ་ལས་ཚ་བའི་དམྱལ་བ་བརྒྱད་ཀྱི་མེ་ནི་བདུན་འགྱུར་ཚ་བ་ཡིན། །དམྱལ་བའི་མེ་ལ་བལྟས་ན་མི་ཡི་མེ་ནི་ཁ་བ་ཙམ་དུ་བསིལ། །མི་ཡི་མེ་ཡིས་བསྲེག་པའི་ལུས་ལ་ཆུ་ཡིས་རེག་ན་བསིལ་བ་ལྟར། །དམྱལ་མེས་སྲེག་པའི་ལུས་ལ་མིའི་མེས་རེག་ན་བསིལ་སངས་འགྲོ་ཞེས་གསུངས། །སྡུག་བསྔལ་དེ་དག་རྣམས་ནི་ཡུན་ཐུང་ཙམ་ཞིག་མྱོང་བས་མི་ཆོག་སྟེ། །དམྱལ་བ་བརྒྱད་པོའི་ནང་གི་ཚེ་ཐུང་དམྱལ་བ་ཡང་སོས་ཚེ་ཚད་ནི། །མི་ལོ་ཁྲག་ཁྲིག་གཅིག་དང་ཐེར་འབུམ་ཆེན་པོ་དྲུག་དང་ཐེར་འབུམ་གཉིས། །ཡིན་ཅིང་དམྱལ་བ་འོག་མ་འོག་མ་ཉིས་འགྱུར་ཉིས་འགྱུར་ཚེ་རིང་ཞིང་། །ཇི་སྲིད་མི་
དགེའི་སྡིག་པ་མ་ཟད་བར་དུ་སྲོག་དང་འབྲལ་མི་འགྱུར། །ད་ལྟའི་དུས་འདིར་རང་གི་སྤྱོད་ཚུལ་ངན་པ་འདི་ལ་ཕར་བལྟས་ན། །ད་དུང་དེ་ལས་ཡུན་རིང་བ་ཞིག་མི་འོང་ངེས་པ་ཅི་ཞིག་ཡོད། །ད་ལྟ་ལུས་ལ་མེ་སྟག་ལྷུང་བ་སྐད་ཅིག་ཙམ་ཡང་མི་བཟོད་ན། །སྡུག་བསྔལ་དེ་དག་ཐོག་ཏུ་བབ་ནས་ཡུན་རིང་མྱོང་དགོས་སུ་ཡིས་བཟོད། །འདི་དང་ཕྱི་མ་དེ་གཉིས་བར་ན་དབུགས་ཀྱི་འགྱུ་བ་འདི་མིན་མེད། །དོ་ནུབ་ཙམ་ལ་ཤི་ནས་གློ་བུར་དེ་རུ་ལྷུང་ན་ཅི་ཞིག་བྱ། །ཀྱེ་མ་ཀྱེ་ཧུད་ཚེ་འདིའི་ཁ་རྒྱབ་ཕྱིར་དུ་མི་དགེ་ལས་ངན་བསགས། །ཨ་ཙ་མ་ང་སྔོན་ཆད་སྨྱོས་སམ་གདོན་གྱིས་ཟིན་ནམ་ཅི་ཡིན་ནམ། །དེ་ལ་འཇིགས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དམྱལ་བ་བརྒྱད་པོ་དེ་དག་རེ་རེ་ལ་ཡང་རྩིག་ངོས་བཞི་བཞི་དང་། །སྒོ་ཡང་བཞི་བཞི་ཡོད་པས་དེ་དག་ཕྱི་རོལ་ལྕགས་ཀྱི་ར་བས་བསྐོར། །ར་བ་ལ་ཡང་སྒོ་ནི་བཞི་བཞི་ཡོད་ཅིང་སྒོ་དེ་རེ་རེ་ན། །ཉེ་འཁོར་དམྱལ་བ་ལྷག་པ་འདི་རྣམས་ཡོད་དེ་མེམ་མུར་གྱི་འོབས། །རབ་ཏུ་ཚ་ངར་ཆེ་བ་པུས་མོ་མན་ཆད་ནུབ་པ་ཙམ་ཡོད་ལ། །མི་དགེའི་
ལས་ཀྱིས་དེ་རུ་སྐྱེས་པའི་སེམས་ཅན་དེ་དག་གནས་འཚོལ་ཚེ། །འགྲོ་བའི་དུས་ན་དེ་རུ་རྐང་པ་བཞག་ཚེ་པགས་པ་ཤ་ཁྲག་འཇིག །རྐང་པ་ཡར་ལ་བཏེགས་པའི་ཚེ་ན་སླར་ཡང་མྱུར་དུ་ཤ་པགས་སྐྱེ། །དེ་ཡི་འདབས་ན་ཕྱི་སའི་འདམ་ནི་ཡོད་ལ་དེ་རུ་སྐྱེས་པ་ཡི། །སེམས་ཅན་གནས་པ་རྣམས་ཀྱིས་བརྒལ་ཚེ་འདམ་དེར་མགོ་བོ་མན་ཆད་ནུབ། །དེ་ནས་མཆུ་རྣོན་འབུ་ཡིས་ལུས་ཀུན་འབིགས་ཤིང་རྐང་ལ་གཏུགས་ནས་འབྲུ། །དེ་ཡི་འདབས་ན་སྤུ་གྲིའི་ལམ་ཡོད་དེ་རུ་སྐྱེས་པའི་སེམས་ཅན་གྱིས། །རྐང་བ་བཞག་ཚེ་པགས་པ་ཤ་ཁྲག་གཅོད་ཅིང་བཏེགས་ཚེ་ཤ་པགས་སྐྱེ། །དེ་ཡི་འདབས་ན་ནགས་ཚལ་རལ་གྲིའི་ལོ་མ་ཅན་ཞེས་བྱ་བ་ཡོད། །དེ་རུ་སྐྱེས་པའི་སེམས་ཅན་གནས་འཚོལ་དེ་དག་ཐམས་ཅད་ནགས་ཚལ་དེར། །སོང་ནས་ནགས་ཚལ་དེ་ཡི་བསིལ་གྲིབ་རྣམས་ལ་བརྟེན་ཅིང་འཁོད་པ་ན། །ཤིང་ལས་རལ་གྲི་བབས་ཏེ་ཡན་ལག་ཉིང་ལག་གཅོད་ཅིང་ལུས་ཀུན་གཤགས། །ས་ལ་འགྱེལ་ཚེ་ཁྱི་ནི་སྲེ་བོ་མང་པོ་འོངས་ཏེ་རྒྱབ་ནས་ཟ། །དེ་ཡི་འདབས་ན་ཤལ་མ་ལི་ཡི་སྡོང་པོ་ཡོད་དེ་སེམས་ཅན་དེར། །སོང་བ་དེ་ལ་འཛེག་ཏུ་འཇུག་ཅིང་
འཛེག་ཚེ་ཚེར་མ་རྣམས་ཀྱི་ཁ། །ཐུར་དུ་བལྟ་ལ་འབབ་ཚེ་གྱེན་དུ་བལྟས་ནས་ལུས་ཀུན་གཤགས་པར་བྱེད། །ཁྭ་ལྕགས་མཆུ་ཅན་བྱ་བས་མགོ་དང་ཕྲག་གོང་བབས་ནས་མིག་འབྲས་འབྲུ། །དེ་ཡི་འདབས་ན་ཚ་ངར་ཆེ་བའི་ཆུ་ཀླུང་རབ་མེད་ཅེས་བྱ་ཡོད། །དེར་སྐྱེས་སེམས་ཅན་ནང་དེར་འཚོད་ཅིང་སྟེང་འོག་འགྲོ་ཞིང་བསྲེག་པར་བྱེད། །དཔེར་ན་མེ་ཆེར་སྦར་བས་ཟངས་ཆུ་ཁོལ་བའི་ནང་དུ་ནས་བླུགས་འདྲ། །གཤིན་རྗེའི་ཕོ་ཉ་མང་པོ་བསྡད་ནས་ཕྱི་རུ་འོང་དུ་མི་སྟེར་ལ། །འོང་བ་རྣམས་ནི་ལྕགས་ཀྱི་ས་གཞི་རབ་ཏུ་འབར་ལ་གན་རྐྱལ་བཞག །ཅི་འདོད་འདྲི་ལ་དེ་དག་རྣམས་ཀྱིས་སྐྲག་ནས་ཅི་ཡང་མི་འདོད་ཟེར། །འོན་ཀྱང་བཀྲེས་སོ་སྐོམ་མོ་ཟེར་ན་ཁ་རུ་ཟངས་ཞུན་ཁོལ་མ་དང་། །ལྕགས་ཀྱི་ཐོ་ལུམ་འབར་བ་བཅུག་ནས་སྐོམ་ཞིང་བཀྲེས་ན་འདི་ཟོ་ཟེར། །དེ་དག་རྣམས་ཀྱི་ཚེ་ཚད་ངེས་པ་མེད་པར་ས་ཡི་དངོས་གཞིར་བཤད། །འོན་ཀྱང་མི་དགེ་སྡིག་པའི་ལས་ཀྱི་ནུས་པ་མ་ཟད་དེ་སྲིད་དུ། །སྲོག་དང་འབྲལ་བར་མི་འགྱུར་སྡུག་བསྔལ་དེ་དག་ཡུན་རིང་ཉམས་སུ་མྱོང་། །དེ་ལ་འཇིགས་པ་སྤྱི་བོའི་བླ་མ་ཐུབ་
པའི་དབང་པོས་བྱིན་གྱིས་རློབས། །གྲང་དམྱལ་བརྒྱད་ནི་ཚ་བའི་དམྱལ་བ་ཆེན་པོ་བརྒྱད་ཀྱི་ཐད་སོ་ཡི། །བྱང་གི་ཕྱོགས་ན་དཔག་ཚད་ཁྲི་ཕྲག་རེ་རེའི་ཕ་རོལ་དེ་ན་ཡོད། །ཀུན་གྱི་འོག་གཞི་ཐམས་ཅད་ཁ་བའི་ཐང་དང་འཁྱག་པའི་ཆབ་རོམ་དང་། །མཐའ་རྣམས་གངས་རིས་བསྐོར་ཞིང་སྟེང་ནས་རྒྱུན་ཏུ་ཁ་བ་བུ་ཡུག་འཚུབས། །ཁ་བ་བུ་ཡུག་རླུང་གིས་བསྐྱོད་ནས་ཕྱོགས་བཞིར་ལུས་ལ་འདེབས་པར་བྱེད། །འདི་ནས་དཔག་ཚད་སུམ་ཁྲི་ཉིས་སྟོང་འོག་ན་ཆུ་བུར་ཅན་ཡོད་དེ། །དེ་ནས་དཔག་ཚད་ཉིས་སྟོང་ཉིས་སྟོང་ཆོད་པའི་འོག་ན་གཞན་བདུན་ཡོད། །གྲང་བའི་དམྱལ་བ་ཆུ་བུར་ཅན་གྱི་གནས་སུ་སྐྱེས་པའི་སེམས་ཅན་རྣམས། །ལུས་ལ་གོན་པ་མེད་པས་གཅེར་བུར་གྲང་ནས་ཆུ་བུར་བྱུང་ཞིང་འཁུམས། །དེ་ཡི་འོག་ན་གྲང་བའི་དམྱལ་བ་ཆུ་བུར་རྡོལ་བའི་གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་རབ་ཏུ་གྲང་བས་ཆུ་བུར་རྡོལ་བཞིན་འཁུམས། །དེ་འོག་གྲང་བའི་དམྱལ་བ་སོ་ཐམ་གནས་ཡོད་དེ་རུ་སྐྱེས་པ་ཡི། །སེམས་ཅན་གྲང་བས་སྐད་འདོན་མི་ཐུབ་སོ་ནི་འཐམ་འཐམ་བྱེད་པ་དང་། །དེ་ཡི་འོག་ན་གྲང་བའི་དམྱལ་བ་ཀྱི་ཧུད་ཟེར་བའི་
གནས་ཡོད་དེ། །དེར་སྐྱེས་སེམས་ཅན་གྲང་བས་སྐད་འདོན་མི་ནུས་ཤུབ་བུས་ཀྱེ་ཧུད་ཟེར། །དེ་ཡི་འོག་ན་གྲང་བའི་དམྱལ་བ་ཨ་ཆུ་ཟེར་བའི་གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་གྲང་བས་དེས་ཀྱང་ཤུབ་བུས་ཨ་ཆུ་ཟེར། །དེ་འོག་གྲང་བའི་དམྱལ་བ་ཨུཏྤལ་ལྟར་དུ་གས་པའི་གནས་ཡོད་དེ། །དེ་རུ་སྐྱེས་པའི་སེམས་ཅན་ལུས་ལ་ཁ་རླུང་ཆེན་པོས་བཏབ་པ་ཡིས། །ལུས་ནི་ཁ་དོག་སྔོ་ཞིང་སེར་ཁ་ལྔའམ་དྲུག་ཏུ་གས་པའོ། །དེ་ཡི་འོག་ན་གྲང་བའི་དམྱལ་བ་པདྨ་ལྟར་གས་གནས་ཡོད་དེ། །དེར་སྐྱེས་སེམས་ཅན་གྲང་བས་མདོག་དམར་ཁ་བཅུ་དེ་ལས་མང་བར་གས། །དེ་འོག་གྲང་བའི་དམྱལ་བ་པདྨ་ཆེན་པོ་ལྟར་གས་གནས་ཡོད་དེ། །དེར་སྐྱེས་སེམས་ཅན་མདོག་ནི་ཤིན་ཏུ་དམར་ཞིང་ཁ་བརྒྱ་ཙམ་དུ་གས། །གོང་མ་གོང་མ་རྣམས་ལས་འོག་མ་འོག་མ་བདུན་འགྱུར་གྲང་བ་ཡིན། །སྡུག་བསྔལ་ཡུན་ཐུང་ཙམ་མིན་དཔེར་ན་མ་ག་དྷ་ཡི་བྲེ་བོ་ཆེའི། །ཏིལ་ཁལ་བརྒྱད་ཅུ་ཤོང་བའི་བང་བ་ཏིལ་གྱིས་ཕྱུར་བུར་གང་བ་ཞིག །མི་ལོ་བརྒྱ་བརྒྱ་འདས་ནས་ཏིལ་དེ་རེ་རེ་ཕྱི་རུ་བོར་བ་ན། །ཏིལ་འབྲུ་ཟད་
ནས་བང་བ་སྟོངས་པའི་ཡུན་དེ་ལྟ་བུ་ཆུ་བུར་ཅན། །ཚེ་ཡི་ཚད་ཡིན་དེ་འདྲ་ཉི་ཤུ་ཆུ་བུར་རྡོལ་པའི་ཚེ་ཚད་དང་། །དེ་བཞིན་སྔ་མ་སྔ་མ་ལས་ཀྱང་ཕྱི་མ་ཕྱི་མ་ཉི་ཤུར་འཕར། །དེ་ལ་ཅུང་ཟད་ཙམ་ཡང་མི་སྐྲག་ད་དུང་ཚེ་འདིའི་ལྟོ་རྒྱབ་ཕྱིར། །སྡིག་ལ་ཧབ་ཐོབ་བྱེད་མཁན་རང་སྙིང་རུལ་ལམ་ལྕགས་ལས་བྱས་སམ་ཅི། །དེ་ལ་འཇིགས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཉི་ཚེ་བ་ནི་ཚད་དམྱལ་གྲང་དམྱལ་རྣམས་ཀྱི་ཉེ་འཁོར་དག་ན་ཡོད། །ལ་ལ་མི་ཡུལ་ན་ཡང་ཡོད་པས་གནས་ལ་ངེས་པ་མེད་པ་ཡིན། །མང་ཉུང་མ་ངེས་ལ་ལ་མང་ཞིང་ལ་ལ་གཉིས་སམ་གཅིག་ལས་མེད། །སྡུག་བསྔལ་མཐའ་གཅིག་མ་ངེས་གཏུན་དང་ཀ་བ་ཐབ་དང་ཐག་པ་དང་། །ཁྲོ་ཟངས་ཕྱགས་མ་སྐམ་པ་ལ་སོགས་དབྱིབས་དང་ལྡན་པའི་ལུས་བླངས་ནས། །སྡུག་བསྔལ་མི་ཟད་ཡུན་རིང་མྱོང་ཞིང་ཚེ་ལ་ངེས་པ་མེད་པ་ཡིན། །འོན་ཀྱང་སྡིག་པའི་རྒྱུ་དེ་མ་ཟད་བར་དུ་འབྲས་བུ་སྡུག་བསྔལ་མྱོང་། །འཁོར་བའི་སྡུག་བསྔལ་ནང་ནས་ངན་སོང་སྡུག་བསྔལ་བཟོད་པར་དཀའ་བ་ཡིན། །དེ་ཡི་ནང་ནས་དམྱལ་བའི་སྡུག་བསྔལ་སྐད་ཅིག་ཙམ་ཡང་
བཟོད་གླགས་མེད། །ཚེ་འདིར་ཉིན་གཅིག་མདུང་རྣོན་སུམ་བརྒྱས་བར་མ་ཆད་དུ་བཏབ་པ་ཡི། །སྡུག་བསྔལ་དེ་ལ་དམྱལ་བའི་སྡུག་བསྔལ་ཆུང་ངུ་ཙམ་གྱི་ཆར་ཡང་མེད། །དམྱལ་བ་རྣམས་ཀྱི་ནང་ནས་མནར་མེད་དམྱལ་བའི་སྡུག་བསྔལ་ཆེས་ཆེ་སྟེ། །དེ་དག་རྣམས་སུ་སྐྱེ་བའི་རྒྱུ་ནི་ཚེ་འདིར་སྲོག་གཅོད་བྱས་པ་དང་། །མ་བྱིན་པ་བླངས་མི་ཚངས་སྤྱད་དང་རྫུན་དང་ཕྲ་མ་ཚིག་རྩུབ་བཤད། །ངག་འཁྱལ་སྨྲ་དང་བརྣབས་སེམས་གནོད་སེམས་ལོག་ལྟ་ཆེན་པོ་བྱས་པ་རྣམས། །སྐྱེ་ཞེས་གསུང་རབ་རྣམས་སུ་ལན་ཅིག་མ་ཡིན་ཡང་དང་ཡང་དུ་གསུངས། །ཁྱད་པར་མཚམས་མེད་ལྔ་བྱས་ལོག་ལྟ་སྐྱེས་དང་ཕམ་པ་བཞི་སྤྱད་དང་། །སོ་ཐར་ཉེས་བྱས་ཁྱད་དུ་བསད་ན་ཚ་བའི་དམྱལ་བ་ཡང་སོས་སྐྱེ། །སོར་བཤགས་ཁྱད་དུ་བསད་ན་དམྱལ་བ་ཐིག་ནག་གནས་སུ་སྐྱེ་བར་གསུངས། །བྱང་སེམས་རྩ་བའི་ལྟུང་བ་བྱུང་དང་བྱང་ཆུབ་སེམས་དཔའ་ལ་དམིགས་པའི། །ཁོང་ཁྲོ་སྐྱེས་ན་ཁོང་ཁྲོ་སྐད་ཅིག་མ་ནི་ཅི་ཙམ་སྐྱེས་པ་ཡི། །གྲངས་དང་མཉམ་པའི་བསྐལ་བར་དམྱལ་བར་གནས་དགོས་སྤྱོད་འཇུག་ལས་
གསུངས་པས། །འདི་ལ་ཤིན་ཏུ་ཤིན་ཏུ་འཛེམ་དགོས་བྱང་སེམས་གང་ན་ཡོད་མི་ཤེས། །གསང་སྔགས་རྩ་ལྟུང་བྱུང་ན་སོར་མ་ཆུད་ཀྱི་བར་ལ་སྐད་ཅིག་མ། །ཅི་ཙམ་ཡོད་པའི་གྲངས་མཉམ་མནར་མེད་གནས་དགོས་རྒྱུད་སྡེ་རྣམས་ལས་གསུངས། །བླ་མར་དམིགས་པའི་ཁོང་ཁྲོ་སྐྱེས་ན་བསྐལ་པར་བསགས་པའི་དགེ་རྩ་འཇོམས། །ཁོང་ཁྲོ་སྐད་ཅིག་མ་ནི་ཅི་ཙམ་སྐྱེས་པའི་གྲངས་དང་མཉམ་པ་ཡི། །བསྐལ་པར་དམྱལ་བའི་གནས་སུ་སྡོད་དགོས་དུས་འཁོར་རྩ་རྒྱུད་ལས་གསུངས་ཕྱིར། །རང་གིས་སྔོན་ཆད་འདི་འདྲའི་མི་དགེའི་ལས་ངན་མང་པོ་བསགས་ཡོད་པས། །ཤི་ན་དམྱལ་བར་སྐྱེ་ངེས་སྐྱེས་ན་དེ་དུས་རང་གིས་ཅི་ཞིག་བྱ། །དེ་ལ་འཇིགས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཡི་དྭགས་བྱིངས་གནས་འཛམ་གླིང་འདི་འོག་དཔག་ཚད་ལྔ་བརྒྱ་འདས་པ་ན། །གྲོང་ཁྱེར་སེར་སྐྱ་ཞེས་བྱ་རྩྭ་ཆུ་ཤིང་སོགས་འདོད་པའི་དངོས་པོ་མེད། །དེ་རུ་སྐྱེས་པ་དེ་དག་ཤ་ཁྲག་བསྐམས་ཤིང་མདོག་ནག་གདོང་སྐྲས་ཁེབས། །ཤིན་ཏུ་ཁ་སྐོམས་ལྕེ་ཡིས་བལྡག་ཅིང་ཕྱི་སྒྲིབ་ཅན་གྱི་ཡི་དྭགས་ཀྱིས། །ཆུ་མིག་མཚོ་དང་མཚེའུ་
མཐོང་ནས་ཕྱིན་ན་མཚོན་ཆ་ཐོགས་པས་བསྲུང་། །བཏུང་དུ་མི་སྟེར་ལ་ལས་རྣག་ཁྲག་སོགས་སུ་མཐོང་ནས་འཐུང་མི་འདོད། །ནང་གི་སྒྲིབ་བ་ཅན་གྱི་ཡི་དྭགས་ཁ་ནི་ཁབ་ཀྱི་མིག་ཙམ་དང་། །མགྲིན་པ་རྟ་རྔ་ཙམ་དང་ཡན་ལག་འཇག་སྐྱ་ཙམ་དང་ལྟོ་བའི་ཚད། །རི་གཏོས་ཙམ་ཡོད་ཟས་སྐོམ་མི་རྙེད་རྙེད་ཀྱང་ཁ་རུ་མ་ཤོང་ཞིང་། །ཅུང་ཟད་ཤོང་ཡང་མགྲིན་པར་མི་ཐར་ཐར་ཀྱང་ལྟོ་བ་མི་ཁེངས་ཤིང་། །ཁེངས་ཀྱང་རྐང་ལག་རྣམས་ཀྱིས་མི་ཐེག་སྡུག་བསྔལ་སྔར་བས་ཆེ་བ་མྱོང་། །ཟས་སྐོམ་སྒྲིབ་པ་ཅན་གྱིས་ཟས་སྐོམ་སྤྱད་ན་མེ་འབར་ལུས་པོ་འཚིག །ལྗན་ལྗིན་ཟ་བ་ཞེས་བྱས་གཤང་གཅི་སྤྱོད་དང་ཁ་ཅིག་རང་ཤ་ཟ། །དེ་དག་རྣམས་ལ་དགུན་དུས་ཉི་མ་གྲང་ལ་དཔྱིད་དུས་ཟླ་བའང་ཚ། །ཁ་འཐོར་མི་ཡི་ཡུལ་ན་ཡོད་གསུངས་ཚེ་ཚད་མི་ཡི་ཟླ་བ་གཅིག །ཞག་ཏུ་བྱས་པས་རང་ལོ་ལྔ་བརྒྱ་ལྔ་སྟོང་ཁྲི་སོགས་ཐུབ་པར་བཤད། །དེ་རུ་སྐྱེ་བའི་རྒྱུ་ནི་མི་དགེ་བཅུ་པོ་འབྲིང་ཙམ་བྱས་པ་དང་། །ཁྱད་པར་སེར་སྣ་ཤས་ཆེར་བརྟེན་དང་བརྣབ་སེམས་མང་པོ་བྱས་པ་དང་། །གཞན་གྱི་ནོར་རྫས་མ་བྱིན་པ་རྣམས་བླངས་
པ་ལ་སོགས་ཡིན་ཞེས་གསུངས། །ཤི་ནས་སྔར་བྱས་ལས་ཀྱི་དེ་འདྲ་ཞིག་ཏུ་སྐྱེས་ན་ཅི་ཞིག་བྱ། །དེ་ལ་འཇིགས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དུད་འགྲོ་བྱིངས་ན་གནས་པ་རི་རབ་ཆུ་མཚམས་མན་ཆད་ཁོང་གསེང་གི །མུན་པར་རབ་ཏུ་གནག་པར་ཡོད་པས་ལུས་ཀྱི་ཆེ་ཆུང་མདོག་དབྱིབས་སོགས། །མ་ངེས་སྣ་ཚོགས་ཆང་གི་སྦང་མ་ལྟ་བུར་ཡོད་པས་ཆེ་བ་ཡིས། །ཆུང་བ་ཁྱུར་མིད་བྱེད་ཅིང་ཆུང་བ་མང་པོ་འདུས་ནས་ཆེ་བ་ཟ། །ལུས་པོ་ཕར་ཐལ་ཚུར་ཐལ་འབིགས་ཤིང་མུན་པ་ཤིན་ཏུ་གནག་པ་ཡིས། །ལག་པའི་བརྐྱང་བསྐུམས་ཙམ་ཡང་མི་མཐོང་ཆེ་བས་ཆུང་བ་རབ་ཏུ་མནན། །དབུགས་ཀྱིས་འབྱུང་རྔུབ་ཙམ་ཡང་མི་ནུས་སྡུག་བསྔལ་ཡུན་རིང་ཉམས་སུ་མྱོང་། །དུད་འགྲོ་ཁ་འཐོར་ལྷ་དང་མི་ཡི་ཡུལ་ན་ཡོད་པ་ཐམས་ཅད་ནི། །རི་དྭགས་རྣམས་ནི་རྔོན་པ་ཁྱི་ཡིས་བདས་ནས་བྲོས་ཀྱང་མི་ཐར་གསོད། །ཕན་ཚུན་གཅིག་གིས་གཅིག་གསོད་སྲོག་ཆགས་ཕྲ་མོ་ཉི་མས་འཚིག་པ་དང་། །དུད་འགྲོ་ཀླུ་ཡི་རིགས་སུ་གྱུར་པ་བྱེ་ཚན་མཁའ་ལྡིང་འཇིགས་པ་དང་། །ལྷ་དང་མི་ཡི་དབང་དུ་གྱུར་པ་རྣམས་ནི་
བཀོལ་དང་སྣ་འབིགས་ཤིང་། །མི་ཐེག་བཞིན་དུ་ཁལ་འགེལ་འཕོང་ལ་བརྡུང་ཚེ་རོ་སྨད་འཁྱོགས་ནས་འགྲོ། །མ་བཟོད་འུ་ཐུག་འགྱེལ་ལ་ཁད་བྱས་ལུས་པོ་ན་ཚས་གང་བཞིན་འཁུར། །འཕོང་ཟད་རྒྱབ་རྣམས་སྒལ་པས་ཁེངས་ཀྱང་སོས་དལ་ཉིན་གཅིག་སྡོད་དབང་མེད། །ལ་ལ་ཤ་ཁྲག་ཆེད་དུས་ལ་བསྒྱེལ་ནས་གསོད་གྲབས་བྱས་པའི་ཚེ། །སྐྲག་ནས་གསོད་མཁན་ངོ་ལ་མིག་གིས་ཧྲིག་ཧྲིག་བལྟས་ཀྱང་དབང་མེད་དུ། །ཁ་བསུམ་ཡང་ན་གྲི་ཡིས་མགོ་གཅོད་ཡང་ན་ལྟོ་བ་ཕྲལ་ནས་གསོད། །གཞན་ཡང་དབང་པོ་གཅོད་དང་སྤུ་བྲེགས་རྨོ་དང་བཅིང་དང་བཞོ་བ་དང་། །བཀྲེས་ཤིང་སྐོམ་དང་ཚ་གྲང་ལ་སོགས་སྡུག་བསྔལ་དཔག་ཏུ་མེད་པ་ཡོད། །མཐའ་དག་བླུན་ཞིང་ལྐུག་པ་བླང་དོར་མི་ཤེས་ལམ་གྱི་སྣོད་མི་རུང་། །ཚེ་ཚད་རིང་མཐའ་བསྐལ་པར་གནས་དང་ཐུང་བ་སྔ་དྲོ་ཕྱི་དྲོ་ཙམ། །དུད་འགྲོར་སྐྱེ་བའི་རྒྱུ་ནི་མི་དགེ་བཅུ་པོ་ཆུང་ངུ་སྤྱད་པ་དང་། །ཁྱད་པར་ཆོས་སྤངས་པ་དང་ཆོས་དང་ཆོས་སྨྲ་བ་ལ་མ་གུས་དང་། །བསྟན་ལ་ཞུགས་པ་རྣམས་ཀྱིས་ཕན་ཚུན་སྐྱོན་བརྗོད་བྱས་པ་སོགས་ཡིན་
གསུངས། །ཤི་ནས་ལས་ཀྱི་དབང་གིས་དེ་འདྲ་ཞིག་ཏུ་སྐྱེས་ན་ཅི་ཞིག་བྱ། །དེ་ལ་འཇིགས་པར་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མདོར་ན་ད་ལྟ་ལག་པ་མེ་དོང་བཅུག་ནས་ཞག་གཅིག་སྡོད་པ་དང་། །དགུན་གྱི་ཁ་རླུང་འཚུབ་དུས་གོས་མེད་གཅེར་བུར་ཞག་གཅིག་སྡོད་པ་དང་། །ཉི་མ་གསུམ་བཞི་ཙམ་ལ་བཟའ་བཏུང་གང་ཡང་མེད་པར་སྡོད་པ་དང་། །ས་རྡོ་མང་པོའི་ཁྲོད་དུ་འགུལ་སྐྱོད་མི་ནུས་སྡོད་དགོས་ལྟ་བུ་ཞིག །བྱུང་ན་བཟོད་བསྲན་སུ་ཡིས་མི་ཐུབ་མངོན་སུམ་གྲུབ་པ་དེ་ལྟར་ན། །ངན་སོང་གསུམ་གྱི་སྡུག་བསྔལ་སྟོབས་ཆེ་ཤུགས་དྲག་བཟོད་པར་ག་ལ་ནུས། །ཤི་ནས་སྔར་བྱས་ལས་ཀྱི་དབང་གིས་དེ་རུ་སྐྱེས་ན་ཅི་ཞིག་བྱ། །དེ་ལ་འཇིགས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཆོས་ཀྱི་སྒྲ་ཙམ་མི་ཐོས་མུན་བསྐལ་མཚན་མོ་སྤྲིན་ནག་འཁྲིགས་པ་ཡི། །སྨག་རུམ་ལྟ་བུ་ཆོས་དང་མཇལ་རྒྱུ་ཡོད་པའི་སྒྲོན་བསྐལ་སྨག་རུམ་ན། །གློག་འགྱུ་བཞིན་དུ་དཀོན་པའི་སྔོན་ཆད་སྡིག་པ་རྒྱ་མཚོ་ཙམ་བསགས་ནས། །དགེ་བ་ཀུ་ཤའི་རྩེར་བླངས་ཆུ་ཐིགས་བཞིན་དུ་བསགས་པ་ཤིན་ཏུ་ཉུང་། །དེ་ཡི་སྟེང་
དུ་མི་ཚེ་འདིར་ཡང་མི་དགེའི་ལས་ནི་མང་པོ་བསགས། །དགེ་བ་ལེགས་པོ་ཉིན་གཅིག་བྱས་པ་རང་ལ་དྲན་རྒྱུ་མི་འདུག་པས། །ཤི་མ་ཐག་ཏུ་ངན་སོང་གནས་སུ་ལྷུང་ནས་སྡུག་བསྔལ་མྱོང་བར་ངེས། །དཔེར་ན་རང་ལ་གནོད་པའི་དགྲ་ཞིག་ལོ་གཅིག་ཚུན་ལ་འོང་ངེས་ཤིང་། །དེ་ཡི་བར་ལ་ནམ་འོང་ཆ་མེད་ཤེས་ན་དལ་བར་མི་སྡོད་པར། །ཕ་རོལ་དགྲ་ཡི་འཇིགས་ལས་སྐྱོབ་མཁན་དཔོན་ཞིག་མྱུར་དུ་འཚོལ་དགོས་ལྟར། །ངན་སོང་སྡུག་བསྔལ་རང་གི་ཐོག་ཏུ་ལོ་བརྒྱ་ཚུན་ལ་འོང་ངེས་ཤིང་། །ཟླ་བ་ཕྱི་མ་མནར་མེད་དམྱལ་བ་གཉིས་ཀྱི་གང་སྔ་ཆ་མེད་པར། །ཤེས་ནས་ངན་སོང་འཇིགས་ལས་སྐྱོབ་པའི་སྐྱབས་ཤིག་མྱུར་དུ་འཚོལ་རེ་རན། །དཔེར་ན་ཕ་རོལ་དགྲ་ལས་སྟོབས་དང་ཁ་དྲག་ཆུང་བའི་དཔོན་ཞིག་གིས། །རང་ཉིད་ཕ་རོལ་དགྲ་ཡི་འཇིགས་ལས་སྐྱོབ་པར་མི་ནུས་ཇི་བཞིན་དུ། །ཚངས་པ་ཁྱབ་འཇུག་དབང་ཕྱུག་ལ་སོགས་ལྷ་མི་མཐུ་བོ་ཆེ་བསྟེན་ཀྱང་། །ངན་སོང་འཇིགས་ལས་སྐྱོབ་པར་མི་ནུས་དཔེར་ན་ཕ་རོལ་དགྲ་བོ་ལས། །སྟོབས་དང་མངའ་ཐང་ཆེ་བའི་དཔོན་གྱིས་རང་ཉིད་དགྲ་ཡི་འཇིགས་
པ་ལས། །སྐྱོབ་པར་ནུས་བཞིན་ངན་འགྲོའི་འཇིགས་ལས་དཀོན་མཆོག་གསུམ་གྱིས་སྐྱོབ་པར་ངེས། །སངས་རྒྱས་སྐུ་ཡི་ཡོན་ཏན་སྐུ་མདོག་གསེར་མདོག་དབུ་ལ་གཙུག་ཏོར་ལྡན། །མཚན་བཟང་སུམ་ཅུ་རྩ་གཉིས་དང་ལྡན་དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས། །ན་བཟའ་ཆོས་གོས་རྣམ་གསུམ་གསོལ་ཞིང་རབ་མཛེས་བལྟ་བས་ཆོག་མི་ཤེས། །མཐོང་ན་མི་མ་ཐུན་མེད་ཅིང་མཐོང་བ་ཙམ་གྱིས་དོན་དང་ལྡན་པར་བྱེད། །གསུང་གི་ཡོན་ཏན་པི་ཝང་གླིང་བུའི་སྒྲ་ལས་གསུང་གི་སྒྲ་སྙན་ཞིང་། །འཇིག་རྟེན་ཁམས་ཀྱི་སེམས་ཅན་ཀུན་གྱིས་དུས་གཅིག་དྲི་བ་མི་འདྲ་བ། །རེ་རེ་ཞུས་ཀྱང་གསུང་སྙན་ཡན་ལག་དྲུག་ཅུ་རྩ་བཞིའི་གདངས་དབྱངས་ཀྱིས། །ལེགས་སྦྱར་སྐད་ནི་ལྟ་བུ་གཅིག་གི་སྒོ་ནས་དྲི་བར་ལན་མཛད་ཀྱང་། །འགྲོ་བ་སོ་སོའི་སྐད་དུ་གོ་སྟེ་ཐེ་ཚོམ་མཐའ་དག་གཅིག་ཆར་སེལ། །ཐུགས་ཀྱི་མཁྱེན་པའི་ཡོན་ཏན་ཤེས་བྱ་མཐའ་དག་ལག་མཐིལ་སྐྱུ་རུ་ར། །རློན་པ་བཞག་བཞིན་ས་ལེར་མཁྱེན་པས་གདུལ་བྱ་འདུལ་བའི་ཐབས་ལ་མཁས། །བརྩེ་བའི་ཡོན་ཏན་དཔེར་ན་མི་གཉིས་གཅིག་གིས་གཡས་ནས་ཙན་དན་གྱི། །ལྡེ་
གུས་སྐུ་ལ་བྱུག་དང་གཅིག་གིས་གཡོན་ནས་སྟ་གྲིས་གཤག་ན་ཡང་། །མི་དེ་གཉིས་ལ་ཉེ་རིང་མི་མངའ་འགྲོ་བ་རིགས་དྲུག་སེམས་ཅན་ལ། །དཔེར་ན་མ་ཡིས་བུ་ལ་བརྩེ་ལྟར་ཐུགས་རྗེ་རྒྱུན་འཆད་མེད་པར་སྐྱེ། །འཕྲིན་ལས་ཡོན་ཏན་འགྲོ་བ་ཐམས་ཅད་སྒྲོལ་བའི་ནུས་མཐུ་ཡོངས་རྫོགས་པས། །གཞན་ལ་ཕན་པར་འགྱུར་ན་ཚ་བའི་དམྱལ་བའི་མེ་ནང་ཡིན་ན་ཡང་། །རབ་ཏུ་སྤྲོ་བ་དང་བཅས་ཐོགས་པ་མེད་པར་ཞུགས་ནས་དོན་མཛད་འགྱུར། །མདོར་ན་སངས་རྒྱས་རང་ཉིད་འཇིགས་པ་ཀུན་ལས་གྲོལ་ཞིང་འགྲོ་བ་གཞན། །འཇིགས་པ་ཀུན་ལས་སྒྲོལ་བའི་ཐབས་ལ་མཁས་ཤིང་ཐུགས་རྗེ་ཆེན་པོ་ཡིས། །ཀུན་ལ་ཉེ་རིང་མེད་པར་འཇུག་ཅིང་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི། །དོན་མཛད་པ་ནི་སངས་རྒྱས་ཡོན་ཏན་ཡིན་གྱི་དབང་ཕྱུག་སོགས་ལ་མེད། །སངས་རྒྱས་བཅོམ་ལྡན་འདས་ཀྱི་ཡོན་ཏན་དེ་དག་དམ་ཆོས་བསྒྲུབས་ལས་བྱུང་། །ཆོས་ནི་སྐྱོན་རྣམས་སེལ་ཞིང་ཡོན་ཏན་མཐའ་དག་སྒྲུབ་བའི་བདག་པོ་ཡིན། །བྱམས་པ་འཇམ་དབྱངས་སྤྱན་རས་གཟིགས་སོགས་བྱང་ཆུབ་སེམས་དཔའི་དགེ་
འདུན་དང་། །འོད་སྲུངས་ཆེན་པོ་མཆོག་ཟུང་གཉིས་ལ་སོགས་པའི་ཉན་ཐོས་དགེ་འདུན་གྱིས། །དམ་ཆོས་དེ་ཉིད་རྟག་ཏུ་གཡེལ་བ་མེད་པར་ཚུལ་བཞིན་སྒྲུབ་པར་བྱེད། དེ་དག་ལ་ཡང་སྐུ་གསུང་ཐུགས་ཡོན་བསམ་གྱིས་མི་ཁྱབ་མངའ་བ་ཡིན། །དེ་ལྟར་སངས་རྒྱས་ཆོས་དང་དགེ་འདུན་གསུམ་གྱི་ཡོན་ཏན་དྲན་བྱས་ནས། །སྤྱི་བོའི་བླ་མ་ཐུབ་དབང་ཐུགས་ཀའི་སྐྱབས་ཡུལ་ནམ་མཁའ་གང་བར་སྤྲོས། །དེ་དག་བླ་མ་ཐུབ་དབང་མཐའ་བསྐོར་འཇའ་འོད་ཀློང་དུ་བཞུགས་པར་གྱུར། །རང་ཉིད་ངན་འགྲོའི་འཇིགས་པས་སྐྲག་དང་དཀོན་མཆོག་སྐྱོབ་པའི་ནུས་ལྡན་དུ། །ཤེས་ཤིང་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོའི་ཀུན་སློང་དང་བཅས་པས། །བདག་དང་འགྲོ་བ་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱིས། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་བྱང་ཆུབ་བར་དུ་སྐྱབས་སུ་མཆི། །སྐྱིད་སྡུག་ཅི་ཞིག་བྱུང་ཡང་སྐྱབས་མགོན་རེ་ས་གཞན་ན་མ་མཆིས་པས། །འཁོར་བའི་སྡུག་བསྔལ་སྤྱི་དང་ཁྱད་པར་ངན་འགྲོའི་འཇིགས་ལས་བསྐྱབ་ཏུ་གསོལ། །ཚོགས་ཞིང་རྣམས་ཀྱི་སྐུ་ལས་བདུད་རྩི་སྣ་ལྔ་འོད་ཟེར་
བཅས་པའི་རྒྱུན། །རྒྱུན་ཆད་མེད་པར་བྱུང་ནས་བདག་གཞན་འགྲོ་བ་ཀུན་གྱི་ལུས་ལ་ཞུགས། །ཞུགས་མ་ཐག་ཏུ་ཉི་མའི་འོད་ཀྱིས་གྲིབ་མ་དེད་བཞིན་སྡིག་སྒྲིབ་ཀུན། །ཀུན་ཀྱང་ལྷག་མེད་དག་ནས་ཚེ་བསོད་ལུང་རྟོགས་ཡོན་ཏན་རྒྱས་པར་གྱུར། །ཚོགས་ཞིང་ཐམས་ཅད་སླར་ཡང་བླ་མ་ཐུབ་དབང་ཐུགས་ཀར་ཐིམ་པར་གྱུར། །སངས་རྒྱས་སྐྱབས་སུ་སོང་བས་འཇིག་རྟེན་ལྷ་ལ་གཏན་གྱི་སྐྱབས་མི་འཚོལ། །ཆོས་ལ་སྐྱབས་སུ་སོང་བས་སེམས་ཅན་རྣམས་ལ་གནོད་འཚེ་མི་བྱེད་ཅིང་། །དགེ་འདུན་རྣམས་ལ་སྐྱབས་སུ་སོང་བས་བསླུ་མེད་དཀོན་མཆོག་རྣམ་གསུམ་ལ། །ཡིད་མི་ཆེས་པའི་མི་དང་མུ་སྟེགས་པ་དང་ལྷན་ཅིག་འགྲོགས་མི་བྱ། །སངས་རྒྱས་སྐུ་གཟུགས་བཟོ་དང་རྒྱུ་ངན་ལ་ཡང་སངས་རྒྱས་དངོས་སུ་མོས། །གསུང་རབ་ཚིག་བཞི་ཡན་ཆད་ལ་ཡང་དམ་ཆོས་དཀོན་མཆོག་ཡིན་པར་མོས། །རབ་ཏུ་བྱུང་བའི་རྟགས་ཙམ་འཛིན་པ་ལ་ཡང་དགེ་འདུན་དཀོན་མཆོག་ཏུ། །མོས་པའི་སྒོ་ནས་སྒོ་གསུམ་མི་གུས་སྤངས་ནས་མཆོད་བསྟོད་བཀུར་བར་བྱ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་བའི་
གནས་སྐབས་མཐར་ཐུག་ཕན་ཡོན་ནི། །ནང་པ་སངས་རྒྱས་པར་ཆུད་སྡོམ་པ་ཀུན་གྱི་རྟེན་དུ་འགྱུར་བ་དང་། །སྔར་བསགས་ལས་སྒྲིབ་སྲབ་ཅིང་འཛད་དང་བསོད་ནམས་རྒྱ་ཆེན་ཐོབ་པ་དང་། །ངན་འགྲོར་མི་ལྟུང་མི་དང་མི་མིན་གནོད་པས་མི་ཚུགས་ཅི་བསམ་འགྲུབ། །མྱུར་དུ་སངས་རྒྱས་འཐོབ་པ་ལ་སོགས་སྐྱབས་སོང་བསོད་ནམས་གཞལ་མི་ནུས། །དེ་ཕྱིར་དཀོན་མཆོག་གཏན་གྱི་སྐྱབས་སུ་བཟུང་ནས་རྒྱུན་ཏུ་སྐྱབས་འགྲོ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བས་བདེ་བ་འབྱུང་མི་འགྱུར། །དགེ་ལས་འབྲས་བུ་བདེ་བ་ཁོ་ན་འབྱུང་བས་སྡུག་བསྔལ་འབྱུང་བ་མིན། །ད་ལྟ་ཚ་བས་གདུང་བའི་དུས་སུ་རླུང་ནི་བསིལ་པོ་རང་ལུས་ལ། །ཕོག་པ་ཡན་ཆད་བདེ་བ་སྔོན་གྱི་དགེ་བའི་ལས་ཀྱི་འབྲས་བུ་ཡིན། །ཚེར་མ་ཟུག་པ་ཡན་ཆད་སྡུག་བསྔལ་སྔོན་གྱི་མི་དགེའི་འབྲས་བུ་ཡིན། །དགེ་སྡིག་ཆུང་ངུ་བྱས་ཀྱང་འཕེལ་ནས་འབྲས་བུ་ཆེན་པོ་འབྱིན་པ་སྟེ། །སྔོན་དུས་དགེ་ཚུལ་ཀྱུན་དེས་དགེ་སློང་དབྱངས་ནི་མི་སྙན་པ་ཞིག་ལ། །ཁྱོད་ཀྱི་དབྱངས་དེ་ཁྱི་ཞིག་ཟུག་པའི་
སྐད་དང་འདྲ་ཞེས་སྨྲས་པ་ཡིས། །སྐྱེ་བ་ལྔ་བརྒྱར་ཁྱི་ལུས་བླངས་བཞིན་མི་དེའི་ལས་ནི་འཕེལ་སྟོབས་ཆེ། །སྔོན་དུས་བྱིས་པ་གཅིག་གིས་སངས་རྒྱས་ས་ནི་སྙིམ་པ་གང་ཕུལ་བས། །ཆོས་རྒྱལ་མྱ་ངན་མེད་དུ་སྐྱེས་བཞིན་དགེ་བའི་ལས་ཀྱང་འཕེལ་སྟོབས་ཆེ། །དཔེར་ན་གྲོ་ནས་མ་བཏབ་འབྲས་བུ་ལོ་ཏོག་སྨིན་དང་མི་འཕྲད་བཞིན། །རྒྱུ་ཡི་དགེ་སྡིག་མ་བྱས་འབྲས་བུ་བདེ་སྡུག་གང་ཡང་འཕྲད་མི་སྲིད། །དཔེར་ན་ས་བོན་གང་བཏབ་སེར་བ་ལ་སོགས་རྐྱེན་གྱིས་མ་བཅོམ་ན། །ནམ་ཡང་ཆུད་ཟོས་ཅུང་ཟད་མི་འགྲོ་ལོ་ཏོག་ལེགས་པར་སྨིན་པ་བཞིན། །དགེ་བའི་ལས་ནི་གང་བྱས་ཞེ་སྡང་ལ་སོགས་རྐྱེན་གྱིས་མ་བཅོམ་ན། །ནམ་ཡང་ཅུང་ཟད་ཆུད་མི་ཟ་བར་འབྲས་བུ་བདེ་བ་སྨིན་པར་འགྱུར། །དཔེར་ན་ཁོག་ཏུ་སོང་བའི་དུག་དེ་སྨན་སྔགས་སོགས་ཀྱིས་མ་བཅོམ་ན། །ཅུང་ཟད་ཙམ་ཡང་ཆུད་ཟོས་མི་འགྲོ་བཟོད་མེད་སྡུག་བསྔལ་སྐྱེད་པ་བཞིན། །མི་དགེ་སྡིག་པའི་ལས་ནི་གང་བྱས་བཤགས་པ་སོགས་ཀྱིས་མ་སྦྱངས་ན། །ནམ་ཡང་ཆུད་ཟོས་མི་འགྲོ་འབྲས་བུ་སྡུག་བསྔལ་སྨིན་པར་འགྱུར་རོ་ཞེས། །ཐམས་
ཅད་མཁྱེན་པ་སངས་རྒྱས་གསུངས་ལ་ཡིད་ཆེས་ངེས་པ་རབ་བསྐྱེད་ནས། །སྡུག་བསྔལ་རྒྱུ་ཡི་མི་དགེ་བཅུ་སྤང་བདེ་རྒྱུ་དགེ་བཅུ་བསྒྲུབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མི་དང་མིར་ཆགས་རྟ་ནོར་ར་ལུག་རི་དྭགས་ཉ་སོགས་སྲོག་ཆགས་རྣམས། །མཚོན་ཆ་རྡོ་དང་དབྱུག་པ་དུག་དང་མཐུ་གཏད་ལ་སོགས་གང་ཡིན་གྱི། །སྒོ་ནས་རང་གིས་བསད་དམ་གཞན་ལ་གསོད་དུ་བཅུག་ནས་སྲོག་གཅོད་ལས། །ཆེན་པོ་བྱས་ན་དམྱལ་བར་སྐྱེ་ཞིང་འབྲིང་བྱས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་སྲོག་གཅོད་ལ་དགའ་ཚེ་ཐུང་ནད་མང་ཞིང་། །ཡུལ་ཕྱོགས་བཟའ་བཏུང་སྨན་དང་ལོ་འབྲས་ལ་སོགས་མཐུ་ཆུང་ཡུལ་དུ་སྐྱེ། །དེ་ཕྱིར་སྲོག་གཅོད་ལས་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་གྱི་གསེར་དངུལ་རྟ་ནོར་ལུག་གསུམ་ཇ་རས་གོས་དར་ལ་སོགས་པའི། །དངོས་པོ་ཆེ་ཆུང་གང་ཞིག་ཡིན་ཡང་འཕྲོག་གམ་འཕྲོག་ཏུ་
བཅུག་པ་དང་། །འཇབ་བུས་བརྐུས་དང་བརྐུ་རུ་བཅུག་དང་གཡར་བོ་བཅོལ་པོ་གཡོ་ཐབས་ཀྱིས། །ལེན་དང་གཞན་གྱི་ནོར་རྫས་བླངས་ནས་དེ་ཡི་སྐྱིན་པ་མི་འཇལ་དང་། །བྲེ་དང་རྒྱ་མར་གཡོ་སྒྱུ་བྱེད་པ་ལ་སོགས་སྒོ་ནས་མ་བྱིན་པ། །ཆེན་པོ་བླངས་ན་དམྱལ་བར་སྐྱེ་ཞིང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བླངས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་མ་བྱིན་ལེན་ལ་དགའ་ཞིང་ལོངས་སྤྱོད་ཆུང་། །ལོངས་སྤྱོད་གང་ཡོད་གཞན་དང་ཐུན་མོང་འགྱུར་ཞིང་ཡུལ་ཕྱོགས་ལོ་འབྲས་ཉུང་། །སད་སེར་ཐན་པ་ལ་སོགས་ཆེ་ཞིང་འབྲས་བུ་སྨིན་དཀའི་ཡུལ་དུ་སྐྱེ། །དེ་ཕྱིར་མ་བྱིན་ལེན་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་གྱི་ཆུང་མ་རྣམས་དང་རབ་བྱུང་མ་དང་བག་མར་མ་སོང་བ། །ཕ་ལ་སོགས་པས་བསྲུང་བ་རྣམས་དང་རྒྱལ་པོས་ཆད་པའི་ཁྲིམས་བཅས་དང་། །གཞན་གྱིས་གླ་གཞལ་སྨད་འཚོང་མ་དང་རང་གི་ཉེ་དུར་སྤྱོད་པ་དང་། །མངལ་སྒོ་མིན་པའི་ཁ་
དང་གཤང་ལམ་ཁྱེའུ་བུ་མོའི་བརླའི་བར་རམ། །རང་གི་ལག་པའི་སོར་མོ་སོགས་ཀྱི་རྩོལ་བས་ཁུ་བ་འབྱིན་པ་དང་། །བླ་མ་ཕ་མ་ལྟ་བུའི་ཉེ་འཁོར་སྐུ་གཟུགས་དམ་ཆོས་མཆོད་རྟེན་དང་། །སྐྱེ་བོ་མང་པོས་མཐོང་བའི་གནས་དང་སྤྱོད་ཡུལ་དེ་ལ་གནོད་པ་ཡི། །ས་ཕྱོགས་མི་བདེ་འབར་འབུར་ཅན་དང་སྲ་བ་སོགས་ནས་སྤྱོད་པ་དང་། །ཟླ་མཚན་འཛག་པའི་དུས་སྐབས་རྣམས་དང་ཟླ་བ་ཚང་བའི་སྦྲུམ་མ་དང་། །ནུ་ཞོ་འཛག་པའི་བུ་ཆུང་བཅས་དང་བསྙེན་གནས་བསྲུང་དང་ཉིན་མོ་དང་། །ནད་དང་ལྡན་པ་མྱ་ངན་བྱེད་དང་མི་མོས་པ་དང་ལྔ་ལས་ལྷག །རང་གིས་སྤྱད་དམ་ཡང་ན་གཞན་ལ་སྤྱོད་དུ་བཅུག་ནས་མི་ཚངས་པ། །ཆེན་པོ་སྤྱད་ན་དམྱལ་བར་སྐྱེ་དང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྤྱད་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་མི་ཚངས་སྤྱོད་ལ་དགའ་དང་གཡོག་འཁོར་ལ། །ཡིད་བརྟན་མི་རུང་བ་དང་ཆུང་མ་འགྲན་ཟླ་བཅས་དང་ཡུལ་ཕྱོགས་ནི། །གཤང་གཅི་འདམ་རྫབ་ལྗན་ལྗིན་མི་གཙང་དྲི་ང་མང་བའི་ཡུལ་དུ་སྐྱེ། །དེ་ཕྱིར་མི་ཚངས་སྤྱོད་ནི་ངོ་ལྐོག་གང་དུ་དུག་
བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མིག་གིས་གཟུགས་ནི་མཐོང་ལ་མ་མཐོང་མ་མཐོང་ཞེས་སྨྲ་བ་དང་། །དེ་བཞིན་རྣ་བ་སྣ་དང་ལྕེ་དང་ལུས་དང་ཡིད་ཀྱི་དབང་པོ་ལ། །བརྟེན་ནས་རྫུན་གཏམ་སྨྲ་དང་དང་དུ་ལེན་ནམ་ལུས་ཀྱིས་བརྡ་སྟོན་དང་། །གཞན་ལ་དེ་ལྟར་བྱེད་དུ་འཇུག་པ་ལ་སོགས་སྒོ་ནས་རྫུན་གྱི་ཚིག །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ་དང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་རྫུན་ལ་དགའ་དང་སྐུར་བ་འདེབས་མཁན་མང་། །གཞན་གྱིས་བསླུ་བར་འགྱུར་དང་ཡུལ་ཕྱོགས་རྫུན་གྱིས་ཕལ་ཆེར་བསླུ་བ་དང་། །འཇིགས་དང་འཇིགས་སུ་རུང་བའི་རྒྱུ་ཡང་མང་པོ་ལྡན་པའི་ཡུལ་དུ་སྐྱེ། །དེ་ཕྱིར་རྫུན་གྱི་ཚིག་རྣམས་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །བདེན་པའི་ཚིག་གམ་རྫུན་ཚིག་གཉིས་ཀྱི་གང་རུང་སྒོ་ནས་སེམས་ཅན་གཞན། །མཐུན་པ་རྣམས་ནི་ཕན་ཚུན་དབྱེ་དང་མི་
མཐུན་པ་རྣམས་མི་འདུམས་པ། །རང་གིས་བྱེད་དམ་གཞན་གྱིས་མི་ལ་བྱེད་དུ་བཅུག་ནས་ཕྲ་མ་ནི། །ཆེན་པོ་བྱས་ན་དམྱལ་པར་སྐྱེ་དང་འབྲིང་བྱས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་ཕྲ་མ་སྨྲ་ལ་དགའ་དང་འཁོར་གཡོག་ངན། །མི་འདུམས་པ་དང་ས་ཕྱོགས་འབར་འབུར་ལྗན་ལྗོན་མཐོ་དམན་ཆེ་བ་དང་། །ངམ་གྲོག་གཡང་ས་གཅོང་རོང་ལ་སོགས་བགྲོད་པར་དཀའ་བའི་ཡུལ་དུ་སྐྱེ། །དེ་ཕྱིར་ཕྲ་མ་འདི་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རབ་ཏུ་བྱུང་དང་སྐྱེ་བོ་པོ་མོ་རྣམས་ལ་སྡོམ་ཤོར་ཁྱི་རྒན་དང་། །བདུད་མོ་ལ་སོགས་མི་སྙན་སྨྲ་དང་སོད་ཆོད་གཏུབས་དང་རྒྱོབ་ལ་སོགས། །ཕ་རོལ་གཞན་གྱི་སེམས་ལ་གནོད་པའི་ཚིག་ངན་རྣམ་པ་སྣ་ཚོགས་པ། །རང་གིས་སྨྲ་འམ་ཡང་ན་གཞན་ལ་སྨྲ་རུ་བཅུག་ནས་ཚིག་རྩུབ་ནི། །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ་དང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་
མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་ཚིག་རྩུབ་སྨྲ་ལ་དགའ་དང་མི་སྙན་ཐོས། །འཐབ་མོའི་ཚིག་ཏུ་འགྱུར་དང་ཡུལ་ཕྱོགས་སྡོང་དུམ་ཚེར་མ་མང་བ་དང་། །རྡོ་དང་གསེག་མ་གྱོ་མོ་མང་སོགས་རབ་ཏུ་རྩུབ་པའི་ཡུལ་དུ་སྐྱེ། །དེ་ཕྱིར་ཚིག་རྩུབ་རྣམས་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །འཐབ་མོ་མཚང་འདྲུ་རྩོད་འགྱེད་ཚིག་སྨྲ་ཕྱི་རོལ་བསྟན་བཅོས་བཀླག་པ་དང་། །རྒྱལ་བློན་ཆོམ་རྐུན་དམག་ལ་སོགས་པའི་འདུ་འཛིའི་གཏམ་རྣམས་སྨྲ་བ་དང་། །གླུ་དང་གར་གྱི་ཚིག་རྣམས་བརྗོད་དང་དགའ་མགུར་སྤྱོད་པ་སྨྲ་བ་དང་། །ཤིན་ཏུ་ཉམ་ཐག་སྨྲེ་སྔགས་ཚིག་དང་ལོག་པའི་འཚོ་བའི་སྨྲ་བ་སོགས། །སྨྱོན་པ་བཞིན་དུ་ཁ་ནས་དོན་མེད་མཐོ་བཤད་དམའ་བཤད་སྣ་ཚོགས་པ། །རང་གིས་སྨྲ་འམ་ཡང་ན་གཞན་ལ་སྨྲ་རུ་བཅུག་ནས་ངག་འཁྱལ་ཚིག །ཆེན་པོ་སྨྲས་ན་དམྱལ་བར་སྐྱེ་དང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་སྨྲས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་ངག་འཁྱལ་
ལ་དགའ་ཚིག་གཟུང་མི་འོས་ཤིང་། །མ་ངེས་སྤོབས་པར་འགྱུར་དང་ཡུལ་ཕྱོགས་ལྗོན་ཤིང་རྣམས་ལ་འབྲས་མི་ཆགས། །དུས་མིན་འབྲས་ཆགས་དུས་སུ་མི་ཆགས་མ་སྨིན་སྨིན་པར་སྣང་བ་དང་། །རྩ་བ་མི་བརྟན་པ་དང་རིང་དུ་མི་གནས་པ་སོགས་ཡུལ་དུ་སྐྱེ། །དེ་ཕྱིར་ངག་འཁྱལ་ཚིག་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་གྱིས་བདག་ཏུ་བཟུང་བའི་དངོས་པོ་རྟ་ནོར་རྒྱན་གོས་གནས་ཁང་དང་། །འཁོར་གཡོག་ལ་སོགས་གང་ཡང་རང་ལ་བྱུང་ན་སྙམ་པའི་བརྣབ་སེམས་ནི། །ཆེན་པོ་བྱས་ན་དམྱལ་བར་སྐྱེ་དང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་བརྣབ་སེམས་ལ་དགའ་འདོད་པ་ཤིན་ཏུ་ཆེ། །ཆོག་མི་ཤེས་དང་ཡུལ་ཕྱོགས་ཕུན་སུམ་ཚོགས་པ་ཐམས་ཅད་ལོ་རེ་དང་། །ཟླ་བ་ཞག་རེ་ལ་ཡང་ཉམས་ཤིང་བྲི་ལ་མི་འཕེལ་ཡུལ་དུ་སྐྱེ། །དེ་ཕྱིར་བརྣབ་སེམས་འདི་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་
པོས་བྱིན་གྱིས་རློབས། །རང་དང་མི་མཐུན་པ་ལ་སོགས་པ་རང་གིས་གསོད་བཅིང་བརྡེག་སྙམ་དང་། །གཞན་ལ་ན་ཚ་ཤི་གོད་ལ་སོགས་བྱུང་ན་སྙམ་པའི་གནོད་སེམས་ནི། །ཆེན་པོ་བྱས་ན་དམྱལ་བར་སྐྱེ་དང་འབྲིང་གིས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་གནོད་པའི་སེམས་ལ་དགའ་དང་མི་ཕན་འཚོལ། །ཕན་པ་མི་འཚོལ་བ་དང་ཡུལ་ཕྱོགས་ནད་ཡམས་འཁྲུག་པ་མང་བ་དང་། །ཆོམ་རྐུན་གཅན་གཟན་སྤྲུལ་ལ་སོགས་པའི་གནོད་པ་མང་བའི་ཡུལ་དུ་སྐྱེ། །དེ་ཕྱིར་གནོད་པའི་སེམས་ནི་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ལེགས་པར་སྤྱད་དང་ཉེས་པར་སྤྱད་པ་ལ་སོགས་མེད་པར་འདོད་པ་དང་། །ཕྱག་དང་བསྐོར་བ་ཁ་ཏོན་ལ་སོགས་རྣམ་དཀར་དགེ་ལ་བརྩོན་བྱས་ཀྱང་། །ཚེ་དང་བསོད་ནམས་མངའ་ཐང་མི་རྒྱས་འབྲས་བུ་བདེ་བ་འབྱུང་བ་མེད། །སྲོག་གཅོད་ལ་སོགས་མི་དགེ་བཅུ་པོ་བྱས་ཀྱང་འབྲས་བུ་སྡུག་བསྔལ་མེད། །
ཕ་དང་མ་མེད་འཇིག་རྟེན་སྔ་ཕྱི་མེད་དང་སེམས་ཅན་རྫུས་སྐྱེས་མེད། །འཇིག་རྟེན་ཁམས་ན་དགྲ་བཅོམ་པ་སོགས་མེད་པར་འདོད་པའི་ལོག་ལྟ་ནི། །ཆེན་པོ་བྱས་ན་དམྱལ་བར་སྐྱེ་དང་འབྲིང་བྱས་ཡི་དྭགས་གནས་སུ་སྐྱེ། །ཆུང་ངུ་བྱས་ན་དུད་འགྲོའི་གནས་སུ་སྐྱེས་ནས་སྡུག་བསྔལ་ཡུན་རིང་མྱོང་། །ཐར་ནས་མི་རུ་སྐྱེས་ཀྱང་ལོག་ལྟ་བྱེད་ལ་དགའ་དང་ལྟ་བ་ངན། །གཡོ་སྒྱུ་ཅན་དུ་འགྱུར་དང་ཡུལ་ཕྱོགས་རིན་པོ་ཆེ་ལ་སོགས་པ་ཡི། །འབྱུང་ཁུངས་བཟང་པོ་མི་ལྡན་པ་དང་དངོས་པོ་མི་གཙང་ངན་པའི་རིགས། །མང་ཞིང་སྐྱབས་དང་དཔུང་གཉེན་རྣམས་ནི་གང་ཡང་མེད་པའི་ཡུལ་དུ་སྐྱེ། །དེ་ཕྱིར་ལོག་པར་ལྟ་བ་ངོ་ལྐོག་གང་དུ་དུག་བཞིན་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཡང་ལྕིའི་ཚད་ནི་དུག་གསུམ་དྲག་པོས་མི་དགེ་བཅུ་ཡི་གང་བྱས་ལྕི། །སྔོན་ཆད་བྱས་སམ་བྱེད་པ་ཕྱིན་ཆད་བྱེད་འགྱུར་བ་ལ་དགའ་བ་དང་། །རང་ཡང་བྱེད་ལ་གཞན་གྱི་མི་ལ་དེ་ལྟར་བྱེད་དུ་འཇུག་པ་དང་། །དེ་ཡི་བསྔགས་པ་བརྗོད་དང་དེ་འདྲ་མཐོང་ན་ཡིད་ནི་དགའ་བ་དང་། །ཡུན་རིང་བསམས་ཤིང་བསགས་པའི་
སེམས་ཀྱིས་བྱེད་དང་རྟག་ཏུ་བྱེད་པ་དང་། །ལན་རེ་ལ་ཡང་མི་དགེ་བཅུ་ཡི་གང་ཡང་མང་པོ་བྱས་ན་ལྕི། །བསྙེན་གནས་མཆོད་སྦྱིན་ཕྱག་སྐོར་ལ་སོགས་ཚོགས་གསོག་སྒྲིབ་སྦྱོང་མ་བྱས་ལྕི། །མཆོད་སྦྱིན་ཕྱིར་དུ་བྱས་ན་ཉེས་པ་མེད་དོ་སྙམ་ནས་བྱས་ན་ལྕི། །སྲོག་གཅོད་ནང་ནས་ལྕི་བ་སྡུག་བསྔལ་དྲག་པོ་བསྐྱེད་ནས་གསོད་པ་དང་། །འཇིགས་པ་བསྐྱེད་ནས་བྱ་བ་མིན་པ་བྱེད་དུ་བཅུག་ནས་གསོད་པ་དང་། །དུད་འགྲོ་ལུས་བོང་ཆེ་དང་མིའམ་མིར་ཆགས་པ་དང་ཕ་མ་དང་། །ཕུ་ནུ་མཛའ་བཤེས་བླ་མ་གསོད་པ་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །མ་བྱིན་ལེན་གྱི་ནང་ནས་ལྕི་བ་དངོས་པོ་རིན་ཐང་ཆེ་བ་དང་། །མང་དང་དམན་པ་བཀྲེན་པ་རབ་བྱུང་དགེ་འདུན་མཆོད་རྟེན་ལ་སོགས་པའི། །ནོར་རྫས་བརྐུས་དང་འཕྲོག་པ་རྣམས་ནི་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །མི་ཚངས་སྤྱོད་ཀྱི་ནང་ནས་ལྕི་བ་མ་སྲིང་གྲོགས་ཀྱི་ཆུང་མ་དང་། །དགེ་སློང་མ་དང་དགེ་སློབ་མ་དང་དགེ་ཚུལ་མ་ལ་ཞུགས་པ་དང་། །ཁར་འཇུག་པ་དང་བསྙེན་གནས་གནས་དང་སྦྲུམ་མ་ཟླ་བ་ཚང་བ་དང་། །ནད་དང་ལྡན་པའི་དུས་
སུ་སྤྱད་དང་མཆོད་རྟེན་ཉེ་འཁོར་དགེ་འདུན་གྱི། །ཀུན་དགའ་ར་བར་ཉལ་པོ་བྱེད་པ་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །རྫུན་གྱི་ནང་ནས་ལྕི་བ་གཞན་དག་བསླུ་བར་འདོད་ནས་མང་པོའི་རྫུན། །སྨྲ་དང་བླ་མ་མཁན་སློབ་ཕ་མ་ཉེ་དུ་རྣམས་ལ་རྫུན་སྨྲ་དང་། །སྲོག་གཅོད་མ་བྱིན་ལེན་དང་མི་ཚངས་སྤྱོད་གསུམ་ལྕི་བ་སྐྱེད་བྱེད་པའི། །རྫུན་དང་དགེ་འདུན་དབྱེ་བའི་རྫུན་རྣམས་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །ཕྲ་མའི་ནང་ནས་ལྕི་བ་རིང་ནས་བཤེས་སུ་གྱུར་དང་བླ་མ་དང་། །ཕ་མ་དགེ་འདུན་པ་རྣམས་འབྱེད་དང་ལུས་ཀྱི་ལས་གསུམ་ལྕི་བ་རྣམས། །བསྐྱེད་པའི་ཕྲ་མ་སྨྲ་བ་རྣམས་ནི་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །ཚིག་རྩུབ་ནང་ནས་ལྕི་བ་དྲིན་ཅན་བླ་མ་ཕ་མ་གྲོགས་མཆེད་ལ། །མི་སྙན་ཚིག་རྩུབ་སྨྲ་བ་རྣམས་ནི་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །ངག་འཁྱལ་ནང་ནས་ལྕི་བ་ཕྱི་རོལ་བསྟན་བཅོས་བཀླག་དང་འཐབ་མོ་དང་། །མཚང་འདྲུ་རྩོད་འགྱེད་ལ་བརྟེན་ངག་འཁྱལ་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །བརྣབ་སེམས་ནང་ནས་ལྕི་བ་དགེ་འདུན་མཆོད་རྟེན་དཀོར་ལ་རྔམས་པ་དང་། །ཡོན་ཏན་རློམ་པས་རྒྱལ་བློན་ཚངས་པ་
མཚུངས་པར་སྤྱོད་པ་མཁས་རྣམས་ལས། །ཤེས་ཀྱི་ཁེ་དང་བཀུར་སྟི་འདོད་པ་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །གནོད་སེམས་ནང་ནས་ལྕི་བ་ཕ་མ་ཉེ་དུ་བླ་མ་ཉེས་མེད་དང་། །བཀྲེན་དང་སྡུག་བསྔལ་བ་དང་སྙིང་རྗེ་བ་དང་ཉེས་པ་བྱེད་དག་གིས། །བཤགས་པ་བྱེད་ལ་མནར་སེམས་བསྐྱེད་པ་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །ལོག་ལྟའི་ནང་ནས་ལྕི་བ་ཀུན་ལ་ལོག་ལྟ་བྱེད་དང་འཇིག་རྟེན་ན། །དགྲ་བཅོམ་པ་སོགས་མེད་པར་བལྟ་བ་ལྕི་ཞིང་དེ་ལས་གཞན་རྣམས་ཡང་། །ལུས་ངག་བདུན་ནི་སྔ་མ་སྔ་མ་ལྕི་ཞིང་ཕྱི་མ་ཕྱི་མ་ཡང་། །ཡིད་ཀྱི་གསུམ་ནི་ཕྱི་མ་ཕྱི་མ་ལྕི་ཞིང་སྔ་མ་སྔ་མ་ཡང་། །གཞན་ཡང་བླ་མ་དཀོན་མཆོག་ཕ་མ་རྣམས་ལ་ཕན་གནོད་གང་བྱས་དང་། །སྙིང་ནས་དད་པས་དཀོན་མཆོག་མཆོད་དང་བྱམས་དང་སྙིང་རྗེ་བྱང་ཆུབ་སེམས། །དྲག་པོས་སྦྱིན་གཏོང་བྱས་དང་ཞེ་སྡང་དྲག་པོས་སྲོག་གཅོད་བྱས་པ་དང་། །ཆོས་ཀྱི་སྦྱིན་པ་ཟང་ཟིང་ཁྱད་པར་འཕགས་པ་བྱིན་དང་སྡོམ་པ་གསུམ། །ལྡན་པས་དགེ་སྡིག་གང་བྱས་སྟོབས་ཆེ་གསུངས་ལ་ཡིད་ཆེས་བསྐྱེད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་
མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མི་དགེ་བཅུ་ཡི་ཉེས་དམིགས་ཤེས་ནས་དེ་དག་བྱེད་པའི་ཀུན་སློང་ཙམ། །ཡན་ཆད་བསྡམས་ནས་སྒོ་གསུམ་དེ་དག་རྣམས་དང་མ་འདྲེས་དགེ་བཅུ་ཡིན། །དགེ་བཅུ་ཆེན་པོ་བྱས་ན་ཁམས་ནི་གོང་མ་གཉིས་ཀྱི་ལྷ་རུ་སྐྱེ། །འབྲིང་བྱས་འདོད་ཁམས་ལྷ་རུ་སྐྱེ་དང་ཆུང་ངུ་བྱས་ན་མི་རུ་སྐྱེ། །དགེ་བཅུ་བྱེད་ལ་དགའ་དང་སྲོག་གཅོད་སྤངས་པས་ཚེ་རིང་ནད་མེད་ཅིང་། །ཡུལ་ཕྱོགས་བཟའ་བཏུང་སྨན་དང་འབྲས་བུ་ལ་སོགས་མཐུ་ཆེའི་ཡུལ་དུ་སྐྱེ། །མ་བྱིན་ལེན་པ་སྤངས་པས་ལོངས་སྤྱོད་ཆེ་དང་དགྲ་རྐུན་ལ་སོགས་མེད། །ཡུལ་ཕྱོགས་ལོ་འབྲས་མང་ཞིང་སད་སེར་ཐན་པ་མེད་པའི་ཡུལ་དུ་སྐྱེ། །མི་ཚངས་སྤྱོད་སྤངས་གཡོག་འཁོར་ཡིད་བརྟན་རུང་ལ་ཆུང་མ་འགྲན་ཟླ་མེད། །ཡུལ་ཕྱོགས་གཙང་ཞིང་སྤོས་ཀྱི་ངད་ལྡན་ཤིན་ཏུ་ཉམས་དགའི་ཡུལ་དུ་སྐྱེ། །རྫུན་ཚིག་སྨྲ་བ་སྤངས་པས་གཞན་གྱིས་བསྐུར་པ་མེད་ཅིང་བསླུ་མི་འགྱུར། །ཡུལ་ཕྱོགས་རྫུན་གྱིས་བསླུ་དང་འཇིགས་པ་གང་ཡང་མེད་པའི་ཡུལ་དུ་སྐྱེ། །ཕྲ་མ་སྨྲ་བ་སྤངས་པས་གཡོག་འཁོར་བཟང་ཞིང་ཕན་ཚུན་མཐུན་པར་འགྱུར། །
ས་ཕྱོགས་འབར་འབུར་ལ་སོགས་མེད་ཅིང་བགྲོད་པར་སླ་བའི་ཡུལ་དུ་སྐྱེ། །ཚིག་རྩུབ་སྨྲ་བ་སྤངས་པས་སྙན་པ་ཐོས་ཤིང་མཐུན་པའི་ཚིག་ཏུ་འགྱུར། །ཡུལ་ཕྱོགས་སྡོང་དུམ་ཚེར་མ་རྡོ་གསེག་མེད་ཅིང་འཇམ་པའི་ཡུལ་དུ་སྐྱེ། །ངག་འཁྱལ་སྨྲ་བ་སྤངས་པས་ཚིག་གཟུང་འོས་ཤིང་ངེས་པའི་སྤོབས་པར་འགྱུར། །ཡུལ་ཕྱོགས་ལྗོན་ཤིང་འབྲས་བུ་ཆགས་ཤིང་དུས་སུ་སྨིན་པའི་ཡུལ་དུ་སྐྱེ། །བརྣབ་སེམས་སྤངས་པས་འདོད་པ་ཤིན་ཏུ་ཆུང་ཞིང་ཆོག་ཤེས་ཆེ་བར་འགྱུར། །ཡུལ་ཕྱོགས་ཕུན་སུམ་ཚོགས་པ་ཉམས་པ་མེད་ཅིང་འཕེལ་བའི་ཡུལ་དུ་སྐྱེ། །གནོད་སེམས་སྤངས་པས་མི་ཕན་པ་རྣམས་མི་འཚོལ་ཕན་པ་འཚོལ་བར་འགྱུར། །ཡུལ་ཕྱོགས་ནད་འཁྲུག་ཆོམ་རྐུན་ལ་སོགས་གནོད་པ་མེད་པའི་ཡུལ་དུ་སྐྱེ། །ལོག་པར་ལྟ་བ་སྤངས་པས་ལྟ་བ་བཟང་ཞིང་གཡོ་སྒྱུ་མེད་པར་འགྱུར། །ཡུལ་ཕྱོགས་རིན་ཆེན་འབྱུང་ཁུངས་ལྡན་ཞིང་སྐྱབས་དང་དཔུང་གཉེན་ཡོད་སར་སྐྱེ། །དེ་ཕྱིར་མཐོ་རིས་བགྲོད་པའི་ཤིང་རྟ་དགེ་བཅུ་དང་དུ་བླང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །
བསམ་པ་ནག་པོས་སྲོག་གཅོད་བྱེད་པ་ལྟ་བུ་འབྲས་བུ་སྡུག་བསྔལ་འབྱུང་། །བསམ་པ་དཀར་པོས་སྦྱིན་གཏོང་བྱེད་པ་ལྟ་བུ་འབྲས་བུ་བདེ་བ་འབྱུང་། །གཞན་ལ་ཕན་ཕྱིར་རྡེག་རྡུང་བྱེད་པ་ལྟ་བུ་བསམ་པ་དཀར་ན་ཡང་། །སྦྱོར་བ་ནག་པས་འབྲས་བུ་བདེ་སྡུག་གཉིས་ཀ་སྤེལ་མར་འབྱུང་བ་ཡིན། །གཞན་ལ་གནོད་ཕྱིར་སྦྱིན་གཏོང་བྱེད་པ་ལྟ་བུ་སྦྱོར་བ་དཀར་ན་ཡང་། །བསམ་པ་ནག་པས་འབྲས་བུ་བདེ་སྡུག་གཉིས་ཀ་སྤེལ་མར་འབྱུང་བའོ། །བདེ་འགྲོར་འཕེན་པའི་ལས་ནི་དགེ་བ་ཡིན་ཞིང་ངན་འགྲོར་འཕེན་པ་ཡི། །ལས་ནི་མི་དགེ་བ་ཡིན་རྫོགས་བྱེད་ལ་ནི་ངེས་པ་མེད་པ་ཡིན། །དཔེར་ན་མིར་སྐྱེས་དབང་པོ་ཚང་ཞིང་ཚེ་རིང་ལོངས་སྤྱོད་ཆེ་བ་རྣམས། །འཕེན་བྱེད་དགེ་བའི་ལས་ཀྱིས་འཕངས་ལ་རྫོགས་བྱེད་དགེ་བས་རྫོགས་པ་ཡིན། །མི་རུ་སྐྱེས་ཀྱང་དབང་པོ་མི་ཚང་ཚེ་ཐུང་ནད་མང་དབུལ་པོ་རྣམས། །འཕེན་བྱེད་དགེ་བའི་ལས་ཀྱིས་འཕངས་ཀྱང་རྫོགས་བྱེད་མི་དགེས་རྫོགས་པ་ཡིན། །དཔེར་ན་དུད་འགྲོ་ཡི་དྭགས་ལའང་དཔལ་འབྱོར་ཕུན་སུམ་ཚོགས་པ་རྣམས། །འཕེན་བྱེད་མི་དགེའི་ལས་ཀྱིས་འཕངས་ཀྱང་རྫོགས་བྱེད་དགེ་བས་
རྫོགས་པ་ཡིན། །དཔེར་ན་དུད་འགྲོ་ལ་ལས་མི་འདོད་སྡུག་བསྔལ་སྣ་ཚོགས་མྱོང་བ་རྣམས། །འཕེན་བྱེད་མི་དགེའི་ལས་ཀྱིས་འཕངས་ལ་རྫོགས་བྱེད་མི་དགེས་རྫོགས་པ་ཡིན། །ཕྱུག་པོ་གཅིག་གིས་མཆོད་གནས་གཅིག་གམ་མང་པོར་ཞབས་ཏོག་བྱེད་པ་བཞིན། །ལས་ནི་གཅིག་གིས་ལུས་གཅིག་འཕེན་དང་དུ་མར་འཕེན་པའི་ལས་ཀྱང་ཡོད། །དབུལ་བོ་མང་པོས་མཆོད་གནས་གཅིག་གམ་མང་པོའི་ཞབས་ཏོག་བྱེད་པ་བཞིན། །ལས་ནི་དུ་མས་ལུས་གཅིག་འཕེན་དང་དུ་མར་འཕེན་པའི་ལས་ཀྱང་ཡོད། །མྱོང་བར་འགྱུར་བ་ངེས་པའི་ལས་ནི་བསམ་བཞིན་དགེ་སྡིག་བྱས་རྣམས་ཡིན། །མྱོང་བར་འགྱུར་བ་མ་ངེས་ལས་ནི་རྨི་ལམ་ནང་དུ་བྱས་པ་དང་། །བསམ་བཞིན་མིན་དང་དྲག་པོ་མིན་ལ་རྒྱུན་ཆགས་མིན་པར་བྱས་པ་དང་། །ནོར་དང་བརྗེད་པས་བྱས་དང་མི་འདོད་བཞིན་དུ་བྱས་དང་རང་བཞིན་གྱིས། །ལུང་དུ་མ་བསྟན་པ་དང་འགྱོད་པས་བསལ་དང་གཉེན་པོས་བསལ་བའོ། །མྱོང་ངེས་ལས་ཀྱི་འབྲས་བུ་ཚེ་འདིར་སྨིན་དང་ཚེ་ནི་གཉིས་པ་ལ། །འབྲས་བུ་མྱོང་དང་ཚེ་ནི་གསུམ་པ་ཕན་ཆད་དུ་ཡང་
སྨིན་པར་འགྱུར། །དགེ་སྡིག་གང་ལྕི་ཐོག་མར་སྨིན་དང་ལྕི་ཡང་མཉམ་ན་འཆི་དུས་གང་། །མངོན་དུ་གྱུར་པ་དེ་ཉིད་ཐོག་མར་སྨིན་དང་དེ་ཡང་འདྲ་ན་གང་། །གོམས་པ་ཤས་ཆེ་ཐོག་མར་སྨིན་དང་དེ་ཡང་འདྲ་ན་སྔོན་དུ་གང་། །བྱས་པ་དེ་ཉིད་ཐོག་མར་སྨིན་ནས་བདེ་སྡུག་གང་རུང་མྱོང་བར་འགྱུར། །དེས་ན་མི་དགེ་ཡི་ལས་སྤང་དཀར་པོ་དགེ་བའི་ལས་ལ་འབད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མི་དགེ་བཅུ་སྤང་གིས་ཀྱང་བདེ་འགྲོའི་རྟེན་བཟང་པོ་ཞིག་རྙེད་མོད་ཀྱང་། །རྣམ་མཁྱེན་སྒྲུབ་པའི་རྟེན་ལ་མཚན་ཉིད་ཚང་བ་ཞིག་ནི་གྲུབ་ན་ལམ། །སྒོམ་པའི་ས་ཆོད་གཞན་དང་མི་འདྲ་བས་ན་རྟེན་དེ་སྒྲུབ་ཚུལ་ནི། །སེམས་ཅན་རྣམས་ལ་མི་འཚེ་བ་དང་མི་འཚེའི་བསམ་པ་བསྟེན་པ་དང་། །གཞན་གྱིས་མི་དང་ར་ལུག་རི་དྭགས་ཉ་ལ་སོགས་པ་གསོད་པ་རྣམས། །ཐབས་མཁས་དུ་མས་དེ་དག་རྣམས་ནི་གསོད་པ་དགག་ཅིང་ཚེ་ཐར་བྱ། །སྲོག་ཆགས་ཕྲ་མོ་ཆུར་ལྷུང་ཉི་མས་བསྲེག་པ་ཡན་ཆད་སྲོག་སྐྱབས་བྱ། །ནད་པ་རྣམས་ཀྱི་ནད་གཡོག་བྱ་དང་སྨན་ནི་གཞན་ལ་སྟེར་བ་དང་། །བྲན་གཡོག་སྒོ་
ཕྱུགས་ཁྱི་སོགས་རྣམས་ལ་རྡོ་དང་དབྱུག་པས་མི་རྡུང་ཞིང་། །གཞན་གྱིས་གཞན་ལ་རྡོ་དང་མཚོན་ཆ་དབྱུག་པས་བརྡུང་བ་བཤོལ་བྱས་ན། །ཕྱི་མར་རབ་ཏུ་ཚེ་རིང་ནད་ཀུན་མེད་པའི་མི་རུ་སྐྱེ་བར་འགྱུར། །མི་ཚེ་རིང་ན་ཡུན་རིང་དགེ་བ་མང་པོ་གསོག་ནུས་དགོས་པ་ཡོད། །ཁྲོ་མེད་བཟོད་པ་སྒོམ་དང་རྟེན་ལ་མར་མེ་མེ་ཏོག་འབུལ་བ་དང་། །གཞན་ལ་གོས་རྒྱན་གསར་པ་བྱིན་ན་ཕྱི་མར་གཟུགས་བྱད་ཤིན་ཏུ་མཛེས། །མཛེས་ན་གདུལ་བྱ་འདུ་ཞིང་ཚིག་ལ་ཉན་དང་བྱ་བར་སེམས་པ་ཡིན། །ང་རྒྱལ་བཅོམ་ནས་བླ་མ་རྣམས་དང་དཀོན་མཆོག་གསུམ་ལ་ཕྱག་འཚལ་ཞིང་། །ཁྲི་དང་གདན་སོགས་འབུལ་དང་ཕ་མ་སོགས་ལ་བཀུར་སྟི་བྱས་གྱུར་ན། །ཕྱི་མར་ཀུན་གྱིས་བཀུར་ཞིང་གྲགས་པའི་རིགས་ནི་མཐོན་པོ་རྣམས་སུ་སྐྱེ། །རིགས་ནི་མཐོན་པོ་བསྒོ་བ་རྣམས་ལས་མི་འདའ་སྒྲུབ་པའི་དགོས་པ་ཡོད། །ཟས་གོས་ནོར་གྱིས་དགེ་འདུན་མཆོད་དང་དབུལ་བོར་སྦྱིན་པ་གཏོང་བ་དང་། །འབྱུང་པོར་གཏོར་མ་བཏང་ན་ཕྱི་མར་འཁོར་དང་ལོངས་སྤྱོད་རབ་ཏུ་ཆེ། །འཁོར་དང་ལོངས་སྤྱོད་ཆེ་ན་སེམས་ཅན་བསྡུས་ཏེ་སྨིན་
པར་བྱེད་ནུས་སོ། །རྫུན་སྤངས་དྲང་པོར་སྨྲ་དང་ཕྲ་མ་སྤངས་ནས་འཁོན་པ་བསྡུམ་པ་དང་། །ཚིག་རྩུབ་སྤངས་ནས་འཇམ་པོ་སྨྲ་དང་ངག་འཁྱལ་སྤངས་ནས་བླ་མ་སོགས། །གཞན་གྱི་ཡོན་ཏན་བརྗོད་ན་ཕྱི་མར་གང་སྨྲ་ཚིག་རྣམས་ཚད་མར་འཛིན། །ཚད་མར་བཟུང་ན་སེམས་ཅན་སྡུད་ཅིང་སྨིན་པར་བྱེད་ནུས་དགོས་པ་ཡོད། །ཕྱི་མར་རང་ལ་ཡོན་ཏན་སྣ་ཚོགས་འབྱུང་བའི་སྨོན་ལམ་འདེབས་པ་དང་། །དཀོན་མཆོག་གསུམ་དང་བླ་མ་མཁན་སློབ་ཕ་མ་ལ་སོགས་མཆོད་བྱས་ན། །ཕྱི་མར་སྤྱིན་པ་གཏོང་ལ་བརྩོན་པ་ལ་སོགས་ཡོན་ཏན་དང་ལྡན་པས། །སྙན་གྲགས་ཆེ་ཞིང་དེ་ལས་སྐྱེ་བོ་མང་པོའི་མཆོད་པའི་གནས་སུ་འགྱུར། །དེ་ལྟར་གྱུར་ན་བྱས་པ་གཟོ་ཞིང་མྱུར་དུ་བསྒོ་བ་ཉན་བ་ཡིན། །ཕོ་ཡི་ལུས་རྟེན་ཐོབ་ལ་དགའ་ཞིང་མོ་ཡི་ལུས་ལ་དགའ་བ་སྤངས། །ཕོ་ཡི་དབང་པོ་མི་གཅོད་གཅོད་པ་ཐར་པར་བྱས་ན་ཕོ་རུ་སྐྱེ། །ཕོ་ལུས་ཐོབ་ན་སྤོབས་པ་ཆེ་ཞིང་གེགས་བྱེད་ཉུང་བའི་དགོས་པ་ཡོད། །གཞན་གྱིས་གཏན་ནས་མི་ནུས་པ་རྣམས་རང་གིས་བྱེད་ཅིང་རང་ཉིད་དང་། །བསྡོམས་ནས་ནུས་པ་ཐམས་ཅད་ལ་ཡང་གྲོགས་བྱས་བཟའ་བཏུང་བྱིན་པ་
ན། །ཕྱི་མར་རང་བཞིན་གནོད་པ་ཆུང་ཞིང་ནད་མེད་པ་དང་སྤྲོ་ཤུགས་ཆེ། །སྤྲོ་ཤུགས་ཆེ་ན་རང་དང་གཞན་གྱི་དོན་གང་ལ་ཡང་མི་སྐྱོ་ཞིང་། །སོ་སོར་རྟོགས་པའི་སྟོབས་ཐོབ་མངོན་པར་ཤེས་པ་མྱུར་བའི་དགོས་པ་ཡོད། །དེ་ཕྱིར་དེ་དག་ཐམས་ཅད་ད་ལྟ་རང་གིས་སྒྲུབ་ལ་འབད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དགེ་སྡིག་གཉིས་ཀྱི་བླང་དོར་འབྱེད་ལ་འབད་ཀྱང་གཉེན་པོ་སྟོབས་ཆུང་ཞིང་། །ཉོན་མོངས་སྟོབས་ཆེའི་དབང་གིས་འཕྲལ་དུ་ཉེས་པ་གང་བྱུང་ཐམས་ཅད་དང་། །ཚེ་རབས་ཐོག་མ་མེད་ནས་བསགས་པའི་སྡིག་ལྟུང་ཐམས་ཅད་སྦྱང་དགོས་པས། །ལྟུང་བ་ཕྱིར་བཅོས་སྡོམ་གསུམ་སོ་སོའི་སྐབས་ནས་གསུངས་ལྟར་བྱ་བ་དང་། །སྡིག་པ་ཕྱིར་བཅོས་བྱ་བའི་ཚུལ་ནི་འཕྲལ་དུ་སྡིག་པ་གང་བྱས་དང་། །དེ་ཡི་ཆ་ཙམ་དུ་ཡང་འགྲན་པར་མི་ནུས་ཚེ་སྔོན་རང་ཉིད་དང་། །དཔོན་གྲོགས་བུ་སྤུན་བུད་མེད་འཁོར་གཡོག་སྡེ་དགོན་དོན་དུ་སྡིག་པའི་ལས། །གྲངས་མེད་བསགས་པ་ཡོད་པས་དེ་ཡི་དབང་གིས་ངན་འགྲོར་སྐྱེ་བ་དང་། །ཐར་ནས་མི་རུ་སྐྱེས་
ཀྱང་སྡུག་བསྔལ་སྣ་ཚོགས་མྱོང་བའི་ཚུལ་བསམས་ནས། །ཐོག་མ་མེད་ནས་མི་དགེ་སྡིག་པའི་ལས་བྱས་པ་ལ་དུག་ཁོང་དུ། །སོང་བ་ལྟ་བུའི་འགྱོད་པ་དྲག་པོ་བསྐྱེད་པ་རྣམ་པར་སུན་འབྱིན་སྟོབས། །ཤེར་ཕྱིན་ལ་སོགས་མདོ་སྡེ་ཟབ་མོ་འཛིན་དང་ཀློག་པ་ལ་སོགས་དང་། །སྟོང་པ་ཉིད་ལ་མཉམ་པར་འཇོག་དང་ཡི་གེ་བརྒྱ་པ་ལ་སོགས་པའི། །གཟུངས་སྔགས་ཟབ་མོ་རྣམས་ནི་བཟླ་དང་སངས་རྒྱས་སྐུ་གཟུགས་བཞེངས་པ་དང་། །རྒྱལ་དང་དེ་ཡི་མཆོད་རྟེན་ལ་ཡང་མཆོད་པ་སྣ་ཚོགས་འབུལ་བ་དང་། །དེ་བཞིན་གཤེགས་པའི་མཚན་ལ་སོགས་པ་བརྗོད་པ་གཉེན་པོ་ཀུན་སྤྱོད་སྟོབས། །ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྡོམ་སེམས་བྱེད་པ་ཉེས་པ་ལས། །སླར་ལོག་སྟོབས་དང་སྐྱབས་སུ་འགྲོ་དང་བྱང་ཆུབ་སེམས་སྒོམ་རྟེན་གྱི་སྟོབས། །སྟོབས་བཞིའི་སྒོ་ནས་བཤགས་ན་སྡིག་པ་རི་རབ་ཙམ་ཡང་འདག་པ་སྟེ། །སྔོན་དུས་སོར་མོའི་འཕྲེང་བས་མི་ནི་དགུ་བརྒྱ་དགུ་བཅུ་གོ་དགུ་བསད། །བཤགས་སྡོམ་བྱས་པས་དགྲ་བཅོམ་ཐོབ་པ་ལ་སོགས་བསམས་ནས་དགའ་བར་བྱ། །འོན་ཀྱང་འཇིག་རྟེན་དག་ན་རྐང་ལག་ལ་སོགས་བསྣད་པ་
ཕྱིར་བཅོས་སུ། །ཡོད་ཀྱང་མ་བསྣད་གལ་ཆེ་བ་ལྟར་སྡིག་པས་མ་གོས་པ་ལ་འབད། །བསྣད་ཀྱང་དེ་མ་ཐག་ཏུ་བཅོས་བཞིན་ཉེས་པ་བྱུང་མ་ཐག་ཏུ་བཤགས། །མ་བཅོས་སྡུག་བསྔལ་མྱོང་བཞིན་མ་བཤགས་འདི་ཕྱིར་སྡུག་བསྔལ་འབྱུང་བའོ། །དེ་ཡང་སྐབས་འདིར་ཤིན་ཏུ་མདོར་བསྡུས་བཤགས་པ་བྱེད་ན་འདི་ལྟར་བྱ། །སྤྱི་བོའི་བླ་མ་ཐུབ་དབང་ཐུགས་ཀའི་སྐྱབས་ཡུལ་ནམ་མཁའ་གང་བར་སྤྲོས། །དེ་དག་ཐུབ་དབང་མཐའ་བསྐོར་འཇའ་ཟེར་འོད་ཕུང་ཀློང་དུ་བཞུགས་པར་གྱུར། །བླ་མ་རྒྱལ་བ་སྲས་དང་བཅས་པ་སྡིག་ཅན་བདག་ལ་དགོངས་སུ་གསོལ། །བདག་གིས་ཚེ་རབས་ཐོག་མ་མེད་ནས་ཐ་མ་ད་ལྟར་ཐུག་གི་བར། །ཕ་མ་སེམས་ཅན་སྲོག་བཅད་མ་བྱིན་པ་བླངས་མི་ཚངས་སྤྱད་པ་དང་། །རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བ་རྣབ་སེམས་གནོད་སེམས་ལོག་ལྟ་སོགས། །རྣམ་མང་སྡིག་པའི་ལས་རྣམས་ཅི་བགྱིས་གནོང་ངོ་འགྱོད་དོ་སྤྱན་སྔར་བཤགས། །ཁྱད་པར་སོ་ཐར་སྡོམ་པར་འགལ་དང་བྱང་སེམས་བསླབ་བྱར་འགལ་བ་དང་། །གསང་སྔགས་དམ་ཚིག་རྣམས་དང་འགལ་བ་སྙིང་
ནས་འགྱོད་པས་མཐོལ་ལོ་བཤགས། །ད་ནས་བཟུང་སྟེ་ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྡོམ་པར་བགྱི། །སྔར་བྱས་ཐམས་ཅད་ད་ལྟ་ཉིད་དུ་བྱང་ཞིང་དག་པར་མཛད་དུ་གསོལ། །སྐྱབས་ཡུལ་རྣམས་ཀྱི་སྐུ་ལས་འོད་ཟེར་འཕྲོས་པས་སྡིག་སྒྲིབ་ཉེས་ལྟུང་རྣམས། །མུན་པའི་གླིང་དུ་ཉི་མ་ཕོག་བཞིན་ཐམས་ཅད་ཕྱི་རུ་སངས་ཀྱིས་དག །ཚོགས་ཞིང་ཐམས་ཅད་སླར་ཡང་བླ་མ་ཐུབ་དབང་ཐུགས་ཀར་ཐིམ་པར་གྱུར།། ༈ །སྐྱོན་རྣམས་ཀུན་ཟད་ཡོན་ཏན་ཀུན་ལྡན་འདྲེན་པ་མཉམ་མེད་སངས་རྒྱས་དང་། །ཤེས་བྱ་ཀུན་མཁྱེན་རྗེ་བཙུན་འཇམ་དབྱངས་ཐུགས་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །བདུད་དཔུང་འཇོམས་མཛད་གསང་བདག་རྣམས་དང་དབྱེར་མེད་ཀུན་མཁྱེན་བློ་བཟང་གྲགས། །ད་དུང་སྙིང་གའི་པད་སྡོང་རྩེ་མོར་གཟི་བརྗིད་འོད་ཟེར་འབར་བཞིན་བཞུགས། །ཁྱོད་གསུང་སྐྱེས་བུ་ཆུང་ངུའི་ཆོས་སྐོར་རྣམ་ཐོས་སྲས་ཀྱི་མཛོད་ཁང་ནས། །སྐྱེས་བུ་ཆུང་དང་ཐུན་མོང་ལམ་རིམ་ཉུང་འདུས་ཁ་ཟས་བླངས་ཟིན་ནས། །ད་ནི་སྐྱེས་བུ་འབྲིང་གི་ཆོས་སྐོར་རིན་ཆེན་གསེར་གྱི་གླིང་བསྙེགས་ནས། །སྐྱེས་བུ་འབྲིང་དང་ཐུན་མོང་ལམ་རིམ་
ཉུང་འདུས་རིན་ཆེན་གསེར་ཕྱེ་ལེན། །དེ་ལྟར་འཆི་བ་མི་རྟག་པ་དང་ཤི་ནས་ངན་འགྲོར་ལྟུང་བའི་ཚུལ། །བསམས་ཏེ་འཇིག་རྟེན་འདི་ཡི་བློ་ལོག་ཕྱི་མའི་བདེ་འགྲོར་དོན་གཉེར་སྐྱེས། །སྐྱབས་སུ་འགྲོ་དང་དཀར་ནག་ལས་འབྲས་ངེས་པའི་སྒོ་ནས་སྡིག་པ་སྤོང་། །དགེ་བ་སྒྲུབ་ལ་འབད་པས་ཕྱི་མར་བདེ་འགྲོའི་གོ་འཕང་ཐོབ་མོད་ཀྱང་། །འོན་ཀྱང་དེ་ཙམ་ཞིག་གིས་མི་ཆོག་དཔེར་ན་ནག་ཅན་མི་ཞིག་བཟུང་། །ཉིན་རེ་བཞིན་དུ་དབྱུག་པས་བསྣུན་སོགས་ཆད་ལས་རྣམ་པ་སྣ་ཚོགས་པ། །བཅད་པས་སྡུག་བསྔལ་མྱོང་བ་ཟླ་བ་ཁ་ཤས་འཕྲོ་ནས་གསོད་པ་ཞིག །གཞན་གྱིས་ངོ་ཆེན་སོགས་བྱས་དབྱུག་པས་བསྣུན་པའི་སྡུག་བསྔལ་མེད་མོད་ཀྱང་། །འོན་ཀྱང་དེ་ལས་མ་ཐར་ཕྱིན་ཆད་ཉིན་རེ་བཞིན་དུ་གསོད་པ་ལ། །ཇེ་ཉེ་ཇེ་ཉེར་སོང་ནས་ནམ་ཞིག་གསོད་བཞིན་སྡུག་བསྔལ་རྩ་བ་ནས། །སྤངས་པའི་ཐར་བ་མ་ཐོབ་ཕྱིན་ཆད་བདེ་འགྲོའི་གོ་འཕང་ཅི་འདྲ་ཞིག །ཐོབ་ཀྱང་སྔར་བྱས་ལས་བཟང་འཕེན་བ་ཟད་ཚེ་ངན་སོང་གསུམ་དུ་ལྟུང་། །ཡུན་རིང་ཤུགས་དྲག་བཟོད་གླགས་མེད་པའི་སྡུག་བསྔལ་སྣ་ཚོགས་མྱོང་
དགོས་འདུག །གཞན་ཡང་འཁོར་བའི་གནས་འདིར་ལས་ཉོན་དབང་གིས་སྐྱེ་བ་བླངས་ཕྱིན་ཆད། །དམྱལ་བ་ཡི་དྭགས་དུད་འགྲོར་སྐྱེས་ན་སྡུག་བསྔལ་ཡོད་པ་སྨོས་ཅི་དགོས། །ལྷ་དང་མི་རུ་སྐྱེས་ཀྱང་སྡུག་བསྔལ་མ་གཏོགས་བདེ་བ་ཅུང་ཟད་མེད། །མི་ལ་སྐྱེས་པའི་སྡུག་བསྔལ་མ་ཡི་མངལ་དུ་གནས་སྐབས་མི་གཙང་བའི། །དོང་དུ་ཉལ་འདྲ་མ་ཡི་བཟའ་བཏུང་ཚ་བ་བསྟེན་ན་མེ་དོང་དུ། །ལྷུང་བ་ལྟ་བུ་མ་ཡི་གྲང་བ་བསྟེན་ན་འཁྱག་པའི་སྦུབས་གནས་འདྲ། །མཆོང་དང་རྒྱུག་ཚེ་གཡང་ལ་ལྷུང་བ་ལྟ་བུའི་སྡུག་བསྔལ་དྲག་པོ་མྱོང་། །བཙས་དུས་པགས་པ་བཤུས་ནས་མཆུ་རྣོན་འབུ་ཡིས་ཟོས་འདྲའི་སྡུག་བསྔལ་དང་། །སྟན་ལ་བཞག་ཚེ་ཚེར་མའི་གསེབ་ཏུ་བསྐྱུར་བ་ལྟ་བུའི་སྡུག་བསྔལ་དང་། །མ་ཡི་པང་དུ་བླངས་དུས་བྱེའུ་ཕྲུག་ཁྲ་ཡིས་ཁྱེར་འདྲའི་སྡུག་བསྔལ་དང་། །ལྟེ་བ་བཅད་དུས་སྙིང་ལ་ཚེར་མ་ཟུག་པ་ལྟ་བུའི་སྡུག་བསྔལ་དང་། །གོས་སུ་དྲོ་འཇམ་པགས་པ་བསྐོན་ཀྱང་རྨ་འབྲས་རེག་འདྲའི་ན་ཚ་འོང་། །མལ་དུ་བསྙལ་ཚེ་བཀྱིགས་ནས་བཙོན་དོང་འཕངས་པ་འདྲ་བའི་སྡུག་བསྔལ་དང་། །འོག་ན་དྲི་ཆུས་ཉལ་
སྟབས་མི་བདེ་ཁ་སྐོམ་གྲོད་ལྟོགས་ལུས་འཁྱགས་དང་། །ཡན་ལག་ཐམས་ཅད་སྦྲིད་པས་འདི་བྱུང་འཆད་པར་མ་ཤེས་ངུ་བ་ལ། །མ་ཡིས་ནུ་མ་ཁར་བརྫང་ཨ་བོ་ཟེར་ཡང་ཁོ་ལ་ཕན་པ་དཀའ། །རྒས་པའི་སྡུག་བསྔལ་དྲང་པོའི་ལུས་པོ་གཞུ་ལྟར་གུག་ཅིང་ནག་པོའི་སྐྲ། །ལུ་གུ་བཞིན་དུ་དཀར་པོར་འགྲོ་དང་མཁུར་ཚོས་ཁྲག་གི་ཚོམ་བུ་ཡང་། །མེ་ཏོག་བཞིན་དུ་ཡལ་ཞིང་ཁ་ཡི་སོ་ལྷུང་བྲག་ཁུང་སྟོང་པ་འདྲ། །དྲས་སྟན་བཞིན་དུ་ལུས་ལ་གཉེར་མ་མང་ཞིང་བཀྲག་མདངས་གཟི་བརྗིད་ཀྱང་། །སྟོན་དུས་བ་མོས་ཡང་ཡང་མནར་བའི་མེ་ཏོག་བཞིན་དུ་སྨུག་པོར་འགྲོ །མིག་ཀྱང་མི་གསལ་གྱུར་པས་རབ་རིབ་ཟང་ཟིང་མང་པོ་མཐོང་བ་དང་། །རྣ་བ་མི་གསལ་གྱུར་པས་གཞན་གྱིས་གང་བཤད་མི་གོ་ལན་མང་འདྲི། །ཤིན་ཏུ་བརྗེད་ངེས་ཆེ་དང་ཚ་གྲང་བཀྲེས་སྐོམ་ཅུང་ཟད་ཙམ་མི་བཟོད། །ལུས་སྟོབས་ཟད་པས་ཡར་ལ་ལངས་པའི་དུ་སུ་རྟོད་ཕུར་འདོན་བཞིན་ལྡང་། །འགྲོ་ན་ཆང་གིས་བཟི་བའི་མི་བཞིན་གོམ་འགྲོས་འཁྱོར་ཞིང་སྡོད་པའི་དུས། །ས་སྒྱེ་ལུང་ཐག་ཆད་བཞིན་གྱུར་པས་ཨ་ཕ་ཨ་མ་ཁ་ནས་
འཆོར། །བྱིས་པས་ལན་མོ་བྱས་ནས་དགོད་ཅིང་ཡུལ་མི་ཁྱིམ་མཚེས་བརྙས་ཆོས་བྱེད། །ཁྱིམ་ཚང་བཟའ་མི་སུན་ནས་ནང་ནུབ་ཀུན་ཏུ་མི་འདོད་འཆི་རན་དང་། །ཕུང་རྒན་འདིའམ་འཆི་མེད་མ་འདི་འཆི་བའི་སྲོག་གཅོད་མི་འོང་ཟེར། །ཁ་ངན་ཚིག་ངན་ཉིན་རེ་བཞིན་དུ་གོ་བས་སེམས་སྡུག་སྣ་ཚོགས་བྱེད། །མཚན་མོ་གཉིད་ཡེར་ནམ་ལ་ལངས་པའི་དུས་མེད་ལྷུ་ཚིགས་ཁོལ་བུར་ན། །དྲི་ཆུ་འདོར་སར་མི་སླེབས་གདན་ཁར་ཤོར་བས་ཀུན་གྱིས་ཡིད་མི་འོང་། །གོས་ཕུད་གོན་པར་མི་ནུས་ཤིན་ཏུ་འཁྱགས་དང་ངོ་ཚའི་གནས་རྣམས་ཀྱང་། །སྦེད་པར་མི་ཤེས་བསྟན་པས་གཞོན་ནུ་ཀུན་གྱིས་ལྟད་མོ་ཆེ་ཟེར་དགོད། །ཟས་རྣམས་ཅི་ཡོད་ཐམས་ཅད་མནའ་མ་ཚ་མོ་སོགས་ཀྱི་ལག་ཏུ་ཤོར། །ལོ་ལོན་རྒན་རྒོན་ཨ་ཁུས་ལྟོགས་སྐོམ་འོ་དོད་བོས་ཀྱང་བཅོས་མ་ཟེར། །ནོར་རྫས་ཅི་ཡོད་ཐམས་ཅད་བུ་དང་ཚ་བོ་སོགས་ཀྱི་ལག་ཏུ་ཤོར། །ལོ་ལོན་རྒན་རྒོན་ཨ་ཁུས་དྲོ་འཇམ་ཡང་གོས་འདོད་ཀྱང་སྐོན་མཁན་དཀོན། །དྲོ་འཇམ་གོ་ན་པ་བུ་དང་མནའ་མ་ཚ་བོ་ཚ་མོ་སོགས་ཀྱིས་གོན། །ལྕི་ལ་ཧྲུལ་བའི་དུག་པོ་ལོ་ལོན་རྒན་རྒོན་ཨ་ཁུའི་གོན་སྐལ་གྱུར། །
ལུས་སྟོབས་ཤོར་བས་མི་ཐེག་མོད་ཀྱང་གྲང་བས་མི་གོན་རང་དབང་མེད། །བཟའ་བཏུང་ཞིམ་མངར་བུ་དང་མནའ་མ་ཚ་བོ་ཚ་མོ་སོགས་ཀྱིས་ཟ། །ངན་ངོན་གྲང་ལ་ཉོག་པའི་བཟའ་བཏུང་ཐམས་ཅད་ལོ་ལོན་རྒན་རྒོན་དང་། །ཨ་ཁུའི་ཟ་སྐལ་གྱུར་པ་ལྷག་པར་སྙིགས་མའི་དུས་འདིར་ཤིན་ཏུ་མང་། །ཕོ་བར་མི་བདེ་མོད་ཀྱང་ལྟོགས་ཤིང་སྐོམ་པས་མི་འཐུང་ཁ་མེད་འབྱུང་། །དེ་ཡང་མཁོ་བའི་དུས་སུ་མི་འོང་རེ་ཐག་ཆད་པའི་དུས་སུ་འོང་། །ན་བའི་སྡུག་བསྔལ་ནད་གདོན་དྲག་པོས་ཟིན་ནས་ཉིན་རེའི་གནད་གཅོད་ཀྱི། །སྡུག་བསྔལ་བཟོད་པར་མི་ནུས་ལུས་ཀྱི་ཤ་ལྤགས་སྐམས་ཤིང་འགུལ་བསྐྱོད་དཀའ། །ཡིད་དུ་འོང་བའི་ཟས་དང་སྐོམ་རྣམས་འདོད་ཀྱང་སྤྱོད་པའི་རང་དབང་མེད། །ནད་ལ་གནོད་ཀྱིས་དོགས་ནས་ཟས་དང་སྐོམ་གྱི་ཚོད་རྣམས་སྨན་པས་འཛིན། །ཡིད་དུ་མི་འོང་བ་ཡི་ཟས་སྐོམ་སྨན་དང་གཏར་བསྲེག་མི་འདོད་བཞིན། །བསྟེན་དགོས་མོ་སྨན་རིམ་གྲོ་བྱས་རྣམས་གནོད་པ་བསྐྱལ་བ་བཞིན་དུ་འགྲོ། །འཆི་བའི་སྡུག་བསྔལ་ནད་ཚབས་ཆེར་སོང་མོ་སྨན་རིམ་གྲོ་བྱེད་རྣམས་ཀྱིས། །ཤབ་
ཤུབ་གཏམ་ལབ་ངོ་འཛུམ་གནག་ཅིང་རིམ་པ་བཞིན་དུ་རང་ཡུལ་བསྙེགས། །གཉེན་བཤེས་རྣམས་ཀྱིས་མཐའ་བསྐོར་སྨྲེ་སྔགས་འདོན་ཞིང་ཤི་དགེ་དུར་འདེབས་སོགས། །ཤོམ་ར་འདིངས་ཚེ་ནད་པའི་ལུས་ཀྱི་བཀྲག་མདངས་ཀུན་ཉམས་ཡི་དྭགས་འདྲ། །ཁ་བསྐམས་མཆུ་བརྫེས་མིག་གཉིས་དོང་ལྷུང་དབུགས་བརྩེགས་སྔར་བྱས་ལས་ལ་འགྱོད། །མགོ་མི་ཐེག་ཅིང་རྐང་བ་གཉིས་ཀྱིས་ལུས་ཀྱང་མི་ཐེག་ལག་པ་ཡིས། །ཟས་སྣོད་མི་ཐེག་མར་ལྷུང་ནམ་རིང་ཉི་མ་ཤར་བ་ངང་ཐུང་སྐྱེ། །ང་ཡར་ཁྱོག་དང་འཆི་བར་འདུག་པས་བསླབ་བྱ་ཚིག་གསུམ་བྱའོ་ཟེར། །གཉེན་བཤེས་དུས་ཚེ་ལག་པ་བཅིངས་ནས་མ་ངུ་སྙིང་རུས་གྱིས་ཤིག་ཟེར། །གཉེན་བཤེས་ནོར་རྫས་ཆགས་ནས་ཧྲིག་ཧྲིག་བལྟ་ཞིང་མཆི་མ་རེ་གཉིས་འདོར། །གཉེན་བཤེས་འཁོར་གཡོག་ནོར་རྫས་དང་བྲལ་གཅེས་པའི་ལུས་ཀྱང་མལ་ནས་བཞག །མར་གྱི་ནང་ནས་སྤུ་ཉག་བཏོན་བཞིན་གཅིག་པུར་ལག་པ་སྟོང་པ་རུ། །ཆ་མེད་བར་དོའི་འཕྲང་རིང་ལམ་ལ་གྲོགས་མེད་གཅིག་པུར་འགྲོ་དུས་འགྱོད། །བར་དོའི་འཇིགས་པ་ཆེན་པོ་མཐོང་ཚེ་རབ་ཏུ་སྐྲག་ནས་སྙིང་རྩ་འདིར། །
གཞན་ཡང་མི་མཐུན་དགྲ་ལ་འཕྲད་དང་འཕྲད་ཀྱིས་དོགས་པའི་སྡུག་བསྔལ་དང་། །ཡིད་དུ་འོང་བའི་གཉེན་བཤེས་བྲལ་དང་འབྲལ་གྱིས་དོགས་པའི་སྡུག་བསྔལ་དང་། །ཕྱུགས་ལ་ཇག་རྐུན་གོད་སོགས་བྱུང་དང་འབྱུང་གིས་དོགས་པའི་སྡུག་བསྔལ་དང་། །ལོ་ཏོག་སད་སེར་སོགས་ཀྱིས་བཅོམ་དང་བཅོམ་གྱིས་དོགས་པའི་སྡུག་བསྔལ་དང་། །རབ་བྱུང་གཉེན་པོ་ཞན་པས་ཚུལ་ཁྲིམས་འགོ་མ་ཐོན་པའི་སྡུག་བསྔལ་དང་། །ཤེས་རབ་དམན་པས་ཐོས་བསམ་སྒོམ་གསུམ་བྱ་བ་མ་གྲུབ་སྡུག་བསྔལ་དང་། །ཕྱུག་པོ་རྣམས་ཀྱིས་འཚོ་སྐྱོང་མ་ཐུབ་ནམ་ཡང་མི་ཁོམ་སྡུག་བསྔལ་དང་། །དབུལ་བོས་ཁྱི་བཞིན་ཉུལ་ནས་ནོར་རྫས་བཙལ་ཀྱང་མི་རྙེད་སྡུག་བསྔལ་དང་། །ཞ་བོ་འོན་པ་ལོང་བ་ལྐུགས་པ་བྲན་གཡོག་གྱུར་བའི་སྡུག་བསྔལ་དང་། །ཕྱུག་པོ་སྤྲང་པོར་སོང་དང་མང་པོ་གཅིག་ཏུ་གྱུར་པའི་སྡུག་བསྔལ་དང་། །ནད་ཚ་ཚ་གྲང་བཀྲེས་སྐོམ་འཐབ་རྩོད་གཏུགས་ཤེར་ལ་སོགས་སྡུག་བསྔལ་མང་། །དེས་ན་མི་ཡི་སྡུག་བསྔལ་སྤངས་ནས་ཐར་པའི་གོ་འཕང་འཐོབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་
དབང་པོས་བྱིན་གྱིས་རློབས། །ལྷ་མ་ཡིན་རྣམས་ལྷ་ཡི་བསོད་ནམས་ལོངས་སྤྱོད་ཕུན་སུམ་ཚོགས་པ་ལ། །ཕྲག་དོག་སྐྱེས་པའི་དབང་གིས་ལྷ་དང་འཐབ་ཚེ་མཚོན་ཆའི་འཁོར་ལོ་ཡིས། །གནོད་པ་འབའ་ཞིག་བསྐྱེད་ལ་ལུས་ནི་རྨས་ནས་འདྲལ་དང་འཆི་བ་དང་། །ངག་གིས་རྒྱོབ་སོད་མི་སྙན་སྒྲ་མང་སྒྲོགས་ཤིང་གསོན་སྲེག་བྱེད་པ་དང་། །ཆུ་ལ་སྐྱུར་དང་མགོ་བོ་གཅོད་དང་སྙིང་འདོན་ནང་ཁྲོལ་འབྱིན་པ་སོགས། །སྡུག་བསྔལ་མྱོང་དགོས་ཉིན་འཁྲུག་མཚན་འཁྲུག་ལས་ཀ་ཐམས་ཅད་དམག་ལ་བྱེད། །སྡུག་བསྔལ་བཟོད་མེད་ལན་གཅིག་མ་ཡིན་ཉི་མ་རེ་རེ་བཞིན་དུ་མྱོང་། །འདོད་ལྷ་རྣམས་ལ་འཆི་བར་ཉེ་ཚེ་ལུས་ཀྱི་བཀྲག་མདངས་ཉམས་པ་དང་། །སྟན་ལ་འདུག་སྙིང་མི་འདོད་མེ་ཏོག་ཕྲེང་རྙིང་གོས་ལ་དྲི་མ་ཆགས། །ལུས་ལ་སྔོན་མེད་རྔུལ་འབྱུང་འཆི་ལྟས་ལྔ་དང་ལུས་འོད་ཆུང་ངུར་སོང་། །ཁྲུས་ཆུ་ལུས་ལ་ཆགས་པ་གོས་དང་རྒྱན་ལས་སྒྲ་མི་སྙན་པ་འབྱུང་། །མིག་གི་རྫི་མ་འཁྲབ་པ་ཡུལ་གཅིག་ལ་ཆགས་ཉེ་བའི་འཆི་ལྟས་ལྔ། །དེ་བཅུ་འཆི་བའི་ལྟས་སུ་རིགས་ནས་སྡུག་བསྔལ་བ་དང་ཁྱད་པར་དུ། །གང་དུ་སྐྱེ་གནས་
བརྟགས་ན་ཤེས་པ་ཡིན་པས་དམྱལ་བ་ལྟ་བུ་ལ། །སྐྱེ་ན་དམྱལ་བར་སྐྱེས་དང་ཁྱད་མེད་ལྟ་བུའི་སྡུག་བསྔལ་མི་བཟོད་པ། །ལྷ་ཡི་ཞག་པོ་ལྔ་སོགས་མྱོང་ཞིང་ལྷ་ཡི་ཞག་པོ་ཉུང་ཤོས་ལ། །མི་ལོ་ཉིས་བརྒྱ་ལྔ་བཅུ་ཡོད་པས་སྡུག་བསྔལ་ཡུན་རིང་མྱོང་བ་ཡིན། །གཞན་ཡང་བསོད་ནམས་ཆེ་བའི་ལྷ་རྣམས་ཆུང་བས་མཐོང་བས་སྤ་བཀོང་དང་། །སྟོབས་ཆེ་ལྷ་ཡིས་སྟོབས་ཆུང་ལྷ་རྣམས་གནས་ནས་གཞན་དུ་སྐྲོད་པ་དང་། །ལྷ་མ་ཡིན་ལ་འཐབ་པའི་དུས་སུ་གཅོད་འདྲལ་སྡུག་བསྔལ་སྣ་ཚོགས་མྱོང་། །གཟུགས་ཁམས་གཟུགས་མེད་ཁམས་ན་མངོན་གྱུར་སྡུག་བསྔལ་མེད་ཀྱང་སྔོན་ལས་ཀྱི། །འཕེན་པ་ཟད་ནས་ཤི་ན་སླར་ཡང་འོག་ཏུ་ལྟུང་བའི་སྡུག་བསྔལ་ཡོད། །དེ་ཕྱིར་མདོ་རྒྱུད་བསྟན་བཅོས་རྣམས་ལས་འཁོར་བ་སྡུག་བསྔལ་རྒྱ་མཚོ་ཞེས། །གསུངས་པ་ཡིན་པས་ད་ནི་བདག་གིས་འཁོར་བ་འདི་ལ་རྒྱབ་བསྟན་ནས། །བདེ་ཆེན་ཐར་བའི་གྲོང་ཁྱེར་ཉམས་དགར་སྙོགས་པའི་ཐབས་ལ་འབད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཉེར་ལེན་ཕུང་པོ་གྲུབ་པ་
ཙམ་ནས་ལས་དང་ཉོན་མོངས་དབང་གྱུར་པའི། །འདུ་བྱེད་ཐམས་ཅད་འདུ་བྱེད་སྡུག་བསྔལ་དཔེར་ན་ཚ་བའི་རྨ་འབྲས་འདྲ། །འདི་ཡི་སྣ་ཚོགས་ཐབས་ཀྱིས་མི་འདོད་སྡུག་བསྔལ་དུ་མ་བསྐྱེད་པས་ན། །འགྱུར་བའི་སྡུག་བསྔལ་སྡུག་བསྔལ་སྡུག་བསྔལ་གཉིས་ཀ་བསྐྱེད་པའི་རྩ་བ་ཡིན། །འགྲོ་འདུག་ཉལ་བ་བཟའ་བཏུང་ཉི་མ་གྲིབ་མ་ཧ་ཅང་བསྟེན་དྲགས་ན། །སྡུག་བསྔལ་བསྐྱེད་སོགས་འགྱུར་བའི་སྡུག་བསྔལ་ཚ་བའི་རྨ་འབྲས་ཆུ་བསིལ་བས། །བཏབ་ན་བར་དེར་བདེ་བར་སྣང་ཡང་འགྱུར་ནས་སྡུག་བསྔལ་བསྐྱེད་པ་འདྲ། །མཛེ་ཐོག་ཕོལ་མིག་གྲང་ཐོག་ཚ་ནད་མུག་གེའི་ཐོག་ཏུ་ནད་ཡམས་དང་། །རྒས་ཐོག་ནད་བྱུང་ལ་སོགས་སྡུག་བསྔལ་སྡུག་བསྔལ་ཚ་བའི་རྨ་འབྲས་ལ། །ཚྭ་ཆུས་རེག་པས་སྡུག་བསྔལ་སྔར་བས་ཆེར་འཕེལ་བཟོད་གླགས་མེད་པ་འདྲ། །འགྲོ་དྲུག་སྡུག་བསྔལ་གསུམ་གྱིས་མནར་བ་བརྟགས་ན་སྡུག་བསྔལ་ཕུང་པོར་འདུག །དེས་ན་སྡུག་བསྔལ་དེ་གསུམ་སྤངས་ནས་ཐར་བའི་གོ་འཕང་འཐོབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཉེར་ལེན་ཕུང་པོ་འདི་ཡིས་ཚེ་
འདིའི་རྒ་ན་འཆི་བ་ལ་སོགས་པ། །སྡུག་བསྔལ་ཀུན་གྱི་སྣོད་བྱེད་པ་དང་ཕྱི་མའི་སྡུག་བསྔལ་སྣ་འདྲེན་བྱེད། །འགྱུར་བའི་སྡུག་བསྔལ་སྡུག་བསྔལ་སྡུག་བསྔལ་འདི་ཕྱི་གཉིས་ཀར་འདྲེན་པར་བྱེད། །ཕུང་པོ་གྲུབ་པ་ཙམ་ནས་འདུ་བྱེད་སྡུག་བསྔལ་རྟག་ཏུ་འགྲོགས་པས་ན། །དཔེར་ན་ཁུར་ཆེན་ཁུར་བ་མ་ཕོག་བར་དུ་བདེ་བ་མེད་པ་བཞིན། །ཕུང་པོ་འདི་ལས་མ་གྲོལ་བར་དུ་སྡུག་བསྔལ་མ་གཏོགས་བདེ་བ་མེད། །དེས་ན་སྡུག་བསྔལ་ཕུང་པོ་སྤངས་ནས་ཐར་པའི་གོ་འཕང་འཐོབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་ཁམས་གསུམ་འཁོར་བ་འདི་ན་དགྲ་རྣམས་གཉེན་དུ་འགྱུར་བ་དང་། །གཉེན་རྣམས་དགྲ་རུ་གྱུར་ནས་འགྲོ་བས་ཕན་གནོད་བྱེད་ལ་ཡིད་བརྟན་མེད། །སྐྱེ་བ་འཕོས་ནས་དགྲ་གཉེན་གཉིས་ཀ་གོ་ལྡོག་མ་ཟད་ཚེ་འདིར་ཡང་། །ཕན་ཚུན་འགྱུར་ནས་འགྲོ་སྟེ་རེ་ཞིག་ཅིག་ན་དགྲ་ཡང་མཛའ་བོར་འགྱུར། །མཛའ་བོ་ཡང་ནི་དེ་བཞིན་དགྲར་འགྱུར་དེ་བཞིན་ཁ་ཅིག་བར་མར་འགྱུར། །བར་མ་དེ་ཉིད་ཀྱང་ནི་དགྲར་འགྱུར་དེ་བཞིན་མཛའ་བཤེས་འགྱུར་
འགྲོ་བས། །དེས་ན་ཡིད་བརྟན་མི་རུང་གཉེན་བཤེས་རྣམས་ལ་ཆགས་པ་དོན་མི་འདུག །སྔོན་ཆད་སེམས་ཅན་གཅིག་གིས་མ་བྱས་ནུ་ཞོ་འཐུང་བ་གང་ཡིན་པ། །རྒྱ་མཚོ་ཆེན་པོ་བཞི་ལ་དེ་ཡི་ཚད་ཙམ་མེད་གསུངས་དེ་བཞིན་དུ། །སེམས་ཅན་ཀུན་གྱི་མ་བྱས་ནུ་ཞོ་འཐུང་བ་གཞལ་བར་ག་ལ་ནུས། །ད་ཡང་རང་གི་ཚེ་མཇུག་འདི་ལ་ཐར་པའི་བཙན་ས་མ་ཟིན་ཕྱིན། །འཁོར་བའི་གནས་འདིར་འཁྱམས་ནས་དེ་བས་ད་དུང་ཆེས་མང་འཐུང་བར་འགྱུར། །དེ་བཞིན་ལྷ་ཡི་བདུད་རྩི་ལ་སོགས་འཁོར་བའི་བདེ་བ་ཅི་ཙམ་ཞིག །སྔོན་ཆད་སྤྱད་ཀྱང་ཚིམ་པ་མ་བྱུང་ལྷག་པར་སྲེད་པ་ཆེར་འཕེལ་ནས། །བདེ་བ་དེ་དག་ཆ་ཙམ་དུ་ཡང་མི་ཕོད་སྡུག་བསྔལ་མི་བཟད་མྱངས། །སྔོན་ཆད་ཡང་དང་ཡང་དུ་དམྱལ་བའི་ཟངས་ཞུན་བསྐོལ་བ་གང་འཐུང་བ། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ་ཡང་དེ་ཡི་ཚད་ཙམ་ཡོད་མ་ཡིན། །སྔོན་ཆད་ཁྱི་དང་ཕག་ཏུ་གྱུར་ནས་མི་གཙང་ཟོས་པ་གང་ཡིན་པ། །དབུས་ཀྱི་རི་ཡི་རྒྱལ་པོ་རི་རབ་ཚད་ལས་ཤིན་ཏུ་ལྷག་པར་འགྱུར། །སྔོན་ཆད་མཛའ་བཤེས་རྣམས་དང་བྲལ་ནས་འཁོར་བའི་གནས་སུ་གང་ངུས་པ། །མིག་གི་མཆི་མའི་ཐིགས་པ་
བསགས་ན་སྣོད་དུ་རྒྱ་མཚོ་རུང་མ་ཡིན། །སྔོན་ཆད་ཕན་ཚུན་རྩོད་པའི་ཕྱིར་དུ་མགོ་བོ་བཅད་པ་གང་ཡིན་པ། །སྤུངས་ན་མཐོ་བའི་ཚད་ཀྱང་ཚངས་པའི་འཇིག་རྟེན་ལས་ཀྱང་ཐལ་བར་འགྱུར། །དེས་ན་ད་ཡང་ཐར་པའི་བཙན་ས་མ་ཟིན་ཕྱིན་ཆད་འཁོར་བ་རུ། །ཡུན་རིང་འཁྱམས་ནས་སྡུག་བསྔལ་ཤུགས་དྲག་བཟོད་གླགས་མེད་པ་མྱོང་བར་ངེས། །སྔོན་ཆད་སེམས་ཅན་རེ་རེའི་ལུས་བླངས་དོར་བའི་རུས་པ་མ་གོད་ན། །ལྷུན་པོར་མཉམ་པ་ཡོད་གསུངས་དེས་ན་ལུས་ཐོབ་པ་ལ་ཡིད་བརྟན་མེད། །རང་གི་མ་དང་མ་ཡི་མ་བྱས་བགྲང་བའི་ཆེད་དུ་ས་ཆེན་པོ། །འདི་ཉིད་རིལ་བུ་ཆུང་ངུ་དཔེར་ན་རྒྱ་ཤུག་ཚི་གུ་ཙམ་པ་བྱས། །བགྲངས་ཀྱང་ས་ཡིས་མི་ལངས་དེ་བཞིན་སེམས་ཅན་རྣམས་ཀྱིས་རང་གི་མ། །རྐྱང་བ་བྱས་པ་བགྲངས་ན་གྲངས་ཀྱིས་མི་ལངས་མ་དེ་རྣམས་ཀྱི་མངལ། །མི་གཙང་ནང་དུ་ཉལ་ནས་སྔོན་ཆད་སྡུག་བསྔལ་ཡུན་རིང་མྱོང་བ་ཡིན། །སྔོན་ཆད་ཚངས་པ་བརྒྱ་བྱིན་འཁོར་བསྒྱུར་ལ་སོགས་འཇིག་རྟེན་མཆོད་འོས་སུ། །གྱུར་ཀྱང་ལས་ཀྱི་འཕེན་པ་ཟད་ནས་འཁོར་བའི་ཡང་བྲན་གྱུར་པས་ན། །
མཐོན་པོར་གྱུར་ལ་ཡིད་བརྟན་ཅིང་མེད་འཆི་དུས་གཅིག་པུར་གྲོགས་མེད་པར། །འཇིག་རྟེན་ཕ་རོལ་འགྲོ་དགོས་པས་ན་འགྲོགས་པའི་གྲོགས་ལ་ཡིད་བརྟན་མེད། །དེས་ན་སྔོན་ཆད་རབ་ལྷའི་བདུད་རྩི་འབྲིང་མས་ནུ་ཞོ་འཐུང་བ་དང་། །ཐ་མ་མི་གཙང་བ་དང་ཁྲོ་ཆུ་ཁོལ་མ་ལ་སོགས་རྒྱ་མཚོ་ལས། །མང་བ་འཐུངས་ཀྱང་བཟང་པོས་ཚིམ་དེ་ཆོག་ཤེས་མ་བྱུང་ངན་པ་རྣམས། །འཐུངས་པས་སུན་ཏེ་ཞེན་ལོག་མ་བྱུང་ད་བར་མྱངས་པ་དེས་ཆོག་གི །ད་ནི་དལ་འབྱོར་མི་ལུས་ཐོབ་པའི་དུས་འདིར་འཁོར་བར་རྒྱབ་བསྟན་ནས། །ཐར་པའི་གོ་འཕང་རིན་པོ་ཆེ་དེ་ཅིས་ཀྱང་མྱུར་དུ་འཐོབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྡུག་བསྔལ་དེ་དག་རྒྱུ་ནི་ལས་དང་ཉོན་མོངས་གཉིས་ཡིན་ཁྱད་པར་དུ། །ཉོན་མོངས་གཙོ་བོ་ཡིན་ལ་ཉོན་མོངས་རྩ་བ་བདག་འཛིན་འཕུང་རྒན་ཡིན། །བདག་ཏུ་བཟུང་ལ་བརྟེན་ནས་བདག་གཞན་སོ་སོར་རིས་སུ་གཅོད་པར་བྱེད། །དེ་ལྟར་བཅད་ནས་རང་ཕྱོགས་ལ་ཆགས་གཞན་གྱི་ཕྱོགས་ལ་ཞེ་སྡང་དང་། །གཞན་ལས་མཆོག་ཏུ་འཛིན་པའི་ང་རྒྱལ་ལ་སོགས་ལྟ་ལོག་
རྣམས་སྐྱེ་ལ། །དེ་ལ་བརྟེན་ནས་བདག་མེད་སྟོན་པའི་སྟོན་པ་དེས་བསྟན་ལས་འབྲས་དང་། །བདེན་བཞི་དཀོན་མཆོག་གསུམ་སོགས་མེད་པར་འཛིན་པའི་ལོག་ལྟ་ཐེ་ཚོམ་སྐྱེ། །དེ་ལ་བརྟེན་ནས་ཉོན་མོངས་གཞན་རྣམས་རྒྱས་ནས་ཉོན་མོངས་དེའི་དབང་གིས། །བསགས་པའི་ལས་ཀྱིས་སྔོན་ཆད་རིགས་དྲུག་སོ་སོའི་ལུས་བླངས་མི་འདོད་པའི། །སྡུག་བསྔལ་རྣམ་པ་སྣ་ཚོགས་རང་གིས་ད་ལྟའི་བར་དུ་མྱངས་པ་ཡིན། །དེ་ཡང་ཉོན་མོངས་དགྲ་རུ་བལྟས་ནས་མ་སྤངས་ཕྱིན་ཆད་ལས་བསགས་ནས། །སླར་ཡང་འགྲོ་བ་རིགས་དྲུག་སོ་སོའི་ལུས་བླངས་སྡུག་བསྔལ་མྱང་བར་ངེས། །དེས་ན་བདག་གིས་ཉོན་མོངས་གང་བྱུང་དགྲ་རུ་བལྟས་ནས་འབུར་འཇོམས་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་ཉིད་ལས་དང་ཉོན་མོངས་གཉིས་ཀྱི་སྙིང་ནག་འཕུང་རྒན་དགྲ་བོ་ཡིས། །འཁོར་བའི་བཙོན་ཁང་ནང་དུ་ཉེར་ལེན་ཕུང་པོའི་ཐག་པ་ནག་པོས་བཅིངས། །འདུ་བྱེད་འགྱུར་དང་སྡུག་བསྔལ་སྡུག་བསྔལ་གསུམ་གྱི་ཆད་པ་ཉིན་རེ་བཞིན། །གཅོད་ཅིང་སྡུག་
བསྔལ་སྣ་དགུ་འཛོམ་པའི་འཁོར་བའི་བཙོན་ཁང་འདི་ཉིད་དུ། །བློ་བདེར་སྡོད་པ་ཤིན་ཏུ་འཁྲུལ་འདུག་ད་ནི་བསླབ་གསུམ་ཅང་ཤེས་ཀྱི། །རྟར་ཞོན་འབད་རྩོལ་དྲག་པོས་ལྕག་བྲབ་ཐར་བའི་ལམ་ལ་གྱེན་དུ་རྒྱུག །ནམ་ཡང་ཕྱི་མིག་མི་བལྟ་བདེ་ཆེན་ཐར་པའི་གྲོང་ཁྱེར་སྙོགས་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཁྱད་པར་ཚུལ་ཁྲིམས་ཚུལ་བཞིན་བསྲུངས་ན་ཕན་ཡོན་ཆེ་ཞིང་མ་བསྲུངས་ན། །ཉེས་དམིགས་ཤིན་ཏུ་ཆེ་བར་འདུག་པས་རང་གིས་ཇི་ལྟར་ཁས་བླངས་པའི། །ཚུལ་ཁྲིམས་སྲོག་གི་ཕྱིར་ཡང་མི་གཏོང་མིག་འབྲས་བཞིན་དུ་བསྲུང་བར་བྱ། །དེ་ཡང་མི་ཤེས་ལྟུང་བ་འབྱུང་བའི་སྒོ་ཡིན་དེ་ཡི་གཉེན་པོ་ལ། །བསླབ་བྱ་རྣམས་ཉན་ཤེས་པར་བྱ་ཞིང་མ་གུས་ལྟུང་བ་འབྱུང་བའི་སྒོ། །ཡིན་པས་དེ་ཡི་གཉེན་པོར་སྟོན་པ་དེ་ཡིས་བཅས་པའི་བསླབ་པ་དང་། །བསླབ་པ་དེ་ལ་ཚུལ་བཞིན་སློབ་གྲོགས་དགེ་འདུན་རྣམས་ལ་གུས་པར་བྱ། །བག་མེད་ལྟུང་བ་འབྱུང་བའི་སྒོ་ཡིན་དེ་ཡི་གཉེན་པོ་བླང་དོར་གནས། །གང་ཡིན་དྲན་པས་གསལ་འདེབས་པ་དང་ལེགས་ཉེས་དཔྱོད་པའི་ཤེས་བཞིན་གྱིས། །
བྱ་ར་བྱེད་ཅིང་ངོ་ཚ་ཁྲེལ་ཡོད་བསྐྱེད་ནས་བག་དང་ལྡན་པར་བྱ། །ཉོན་མོངས་མང་བ་ལྟུང་བ་འབྱུང་བའི་སྒོ་ཡིན་དེ་ཡི་གཉེན་པོ་ལ། །ཉོན་མོངས་གང་བྱུང་འབུར་འཇོམས་བྱས་ནས་ཉེས་པས་མ་གོས་པ་ལ་འབད། །བརྒྱ་ལ་གོས་ཀྱང་དེ་མ་ཐག་ཏུ་ཕྱིར་བཅོས་སྟོབས་བཞིའི་བཤགས་སྡོམ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས།། །།༈ རྨད་བྱུང་བློ་གྲོས་རི་རབ་སྲུབས་ཤིང་སྲ་བས་མདོ་སྔགས་རྒྱ་མཚོ་བསྲུབས། །ལུང་རིགས་བཟང་པོས་ཤེལ་ལས་ལེགས་གྲུབ་ལམ་རིམ་ཆེ་ཆུང་ཉི་ཟླ་བླངས། །གངས་ཅན་མཁའ་ལ་འཕགས་ཚེ་ཀུན་གྱི་མི་ཤེས་མུན་པ་བསལ་ཞེས་གྲགས། །རྒྱལ་བ་སྟོབས་མཆོག་གཉིས་པ་ད་དུང་སྙིང་གི་པད་དཀར་རྩེ་ལ་བཞུགས། །ཁྱོད་གསུང་སྐྱེས་བུ་འབྲིང་གི་ཆོས་སྐོར་རིན་ཆེན་གསེར་གྱི་གླིང་མཆོག་ནས། །སྐྱེས་བུ་འབྲིང་དང་ཐུན་མོང་ལམ་རིམ་ཉུང་འདུས་གསེར་ཕྱེ་བླང་ས་ཟིན་ནས། །ད་ནི་སྐྱེས་བུ་ཆེན་པོའི་ཆོས་སྐོར་ཡིད་བཞིན་ནོར་བུའི་གླིང་བསྙེགས་ནས། །སྐྱེས་བུ་ཆེན་པོའི་ལམ་རིམ་ཉུང་འདུས་འདོད་དོན་ཀུན་སྐོང་ནོར་བུ་
ལེན། །དེ་ལྟར་འཁོར་བའི་ཉེས་དམིགས་བསམས་ནས་སྲིད་པ་མཐའ་དག་མེ་འོབས་ལྟར། །མཐོང་ནས་ཉོན་མོངས་པ་དང་སྡུག་བསྔལ་ཉེ་བར་ཞི་བའི་ཐར་བ་ལ། །ཐོབ་འདོད་ཤུགས་དྲག་བློ་སྐྱེས་དེ་ནས་བསླབ་པ་རིན་པོ་ཆེ་གསུམ་ལ། །བསླབས་ན་འཁོར་བ་ལས་གྲོལ་ཐར་བ་ཐོབ་ཅིང་དེ་ཡང་མཐོ་རིས་ཀྱི། །དཔལ་ལྟར་ཟད་ནས་སླར་ཡང་འཁོར་བའི་གནས་སུ་ལྟུང་བ་མ་ཡིན་མོད། །འོན་ཀྱང་སྐྱོན་ཟད་པ་དང་ཡོན་ཏན་རྫོགས་པ་ཕྱོགས་རེ་བ་ཡིན་པའི། །རང་དོན་མ་རྫོགས་པས་ན་གཞན་གྱི་དོན་ཡང་ཉི་ཚེ་བར་ཟད་ཅིང་། །མཐར་ཡང་སངས་རྒྱས་ཀྱིས་བསྐུལ་ཐེག་པ་ཆེན་པོར་ངེས་པར་འཇུག་དགོས་པས། །དེས་ན་གཞན་དོན་གཙོ་བོར་བྱས་པས་རང་གི་གནས་སྐབས་མཐར་ཐུག་དོན། །མ་ཚང་མེད་པར་ཞར་ལ་འགྲུབ་པའི་ཐེག་པ་ཆེན་པོར་འཇུག་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གི་མདུན་དུ་ཕ་མ་གྲོགས་མཆེད་ལ་སོགས་ཡིད་འོང་གཉེན་རྣམས་དང་། །དགྲ་ལ་སོགས་པའི་ཡིད་དུ་མི་འོང་བ་དང་བར་མའི་སེམས་ཅན་དང་། །དེ་དག་མཐའ་བསྐོར་རྣམས་སུ་སེམས་ཅན་གཅིག་
ཀྱང་མ་ལུས་ཡོད་པར་དམིགས། །སེམས་ཅན་རྣམས་ཀྱི་ངོས་ནས་བདེ་འདོད་སྡུག་བསྔལ་མི་འདོད་མཚུངས་པས་ན། །སེམས་ཅན་འགའ་ཞིག་ཉེ་བར་བཟུང་ནས་ཕན་འདོགས་གནོད་པ་སེལ་བ་དང་། །འགའ་ཞིག་རིང་བར་བཟུང་ནས་གནོད་དང་ཕན་པ་མི་འདོགས་ཡེ་མི་རིགས། །རང་གི་ངོས་ནས་ཐོག་མ་མེད་ནས་ད་བར་སེམས་ཅན་འདི་དག་རྣམས། །ལན་གྲངས་མང་པོར་བདག་གི་གཉེན་དུ་མ་གྱུར་པ་ནི་གང་ཡང་མེད། །དེས་ན་སེམས་ཅན་གང་ལ་ཆགས་པར་བྱ་ལ་གང་ལ་སྡང་བར་བྱ། །ད་ལྟའི་ཕ་མ་སྤུན་ཟླ་ལ་སོགས་ཡིད་དུ་འོང་བའི་གཉེན་རྣམས་ཀྱིས། །ཚེ་རབས་ཐོག་མ་མེད་ནས་དགྲ་ཡི་གཙོ་བོ་བྱས་པ་གྲངས་མི་ཆོད། །དགྲ་ནམ་བྱས་པའི་དུས་སུ་རང་ལ་མི་འདོད་གནོད་པ་ཚད་མེད་བསྐྱལ། །གནས་ཁང་གཅིག་གི་ནང་དུ་གནས་ཀྱང་ཡིད་མི་བདེ་བ་ནག་ཡོ་རེ། །དེ་གཞན་སོང་ན་ནམ་ལངས་སོང་བ་ལྟ་བུ་གྲངས་མེད་བྱས་པ་ཡོད། །ད་ལྟའི་དགྲ་སོགས་ཡིད་མི་འོང་བ་འདིས་ཀྱང་འཁོར་བ་ཐོག་མེད་ནས། །བདག་གི་ཕ་མ་ཕུ་ནུ་སྤུན་ཟླ་སྲིང་མོ་བུ་དང་ཆུང་མ་དང་། །གྲོགས་མཆེད་ལ་
སོགས་བྱས་པ་གྲངས་ཀྱིས་མི་ཆོད་བྱས་པའི་དུས་སྐབས་སུ། །ཕན་བདེ་ཚད་མེད་བསྒྲུབ་ཅིང་གནོད་པ་ཚད་མེད་པ་ལས་བསྐྱབས་པ་དང་། །ཁྱད་པར་བདག་གིས་འདི་ཉིད་མེད་ན་ཅུང་ཟད་སྡོད་མི་ཚུགས་པ་དང་། །འདིས་ཀྱང་བདག་མེད་ཅུང་ཟད་སྡོད་མི་ཚུགས་པ་གྲངས་མེད་བྱས་པ་ཡོད། །དེས་ན་དགྲ་གཉེན་གང་ལ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །འཁོར་བ་ཐོག་མ་མེད་པས་བདག་གི་སྐྱེ་བ་ལ་ཡང་ཐོག་མ་མེད། །སྐྱེ་བ་གཅིག་ནས་གཅིག་ཏུ་བརྒྱུད་དེ་ཡུལ་ཕྱོགས་ས་ཕྱོགས་འདིར་མ་སྐྱེས། །བྱ་བ་གཅིག་ཀྱང་མེད་ལ་སྐྱེས་པ་གྲངས་ཀྱིས་མི་ཆོད་སེམས་ཅན་གྱི། །ལུས་འདི་མ་བླངས་བྱ་བ་གཅིག་མེད་བླངས་པ་ལ་ཡང་གྲངས་མི་ཆོད། །སེམས་ཅན་འདི་ཡིས་བདག་གི་ཕ་མ་ཕུ་ནུ་སྲིང་མོ་ལ་སོགས་པ། །མ་བྱས་གཅིག་མེད་བྱས་པ་ལ་ཡང་གྲངས་ཀྱིས་མི་ཆོད་ཁྱད་པར་དུ། །སེམས་ཅན་རེ་རེས་མི་ཡི་རྟེན་ལ་བདག་མ་མ་བྱས་གཅིག་ཀྱང་མེད། །བྱས་པ་གྲངས་ཀྱིས་མི་ཆོད་དེ་ཡི་རྒྱུ་མཚན་སངས་རྒྱས་སྐུ་ཚེ་དེའི། །ཡུམ་གྱི་སྐུ་ཚེ་མང་པོར་མ་བྱས་
གསུངས་ཤིང་གང་ཟག་གཞན་ལ་ཡང་། །དེ་ལྟར་བྱས་ཞེས་གསུངས་པས་ཕྱིར་ན་སངས་རྒྱས་བཀའ་ལ་བསླུ་བ་མེད། །སྔར་མ་བྱས་པར་མ་ཟད་མ་འོངས་པ་ན་ད་དུང་བྱེད་པར་འགྱུར། །འོ་ན་སེམས་ཅན་གྲངས་མེད་པས་ན་སེམས་ཅན་ཐམས་ཅད་བདག་གི་མ། །མ་ཡིན་སྙམ་ན་སེམས་ཅན་གྲངས་མེད་བཞིན་དུ་བདག་གི་སྐྱེ་བ་ཡང་། །གྲངས་མེད་བླངས་པའི་ཕྱིར་ན་སེམས་ཅན་ཐམས་ཅད་རང་གི་མ་ཡིན་ངེས། །བདག་གཞན་ཀུན་གྱི་མ་བུ་ཡིན་པར་ངོ་མི་ཤེས་པས་བདག་གི་མ། །མ་ཡིན་སྙམ་ན་མི་ཚེ་འདིར་ཡང་མ་བུ་གཉིས་ཀ་ཆུང་དུས་སུ། །དབྱེ་བས་ངོ་མི་ཤེས་ན་སྐྱེ་ཤིས་བར་དུ་བཅད་ན་ག་ལ་ཤེས། །གཞན་ཡང་སེམས་ཅན་ཐམས་ཅད་བདག་གི་ཚེ་རབས་སྔ་མའི་དུས་སུ་མ། །ཡིན་ཀྱང་སྔར་འདས་ཟིན་པས་ད་ནི་བདག་མ་ཡིན་པར་མི་འཐད་དོ། །སྙམ་ན་ཚེ་འདིའི་མ་དེ་ཟླ་བ་སྔོན་མའི་དུས་སུ་མ་ཡིན་ལ། །ཟླ་བ་ཕྱི་མའི་དུས་སུ་བདག་གི་མ་མ་ཡིན་པར་ག་ལ་འགྱུར། །ཟླ་བ་སྔ་ཕྱིའི་དུས་སུ་མ་ཡིན་པ་ལ་ཁྱད་པར་མེད་པ་བཞིན། །ཚེ་རབས་སྔར་མ་ཚེ་འདིའི་མ་གཉིས་མ་ཡིན་པ་ལ་ཁྱད་པར་
མེད། །དེས་ན་སེམས་ཅན་ཐམས་ཅད་དྲིན་གྱིས་བསྐྱངས་པའི་བདག་གི་མ་ཡིན་ངེས། །དང་པོ་ཚེ་འདིའི་མ་ཡི་མངལ་དུ་ཞུགས་ནས་ཟླ་བཅུའི་བར་དུ་མས། །གཞན་གྱིས་ཁ་ཟས་བྱིན་ཡང་གནོད་ཀྱིས་དོགས་ནས་གང་ཡིན་ཟ་མི་ཕོད། །འགྲོ་འདུག་འགུལ་བསྐྱོད་ཤུགས་དྲག་བྱས་ན་གནོད་ཀྱིས་དོགས་ནས་དལ་བར་བྱས། །ཐ་ན་སྐེ་རགས་ཡན་ཆད་བསྡམས་ན་གནོད་ཀྱིས་དོགས་ནས་ལྷོད་ཕོར་བཅིངས། །མངལ་ནས་ཆུད་ཟོས་མ་བྱས་དལ་འབྱོར་ལུས་འདི་བྱིན་པས་དྲིན་རེ་ཆེ། །བར་དུ་བཙས་དུས་ཤ་རུས་འགས་འདྲའི་སྡུག་བསྔལ་དྲག་པོ་མྱོང་བཞིན་བཙས། །བཙས་མ་ཐག་ཏུ་ནོར་བུ་རྙེད་ལྟར་སེམས་དགའ་འཇམ་པའི་སྟན་ལ་བཞག །ལག་ཏུ་བླངས་ནས་བྱམས་པའི་མིག་གིས་བལྟ་ཞིང་དགའ་བའི་འཛུམ་གྱིས་བསུས། །སྙན་པའི་མིང་ནས་འབོད་ཅིང་མངར་བའི་ནུ་ཞོ་ཁ་རུ་ཡང་ཡང་བླུད། །རུམ་གྱི་ཕུག་གི་དྲོ་སར་བཅུག་ནས་ཤ་ཡི་དྲོད་ལ་རྒྱུན་ཏུ་གླན། །ཟས་གཡོས་བྱིན་ན་ཆོག་ཀྱང་གནོད་ཀྱིས་དོགས་ནས་ལྕེ་ཡིས་བསྙད་ནས་བྱིན། །སྣབས་ནི་ལག་པས་ཕྱིས་ན་ཆོག་ཀྱང་གནོད་ཀྱིས་དོགས་ནས་ཁ་ཡིས་ཕྱིས། །མི་གཙང་ས་རྡོས་
ཕྱིས་ན་ཆོག་ཀྱང་གནོད་ཀྱིས་དོགས་ནས་ལག་པས་ཕྱིས། །མཚན་མོའི་དུས་སུ་འོག་ཏུ་གཅུར་གྱིས་དོགས་ནས་གཉིད་ཀྱི་བདེ་བ་བཀག །ཟླ་བ་ཁ་ཤས་སོང་བའི་འཕྲོ་ནས་འཛུམ་རེ་བྱས་པ་ལ་ཡང་མ། །དགའ་བ་བསམ་གྱིས་མི་ཁྱབ་པ་བྱས་དེ་ནས་གོམ་པ་རེ་གཉིས་ཙམ། །འདེགས་ཤེས་ཙ་ན་བདག་གི་བུ་ལ་ལྟོས་ཟེར་དགའ་བཞིན་གཞན་ལ་ངོམ། །ཆང་འཐུང་བཞིན་དུ་འགྲོ་འདུག་བྱེད་དུས་ཡུལ་ནས་འདུག་དུས་མིག་བཞིན་འཚོ། །གཞན་དུ་སོང་ན་བུ་དེ་ཅི་བྱས་ཡོད་སྙམ་སེམས་ལ་བདེ་དུས་མེད། །མེ་ཆུ་གཡང་སོགས་འཇིགས་པ་ལས་བསྐྱབས་ཟ་ལུགས་འགྲོ་ལུགས་ཡན་ཆད་བསླབས། །བུ་ལ་མགོ་ན་ཙམ་ཞིག་བྱུང་ཡང་གང་ཡོད་ཕངས་མེད་གླུད་དུ་བཏང་། །བུ་འདི་ན་ལས་རང་ཉིད་ན་དང་ཤི་ལས་རང་ཉིད་ཤིན་སྙམ། །དེ་ནས་ཆེ་རུ་སོང་ནས་ཟ་མ་གང་བཟང་ཕོ་བས་འཇུ་ཚད་བྱིན། །གང་ཡོད་དྲོ་འཇམ་ཡང་པའི་གོས་ཀྱིས་གཡོགས་ནས་མཛེས་པའི་རྒྱན་གྱིས་སྤྲས། །བུ་རང་གཞན་དུ་སོང་བའི་ཤུལ་ནས་ཟ་མ་བཟང་པོ་ཞིག་རྙེད་ཀྱང་། །ཁ་རུ་ཟ་མི་ཕོད་པར་བུ་ལ་སྟེར་སྙམ་རུལ་རག་བར་དུ་འཇོག །བུ་ལ་
བཟང་ཞིག་ཡོད་ན་སྒྲོགས་ཅིང་སྐྱོན་ཞིག་ཡོད་ཀྱང་འགེབ་ཅིང་གསང་། །སྐོམ་དུས་མངར་བའི་ཇ་བླུད་ལྟོགས་དུས་ཟ་མ་གང་ཡོད་མདུན་དུ་བཞག །འཁྱགས་དུས་གོས་བསྐོན་མདོར་ན་གང་མཁོ་དགའ་བཞིན་བྱིན་པས་དྲིན་རེ་ཆེ། །ཐ་མ་སྡིག་སྡུག་གཏམ་ངན་རང་སྲོག་ལ་ཡང་མ་བལྟས་བཙལ་བ་ཡི། །ས་ཞིང་ཁང་པ་ནོར་རྫས་ཅི་ཡོད་ཐམས་ཅད་རང་ལ་ལེགས་པར་བྱིན། །ཐམས་ཅད་བུ་ལ་འཕྲོད་པ་ཡིན་ཞེས་དགའ་དགའ་བྱེད་པས་དྲིན་རེ་ཆེ། །ཚེ་འདི་ཁོ་ནར་མ་ཟད་ཚེ་རབས་ཐོག་མ་མེད་ནས་ད་ལྟའི་བར། །མ་འདིས་བདག་གི་མ་བྱས་པ་རྣམས་བགྲངས་ན་གྲངས་ཀྱིས་ཆོད་མི་འགྱུར། །མ་བྱས་དུས་སུ་ཚེ་འདིར་རང་ཉིད་བསྐྱངས་བཞིན་དྲིན་གྱིས་བསྐྱངས་པ་ཡིན། །ཁྱད་པར་ཚེ་རབས་སྔ་མ་མ་བྱས་དུས་སུ་རང་གི་དོན་དུ་མས། །ལུས་སྲོག་དོར་བའི་དུས་ཀྱང་ཡོད་ངེས་མ་འདི་ཤིན་ཏུ་དྲིན་རེ་ཆེ། །ཚེ་འདིའི་ཕ་དང་དགྲ་སོགས་འགྲོ་དྲུག་སེམས་ཅན་ཀུན་གྱིས་བདག་གི་མ། །བྱས་དུས་ཚེ་འདིའི་མ་ཡིས་བསྐྱངས་བཞིན་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན། །ལྷག་པར་ཚེ་རབས་སྔོན་མར་སེམས་ཅན་རྣམས་ཀྱིས་བདག་གི་མ་བྱས་དུས། །
བདག་གི་དོན་དུ་ལུས་སྲོག་དོར་བའི་མ་ནི་མང་པོ་ཡོད་པ་ཡིན། །ལན་གཅིག་མ་ཡིན་ཡང་ཡང་སེམས་ཅན་རེ་རེས་བདག་གི་མ་བྱས་པ། །གྲངས་ཀྱིས་མི་ཆོད་མ་ནམ་བྱས་པའི་དུས་སུ་ཕན་བདེ་ཚད་མེད་བསྒྲུབས། །གནོད་པ་ཚད་མེད་པ་ལས་བསྐྱབས་པས་སེམས་ཅན་ཐམས་ཅད་དྲིན་རེ་ཆེ། །དཔེར་ན་ཁ་སང་ལྟོགས་དུས་ཟས་བྱིན་དེ་རིང་ལྟོགས་དུས་ཟས་བྱིན་ལ། །ཁྱད་པར་མེད་བཞིན་ཚེ་འདིའི་མ་དང་ཚེ་རབས་སྔོན་མའི་མ་རྣམས་ཀྱི། །དྲིན་གྱིས་བསྐྱངས་ལ་ཁྱད་པར་མེད་པས་སེམས་ཅན་ཐམས་ཅད་དྲིན་ཅན་ཡིན། །མ་རྣམས་དྲིན་གྱིས་བསྐྱངས་པའི་ལན་དུ་རང་གིས་དྲིན་གཟོ་བྱེད་དགོས་ཏེ། །ད་ལྟ་འཇིག་རྟེན་འདི་ན་ཚུར་ལ་ཟས་ནོར་ཙམ་གྱིས་ཕན་བཏགས་པ། །ཕར་ལ་གདབ་ལན་སྟེར་ན་ཚེ་རབས་ཐོག་མ་མེད་ནས་སེམས་ཅན་གྱིས། །ལན་གཅིག་མ་ཡིན་དྲིན་དྲན་ཡང་ཡང་ཕན་བཏགས་དྲིན་ལན་འཇལ་ནི་ཅིའི་མི་དགོས། །རང་གི་མ་སྨྱོས་མིག་ལོང་ལོང་འཁྲིད་མེད་པར་ལམ་ལོག་གཡང་ཁ་ཞིག །འགྲིམས་པ་རང་གིས་མཐོང་བཞིན་མ་དེ་ཡལ་བར་དོར་ན་ཁྲེལ་མེད་བཞིན། །མ་གྱུར་སེམས་ཅན་
ཐམས་ཅད་ཉོན་མོངས་གདོན་གྱིས་ཡིད་དཀྲུགས་དབང་མེད་སྨྱོས། །ཐར་པའི་ལམ་ལ་བལྟ་བའི་མིག་ལོང་ལོང་འཁྲིད་དགེ་བའི་བཤེས་གཉེན་མེད། །འཁོར་བའི་གཡང་ཁ་འཇིགས་སུ་རུང་བ་འགྲིམས་པ་རང་གིས་མཐོང་བཞིན་དུ། །སྐྱབས་མེད་འགྲོ་རྣམས་ཡལ་བར་དོར་ན་དེ་ལས་ཁྲེལ་མེད་གཞན་ན་གང་། །ད་ནི་དྲིན་གྱིས་བསྐྱངས་པའི་ལན་དུ་སེམས་ཅན་གཅིག་ཀྱང་མ་ལུས་པ། །འཁོར་བའི་གཡང་ལས་མྱུར་དུ་བསྒྲལ་ནས་ཐར་པའི་ལམ་ལ་དྲིན་གཟོབ་དགོད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གི་ཚེ་འདིའི་མ་ཡི་གཙོར་བྱས་མ་གྱུར་སེམས་ཅན་ཐམས་ཅད་ལ། །ཟག་མེད་བདེ་བ་ཡོད་པ་ཕར་ཞོག་ཟག་བཅས་བདེ་བ་ཙམ་མི་འདུག །བདེ་བ་འདོད་ནས་འབད་འབད་དུང་དུང་བྱས་ཀྱང་སྡུག་བསྔལ་ཙམ་མ་གཏོགས། །བདེ་བ་གཏན་ནས་མི་འདུག་སེམས་ཅན་བདེ་དང་ལྡན་ན་ཅི་མ་རུང་། །སེམས་ཅན་ཐམས་ཅད་བདེ་དང་ལྡན་པར་གྱུར་ཅིག་བྱམས་པ་བདེ་དང་ལྡན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །བྱམས་པ་ལེགས་པར་བསྒོམས་པའི་ཕན་
ཡོན་ལྷོ་ཕྱོགས་འཛམ་བུའི་གླིང་ཙམ་ལ། །བྱམས་པ་བསྒོམས་ན་དེ་ལ་དབང་བའི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་འགྱུར། །གླིང་གཉིས་བསྒོམ་ན་དེ་ལ་དབང་བའི་ཟངས་ཀྱི་འཁོར་ལོས་བསྒྱུར་རྒྱལ་འགྱུར། །གསུམ་ལ་བསྒོམས་ན་དེ་ལ་དབང་བའི་དངུལ་གྱི་འཁོར་ལོས་བསྒྱུར་རྒྱལ་འགྱུར། །གླིང་བཞིར་བསྒོམས་ན་དེ་ལ་དབང་བའི་གསེར་གྱི་འཁོར་ལོས་བསྒྱུར་རྒྱལ་འགྱུར། །སྟོང་དང་པོ་དང་སྟོང་གཉིས་པ་ལ་བསྒོམས་ན་དེར་དབང་བདག་པོར་འགྱུར། །སྟོང་གསུམ་པོ་ལ་བསྒོམས་ན་དེ་ལ་དབང་བའི་ཚངས་པར་སྐྱེ་བར་འགྱུར། །མར་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་བསྒོམས་ན། །དེ་ཡི་འབྲས་བུ་རྫོགས་པའི་སངས་རྒྱས་མིན་པ་གཞན་དུ་མི་འགྱུར་གསུངས། །སྤྱིར་ལས་བདག་གིར་བྱ་བ་ཡིན་ཀྱང་བྱམས་པ་རྣལ་མ་ཞིག་སྐྱེས་ན། །གཞན་ལ་ཕན་སྟེ་དཔེར་ན་རྒྱལ་པོ་བྱམས་པའི་སྟོབས་ལྟ་བུ་ཡིན་གསུངས། །སངས་རྒྱས་བཅོམ་ལྡན་འདས་ཀྱིས་བདུད་སྡེ་བྱམས་པའི་སྟོབས་ཀྱིས་ཕམ་པར་མཛད། །དེས་ན་འབད་པས་བསྒོམས་ན་རང་གི་བསྲུང་བའི་
མཆོག་ཏུ་འགྱུར་བ་ཡིན། །བྱང་ཤར་མཚམས་ཀྱི་སངས་རྒྱས་དབང་ཕྱུག་ཆེན་པོའི་རྒྱལ་པོའི་འཇིག་རྟེན་ཁམས། །སྟོང་གིས་བརྒྱན་པ་ཞེས་བྱ་དེ་ན་དགེ་སློང་འགོག་པ་ལ་ཞུགས་པས། །བདེ་བཞིན་སེམས་ཅན་རྣམས་ཀྱང་བདེ་ལ་དེར་ལོ་བྱེ་བ་བརྒྱ་སྟོང་དུ། །ཚངས་སྤྱོད་སྤྱད་ལས་ཞིང་འདིར་ཐ་ན་སེ་གོལ་གཏོགས་པའི་ཡུན་ཙམ་དུ། །སེམས་ཅན་རྣམས་ལ་བྱམས་སེམས་བསྐྱེད་ན་སྔ་མ་དེ་ལས་བསོད་ནམས་ཆེས། །མང་དུ་བསྐྱེད་ན་ཉིན་དང་མཚན་དུ་གནས་པ་ལྟ་ཅི་སྨོས་ཞེས་གསུངས། །བྱེ་བ་ཁྲག་ཁྲིག་ཞིང་གི་མཆོད་པ་རྣམ་མང་དཔག་མེད་ཇི་སྙེད་པ། །སྐྱེས་མཆོག་རྣམས་ལ་དེ་ཡིས་རྟག་ཏུ་མཆོད་ལས་བསོད་ནམས་ཆེས་ཆེ་གསུངས། །རྫིའུ་ཚོས་སུམ་བརྒྱའི་ཁ་ཟས་ཉིན་རེ་བཞིན་དུ་དུས་གསུམ་བྱིན་པ་ལས། །བྱམས་པ་ཡུད་ཙམ་ཐང་ཅིག་བསྒོམས་པའི་བསོད་ནམས་དག་ལ་ཆར་མི་ཕོད། །ལྷ་དང་མི་ཡིས་བྱམས་པར་འགྱུར་དང་དེ་དག་རྣམས་ཀྱིས་བསྲུང་བ་དང་། །ཡིད་བདེ་བ་དང་བདེ་བ་མང་དང་དུག་དང་མཚོན་གྱིས་གནོད་མེད་དང་། །འབད་པ་མེད་པར་དོན་འཐོབ་པ་དང་ཚངས་པའི་འཇིག་རྟེན་སྐྱེ་བར་འགྱུར། །
གལ་ཏེ་གྲོལ་བར་མ་གྱུར་ན་ཡང་ཕན་ཡོན་འདི་རྣམས་འཐོབ་པར་གསུངས། །དེས་ན་བྱམས་པ་ཐུགས་དམ་མཐིལ་དུ་བཟུང་ནས་རྟག་ཏུ་བསྒོམ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གི་ཚེ་འདིའི་མ་ཡི་གཙོར་བྱས་མ་གྱུར་སེམས་ཅན་ཐམས་ཅད་ཀྱིས། །དམྱལ་བ་ཚ་གྲང་ཡི་དྭགས་བཀྲེས་སྐོམ་དུང་འགྲོ་བཀོལ་སྤྱོད་སྡུག་བསྔལ་དང་། །མི་ཡི་སྐྱེ་རྒ་ན་འཆི་ལྷ་མིན་འཐབ་རྩོད་ལྷ་ཡི་འཕོ་ལྟུང་གི །སྡུག་བསྔལ་ཁོར་མོ་ཡུག་ཏུ་རྒྱུན་དུ་མྱོང་བ་ཤིན་ཏུ་སྙིང་རེ་རྗེ། །སེམས་ཅན་ཐམས་ཅད་འཁོར་བའི་སྡུག་བསྔལ་ཀུན་དང་བྲལ་ན་ཅི་མ་རུང་། །སྡུག་བསྔལ་ཀུན་དང་བྲལ་བར་གྱུར་ཅིག་སྡུག་བསྔལ་སྙིང་རྗེ་ཀུན་དང་བྲལ་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྙིང་རྗེ་བསྒོམ་པའི་དགོས་པ་མ་གྱུར་སེམས་ཅན་ཐམས་ཅད་འཁོར་བ་ལས། །སྒྲོལ་ཕྱིར་ངེས་པར་དམ་བཅའ་བྱེད་ནུས་དེ་ལྟར་དམ་བཅས་པ་དེ་ཡང་། །ཚོགས་གཉིས་རྒྱ་ཆེན་པོ་ལ་མ་བསླབས་མི་འགྲུབ་མཐོང་ནས་བྱ་དཀའ་བའི། །ཚོགས་རྒྱ་ཆེན་པོ་རྣམས་ལ་ཞུམ་པ་
མེད་པར་ངེས་པར་འཇུག་པར་ནུས། །དེ་ལྟར་ཤིན་ཏུ་བྱ་དཀའ་བ་ལ་ཞུགས་ན་རིང་པོར་མི་ཐོགས་པར། །མྱུར་དུ་ཚོགས་གཉིས་ཡོངས་སུ་རྫོགས་ནས་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི། །གོ་འཕང་འཐོབ་ནུས་སངས་རྒྱས་གོ་འཕང་ཐོབ་ནས་ཐེག་པ་དམན་པ་བཞིན། །ཞི་བར་མི་གནས་འཁོར་བ་མ་སྟོངས་བར་དུ་འགྲོ་དོན་མཛད་པ་ཡང་། །སྙིང་རྗེ་ཆེན་པོའི་མཐུ་ཡིན་དཔེར་ན་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཡི། །འཁོར་ལོ་རིན་པོ་ཆེ་དེ་གང་དུ་མཆིས་པ་དེ་རུ་དཔུང་གི་ཚོགས། །ཐམས་ཅད་མཆིས་པ་བཞིན་དུ་སྙིང་རྗེ་ཆེན་པོ་གང་དུ་མཆིས་པ་དེར། །སངས་རྒྱས་ཆོས་ཀུན་མཆིའོ་དཔེར་ན་སྲོག་གི་དབང་པོ་མཆིས་གྱུར་ན། །དབང་པོ་གཞན་རྣམས་ཀུན་ཀྱང་མཆིས་བཞིན་སྙིང་རྗེ་ཆེན་པོ་མཆིས་གྱུར་ན། །བྱང་ཆུབ་སེམས་དཔའི་ཆོས་གཞན་རྣམས་ཀྱང་འབྱུང་བར་འགྱུར་ཞེས་གསུངས་པའི་ཕྱིར། །དེས་ན་སྙིང་རྗེ་ཐུགས་དམ་མཐིལ་དུ་བཟུང་ནས་རྟག་ཏུ་བསྒོམ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྡུག་བསྔལ་མྱོང་ཞིང་བདེ་བས་ཕོངས་པའི་སེམས་ཅན་མྱུར་དུ་སྡུག་བསྔལ་དང་། །བྲལ་བ་
བདག་གིས་བྱ་ཞིང་བདེ་དང་ལྡན་པ་ཞིག་ཀྱང་བདག་གིས་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་བྱེད་པ་ལ་སངས་རྒྱས་ངེས་པར་འཐོབ་དགོས་ཤིང་། རང་གི་དོན་ཡང་མཐར་ཕྱིན་པ་ཞིག་བྱེད་ན་སངས་རྒྱས་འཐོབ་དགོས་ལྷག་བསམ་འདུག །སངས་རྒྱས་སྐུ་ནི་མཚན་དཔེ་གསལ་རྫོགས་མཛེས་ཤིང་བལྟ་བས་ཆོག་མི་ཤེས། །གསུང་དབྱངས་ཤིན་ཏུ་སྙན་ཅིང་འགྲོ་བསོ་སོའི་སྐད་དུ་ཆོས་སྟོན་ནུས། །ཐུགས་ཀྱིས་ཤེས་བྱ་ཀུན་མཁྱེན་འགྲོ་བ་ཀུན་ལ་ཐུགས་རྗེ་ཉེ་རིང་མེད། །འཕྲིན་ལས་འབད་མེད་ལྷུན་གྲུབ་སྐུ་གསུང་ཐུགས་ཀྱི་འོད་ཟེར་རེ་རེ་ཙམ། །སྤྲོས་ཀྱང་སེམས་ཅན་དཔག་མེད་ཐམས་ཅད་མཁྱེན་པའི་གོ་འཕང་ལ་འགོད་ནུས། །དེས་ན་བདག་གིས་ཚེ་འདིའི་མ་ཡི་གཙོར་བྱས་སེམས་ཅན་ཐམས་ཅད་ཀྱི། །དོན་དུ་མྱུར་བར་མྱུར་དུ་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྤྱི་བོའི་བླ་མ་ཐུབ་པའི་དབང་པོའི་སྐུ་ལས་རང་འདྲ་གཉིས་པ་ཞིག །མར་མེ་གཅིག་ལས་
གཉིས་ཆད་ཚུལ་དུ་བྱུང་ནས་རང་ཉིད་ལ་ཐིམ་པས། །རང་ཉིད་འདྲེན་པ་བྱང་ཆུབ་སེམས་དཔའ་མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་རུ་གྱུར། །རང་གི་སྐུ་ལས་འོད་ཟེར་བསིལ་བ་ཆུ་རྒྱུན་ལྟ་བུ་དཔག་མེད་འཕྲོས། །ཚད་མྱལ་སེམས་ཅན་རྣམས་དང་གནས་ལ་ཕོག་པས་ཚ་བའི་སྡུག་བསྔལ་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །ཚ་དམྱལ་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་གྱུར། །འོད་ཟེར་མེ་དང་ཉི་མའི་འོད་ཟེར་ལྟ་བུ་དཔག་ཏུ་མེད་པ་འཕྲོས། །གྲང་དམྱལ་སེམས་ཅན་རྣམས་དང་གནས་ལ་ཕོག་པས་གྲང་བའི་སྡུག་བསྔལ་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །གྲང་དམྱལ་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་གྱུར། །འོད་ཟེར་དཔག་མེད་འཕྲོས་པས་ཡི་དྭགས་རྣམས་དང་དེ་ཡི་གནས་ལ་ཕོག །བཀྲེས་སྐོམ་གྲང་དྲོ་ངལ་དུབ་ལ་སོགས་ཡི་དྭགས་སྡུག་བསྔལ་ཐམས་ཅད་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །ཡི་དྭགས་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་
གྱུར། །འོད་ཟེར་དཔག་མེད་འཕྲོས་པས་དུད་འགྲོ་རྣམས་དང་དེ་ཡི་གནས་ལ་ཕོག །བཀོལ་སྤྱོད་སྡུག་བསྔལ་ལ་སོགས་དུད་འགྲོའི་སྡུག་བསྔལ་ཡོད་ཚད་ཐམས་ཅད་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །དུད་འགྲོའི་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་གྱུར། །འོད་ཟེར་དཔག་མེད་འཕྲོས་ཏེ་མི་ཡི་འགྲོ་བ་རྣམས་དང་གནས་ལ་ཕོག །སྐྱེ་རྒ་ན་འཆི་ལ་སོགས་མི་ཡི་སྡུག་བསྔལ་ཡོད་ཚད་ཐམས་ཅད་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །མི་ཡི་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་གྱུར། །འོད་ཟེར་དཔག་མེད་འཕྲོས་ནས་ལྷ་མ་ཡིན་དང་དེ་ཡི་གནས་ལ་ཕོག །འཐབ་རྩོད་ཞེ་སྡང་ཕྲག་དོག་ལ་སོགས་ལྷ་མ་ཡིན་གྱི་སྡུག་བསྔལ་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །ལྷ་མིན་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་གྱུར། །འོད་ཟེར་དཔག་མེད་འཕྲོས་ནས་ལྷ་དང་ལྷ་ཡི་གནས་ནི་ཀུན་ལ་ཕོག །འཕོ་ལྟུང་སྡུག་བསྔལ་ལ་སོགས་ལྷ་ཡི་སྡུག་
བསྔལ་ཡོད་ཚད་ཐམས་ཅད་ཞི། །སྣོད་ཀྱི་སྐྱོན་སྦྱངས་བདེ་བ་ཅན་ཞིང་ལྟ་བུའི་དག་པའི་ཞིང་དུ་གྱུར། །ལྷ་ཡི་ཡུལ་གྱི་མར་གྱུར་སེམས་ཅན་ཐམས་ཅད་ཐུབ་དབང་སྐུ་རུ་གྱུར། །རང་གི་ཚེ་རབས་ཐོག་མ་མེད་ནས་མར་གྱུར་འགྲོ་ཀུན་ཡལ་བར་དོར། །རང་ཉིད་གཅེས་པར་བཟུང་ནས་རང་དོན་ཁོ་ན་རྒྱུན་དུ་འབད་འབད་ཀྱང་། །རང་དོན་མ་གྲུབ་མ་ཟད་མི་འདོད་སྡུག་བསྔལ་སྣ་ཚོགས་ད་བར་མྱངས། །དེས་ན་རང་ཉིད་གཅེས་འཛིན་འཁོར་བ་ངན་སོང་སྡུག་བསྔལ་ལ་སོགས་པའི། །རྒུད་པ་ཀུན་གྱི་གནས་སུ་འདུག་པས་རང་ཉིད་གཅེས་འཛིན་མ་སྐྱེས་པ། །མི་བསྐྱེད་པ་དང་སྐྱེས་པ་རྣམས་ཀྱང་དགྲ་རུ་བལྟས་ནས་སྤང་བ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཐུབ་པའི་དབང་པོས་རང་ཉིད་ཡལ་བར་དོར་ནས་གཞན་རྣམས་གཅེས་པར་བཟུང་། །གཞན་དོན་འབའ་ཞིག་མཛད་པས་སྔོན་ནས་མངོན་པར་རྫོགས་པར་སངས་རྒྱས་འདུག །བདག་གིས་དེ་ལྟར་བྱས་ན་སྔ་བར་འཚང་རྒྱ་བ་ལ་མ་བྱས་ལན། །དེས་ན་གཞན་རྣམས་གཅེས་པར་འཛིན་པ་ཡོན་ཏན་གྱི་འབྱུང་གནས་སུ། །འདུག་པས་གཞན་རྣམས་གཅེས་འཛིན་མ་
སྐྱེས་གསར་དུ་བསྐྱེད་དང་སྐྱེས་ཟིན་པ། །གཉེན་དུ་བལྟས་ནས་ཟླ་བ་ཡར་ངོ་བཞིན་དུ་གོང་ནས་གོང་འཕེལ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གིས་ཚེ་འདིའི་དྲིན་ཅན་མ་སོགས་སེམས་ཅན་ཐམས་ཅད་མདུན་དུ་དམིགས། །སེམས་ཅན་འདི་དག་རྣམས་ཀྱི་ངོས་ནས་བདེ་འདོད་སྡུག་བསྔལ་མི་འདོད་མཚུངས། །རང་གི་ངོས་ནས་སེམས་ཅན་ཐམས་ཅད་ཚེ་སྔོན་གཉེན་དུ་མ་གྱུར་མེད། །དེས་ན་སེམས་ཅན་གང་ལ་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བར་བྱ། །དེ་ལྟར་ནུས་པ་སྤྱི་པོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །འགྲོ་བས་བདག་མ་མ་བྱས་གཅིག་མེད་བྱས་པ་ལ་ཡང་གྲངས་མི་ཆོད། །བྱས་དུས་ཚེ་འདིའི་མ་ཡིས་བསྐྱངས་བཞིན་བསྐྱངས་པ་ཡིན་པས་དྲིན་རེ་ཆེ། །ད་ལྟ་དྲིན་ཅན་མ་རྣམས་སྡུག་བསྔལ་སྣ་ཚོགས་མྱོང་བ་སྙིང་རེ་རྗེ། །རང་ལ་དྲིན་ལན་འཇལ་རྒྱུ་ཡོད་ན་ད་ལྟ་མི་འཇལ་ནམ་ཚོད་འཇལ། །ད་ནི་མྱུར་དུ་མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་བདག་གིས་བླངས། །བདག་གི་བདེ་དགེ་ཐམས་ཅད་གཞན་ལ་བཏང་ནས་མ་གྱུར་འགྲོ་བ་
ཀུན། །སྡུག་བསྔལ་ཀུན་དང་བྲལ་ཞིང་བདེ་བ་ཕུན་སུམ་ཚོགས་དང་ལྡན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གི་སྣ་སྒོའི་རླུང་ཕར་འགྲོ་དུས་རང་གི་བདེ་དགེ་ཅི་ཡོད་རྣམས། །འོད་ཟེར་དཀར་པོའི་རྣམ་པར་སོང་ནས་ཚེ་འདིའི་མ་ཡི་གཙོར་བྱས་པའི། །སེམས་ཅན་ཀུན་གྱི་ལུས་སེམས་ལ་ཞུགས་ཟག་པ་མེད་པའི་བདེ་བས་གང་། །འགྲོ་ཀུན་འཕྲལ་དུ་བདེ་ཞིང་ཕུགས་སུ་འཚང་རྒྱ་ནུས་པ་ཙམ་དུ་གྱུར། །རང་གི་སྣ་སྒོའི་རླུང་ཚུར་འོང་དུས་ཚེ་འདིའི་མ་སོགས་འགྲོ་ཀུན་གྱི། །སྡིག་སྒྲིབ་སྡུག་བསྔལ་ཐམས་ཅད་དུད་པ་ནག་པོའི་རྣམ་པར་ཚུར་འོངས་ནས། །རྒྱུན་དུ་སྙིང་གི་དཀྱིལ་ན་ང་ང་ཟེར་བའི་བདག་འཛིན་འཕུང་རྒན་གྱི། །ཐོག་ཏུ་སིབ་སིབ་ཐིམ་པས་བདག་འཛིན་རྗེས་མེད་རྡུལ་ཕྲན་བཞིན་དུ་བརླག །འགྲོ་རྣམས་སྡིག་ལྟུང་ཀུན་དང་བྲལ་བར་བསམས་ལ་གཏོང་ལེན་ཡང་ཡང་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མར་གྱུར་འགྲོ་བའི་སྡིག་སྒྲིབ་སྡུག་བསྔལ་མ་ལུས་བདག་ལ་སྨིན་པར་ཤོག །བདག་གི་བདེ་དགེ་བཏང་བའི་མཐུ་ཡིས་འགྲོ་ཀུན་བདེ་ཞིང་སྐྱིད་
པར་ཤོག །ཅེས་པའི་ཚིག་འདིས་སྨོན་ལམ་རྣམ་པར་དག་པ་མཇུག་ཏུ་གདབ་པར་བྱ། །སྨོན་འཇུག་གཉིས་ཀྱི་སྡོམ་པ་འཇུག་པ་བདེ་ཕྱིར་དུས་གཅིག་ལེན་པའི་ཚུལ། །སྤྱི་བོའི་བླ་མ་ཐུབ་དབང་སྐུ་ལས་སྐྱབས་ཡུལ་ནམ་མཁའ་གང་བར་སྤྲོས། །དེ་དག་བླ་མ་ཐུབ་དབང་མཐའ་བསྐོར་འཇའ་འོད་ཀློང་ན་བཞུགས་པར་གྱུར། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་དུས་འདི་ནས་བཟུང་བླ་མེད་བྱང་ཆུབ་གོ་འཕང་མ་ཐོབ་བར། །རྒྱལ་སྲས་སྡོམ་པ་བཟུང་ནས་སྤྱོད་པ་རླབས་པོ་ཆེ་ལ་བསླབ་པར་བྱ། །སྙམ་དུ་སྤྱི་བོའི་བླ་མ་ཐུབ་དབང་རྗེས་ཟློས་བྱེད་པར་མོས་པའི་སྒོས། །བླ་མ་རྒྱལ་བ་སྲས་དང་བཅས་པ་བདག་ལ་དགོངས་པར་མཛད་དུ་གསོལ། །ཇི་ལྟར་སྔོན་གྱི་བདེ་གཤེགས་རྣམས་ཀྱིས་བྱང་ཆུབ་ཐུགས་ནི་བསྐྱེད་པ་དང་། །བྱང་ཆུབ་སེམས་དཔའི་བསླབ་བྱར་རིམ་བཞིན་གནས་ལྟར་བདག་ཀྱང་འགྲོ་ཕན་ཕྱིར། །བྱང་ཆུབ་སེམས་བསྐྱེད་བགྱི་ཞིང་བྱང་སེམས་བསླབ་བྱར་རིམ་བཞིན་གནས་པར་བྱ། །ལན་གསུམ་བརྗོད་པས་བྱང་ཆུབ་སེམས་དཔའི་སྡོམ་པ་
ཐོབ་པའི་མོས་པ་བྱ། །ད་རེས་བདག་གི་དལ་འབྱོར་མི་ལུས་ཐོབ་པས་བཟང་བཟང་དོན་ཆེན་འགྲུབ། །དེ་རིང་སངས་རྒྱས་རིགས་སུ་སྐྱེས་པས་སངས་རྒྱས་སྲས་སུ་ད་གྱུར་ཏོ། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འོས་སུ་གྱུར་པ་ཨེ་མ་ཧོ། །ད་ནི་རིགས་མཐུན་ཡ་རབས་ལས་བྱ་མ་རབས་སྤྱོད་ངན་སྤང་བར་བྱ། །སྙམ་དུ་ཚིག་བཞི་ངག་ཏུ་བརྗོད་ཅིང་རང་ལ་སྤྲོ་བ་བསྐྱེད་པར་བྱ། །ཚོགས་ཞིང་ཐམས་ཅད་སླར་ཡང་བླ་མ་ཐུབ་དབང་ཐུགས་ཀར་ཐིམ་པར་གྱུར། །ཕན་ཡོན་སེམས་བསྐྱེད་བྱས་མ་ཐག་ནས་བདེ་བར་གཤེགས་པ་ཐམས་ཅད་ཀྱི། །སྲས་སུ་གྱུར་པའི་དགྲ་བཅོམ་པ་རྣམས་རིགས་ཀྱི་སྒོ་ནས་ཟིལ་གྱིས་གནོན། །འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་དང་མཆོད་པའི་གནས་སུ་འགྱུར་བ་དང་། །འཁོར་ལོས་བསྒྱུར་རྒྱལ་བསྲུང་བའི་སྲུང་མས་ཉིས་འགྱུར་གྱིས་ནི་རྟག་ཏུ་བསྲུང་། །གཉིད་ལོག་པ་དང་མྱོས་དང་བག་མེད་གྱུར་ཀྱང་གནོད་སྦྱིན་མི་མ་ཡིན། །གཉུག་མར་གནས་པ་རྣམས་ཀྱིས་གནོད་པར་མི་ནུས་གསང་སྔགས་རིགས་སྔགས་ཚིག །ཡམས་དང་གནོད་པ་འགོ་ནད་ཞི་བར་བྱེད་པ་གང་ཟག་གཞན་ལག་ན། །
ཡོད་པ་མ་གྲུབ་པ་རྣམས་བྱང་ཆུབ་སེམས་དང་ལྡན་པའི་གང་ཟག་གི །ལག་ཏུ་འོང་ན་འགྲུབ་པར་འགྱུར་ན་གྲུབ་པ་གཞན་རྣམས་ལྟ་ཅི་སྨོས། །དེས་ན་ཞི་བ་ལ་སོགས་ལས་ཀྱང་སེམས་བསྐྱེད་བརྟན་ན་འགྲུབ་སླ་བར། །བསྟན་པས་ཐུན་མོང་དངོས་གྲུབ་སྒྲུབ་པ་ལ་ཡང་འདི་ཉིད་ཡོད་ན་མྱུར། །གང་ཟག་དེ་ཉིད་གང་ན་གནས་སར་འཇིགས་དང་འཇིགས་པར་འགྱུར་བ་དང་། །མུ་གེ་མི་མ་ཡིན་གྱི་གནོད་པ་མ་བྱུང་བ་རྣམས་མི་འབྱུང་ཞིང་། །བྱུང་བ་རྣམས་ཀྱང་མྱུར་དུ་ཞི་བར་འགྱུར་དང་ནམ་ཞིག་ཚེ་འཕོས་པའི། །འོག་ཏུ་ནད་མེད་པ་དང་གནོད་པ་ཉུང་ཞིང་གནོད་པ་བྱུང་ན་ཡང་། །ཡུན་རིང་པོ་དང་དྲག་པོར་མི་འདེབས་ཆོས་སྟོན་པ་སོགས་སེམས་ཅན་གྱི། །དོན་ལ་འཇུག་ན་ལུས་མི་ངལ་ཞིང་བརྗེད་ངེས་པ་དང་སེམས་ཉམས་པར། །མི་འགྱུར་བ་དང་བྱང་ཆུབ་སེམས་དཔའི་རིགས་ལ་གནས་པ་རང་བཞིན་གྱིས། །གནས་ངན་ལེན་ནི་ཉུང་ངུ་ཡིན་ལ་སེམས་བསྐྱེད་ན་ནི་ལུས་སེམས་ཀྱིས། །གནས་ངན་ལེན་ནི་ཤིན་ཏུ་ཆུང་བར་འགྱུར་དང་བཟོད་པ་དང་ལྡན་པས། །ཚུར་ལ་གནོད་པ་བྱས་པ་བཟོད་ཅིང་ཕར་ལ་གནོད་
པ་མི་བྱེད་ལ། །གཞན་གྱིས་གཞན་ལ་གནོད་པ་བྱེད་པ་མཐོང་ན་ཤིན་ཏུ་མི་དགའ་དང་། །ཁོང་ཁྲོ་ཕྲག་དོག་གཡོ་སྒྱུ་ལ་སོགས་རེ་འགའ་ཙམ་ལས་མི་སྐྱེ་ཞིང་། །སྐྱེས་ཀྱང་ཤུགས་མི་དྲག་ལ་རིང་དུ་མི་གནས་མྱུར་དུ་འབྲལ་བར་འགྱུར། །ངན་སོང་གསུམ་དུ་སྐྱེ་དཀའ་གལ་ཏེ་སྐྱེས་ཀྱང་མྱུར་དུ་ཐར་བ་དང་། །དེར་ཡང་སྡུག་བསྔལ་ཆུང་དང་དེ་ཡི་རྐྱེན་བྱས་འཁོར་བ་འདི་ཉིད་ལ། །ཤིན་ཏུ་སྐྱོ་དང་སེམས་ཅན་དེ་དག་ལ་ཡང་སྙིང་རྗེ་སྐྱེ་བའོ། །སངས་རྒྱས་ཞིང་ཁམས་ཐམས་ཅད་གང་གིས་རིན་ཆེན་དག་གིས་ཀུན་བཀང་སྟེ། །འཇིག་རྟེན་མགོན་ལ་ཕུལ་ལས་གང་གི་ལག་གཉིས་ཐལ་མོ་སྦྱར་བགྱིས་ཏེ། །བྱང་ཆུབ་སེམས་བསྐྱེད་བྱས་ན་མཆོད་པ་འདི་ནི་ཁྱད་པར་འཕགས་ཞེས་གསུངས། །ཇོ་བོ་ཆེན་པོ་རྡོ་རྗེ་གདན་ལ་བསྐོར་བ་མཛད་ནས་ཅི་བྱས་ན། །མྱུར་དུ་ཡང་དག་རྫོགས་པའི་སངས་རྒྱས་གོ་འཕང་ཐོབ་སྙམ་དགོངས་པ་ན། །སྐུ་གཟུགས་ཆུང་བ་རྣམས་བཞེངས་ཆེ་བ་རྣམས་ལ་མྱུར་དུ་འཚང་རྒྱ་བར། །འདོད་པས་གང་ལ་བསླབ་པར་བྱ་ཞེས་ཡར་ལ་དྲི་བ་མཛད་པའི་ཚེ། །སྐུ་གཟུགས་ཆེ་བས་བྱང་ཆུབ་སེམས་ལ་བསླབ་པར་བྱ་དགོས་
གསུངས་པ་དང་། །གན་དྷོ་ལ་ཡི་སྟེང་གི་ནམ་མཁར་བུད་མེད་རྒན་པ་ཞིག་ལ་ཡར། །གཞོན་པ་ཞིག་གིས་དྲིས་པ་ལ་ཡང་ལན་ནི་སྔར་ལྟར་མཛད་པ་སྐད། །དེས་ན་མྱུར་དུ་འཚང་རྒྱ་བ་སོགས་བྱང་ཆུབ་སེམས་ཀྱི་བསོད་ནམས་ནི། །གཟུགས་སུ་འགྲུབ་རྒྱུ་ཡིན་ན་ནམ་མཁའ་ལ་ཡང་ད་དུང་ཤོང་མི་འགྱུར། །རྒྱལ་སྲས་རྣམས་ཀྱིས་བསྐལ་པ་དུ་མར་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས། །ལམ་རྣམས་ཀུན་ལ་དཔྱད་ཚེ་འདི་ཉིད་མྱུར་དུ་འཚང་རྒྱའི་ཐབས་དམ་པར། །གཟིགས་པའི་ཕྱིར་ན་ཐེག་པ་ཆེན་པོའི་མན་ངག་རྣམས་ཀྱི་གནད་བསྡུས་པ། །དངོས་གྲུབ་ཀུན་གྱི་གཏེར་ཆེན་ཐེག་པ་དམན་ལས་འབྱེད་པའི་ཐེག་ཆེན་གྱི། །ཁྱད་ཆོས་རྒྱལ་སྲས་ཐམས་ཅད་སྤྱོད་པ་རླབས་པོ་ཆེ་ལ་སྐུལ་བའི་རྟེན། །བྱང་ཆུབ་སེམས་སུ་ཤེས་པར་བྱས་ནས་བསྒོམས་ལ་སྤྲོ་ཤུགས་ཇེ་འཕེལ་བཏང་། །ཉིན་དུས་ལན་གསུམ་མཚན་དུས་ལན་གསུམ་བྱང་ཆུབ་སེམས་ནི་བསྐྱེད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་རྣམས་ཀྱི་ངོས་ནས་བྱ་སྤྱོད་ཅི་འདྲ་ན་ཡང་རང་ངོས་ནས། །སེམས་ཅན་
གཅིག་ཀྱང་བློ་ཡིས་མི་སྤོང་སེམས་བསྐྱེད་གོང་དུ་འཕེལ་ཕྱིར་དུ། །དཀོན་མཆོག་གསུམ་ལ་མཆོད་པ་ལ་སོགས་ཚོགས་གཉིས་གསོག་ལ་འབད་པར་བྱ། །གཞན་ཡང་བླ་མ་མཁན་སློབ་སོགས་ལ་ཐ་ན་ཀུ་རེ་བཞད་གད་ཕྱིར། །རྫུན་གྱིས་དབུ་སྐོར་བ་དང་དགེ་བ་བྱེད་ལ་འགྱོད་པ་སྐྱེད་པ་དང་། །ཐེག་པ་ཆེ་ལ་ཞུགས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཞེ་སྡང་གིས། །མི་སྙན་སྨྲ་དང་བསམ་པ་དྲང་པོ་མིན་པའི་གཡོ་སྒྱུ་བྱེད་པ་སྟེ། །ནག་པོའི་ཆོས་བཞི་ལ་སོགས་སེམས་བསྐྱེད་ཉམས་པའི་རྒྱུ་རྣམས་སྤང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་མཆོག་དམན་བར་མ་གང་ལ་ཐ་ན་བཞད་གད་ཕྱིར་དུ་ཡང་། །ཤེས་བཞིན་རྫུན་ཚིག་སྨྲ་བ་སྤོང་དང་རང་གིས་གདུལ་བྱའི་སེམས་ཅན་རྣམས། །ཉི་ཚེའི་ཐེག་པར་མི་འཇུག་རྫོགས་པའི་བྱང་ཆུབ་འཛིན་དུ་འཇུག་པ་དང་། །བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པའི་འདུ་ཤེས་སྐྱེད་ཅིང་དེ་དག་གི །བསྔགས་པ་ཕྱོགས་བཞིར་བརྗོད་ཅིང་སེམས་ཅན་རབ་འབྲིང་ཐ་གསུམ་སུ་ལ་ཡང་། །གཡོ་སྒྱུ་བྱེད་པ་རྟག་ཏུ་སྤངས་ནས་བསམ་པ་དྲང་པོས་གནས་
པ་སྟེ། །དཀར་པོའི་ཆོས་བཞི་ལ་སོགས་སེམས་བསྐྱེད་འཕེལ་བའི་རྒྱུ་ལ་བསླབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེའི་ཕྱིར་རྙེད་བཀུར་གྲགས་པ་སོགས་ལ་མི་བལྟ་བསམ་པ་བཟང་པོའི་སྒོས། །ཆོས་ཀྱིས་ཕོངས་པའི་སེམས་ཅན་རྣམས་ལ་དམ་ཆོས་ཅི་ཤེས་སྟོན་པ་དང་། །དེ་ཡང་རང་ཉིད་ཆོས་འཆད་པ་ལ་བསྐོས་པ་མིན་ཡང་གཞན་རྣམས་ཀྱིས། །ཚིག་དོན་འདྲི་ཚེ་ཚིག་སློབ་དོན་སྟོན་པ་དང་ཕ་རོལ་སྣོད་རུང་དུ། །ཤེས་ཚེ་གླེང་མོའི་ཚུལ་གྱིས་ཕ་རོལ་པོ་ལ་ཐོས་བསམ་སྒོམ་གསུམ་གྱི། །ཤེས་རབ་བསྐྱེད་ན་གཞན་ལ་ཤེས་རབ་ཇི་ཙམ་བསྐྱེད་པ་དེ་ཙམ་གྱི། །སྐྱེ་བ་ཕྱི་མར་རང་ལ་ཤེས་རབ་དེ་སྙེད་སྐྱེ་བར་འགྱུར་བ་དང་། །ཆོས་ཀྱི་སྦྱིན་པ་ཟང་ཟིང་སྦྱིན་པ་ལས་ཀྱང་ཕན་ཡོན་ཆེ་བར་གསུངས། །དེས་ན་བསམ་པ་བཟང་པོས་གཞན་ལ་དམ་ཆོས་ཅི་ཤེས་སྟོན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རྒྱལ་པོ་ཆོམ་རྐུན་ལ་སོགས་མི་ཡི་
འཇིགས་པ་རྣམས་དང་སྟག་སེང་དང་། །དུག་སྦྲུལ་བྱ་དང་གཅན་ཟན་ལ་སོགས་མི་མ་ཡིན་པའི་འཇིགས་པ་དང་། །ས་ཆུ་མེ་སོགས་འབྱུང་བའི་འཇིགས་པས་ཉེན་པའི་སེམས་ཅན་བསྐྱབ་པར་བྱ། །དེ་ཡང་ཐ་ན་གྲོག་མ་ལ་སོགས་ཆུ་ཡིས་ཁྱེར་བ་འདོན་པ་དང་། །མེ་དང་ཉི་མ་གཉིས་ཀྱིས་འཚིག་པར་རྩོམ་པ་ཐམས་ཅད་ཐབས་མཁས་ཀྱིས། །འཇིགས་པ་དེ་ལས་བ་སྐྱབས་ན་ཕྱི་མར་འཇིགས་བྲལ་བདེ་བ་འཐོབ་པར་འགྱུར། །དེས་ན་སེམས་ཅན་འཇིགས་པས་ཉེན་པ་མཐོང་ཚེ་སྐྱོབ་ལ་འབད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་ལ་ཕན་འདོགས་མཛའ་བཤེས་རྣམས་དང་གནོད་པ་བྱེད་པའི་དགྲ་བོ་དང་། །ཕན་གནོད་གང་ཡང་མི་བྱེད་ཐ་མལ་བ་དང་ཚུལ་ཁྲིམས་ལ་སོགས་པའི། །ཡོན་ཏན་ཅན་དང་ཚུལ་འཆལ་ལ་སོགས་སྐྱོན་ཅན་རྣམས་དང་རང་ཉིད་ལས། །དམའ་བ་རྣམས་དང་རང་དང་མཉམ་པ་རྣམས་དང་རང་ལས་ལྷག་པ་དང་། །འབྱོར་ཞིང་སྐྱིད་པ་རྣམས་དང་སྡུག་ཅིང་ཕོངས་པའི་སེམས་ཅན་གང་ལ་ཡང་། །ཟང་ཟིང་སྦྱིན་དུས་འདི་ལ་བརྟེན་ནས་བདག་གིས་བླ་ན་མེད་པའི་ཚོགས། །
སྦྱིན་པའི་ཕར་ཕྱིན་རྫོགས་པར་བྱའོ་སྙམ་དང་བྱང་ཆུབ་སེམས་དཔའ་ཡིས། །ཡོ་བྱད་ཅི་ཡོད་ཐམས་ཅད་སྔོན་ནས་སེམས་ཅན་རྣམས་ལ་བཏང་ཟིན་པས། །བཅོལ་བ་ལེན་ལྟར་རང་གི་རྫས་ལ་གཞན་གྱི་ཡིན་ནོ་སྙམ་པ་དང་། །སློང་དང་མི་སློང་སྦྱིན་ཡུལ་རྣམས་ལ་འདི་དག་བདག་གིས་སྦྱིན་པ་ཡི། །ཕར་ཕྱིན་རྫོགས་པར་བྱེད་པའི་དགེ་བའི་བཤེས་གཉེན་ཡིན་ནོ་སྙམ་པ་དང་། །གནོད་པ་བྱེད་ལ་བྱམས་པའི་སེམས་དང་སྡུག་བསྔལ་བ་ལ་སྙིང་རྗེ་ཡི། །བསམ་པ་ཡོན་ཏན་ཅན་ལ་དགའ་བའི་བསམ་པ་ཕན་འདོགས་བྱེད་རྣམས་ལ། །བཏང་སྙོམས་བསམ་པ་བཞག་ནས་གང་ལ་གང་འོས་ནོར་རྫས་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྦྱིན་ཡུལ་རྣམས་ལ་སེམས་སྙོམ་བྱ་དགོས་སྦྱིན་པ་བཏང་བའི་འབྲས་བུ་ཡང་། །སློང་བ་བོ་སོགས་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ། །གཏོང་དང་ཁྱད་པར་སྡུག་བསྔལ་ཅན་གྱི་སྦྱིན་ཡུལ་རྣམས་ལ་བརྩེ་བར་བྱ། །སྦྱིན་པ་འབྲས་བུ་མེད་དོ་སྙམ་དང་གནོད་འཚེའི་སྦྱིན་པ་ཆོས་སུ་འགྱུར། །སྙམ་དང་དགེ་
མཚན་བཀྲ་ཤིས་སྦྱར་ཏེ་སྦྱིན་དང་སྦྱིན་པ་རྫོགས་ཙམ་གྱིས། །འཇིག་རྟེན་འཇིག་རྟེན་ལས་འདས་ཆགས་བྲལ་འགྱུར་རོ་སྙམ་ནས་སྦྱིན་མི་བྱ། །སློང་བ་པོ་ལ་བརྙས་དང་ནོར་རྫས་སྦྱིན་པར་བཏང་ནས་བདག་ཉིད་ནི། །གཏོང་ཕོད་ཅན་ནོ་གཞན་ནི་དེ་ལྟར་མ་ཡིན་སྙམ་པའི་རློམ་སེམས་སྤངས། །སྙན་གྲགས་འོང་དུ་རེ་ནས་སྦྱིན་པར་མི་བྱ་སྟེར་པའི་སྡོན་ནས་རང་། །ཡིད་དགའ་སྦྱིན་ཚེ་དང་བར་བྱེད་ལ་བྱིན་ནས་འགྱོད་པ་མེད་པ་དང་། །བྱང་ཆུབ་སེམས་དཔའི་སྦྱིན་པ་ཤིན་ཏུ་རྒྱ་ཆེ་བ་རྣམས་ཐོས་ན་ཡང་། །ཞུམ་པ་མི་བྱེད་བདག་ལ་ཁྱད་དུ་གསོད་པར་མི་བྱེད་སྤྲོ་བ་སྤེལ། །དགྲ་གཉེན་གང་ལ་ཕྱོགས་རིས་མེད་པར་སྙོམ་པའི་སྙིང་རྗེས་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གི་མ་གྱུར་སེམས་ཅན་ཐམས་ཅད་བདེ་བས་ཕོངས་དང་སྲེད་པ་ཡི། །མེས་ཚིག་པ་དང་སྡུག་བསྔལ་སེལ་བའི་མཐུ་མེད་པ་དང་རང་བཞིན་གྱིས། །སྡུག་བར་མཐོང་ནས་དེ་ཉིད་སེལ་བའི་བསམ་པས་སྟེར་བ་མ་གཏོགས་པའི། །ཕ་རོལ་པོ་ཡིས་ཕན་འདོགས་རེ་བའི་བསམ་པས་སྦྱིན་པ་གཏོང་མི་བྱ། །ནོར་རྫས་
སྙིང་པོ་མེད་པར་ཤེས་ནས་སེམས་ཅན་དོན་དུ་སངས་རྒྱས་ཀྱི། །གོ་འཕང་འཐོབ་ཕྱིར་སྦྱིན་པ་མ་གཏོགས་ཕྱི་མར་ལུས་དང་ལོངས་སྤྱོད་རྣམས། །ཕུན་སུམ་ཚོགས་པ་འཐོབ་ཏུ་རེ་ནས་དེའི་ཕྱིར་སྦྱིན་པ་གཏོང་མི་བྱ། །གནས་སྐབས་འབྲས་བུ་དེ་དག་རྣམས་ལ་རེ་བ་འགོག་པ་མ་ཡིན་གྱི། །སྲིད་པའི་ཕུན་ཚོགས་ཙམ་ལ་མཐར་ཐུག་འཐོབ་བྱར་འཛིན་པ་འགོག་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་སྤྱིན་པ་བཏང་ན་རྒྱལ་པོ་སོགས་ཀྱིས་གཏོང་ཕོད་ཅན་དུ་བདག །ཤེས་ནས་བཀུར་སྟི་བྱུང་ན་སྙམ་པའི་ལོག་པའི་འཚོ་བའི་བསམ་པ་དང་། །དབུལ་བོར་འགྱུར་དུ་དོགས་ནས་མི་སྦྱིན་པ་དང་སློང་བ་པོ་གང་ལ། །བསླུ་བསམ་པ་དང་ཡིད་མི་དགའ་དང་ཁྲོ་དང་སེམས་གཡེང་མེད་པ་དང་། །སློང་བ་པོ་ཡིས་ལོག་སྒྲུབ་སྣ་ཚོགས་ཀྱིས་ཀྱང་སྐྱོ་བ་མེད་པ་དང་། །རང་ཉིད་བསླུ་བ་ལ་སོགས་སློང་བ་པོ་ཡི་སྐྱོན་ནི་མཐོང་ན་ཡང་། །གཞན་ལ་སྒྲོགས་པའི་བསམ་པ་མེད་དང་གཞན་གྱི་ཁ་དྲངས་མི་ཐུབ་པར། །སྦྱིན་པ་སོ་སོའི་འབྲས་བུ་སོ་སོར་འབྱུང་བར་ཡིད་ཆེས་སྒོ་
ནས་སྦྱིན། །མྱུར་བོར་མི་སྟེར་འགྱངས་ཏེ་སྟེར་དང་ཉོན་མོངས་བྱས་ནས་སྟེར་བ་དང་། །ཆོས་སམ་འཇིག་རྟེན་ཚུལ་དང་མི་མཐུན་ལས་བྱེད་བཅུག་ནས་སྟེར་བ་དང་། །སྔར་དུས་འདི་ཙམ་སྟེར་ཞེས་དམ་བཅས་པ་ལས་ཕྲི་ནས་ངན་པའམ། ཉུང་ངུ་སྟེར་དང་དྲིན་ནི་བགྲང་གིན་སྟེར་དང་དུས་གཅིག་བྱིན་ཆོག་པ། །ཉུང་ངུ་བྱས་ནས་སྟེར་དང་རྒྱལ་པོར་གྱུར་ནས་གཞན་གྱི་བུ་ཆུང་མ། །ཕྲོགས་ཏེ་སྟེར་དང་ཕ་མ་བྲན་ལ་སོགས་པའི་ཡོ་བྱད་ནན་གྱིས་བླངས། །གཞན་ལ་སྟེར་དང་གཞན་ལ་གནོད་པར་འགྱུར་བའི་ཐབས་ཀྱིས་སྦྱིན་གཏོང་དང་། །རང་གིས་སྦྱིན་པ་མི་གཏོང་བསྡད་ནས་གཞན་ལ་བྱེད་དུ་འཇུག་པ་དང་། །སློང་བ་པོ་ལ་འཕྱ་དང་ཟུར་གྱི་སྨོད་དང་ཚིག་རྩུབ་སྨྲ་བ་དང་། །སངས་རྒྱས་བཅས་པར་འགལ་བས་སྟེར་དང་ལོངས་སྤྱོད་འཕྲལ་དུ་གང་བྱུང་བ། །བཞིན་དུ་མི་གཏོང་ཡུན་རིང་བསགས་ན་སྟེར་ཚུལ་ཐམས་ཅད་འདོར་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །བཞིན་མདངས་རབ་ཏུ་གསལ་ཞིང་འཛུམ་པ་སྙན་ཚིག་སྨྲ་བ་དང་ལྡན་པས། །སྦྱིན་ཡུལ་ཅི་འདྲ་བ་ཞིག་ཡིན་རུང་གུས་དང་བཅས་ཏེ་
རིམ་གྲོ་བསྐྱེད་པ་དང་། །རང་གི་ལག་གིས་སྟེར་དང་སློང་བའི་དུས་ལས་མི་འདའ་སྟེར་བ་དང་། །གཞན་ལ་མི་གནོད་པ་དང་དཀའ་སྤྱད་སྡུག་བསྔལ་བསྲན་ནས་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་བོས་བྱིན་གྱིས་རློབས། །རིམ་གྲོ་བགྱིས་ནས་བྱིན་པས་གཉེན་ལ་སོགས་པས་རིམ་གྲོ་བྱེད་པར་འགྱུར། །རང་གི་ལག་གིས་བྱིན་པས་རིམ་གྲོ་ཐོབ་དང་ལོངས་སྤྱོད་རྒྱ་ཆེན་རྙེད། །སློང་བའི་དུས་སུ་བྱིན་པས་རང་གི་དོན་རྣམས་དུས་སུ་འགྲུབ་པར་འགྱུར། །གཞན་ལ་གནོད་མེད་བྱིན་པས་ལོངས་སྤྱོད་མེད་པར་མི་འགྱུར་བརྟན་པར་འགྱུར། །རང་ལ་ཡོ་བྱད་ཡོད་ན་སྦྱིན་པ་གཏོང་བར་མི་ནུས་སེར་སྣ་ཅན། །རྣམས་ཀྱི་ཁྱིམ་དུ་སོང་ནས་མགུ་ཞིང་བག་ཕེབས་བྱས་ཏེ་འདི་སྐད་དུ། །ང་ལ་ཡོ་བྱད་རྒྱ་ཆེན་ཡོད་དེ་ད་ནི་བདག་གིས་སྦྱིན་པ་ཡི། །ཕར་ཕྱིན་རྫོགས་པའི་ཕྱིར་དུ་སློང་བ་པོ་འདོད་ཁྱེད་ནི་སློང་བ་དང་། །ཕྲད་ན་བཟློག་ཏེ་མ་གཏོང་ང་ཡི་ནོར་རྣམས་ལོངས་ལ་དེ་ལ་བྱིན། །ཡང་ན་ང་ཡི་ཐད་དུ་ཁྲིད་དེ་ཤོག་དང་གང་འོས་སྦྱིན་ཞེས་བཤད། །དེས་ཀྱང་རང་གི་ནོར་རྣམས་གོལ་བ་མེད་པའི་
དགའ་བས་དེ་བཞིན་བྱེད། །དེ་ལྟར་བྱས་ན་གོམས་པའི་ཤུགས་ཀྱིས་རང་ནོར་ཆུང་ངུ་སྟེར་བར་ནུས། །དེ་ལ་བརྟེན་ནས་འབྲིང་དང་དེ་ལ་བརྟེན་ནས་ཆེན་པོ་གཏོང་བར་འགྱུར། །དེ་བཞིན་རང་གི་མཁན་སློབ་གྲོགས་སོགས་གཏོང་མི་ནུས་པ་ཐམས་ཅད་དང་། །ཡོ་བྱད་མེད་པར་ཡོ་བྱད་བྱིན་ཏེ་དཀོན་མཆོག་གསུམ་ལ་མཆོད་པ་དང་། །དབུལ་བོ་རྣམས་ལ་སྦྱིན་པ་གཏོང་དུ་བཅུག་ནས་རང་གིས་མི་བྱེད་དོ། །འདིས་ནི་རང་གི་བསོད་ནམས་མང་པོ་བསྐྱེད་ལ་གཞན་ནི་ཁ་ཅིག་གི །ཉོན་མོངས་ཐུལ་དང་ཁ་ཅིག་ཆོས་ཀྱི་འདོད་པ་རྫོགས་པས་ཤིན་ཏུ་ལེགས། །རང་ལ་ལོངས་སྤྱོད་མེད་ན་བཟོ་དང་ལས་ཀྱིས་ནོར་བསྒྲུབས་སྟེར་བ་དང་། །ཡང་ན་སྒོ་རུ་སློང་བ་གང་བྱུང་དད་ཅན་འབྱོར་ལྡན་ཁྱིམ་དུ་གཏོང་། །རང་ཡང་དེ་རུ་སོང་ནས་ཅི་ནུས་སྦྱིན་པར་གཏོང་བའི་གྲོགས་བྱེད་དོ། །གཞན་ཡང་སྦྱིན་བྱའི་ནོར་རྫས་རྣམས་ལས་བདམ་སྟེ་བཟང་རིམ་སྟེར་བ་དང་། །སྦྱིན་པར་བྱ་བའི་རྫས་རྣམས་བཤམས་པ་ཡོངས་སུ་རྫོགས་པར་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དངོས་པོ་གང་བཏང་བ་དེས་འཕྲལ་དུ་
ངན་འགྲོའི་རྒྱུ་དང་བྲལ་བ་ཡི། །ཚོར་བ་བདེ་བ་བསྐྱེད་ལ་ཕུགས་སུ་ཕན་པ་སྡིག་པ་སྤོང་བ་འམ། །དགེ་ལ་འགོད་དང་ཕྲལ་དུ་མི་བདེ་འགྱུར་ཡང་ཕུགས་སུ་ཕན་འགྱུར་ན། །བྱང་ཆུབ་སེམས་དཔས་གཞན་ལ་གཏང་བར་བྱ་ལ་གང་བཏང་བ་དེས་ཕྲལ། །སྡུག་བསྔལ་བསྐྱེད་ལ་ཕུགས་སུ་གནོད་པར་འགྱུར་དང་ཕྲལ་དུ་བདེ་ན་ཡང་། །ཕུགས་སུ་གནོད་ན་བྱང་ཆུབ་སེམས་དཔས་གཞན་ལ་གཏང་བར་མི་བྱའོ། །བྱང་ཆུབ་སེམས་དཔས་སྔོན་ནས་ལུས་ལ་སོགས་པ་སེམས་ཅན་ཐམས་ཅད་ལ། །བསམ་པ་ཐག་པས་བཏང་ཡོད་མོད་ཀྱང་ལུས་ཀྱི་ཤ་སོགས་སློང་བ་ལ། །བྱིན་པའི་ནད་ཚས་ཡིད་འབྱུང་མི་འགྱུར་སྙིང་རྗེ་ཆེན་པོའི་བསམ་པ་ནི། །མ་རྒྱས་བར་དུ་གཞན་གྱིས་སློང་ཡང་རང་ལུས་གཏང་བར་མི་བྱའོ། །རང་གི་ངོས་ནས་སེར་སྣ་ལ་སོགས་སྦྱིན་པའི་གེགས་བྱེད་དང་བྲལ་ཞིང་། །གཞན་གྱི་ངོས་ནས་ལུས་མ་བཏང་ན་སེམས་ཅན་མང་པོའི་དོན་འགྲུབ་པའི། །དགོས་པ་ཆེ་ཚེ་ཡན་ལག་ལ་སོགས་གཞན་གྱིས་སློང་ཡང་སྦྱིན་མི་བྱ། །སྲོག་གཅོད་ལ་སོགས་གཞན་དང་རང་ལ་གནོད་བའི་ཉེས་སྤྱོད་བྱེད་ཕྱིར་དུ། །
སློང་བ་བྱུང་ན་རང་ཉིད་དེ་ལ་ནམ་ཡང་སྦྱིན་པར་མི་བྱའོ། །བདུད་རིས་ལྷ་དང་དེ་ཡིས་བརླམས་པའི་སེམས་ཅན་རྣམས་ཀྱིས་ཐོ་འཚམས་པའི། །བསམ་པས་ཡན་ལག་ལ་སོགས་སློང་ན་མི་སྦྱིན་སྨྱོས་དང་སེམས་འཁྲུགས་པ། །རྣམས་ཀྱིས་སློང་ན་མི་སྟེར་འདི་དག་བསམ་པ་ཐག་པས་སློང་བ་མིན། །དེའི་ཕྱིར་མ་བྱིན་ལྟུང་བ་མེད་བར་མ་ཟད་བྱིན་ན་ལྟུང་བར་འགྱུར། །དེ་དག་མ་གཏོགས་སྐབས་སུ་ལུས་སློང་བ་ལ་སྦྱིན་པར་བྱ་བ་སྟེ། །དེ་ཡང་ཡན་ལག་ལ་སོགས་གསིལ་ནས་གཞན་ལ་གཏན་ནས་སྦྱིན་པ་དང་། །གཞན་གྱི་ཆོས་ལྡན་དགོས་པ་སྒྲུབ་ཕྱིར་བྲན་དུ་འགྲོ་བ་ལ་སོགས་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་བོས་བྱིན་གྱིས་རློབས། །རབ་བྱུང་བསྙེན་རྫོགས་བསྙེན་གནས་ཅན་ལ་ཕྱི་དྲོའི་ཁ་ཟས་སྟེར་མི་བྱ། །སྡོམ་བརྩོན་ཅན་ལ་ཟས་སྐོམ་ལྷག་མར་གྱུར་པ་སྟེར་དང་གཤང་གཅི་དང་། །མཆིལ་མ་སྣབས་དང་སྐྱུག་པ་རྣག་ཁྲག་གིས་སྦགས་བཟའ་བཏུང་སྟེར་མི་བྱ། །སྒོག་པ་བཙོང་དང་ཤ་མི་ཟ་ཞིང་ཆང་མི་འཐུང་བའི་སྡོམ་ལྡན་ལ། །སྒོག་བཙོང་ཤ་ཆང་མི་སྟེར་དེ་ཡིས་སྦགས་པའི་བཟའ་བཏུང་སྟེར་མི་བྱ། །གཞན་ལ་སོང་
ཞེས་བཤད་ཚེ་བུ་དང་བྲན་སོགས་འགྲོ་བར་འཐད་ན་ཡང་། །གནོད་སྦྱིན་སྲིན་པོ་མི་མཛའ་བ་དང་དྲག་ཤུལ་ཅན་གྱིས་གནོད་པའམ། །བྱས་པ་མི་གཟོ་རྣམས་ཀྱིས་སློང་ལ་བུ་དང་བྲན་སོགས་སྟེར་མི་བྱ། །བཟའ་བཏུང་མི་འཕྲོད་པ་དང་འཕྲོད་ཀྱང་ཚོད་མི་ཟིན་པའི་སློང་བ་པོ། །ནད་ཅན་རྣམས་ལ་མི་སྟེར་ཧ་ཅང་སྲེད་པ་ཆེ་ཞིང་འགྲངས་པ་ཡི། །ཁ་ཟས་སློང་ལ་མི་འཕྲོད་པ་དང་ཧ་ཅང་མང་པོ་སྟེར་མི་བྱ། །མུ་སྟེགས་གླན་ཀ་འཚོལ་དང་གླེགས་བམ་དོན་ཤེས་འདོད་པ་མ་ཡིན་པར། །ནོར་གྱི་འདུ་ཤེས་ཅན་གྱིས་སློང་ལ་གླེགས་བམ་སྟེར་བར་མི་བྱའོ། །རང་གི་གླེགས་བམ་དགོས་པ་བསྒྲུབས་ཟིན་པ་ཡང་མིན་ལ་གླེགས་བམ་ལ། །སེར་སྣའི་དྲི་མ་མེད་ཚེ་ཤེས་འདོད་སློང་ཡང་གླེགས་བམ་སྟེར་མི་བྱ། །གླེགས་བམ་ཁྱོད་ལ་མི་སྟེར་མི་སྨྲ་ཐབས་མཁས་བྱས་ནས་གཏོང་བར་བྱ། །ཐབས་མཁས་བྱང་ཆུབ་སེམས་དཔའི་ཡོ་བྱད་ཅི་ཡོད་ཐམས་ཅད་དང་པོ་ནས། །ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས་ལ་བསམ་པ་ཐག་པས་བསྔོས་ཟིན་པས། །ཡོ་བྱད་ཐམས་ཅད་སངས་རྒྱས་བྱང་སེམས་རྣམས་ཀྱིས་བཅོལ་བ་འདྲ་
བར་འཆང་། །སློང་བ་པོ་ནི་འོང་ཚེ་ཡོ་བྱད་སྦྱིན་པར་འོས་པ་ཞིག་ཡིན་ན། །སངས་རྒྱས་བྱང་སེམས་རྣམས་ཀྱིས་སེམས་ཅན་རྣམས་ལ་མ་བཏང་ཡོ་བྱད་ནི། །གང་ཡང་མེད་དོ་སྙམ་དུ་སྟེར་ལ་འོས་པ་མ་ཡིན་ཞིག་ཡིན་ན། །སངས་རྒྱས་བྱང་སེམས་རྣམས་ལ་བསྔོས་ཟིན་པ་ལ་བརྟེན་ནས་འདི་སྐད་སྨྲ། །བཞིན་བཟང་འདི་ནི་གཞན་གྱི་ཡིན་ཏེ་ཁྱེད་ལ་ང་ཡིས་སྦྱིན་དུ་མེད། །ཞེས་པས་འཇམ་པའི་ཚིག་གིས་གོ་བར་བྱེད་ལ་ཡང་ན་གླེགས་བམ་དེའི། །རིན་དུ་ཉིས་འགྱུར་སུམ་འགྱུར་རྫས་སྦྱིན་པ་ན་སློང་བ་དེ་ཉིད་ཀྱིས། །བྱང་སེམས་འདི་ནི་སྲེད་པ་ཆེ་ནས་མི་སྦྱིན་པ་ནི་མ་ཡིན་གྱི། །གླེགས་བམ་འདི་ནི་སྦྱིན་པའི་དབང་མེད་པ་ཞིག་ཡིན་ངེས་སྙམ་དུ་འགྲོ །དེ་ལྟར་ཐབས་མཁས་བྱེད་པ་དེ་ནི་ཤེས་རབ་ཅན་གྱི་སྦྱིན་པའོ། །རང་གི་ཕ་དང་མ་དང་སྲོག་ཆགས་བཅས་པའི་བཟའ་བ་བཏུང་བ་དང་། །གཞན་ལ་གཏོང་བ་ཡིན་ཞེས་མ་བཤད་པ་དང་བཤད་ཀྱང་འགྲོ་བ་ལ། །མི་འཐད་བུ་དང་ཆུང་མ་བྲན་སོགས་མི་འཐད་བཞིན་དུ་སྦྱིན་མི་བྱ། །བུ་དང་ཆུང་མ་སྐྱིད་ལོབ་པ་རྣམས་གཞན་གྱི་བྲན་དུ་སྟེར་མི་བྱ། །ཆོས་གོས་གསུམ་དང་དེ་ལས་གཞན་པའི་ཡོ་བྱད་
ལྷག་པ་སངས་རྒྱས་ཀྱིས། །རྗེས་སུ་གནང་བ་རྣམས་ལ་སེར་སྣའི་བསམ་པ་མེད་ཅིང་ཉེར་མཁོ་བ། །ཡིན་ན་གཞན་གྱིས་སློང་ལ་མ་བྱིན་ན་ཡང་ཉེས་པ་མེད་པར་གསུངས། །རང་ངམ་གཞན་ལ་གནོད་པའི་ཕྱིར་དུ་དུག་མཚོན་མེ་ཆང་སྟེར་བ་དང་། །ཕྱི་མར་ངན་འགྲོའི་གནས་སུ་འགྲོ་བའི་རྒྱུ་གསོག་དགག་བྱ་དང་ལྡན་པའི། །དགའ་ཞིང་རྩེད་མོ་རྩེ་བའི་དངོས་པོ་སློང་ལ་དེ་དག་སྦྱིན་པ་དང་། །རྒྱ་དང་ས་མདའ་ལ་སོགས་སེམས་ཅན་རྣམས་ལ་གནོད་བ་སློབ་པ་དང་། །སློང་ལའང་དེ་དག་སློབ་དང་སྦྱིན་དང་སྐམ་མམ་གཤེར་ལ་གནས་པ་ཡི། །སྲོག་ཆགས་རྣམས་ལ་གནོད་པ་སྐྱེལ་བའི་ཕྱིར་དུ་ས་ཕྱོགས་ཆུ་སློང་ལ། །དེ་དག་སྦྱིན་དང་ཡུལ་མི་དེ་འམ་གཞན་ལ་གནོད་པ་སྐྱེལ་ཕྱིར་དུ། །རྒྱལ་སྲིད་སློང་ལ་དེ་དག་སྦྱིན་དང་མི་མཛའ་རྣམས་ཀྱིས་སློང་བ་ལ། །དེ་ཡི་དགྲ་སྟེར་ལྟ་བུའི་རང་དང་གཞན་ལ་གནོད་པ་སྦྱིན་མི་བྱ། །སྟོན་པས་མ་བཀག་དུས་དང་སློང་ལ་མི་འོས་སྦྱིན་པ་མ་ཡིན་ཞིང་། །དེ་དང་འཚམ་པ་ཡིན་ན་དངོས་པོ་གང་ཡང་དགའ་བས་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་
པོས་བྱིན་གྱིས་རློབས། །གླེགས་བམ་ཉིད་ལ་སེར་སྣ་ལྡན་ན་མུ་སྟེགས་གླན་ཀ་འཚོལ་བ་དང་། །ནོར་རྫས་ཕྱིར་དུ་གླེགས་བམ་བཙོང་བ་ལྟ་བུ་མ་ཡིན་གླེགས་བམ་དོན། །ཤེས་པར་འདོད་པའི་སློང་བ་པོ་ལ་སྦྱིན་དགོས་དེ་ཡང་དཔེ་གཉིས་པ། །ཡོད་ན་དེ་ཉིད་སྟེར་དགོས་མེད་ན་དཔེ་དེ་འབྲི་བའི་རིན་སྟེར་དགོས། །དེ་ཡང་མེད་ན་བདག་གིས་གླེགས་བམ་འདི་ཉིད་བྱིན་པའི་ཚེ་འདི་ལ། །ལྐུགས་བར་གྱུར་ཀྱང་སླ་ཡི་སེར་སྣ་དང་དུ་བླང་པར་མི་བྱའོ། །སྙམ་དུ་བསམས་ནས་སེར་སྣ་ཅན་གྱི་གླེགས་བམ་ངེས་པར་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དངོས་པོ་སྔར་བཤད་པ་ལས་མ་གཏོགས་པ་དང་རྒྱལ་པོ་བྱེད་པའི་ཚེ། །གཞན་གྱི་བུ་དང་ཆུང་མ་ལ་སོགས་ཁ་ཕྲལ་སྦྱིན་དུ་མི་རུང་ཡང་། །གྲོང་ལ་སོགས་དང་བཅས་ཏེ་སློང་བ་པོ་ལ་སྦྱིན་པར་གཏང་བར་བྱ། །དེ་བཞིན་ངན་འགྲོའི་རྒྱུ་རུ་མི་འགྱུར་བ་ཡི་དགའ་རྩེད་དངོས་པོ་དང་། །གཞན་ལ་མི་གནོད་རྒྱ་ལ་སོགས་དང་སྲོག་ཆགས་དག་ལ་མི་གནོད་ན། །སྲོག་ཆགས་གནས་པའི་སྐམ་དང་གཤེར་གྱི་ས་དང་སྲོག་ཆགས་མེད་པ་ཡི། །བཟའ་བཏུང་
སློང་ལ་སྦྱིན་དགོས་པ་དང་རང་ངམ་གཞན་ལ་ཕན་ཕྱིར་དུ། །སློང་ན་དུག་དང་མཚོན་ཆ་མེ་དང་ཆང་ལ་སོགས་པའང་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཟང་ཟིང་སྦྱིན་པ་གཏོང་པའི་དུས་སུ་སློང་བ་བཀྲེན་དང་འབྱོར་ལྡན་གཉིས། །བྱུང་ན་ཅི་ལྟར་བྱ་དགོས་སྙམ་ན་གཉིས་ཀའི་འདོད་པ་རྫོགས་ནུས་ན། །གཉིས་ཀའི་འདོད་པ་བསྐང་བར་བྱ་ལ་མི་ནུས་འདུག་ན་བཀྲེན་པ་པོའི། །འདོད་པ་རྫོགས་པར་བྱའོ་སྙམ་པ་སྔོན་དུ་བཏང་ནས་འདི་སྐད་ཟེར། །བཞིན་བཟང་ང་ཡི་ཡོ་བྱད་འདི་ཉིད་བཀྲེན་པ་འདི་ལ་དང་པོ་ནས། །བསྔོས་ཟིན་ཚར་བ་ཡིན་པས་ཁྱོད་ལ་མ་བྱིན་སྙམ་དུ་མ་སེམས་ཤིག །ཅེས་པས་འཇམ་པོའི་ཚིག་གིས་གོ་བར་བྱས་ནས་བཀྲེན་པོའི་འདོད་པ་བསྐང་། །སློང་བ་པོ་ཡིས་བསླངས་པའི་དུས་སུ་སེར་སྣས་ནོན་ན་རང་ཉིད་ཀྱི། །ལུས་སྲོག་ལོངས་སྤྱོད་ཐམས་ཅད་ཆུ་ཡི་ལྦུ་བ་ལྟ་བུ་མི་རྟག་པས། །དངོས་པོ་འདི་དང་བདག་གཉིས་གདོན་མི་ཟ་བར་ངེས་པར་སོ་སོར་འབྲལ། །འདིས་ཀྱང་བདག་འདོར་བདག་གིས་འདི་འདོར་ནམ་ཡང་འདོར་བ་མཉམ་པ་
ལ། །ད་ལྟའི་དུས་འདིར་སྦྱིན་པ་བཏང་ན་རང་ལ་སྐྱེ་བ་ཕྱི་མ་རུ། །ཇི་ལྟར་བཏང་བ་ཆུང་ཡང་བརྒྱ་འགྱུར་འཐོབ་པས་ཕོངས་ཤིང་དབུལ་མི་འགྱུར། །འཆི་དུས་ནོར་ལ་ཆགས་པར་མི་འགྱུར་འགྱོད་པ་མེད་ལ་རབ་ཏུ་དགའ། །སྙམ་དུ་བསམས་ལ་ལོངས་སྤྱོད་གང་ལའང་ཆགས་པ་མེད་པར་གཏང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་སྦྱིན་བྱའི་རྫས་ཡོད་བཞིན་དུ་སློང་ལ་སྦྱིན་མི་འདོད་པའི་དུས། །ཉེས་པ་འདི་ནི་བདག་སྔོན་སྦྱིན་པ་གོམས་པར་མ་བྱས་ལན་པར་འདུག །ད་ཡང་སྦྱིན་པ་མ་བཏང་ཕྱིན་ཆད་སྐྱེ་བ་ཕྱི་མར་སྦྱིན་གཏོང་ལ། །མི་དགའ་འགྱུར་རོ་སྙམ་དུ་མྱུར་དུ་རིག་པར་བྱས་ནས་ཡོ་བྱད་ཅི། །ཡོད་པ་ཐམས་ཅད་སྦྱིན་པར་བྱེད་ཀྱི་མ་གོམས་ཉེས་པའི་དབང་མི་གཏོང་། །ལོངས་སྤྱོད་ཧ་ཅང་ཆུང་བར་བརྟེན་ནས་གཏོང་བའི་སེམས་མི་སྐྱེ་བའི་དུས། །བདག་སྔོན་འཁོར་བར་འཁོར་ཚེ་ཕ་རོལ་གཞན་ལ་ཕན་འདོགས་མ་བྱས་པར། །སྔོན་གྱི་ལས་སམ་གཞན་གྱི་དབང་དུ་གྱུར་པས་བཀྲེས་སྐོམ་ལ་སོགས་པའི། །སྡུག་བསྔལ་བཟོད་དཀའ་མང་པོ་མྱོང་ན་ད་ལྟ་གཞན་ལ་ཕན་
བཏགས་པར། །བརྟེན་ནས་བྱུང་བའི་ཚེ་འདིའི་སྡུག་བསྔལ་དེ་ཡི་དབང་གིས་བདག་འཆི་ཡང་། །ཕྱི་མར་བསོད་ནམས་དཔག་མེད་འཐོབ་པས་ཤི་ནའང་རྙེད་པ་ལེགས་པོ་རྙེད། །ལོངས་སྤྱོད་དེ་དག་མེད་ཀྱང་སྔོ་སོགས་ཅི་ཡང་རུང་བ་ཙམ་གྱིས་འཚོ། །སྙམ་དུ་བསམས་ནས་ཕོངས་པའི་སྡུག་བསྔལ་དང་དུ་བླངས་ཏེ་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྦྱིན་བྱའི་རྫས་རྣམས་ཤིན་ཏུ་ཡིད་དུ་འོང་ཞིང་མཆོག་ཏུ་གྱུར་པ་ལ། །ཆགས་ནས་སློང་ལ་གཏོང་མི་འདོད་དུས་ཆགས་པའི་ཉེས་པ་དེ་མྱུར་བར། །རིག་པར་བྱས་ནས་བདག་གིས་སྡུག་བསྔལ་བ་ལ་བདེའོ་སྙམ་པ་ཡི། །འདུ་ཤེས་ཕྱིན་ཅི་ལོག་ཏུ་འཛིན་པ་འདི་ཡིས་ཕྱི་མར་སྡུག་བསྔལ་བ། །བསྐྱེད་པ་ཡིན་ནོ་སྙམ་དུ་བསམས་ནས་དངོས་པོ་དེ་ཉིད་སྦྱིན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མཇུག་ཏུ་སྦྱིན་པ་ཆེ་ཆུང་གང་བཏང་སྦྱིན་པ་བཏང་བའི་འབྲས་བུ་རྣམས། །སློང་བ་པོ་སོགས་ནམ་མཁའི་མཐའ་མཉམ་སེམས་ཅན་རྣམས་ལ་གནས་སྐབས་དང་། །མཐར་ཐུག་ཕན་
བདེ་རྒྱ་ཆེན་འབྱུང་ཕྱིར་བསམ་པ་ཐག་པས་བསྔོ་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཕན་ཡོན་སེམས་ཅན་རེ་རེ་ལ་བརྟེན་བསོད་ནམས་དེ་སྙེད་ཐོབ་པའི་ཚོགས། །བདེ་བླག་རྫོགས་ནས་མཐར་ཐུག་བླ་མེད་སངས་རྒྱས་གོ་འཕང་འཐོབ་པར་འགྱུར། །གནས་སྐབས་བདེ་སྐྱིད་སྙན་གསུམ་འབྱུང་སོགས་སྦྱིན་པ་བཏང་བའི་བསོད་ནམས་དེ། །གལ་ཏེ་གཟུགས་སུ་གྲུབ་རྒྱུ་ཡིན་ན་གངྒཱའི་བྱེ་མ་སྙེད་ཀྱིས་ནི། །འཇིག་རྟེན་ཁམས་སུ་ཤོང་མི་འགྱུར་ཞེས་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས། །དེས་ན་ལུས་དང་ལོངས་སྤྱོད་དགེ་ཚོགས་ཐམས་ཅད་འགྲོ་ལ་གཏང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེའི་ཕྱིར་རང་གི་ལུས་དང་ལོངས་སྤྱོད་དགེ་ཚོགས་འོད་ཟེར་རྣམ་པར་འཕྲོས། །སེམས་ཅན་རྣམས་ལ་ཕོག་པས་སྡུག་བསྔལ་བ་རྣམས་སྡུག་བསྔལ་ལས་གྲོལ་གྱུར། །དེ་ནས་ཟས་གོས་འདོད་ལ་ཟས་གོས་སྐོམ་འདོད་པ་ལ་བཏུང་བ་དང་། །གནས་མལ་བཞོན་པ་གྲུ་དང་ཟམ་པ་
གསེར་དངུལ་ཡིད་བཞིན་ནོར་བུ་སོགས། །འདོད་པ་རྣམས་ལ་ཇི་ལྟར་འདོད་པ་དེ་ལྟར་ཡིད་ཀྱིས་རབ་སྤྲུལ་ནས། །ཕངས་མེད་བཏང་བས་སེམས་ཅན་རེ་རེས་འཛད་མེད་ལོངས་སྤྱོད་ཐོབ་པར་གྱུར། །དེ་ནས་དམ་ཆོས་བསྟན་པར་མོས་ནས་ཆོས་དབྱངས་སྙན་མོས་བརྗོད་པའི་ཚེ། །དབྱངས་དེ་ཆོས་ཀྱི་སྒྲ་དབྱངས་ཡན་ལག་དྲུག་ཅུར་གྱུར་པས་ནམ་མཁའ་ཡིས། །ཁྱབ་ཚད་ཕྱོགས་བཅུའི་འཇིག་རྟེན་ཁམས་ལ་ཆོས་ཀྱི་སྒྲ་དེ་ཡོངས་ལ་གྲགས། །སེམས་ཅན་སོ་སོའི་སྐད་དུ་གོ་ནས་ཀུན་གྱི་མི་ཤེས་མུན་པ་སངས། །ཚིག་དོན་རྟོགས་ཤིང་མི་བརྗེད་གཟུངས་དང་ཆོས་སྟོན་སྤོབས་པ་ཐོབ་པ་སོགས། །མར་གྱུར་ནམ་མཁའི་མཐའ་མཉམ་འགྲོ་ལ་ཕན་པ་རྒྱ་ཆེན་འབྱུང་བར་གྱུར། །ཚེགས་ནི་ཆུང་དུས་བསོད་ནམས་རྒྱ་ཆེན་དཔག་ཏུ་མེད་པ་འཕེལ་བས་ན། །དབེན་པའི་གནས་སུ་བསམ་པ་ཙམ་གྱིས་སྦྱིན་པ་ལ་ཡང་འབད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་མི་དགེ་བཅུ་སོགས་རང་
གིས་ཇི་ལྟར་ཁས་བླངས་སྡོམ་པ་རྣམས། །མིག་འབྲས་བཞིན་དུ་བསྲུང་ཞིང་ཉེས་པས་མ་གོས་པ་ལ་འབད་པར་བྱ། །ཕྱིན་དྲུག་ལ་སོགས་དགེ་བ་རྣམ་དག་རང་གི་རྒྱུད་ལ་མ་སྐྱེས་པ། །གསར་དུ་བསྐྱེད་ཅིང་སྐྱེས་པ་རྣམས་ཀྱང་ཉམས་པ་མེད་པར་གོང་འཕེལ་བྱ། །རང་གིས་ཚུལ་ཁྲིམས་བསྲུང་བའི་སྒོ་ནས་སེམས་ཅན་ཐམས་ཅད་ཚུལ་ཁྲིམས་སོགས། །དགེ་བ་རྣམ་པར་དག་པར་སྦྱར་ནས་སྨིན་གྲོལ་ལམ་ལ་དགོད་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཕན་ཡོན་བསྐལ་བ་བྱེ་བ་གངྒཱའི་བྱེ་སྙེད་ཟས་དང་སྐོམ་རྣམས་དང་། །གདུགས་དང་བ་དན་མར་མེའི་འཕྲེང་བས་སངས་རྒྱས་བྱེ་བ་ཁྲག་ཁྲིག་ལ། །རིམ་གྲོ་བྱས་ལས་གང་གིས་སངས་རྒྱས་བསྟན་པ་འཇིག་ལ་ཉེ་དུས་འདིར། །ཚུལ་ཁྲིམས་ཉིན་མཚན་གཅིག་ཙམ་བསྲུང་ས་ཀྱང་བསོད་ནམས་དེ་བས་ཆེ་བར་གསུངས། །ཚུལ་ཁྲིམས་མེད་པས་འབྲི་མར་རྒྱ་མཚོ་ཙམ་ལ་སྡོང་བུ་རི་རབ་ཙམ། །བཙུགས་ནས་མར་མེ་ཕུལ་ལས་ཚུལ་ཁྲིམས་ལྡན་པས་འབྲི་མར་ཐིགས་པ་ལ། །སྡོང་བུ་ཁབ་རྩེ་ཙམ་ཞིག་བཙུགས་ནས་མར་མེ་ཕུལ་བ་ཕན་ཡོན་ཆེ། །
བྱང་ཤར་མཚམས་ཀྱི་སངས་རྒྱས་དབང་ཕྱུག་རྒྱལ་པོའི་ཞིང་དུ་བསྐལ་པའི་བར། །ཚུལ་ཁྲིམས་སྲུང་ལས་མི་མཇེད་འཇིག་རྟེན་ཁམས་འདིར་ཚུལ་ཁྲིམས་སྣ་རེ་ཙམ། །སྲུང་བ་ཕན་ཡོན་ཆེ་ཞིང་སྟོན་པའི་བསྟན་པར་སྐྱོན་མ་ཞུགས་དུས་སུ། །ཚུལ་ཁྲིམས་ཡུན་རིང་སྲུང་ལས་སྟོན་པའི་བསྟན་བ་འཇིག་ལ་ཉེ་དུས་འདིར། །སྔ་དྲོ་ཕྱི་དྲོ་ཙམ་ཞིག་ཚུལ་ཁྲིམས་སྲུང་བ་ཕན་ཡོན་ཆེ་བར་གསུངས། །གཞན་ཡང་འབད་རྩོལ་མ་བྱས་ན་ཡང་ཉེར་མཁོའི་ཡོ་བྱད་འདུ་བ་དང་། །དྲག་པོའི་ལས་ཀྱིས་བསྡིགས་པ་མེད་ཀྱང་སྐྱེ་བོ་ཐམས་ཅད་འདུད་པ་དང་། །ཕན་མ་བཏགས་དང་ངོ་མི་ཤེས་པ་རྣམས་ཀྱང་ངང་གིས་བྱམས་པ་དང་། །རྐང་པའི་རྗེས་ཀྱི་རྡུལ་ཡང་ལྷ་མི་ཀུན་གྱིས་སྤྱི་བོར་ལེན་པ་དང་། །མཆོད་པའི་ཞིང་དུ་འཁྱེར་སོགས་ཚུལ་ཁྲིམས་སྲུང་བའི་ཕན་ཡོན་བརྗོད་མི་ལང་། །དེས་ན་ངོ་ལྐོག་གང་དུ་སྲོག་གི་ཕྱིར་ཡང་མི་དགེ་བཅུ་སྤོང་སོགས། །ཚུལ་ཁྲིམས་ནམ་ཡང་མི་གཏོང་མིག་གི་འབྲས་བུ་བཞིན་དུ་བསྲུང་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་
ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་སེམས་ཅན་ཐམས་ཅད་དགྲ་རུ་ལངས་ཀྱང་ཁྲོ་སེམས་སྐད་ཅིག་ཀྱང་། །མི་བསྐྱེད་སྐྱེས་པ་རྣམས་ཀྱང་སྤངས་ནས་གནོད་པའི་ལན་དུ་ཕན་པ་སྒྲུབ། །མཁའ་མཉམ་སེམས་ཅན་ཀུན་གྱིས་བདག་གི་ཨ་མ་མ་བྱས་གཅིག་ཀྱང་མེད། །བྱས་དུས་ཚེ་འདིའི་མ་ཡིས་བསྐྱངས་བཞིན་དྲིན་གྱིས་བསྐྱངས་པ་ཤ་སྟག་ཡིན། །དྲིན་གྱིས་བསྐྱངས་པའི་མ་རྣམས་ཉོན་མོངས་དབང་དུ་སོང་བས་ད་ལྟའི་མ། །ལ་ལ་གཞན་ལ་སེམས་མི་དགའ་བའི་ཉོན་མོངས་སྐྱེས་ཚེ་ལྕེབས་པ་དང་། །རང་ལ་མཚོན་གྱིས་འདེབས་དང་གཡང་ལ་མཆོང་དང་ཟས་གཅོད་ལ་སོགས་པས། །རང་ལ་གནོད་པ་བྱེད་ན་འགྲོ་བ་གཞན་ལ་བྱེད་པ་སྨོས་ཅི་དགོས། །དེས་ན་རང་ལ་གནོད་པ་བྱས་ཀྱང་ལན་དུ་ཁྲོ་བར་མི་རིགས་ཏེ། །དཔེར་ན་མ་ཞིག་གདོན་གྱིས་སྨྱོས་ནས་བུ་ལ་རྡེག་པ་སོགས་བྱེད་ཀྱང་། །མ་དེ་སྨྱོས་པ་ཤེས་བཞིན་བུ་དེས་ལན་དུ་ཁྲོ་བར་ག་ལ་རིགས། །མི་ཁྲོ་ཙམ་དུ་མ་ཟད་སྨྱོ་བའི་གདོན་དང་འབྲལ་ཐབས་བྱེད་པ་བཞིན། །མར་གྱུར་སེམས་ཅན་ཉོན་མོངས་གདོན་གྱིས་སྨྱོས་ནས་རང་ལ་གནོད་བསྐྱལ་
ཀྱང་། །ཉོན་མོངས་གདོན་གྱིས་སྨྱོས་པ་ཤེས་བཞིན་བདག་ནི་ལན་དུ་ཁྲོ་མི་རིགས། །མི་ཁྲོ་ཙམ་དུ་མ་ཟད་ཉོན་མོངས་གདོན་དང་འབྲལ་ཐབས་བྱ་དགོས་ཏེ། །དེ་ཡི་ཚུལ་ནི་རང་ལ་མི་འམ་མི་མིན་གནོད་པ་བྱེད་པའི་ཚེ། །གནོད་བྱེད་འདི་ཡིས་ཐོག་མ་མེད་ནས་བདག་གི་ཨ་མ་གྲངས་མེད་བྱས། །བྱས་དུས་རང་གི་སྡིག་སྡུག་གཏམ་ངན་ལུས་སྲོག་གང་ལ་མ་འཛེམས་པར། །བདག་ལ་ཐུབ་ཚད་ཕན་པ་མང་པོ་བྱས་པ་ཡིན་པས་དྲིན་རེ་ཆེ། །བདག་ལ་བརྟེན་ནས་འདི་ཡིས་སྔོན་ཆད་སྡུག་བསྔལ་མང་པོ་མྱངས་པར་ངེས། །བདག་གིས་འདི་ཡི་དྲིན་གྱིས་བསྐྱངས་པའི་ལན་དུ་གནོད་པ་ཕྲ་མོ་ཞིག །ཅིའི་ཕྱིར་མི་བཟོད་བཟོད་དགོས་སྙམ་དུ་ཁྲོ་མེད་བཟོད་པའི་གོ་ཆ་གྱོན། །ད་ལྟ་ཁོ་རང་ཉོན་མོངས་གདོན་གྱིས་ཡིད་དཀྲུགས་དབང་མེད་སྨྱོས་པ་དང་། །བདག་གི་སྔོན་ལས་ངན་པས་བསྐུལ་ནས་འདི་ཡིས་བདག་ལ་གནོད་བསྐྱལ་ན། །དེ་ཡི་འབྲས་བུ་ཕྱི་མར་ངན་འགྲོའི་སྡུག་བསྔལ་འདི་ཡིས་མྱང་བར་ངེས། །བདག་ལ་བརྟེན་ནས་འདི་ཡིས་སྔོན་ཡང་སྡུག་བསྔལ་སྣ་ཚོགས་ཡུན་རིང་མྱངས། །ད་ཡང་བདག་ལ་བརྟེན་ནས་ཕྱི་
མར་སྡུག་བསྔལ་མྱང་ངེས་སྙིང་རེ་རྗེ། །དོན་ལ་འདི་ཉིད་བདག་ལ་གནོད་པ་བྱེད་མཁན་མ་ཡིན་བདག་འདི་ལ། །གནོད་བྱེད་ཉིད་དུ་སོང་འདུག་ཨ་ཁ་ཤིན་ཏུ་སྙིང་རྗེ་ཅི་ཞིག་བྱ། །སྙམ་དུ་སྙིང་རྗེ་ཤུགས་དྲག་བསྐྱེད་ནས་དངོས་སུ་ཕན་པ་ཅི་ཐོགས་བྱ། །དངོས་སུ་ཕན་འདོགས་མ་ནུས་དུས་སུ་གཏོང་ལེན་གཉིས་ཀ་ཡང་ཡང་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་རང་ལ་དབྱུག་པ་སོགས་ཀྱིས་རྡུང་ཚེ་དངོས་སུ་གནོད་བྱེད་ལ། །ཁྲོ་ན་དབྱུག་པར་ཁྲོ་དགོས་བརྒྱུད་པ་འདེད་ན་དབྱུག་པ་ཕ་རོལ་གྱི། །མི་དེས་རྦད་བཞིན་ཕ་རོལ་མི་དེ་ཉོན་མོངས་གདོན་གྱིས་རྦད་པས་ན། །ཁྲོ་ན་ཕ་རོལ་མི་དེའི་རྒྱུད་ཀྱི་ཉོན་མོངས་པ་ལ་ཁྲོ་དགོས་བསམ། །ཡང་ན་རང་གི་སྔོན་ལས་ངན་པས་ཕ་རོལ་མི་དེ་དབང་མེད་དུ། །བསྐུལ་བ་ཡིན་པས་ཁྲོ་ན་རང་ལ་ཁྲོ་དགོས་སྙམ་དུ་བསམ་པར་བྱ། །ད་ལྟ་སྡུག་བསྔལ་ཕྲ་མོ་ཙམ་ཞིག་མི་བཟོད་ལན་དུ་ཁྲོས་པ་ན། །ཁོང་ཁྲོའི་འབྲས་བུ་དམྱལ་བར་སྐྱེས་ན་བཟོད་དམ་སྙམ་དུ་བསམ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་
བསྟོད་སྨད་བྱས་ལ་དགའ་སྡུག་སྐྱེས་དུས་བསྟོད་དང་སྙན་གྲགས་ཀྱིས། །ཕྱི་མར་མི་ཕན་མ་ཟད་མི་ཚེ་འདིར་ཡང་ཚེ་རིང་ནད་མེད་དང་། །བདེ་དང་བསོད་ནམས་མི་འཕེལ་སྟེང་དུ་དོན་མེད་གཡེང་བར་འཇུག་པ་དང་། །གཞན་གྱིས་ཕྲག་དོག་སྐྱེད་པར་བྱེད་པའི་འཕུང་འདྲེ་དེ་ཡི་ཅི་ཞིག་བྱ། །གཞན་གྱིས་སྨད་པ་ལ་སོགས་བྱས་ན་སྙན་གྲགས་ཉམས་པའི་རྒྱུར་སོང་ནས། །རྣམ་གཡེང་མེད་པར་གནས་སྐབས་མཐར་ཐུག་བདེ་བ་མང་པོ་སྒྲུབ་ཆོག་པ། །འདི་ནི་བླ་མ་དཀོན་མཆོག་བྱིན་རླབས་ཡིན་སྙམ་དགའ་བ་བསྒོམ་པར་བྱ། །རྡོ་མཚོན་དབྱུག་པ་སོགས་ཀྱིས་ཕོག་ན་ལུས་ལ་ཅུང་ཟད་གནོད་མོད་ཀྱང་། །ངན་སྨྲས་སོགས་ཀྱིས་ལུས་སེམས་གང་ལ་ཅུང་ཟད་ཙམ་ཡང་མི་གནོད་པའི། །ཚུལ་ལ་བསམས་ནས་བསྟོད་སྨད་གང་ལ་དགའ་སྡུག་མེད་པར་རོ་སྙོམ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་ཟས་གོས་གནས་མལ་སོགས་ཀྱིས་ཕོངས་དང་ན་ཚ་ལ་སོགས་པའི། །སྡུག་བསྔལ་བྱུང་དུས་འདི་སྔར་ལས་ངན་བསགས་པའི་འབྲས་བུ་སྨིན་པ་ཡིན། །དཔེར་ན་
གསད་དགོས་ནག་ཅན་མི་ཞིག་སོར་མོ་བཅད་ནས་བཏང་བ་བཞིན། །ད་ལྟ་མི་ཡི་སྡུག་བསྔལ་ཆུང་ངུ་འདི་ཙམ་མྱོང་བ་ལ་བརྟེན་ནས། །ཕྱི་མར་དམྱལ་བར་སྐྱེ་བའི་ལས་ཀྱང་འཕྲལ་དུ་དག་འགྲོ་སྙམ་དུ་བསམ། །སྡུག་བསྔལ་བྱུང་དུས་བཟོད་པ་བསྒོམས་ན་སྔར་བྱས་སྡིག་སྒྲིབ་འདག་པ་དང་། །ཕྱི་མར་གཟུགས་བཟང་ཐོབ་པ་ལ་སོགས་བསོད་ནམས་མང་པོ་འཕེལ་བས་ན། །མི་འདོད་སྡུག་བསྔལ་བྱུང་དུས་རང་གི་དགེ་སྦྱོར་ཆགས་པར་མི་སེམས་པར། །ལྷག་པར་རང་གི་སྡིག་པ་སྦྱངས་དང་ཚོགས་བསགས་མང་པོ་བྱས་པར་བསམ། །རང་ལ་གནོད་པ་བྱེད་ལ་དྲིན་ཆེ་སྙམ་དུ་ཕན་པའི་དྲིན་གཟོ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཁྱད་པར་སེམས་ཅན་དོན་དུ་སངས་རྒྱས་གོ་འཕང་འཐོབ་ཕྱིར་དམ་པའི་ཆོས། །སྒྲུབ་པའི་དུས་སུ་སྡུག་བསྔལ་གང་བྱུང་བ་ལ་བཟོད་སྲན་བསྐྱེད་པ་ལ། །བརྟེན་ནས་སངས་རྒྱས་གོ་འཕང་འཐོབ་ལ་ཤིན་ཏུ་ཉེ་བར་འགྱུར་བས་ན། །སྡུག་བསྔལ་གང་དང་འཕྲད་ཀྱང་དབུལ་བོ་རིན་ཆེན་གཏེར་དང་ཕྲད་པ་བཞིན། །རབ་ཏུ་དགའ་བའི་ཤུགས་ཀྱིས་དང་དུ་བླངས་ནས་བཟོད་སྲན་
བསྐྱེད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སྡུག་བསྔལ་མེད་ན་སྙམ་དུས་སྡུག་བསྔལ་མི་འདོད་ཕྱིན་ཆད་སྡུག་བསྔལ་རྒྱུ། །སྤོངས་ཞེས་སྐུལ་མ་བྱས་འདུག་སྙམ་དུ་མི་དགེ་སྡིག་པ་སྤང་པར་བྱ། །བདེ་བ་འདོད་པའི་དུས་སུ་བདེ་བ་འདོད་ན་ཕྱིན་ཆད་བདེ་བའི་རྒྱུ། །ཚོགས་བསགས་གྱིས་ཞེས་སྐུལ་མ་བྱས་འདུག་སྙམ་དུ་ཚོགས་བསགས་ཅི་ཐུབ་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །གཞན་ཡང་དཀོན་མཆོག་གསུམ་གྱི་ཡོན་ཏན་གང་ཟག་ཆོས་ཀྱི་བདག་མེད་དང་། །ཡང་དག་རྫོགས་པའི་སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས་ཀྱི་མཐུ་ཆེན་དང་། །ལེགས་སྤྱད་ཉེས་སྤྱད་རྒྱུ་དང་དེ་དག་འབྲས་བུ་འདོད་དང་མི་འདོད་དང་། །འཐོབ་བྱ་བྱང་ཆུབ་དེ་ཉིད་འཐོབ་ཐབས་བྱང་སེམས་བསླབ་པའི་ལམ་རྣམས་དང་། །གསུང་རབ་ཡན་ལག་བཅུ་གཉིས་ལ་སོགས་དམ་པའི་ལྷ་ཆོས་དེ་དག་ཀུན། །ཇི་ལྟར་ཡིན་ལ་ངེས་པ་རྙེད་ནས་འཛིན་ཅིང་ཡང་ཡང་བསམ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །
ཕན་ཡོན་ཕྱི་མར་དགྲ་དང་འགྱེ་བ་མི་མང་བདེ་དང་ཡིད་བདེ་མང་། །འགྱོད་པ་མེད་པར་འཆི་དང་ཤི་ནས་བདེ་འགྲོ་ལྷ་རུ་སྐྱེ་བར་འགྱུར། །ཞེ་སྡང་དུག་སྦྲུལ་གསོད་པའི་མཁའ་ལྡིང་གནོད་སེམས་མེ་ཆེན་གསོད་པའི་ཆུ། །ཚིག་རྩུབ་མདས་མི་འབིགས་པའི་སྲ་བའི་གོ་ཆ་ཁྱད་པར་འགྲོ་ཀུན་གྱི། །མིག་དང་ཡིད་དབང་འཕྲོག་པའི་གསེར་གྱི་མདོག་ཅན་མཚན་དང་དཔེ་བྱད་ཀྱིས། །བརྒྱན་པའི་མཛེས་པའི་གཟུགས་མཆོག་སྒྲུབ་པའི་བཟོ་བོ་མཁས་པ་ལ་སོགས་པའི། །བཟོད་པའི་ཕན་ཡོན་བརྗོད་མི་ལང་བས་དེས་ན་བཟོད་པ་བསྒོམ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་བདག་གིས་བསྐལ་ཆེན་སྟོང་ཕྲག་གཅིག་ལ་ཞག་ཏུ་བྱས་པ་ཡི། །ཞག་པོ་སུམ་ཅུར་ཟླ་བ་གཅིག་དང་ཟླ་བ་བཅུ་གཉིས་ལོར་བྱས་པས། །བསྐལ་ཆེན་གྲངས་མེད་འབུམ་ཕྲག་རེ་རེར་སེམས་ཅན་གཅིག་གི་ཕྱིར་དུ་ཡང་། །མནར་མེད་དམྱལ་བར་གནས་ནས་སངས་རྒྱས་གོ་འཕང་སྒྲུབ་དགོས་བྱུང་ན་ཡང་། །བརྩོན་པ་མི་འདོར་སྤྲོ་བས་གནས་པར་བྱའོ་
སྙམ་པའི་གོ་ཆ་གྱོན། །འོ་ན་བདག་གིས་ད་ལྟ་མེ་སྟག་སྡུག་བསྔལ་ཙམ་ཡང་བཟོད་དཀའ་ན། །མནར་མེད་དམྱལ་བའི་སྡུག་བསྔལ་ཤུགས་དྲག་ཡུན་རིང་བཟོད་པར་ག་ལ་ནུས། །སྙམ་ན་རྒྱུ་ཡི་སྡིག་པ་སྤངས་པས་ལུས་ལ་གནོད་པ་མི་འབྱུང་ཞིང་། །ཆོས་རྣམས་རང་བཞིན་མེད་པར་ཤེས་པས་སེམས་ལ་སྡུག་བསྔལ་མི་འབྱུང་བས། །ལུས་སེམས་བདེ་ན་ཡུན་རིང་གནས་ཀྱང་མི་དགའ་ག་ལ་ཡོད་སྙམ་བསམ། །དེ་འདྲའི་གོ་ཆ་གྱོན་ནས་ཟབ་དང་རྒྱ་ཆེའི་དགེ་ཆོས་རང་རྒྱུད་ལ། །སྡུད་པར་བྱེད་ཅིང་འགྲོ་བ་གཞན་ཡང་དགེ་བའི་ལམ་ལའང་དགོད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གཞན་གཉིས་ཀྱི་དོན་གང་བསྒྲུབས་ཀྱང་གཉིད་དང་ལེ་ལོའི་དབང་མི་གཏང་། །སྐྱོ་ངལ་མེད་པ་ཁྱིམ་བདག་རྣམས་ཀྱིས་སོ་ནམ་བྱེད་པ་ལྟ་བུར་བྱ། །གང་ལ་འཇུག་ཀྱང་དཔའ་མི་ཞུམ་པར་དཔའ་བོ་ག་ཡུལ་འཇུག་ལྟ་བུར་བྱ། །རྒྱུན་ཆད་མེད་པ་གངྒཱ་ལ་སོགས་ཆུ་བོ་ཆེན་པོའི་རྒྱུན་ལྟར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཕན་ཡོན་སྐྱོ་
མེད་བརྩོན་འགྲུས་ཆེ་ན་མི་འཐོབ་མི་འགྲུབ་གང་ཡང་མེད། །འཇིག་རྟེན་འཇིག་རྟེན་ལས་འདས་དགོས་པ་ཐམས་ཅད་བརྩོན་འགྲུས་བྱས་ན་འགྲུབ། །རིང་བོར་མི་ཐོགས་མྱུར་དུ་རྫོགས་པའི་སངས་རྒྱས་གོ་འཕང་འཐོབ་པ་ཡང་། །བརྩོན་འགྲུས་རག་ལས་པས་ན་སྔོན་བྱོན་དམ་པ་གོང་མའི་རྣམ་ཐར་བཞིན། །ཐོས་བསམ་བསྒོམ་གསུམ་གང་གི་དུས་སུ་བརྩོན་འགྲུས་མེ་ལྟར་སྦར་བར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེའི་ཕྱིར་མཐུན་རྐྱེན་རྙེད་སླ་དགྲ་དང་གཅན་གཟན་སོགས་ཀྱིས་འཚེ་བ་མེད། །ས་ཆུ་འཕྲོད་པས་ནད་མི་བསྐྱེད་དང་ཆོས་དང་མཐུན་པའི་གྲོགས་བཟང་དང་། །འདུ་འཛི་ཀུ་ཅོའི་སྒྲ་སོགས་མེད་པའི་ཏིང་འཛིན་ངང་གིས་འཕེལ་གནས་སུ། །ཟས་གོས་སོགས་ལ་འདོད་པ་ཆུང་དང་ངན་ངོན་ཙམ་གྱིས་ཆོག་ཤེས་བྱ། །ཉོ་ཚོང་ལ་སོགས་བྱ་བ་སྤོང་དང་ཚུལ་ཁྲིམས་དག་པ་ལ་གནས་དང་། །འདོད་པ་རྣམས་ལ་གསོད་དང་བཅིང་པ་ལ་སོགས་ཚེ་འདིའི་ཉེས་དམིགས་དང་། །ངན་འགྲོའི་གནས་སུ་འགྲོ་བ་ལ་སོགས་ཕྱི་
མའི་ཉེས་དམིགས་བསྒོམ་པ་དང་། །འཁོར་བའི་དངོས་པོ་ཐམས་ཅད་འཇིག་པའི་ཆོས་ཅན་རྒྱུན་དུ་མི་རྟག་སྟེ། །ངེས་པར་དེ་དག་རྣམས་དང་བདག་གཉིས་རིང་པོར་མི་ཐོག་སོ་སོར་འབྲལ། །སྙམ་དུ་བསམས་ནས་འདོད་པའི་རྣམ་པར་རྟོག་པ་ཐམས་ཅད་སྤང་བར་བྱ། །རབ་ཏུ་འཇམ་པའི་གདན་ལ་ལུས་ཀྱི་གནད་ནི་རྣམ་སྣང་ཆོས་བརྒྱད་བྱ། །ཁྱད་པར་རླུང་གི་འགྲོ་འོང་གཅིག་ཏུ་བྱས་ཏེ་ཉེར་གཅིག་བགྲངས་ནས་རླུང་། །ཆམ་ལ་ཕབ་ནས་དངོས་གཞིའི་དམིགས་རྟེན་དུ་མ་གསུངས་ཀྱང་གཙོ་བོ་ནི། །སངས་རྒྱས་བཅོམ་ལྡན་འདས་ཀྱི་སྐུ་ལ་དམིགས་རྟེན་བྱས་ནས་སེམས་བཟུང་ན། །སངས་རྒྱས་རྗེས་སུ་དྲན་པ་ཡིན་པས་བསོད་ནམས་མཐའ་ཡས་སྐྱེ་བ་དང་། །སྐུ་དེའི་རྣམ་པ་གསལ་ཞིང་བརྟན་ན་ཕྱག་དང་མཆོད་པ་སྨོན་ལམ་སོགས། །ཚོགས་བསགས་ཞིང་དང་བཤགས་བསྡམས་ལ་སོགས་སྒྲིབ་སྦྱོང་ཚོགས་ཞིང་བསྒོམ་པ་ལ། །ཁྱད་པར་ཤིན་ཏུ་ཆེ་ཞིང་འཆི་ཚེ་སངས་རྒྱས་རྗེས་སུ་དྲན་པ་ལས། །མི་ཉམས་པ་སོགས་ཡོན་ཏན་དག་དང་ཁྱད་པར་གསང་སྔགས་ལྷའི་བསྐྱེད་རིམ། །བསྒོམ་ལ་ཤིན་ཏུ་ཁྱད་པར་
ཆེ་སོགས་དགོས་པ་མང་པོ་སྣང་བ་སྟེ། །དེས་ན་ཏིང་ངེ་འཛིན་ཡང་འགྲུབ་ལ་དགོས་པ་ཁྱད་པར་ཅན་གཞན་ཡང་། །ཞར་ལ་འཐོབ་པའི་སངས་རྒྱས་སྐུ་ལ་དམིགས་རྟེན་བྱེད་པ་ཤིན་ཏུ་ལེགས། །དེ་ཡི་ཚུལ་ནི་རང་གནས་ས་ཕྱོགས་ཐ་མལ་གནས་འདི་མ་ཡིན་པར། །སངས་རྒྱས་བྱིན་རླབས་ལས་བྱུང་དག་ཞིང་ཆེན་པོར་གྱུར་པའི་མདུན་ཕྱོགས་སུ། །སེང་གེ་ཆེན་པོ་བརྒྱུད་ཀྱིས་བཏེགས་པའི་རིན་པོ་ཆེ་ཡི་ཁྲི་སྟེང་དུ། །སྤྱི་བོའི་བླ་མ་ཐུབ་དབང་ཐུགས་ཀའི་རང་འདྲ་གཉིས་པ་ཞིག་བྱུང་ནས། །རང་ལ་ཞལ་བསྟན་དགྱེས་འཛུམ་གཟི་བརྗིད་འོད་ཟེར་འཕྲོ་བཞིན་བཞུགས་པར་གྱུར། །དེ་ཡང་སྐུ་མདོག་གསེར་བཞིན་སེར་པོ་ཞལ་གཅིག་ཕྱག་གཉིས་གཡས་ས་གནོན། །གཡོན་པ་མཉམ་བཞག་སྟེང་ན་བདུད་རྩིའི་བཅུད་ཀྱིས་གང་བའི་ལྷུང་བཟེད་བསྣམས། །སྐུ་ལ་ཆོས་གོས་ངུར་སྨྲིག་མདོག་ཅན་གསོལ་ཞིང་མཚན་དང་དཔེ་བྱད་ཀྱིས། །སྤྲས་པའི་སྐུ་ལས་སྐྱེས་པའི་འོད་ཀྱི་ཕུང་པོའི་དཀྱིལ་ན་ཞབས་གཉིས་ཀྱིས། །རྡོ་རྗེ་སྐྱིལ་ཀྲུང་བྱས་ནས་བཞུགས་པ་རིམ་པ་བཞིན་དུ་གསལ་གདབ་ལ། །དེའི་མཐར་སྐུ་སྤྱི་ཡིད་ལ་བྱས་ནས་ཡིད་ངོར་ཡན་ལག་
རགས་པ་རྣམས། །ཆ་ཕྱེད་ཙམ་ཞིག་ཤར་ན་འོད་དང་བཅས་པའི་གསལ་པོ་མ་བྱུང་ཡང་། །དེ་ཙམ་ཞིག་གིས་ཆོག་ཤེས་བྱས་ནས་དེ་ལ་རྩེ་གཅིག་སེམས་འཛིན་བྱ། །དེའི་ཚེ་སེར་པོ་བསྒོམ་འདོད་པ་ལ་དམར་པོ་ལ་སོགས་འཆར་བ་དང་། །བཞུགས་པའི་རྣམ་པ་བསྒོམ་འདོད་པ་ལ་བཞེངས་པའི་རྣམ་བ་འཆར་བ་དང་། །གཅིག་པོ་བསྒོམ་འདོད་པ་ལ་དུ་མ་འཆར་བ་ལ་སོགས་བྱུང་ན་ཡང་། །དེ་དག་རྗེས་སུ་མི་འབྲང་རྩ་བའི་དམིགས་རྟེན་ཁོ་ནར་སེམས་འཛིན་བྱ། །དེའི་ཚེ་སེམས་ནི་ཤིན་ཏུ་གསལ་བའི་གསལ་ཆའི་ངར་དང་ལྡན་པ་དང་། །དམིགས་རྟེན་ཉིད་ལ་རྩེ་གཅིག་གནས་པས་མི་རྟོག་གནས་ཆ་གཉིས་ཀ་དགོས། །དེ་ལྟར་གསལ་ཆའི་ངར་ཐོན་པ་ལ་བྱིང་བས་བར་དུ་གཅོད་པ་ཡིན། །རྩེ་གཅིག་མི་རྟོག་གནས་ལ་རྒོད་པས་བར་དུ་གཅོད་པའི་བྱིང་རྒོད་གཉིས། །ཏིང་འཛིན་རྣམ་པར་དག་པ་སྐྱེ་བར་བྱེད་པའི་གེགས་ཀྱི་གཙོ་བོ་ཡིན། །འོ་ན་བྱིང་བ་རྒོད་པ་གཉིས་ཀྱི་མཚན་ཉིད་ཅི་འདྲ་ཡིན་ཟེར་ན། །སེམས་ཀྱི་གསལ་ཆ་ཉམས་ནས་སེམས་ལ་མུན་པ་བབས་པ་ལྟ་བུ་ཡིས། །དམིགས་རྟེན་ཡིད་ངོར་
གསལ་བར་མི་མཐོང་བ་དང་དམིགས་རྟེན་རྩེ་གཅིག་ཏུ། །འཛིན་པའི་འཛིན་སྟངས་ལྷོད་ནས་དམ་པར་མི་འཛིན་པ་ནི་བྱིང་བ་ཡིན། །གཏི་མུག་ཆར་གཏོགས་ལུས་སེམས་ལྕི་ཞིང་ལས་སུ་མི་རུང་རྨུག་པ་ཡིན། །དམིགས་རྟེན་དེ་ལ་མི་གནས་གཞན་དུ་ཡུད་ཡུད་འགྲོ་བ་འཕྲོ་བ་ཡིན། །ཡིད་དུ་འོང་བའི་ཡུལ་ལ་འཕྲོ་ཞིང་རྒྱུག་པར་བྱེད་པ་རྒོད་པ་ཡིན། །དཔེར་ན་གདུལ་དཀའི་གླང་ཆེན་འདུལ་ཚེ་ཀ་བ་རབ་ཏུ་བརྟན་དགོས་བཞིན། །རང་སེམས་འདུལ་ཚེ་དམིགས་རྟེན་གསལ་དགོས་མ་མཐའ་རགས་རིམ་ཙམ་འཆར་དགོས། །ཞགས་ཐག་ཤིན་ཏུ་སྲ་བ་དུ་མས་ཀ་བར་དམ་དུ་བཅིངས་དགོས་བཞིན། །དམིགས་རྟེན་སྐུ་ལ་རང་སེམས་བཏགས་ཏེ་བརྗེད་མེད་དུ་རེ་དྲན་པར་བྱ། །གླང་རྫིས་བསླབ་དགོས་བསླབ་ཚེ་འཕག་ནས་ཐག་པས་བསྡམས་པ་ལྷོད་པ་བཞིན། །བྱིང་རྒོད་ཕྲ་མོའི་དབང་སོང་དམིགས་རྟེན་དམ་པར་མི་འཛིན་ལྷོད་གྱུར་ན། །གླང་རྫིས་དེ་མ་ཐག་ཏུ་ལྕགས་ཀྱུས་བཏབ་ནས་ཐག་པས་སྡོམ་པ་བཞིན། །དེ་མ་ཐག་ཏུ་ཤེས་པར་བྱས་ནས་དམིགས་རྟེན་དུ་རེ་དྲན་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །
ཉལ་དང་མཆོང་ལྡིང་ཤུགས་དྲག་བྱེད་བཞིན་བྱིང་རྒོད་རགས་པའི་དབང་འགྲོ་ན། །གླང་རྫིས་ཞི་དྲག་གཉིས་ཀ་བྱས་ནས་ཐག་པས་དམ་པར་བཅིངས་པ་བཞིན། །བྱིང་རྨུག་གཉིས་ཀྱི་གཉེན་པོར་དཀོན་མཆོག་གསུམ་གྱི་ཡོན་ཏན་དྲན་པ་དང་། །ཉི་མ་ཟླ་བའི་འོད་སོགས་སྣང་བའི་མཚན་མ་ཡིད་ལ་བྱེད་པ་དང་། །ལྟེ་བའི་ཐད་དུ་རང་སེམས་ཐིག་ལེ་དཀར་དམར་ལྕོག་སྒོང་ཚད་ཙམ་གྱི། །རྣམ་པར་ཡོད་པར་དམིགས་ནས་དེ་ཉིད་སྤྱི་བོའི་གཙུག་ནས་རྒྱངས་ཀྱིས་ཐོན། །ནམ་མཁར་སོང་ནས་ནམ་མཁའ་སྟོང་པར་འདྲེས་པས་དབྱེར་མེད་གྱུར་པ་ལ། །རྩེ་གཅིག་མཉམ་པར་འཇོག་པ་ནམ་མཁའ་སྒོ་འབྱེད་དབྱིངས་རིག་བསྲེ་དང་འདྲ། །འཕྲོ་རྒོད་གཉིས་ཀྱི་གཉེན་པོར་དབུགས་ཀྱི་འགྱུ་བ་ལན་མང་བགྲངས་པ་དང་། །ཡང་ན་སྟེང་རླུང་དཀར་པོ་སྣ་བུག་གཉིས་ནས་དྲངས་ཏེ་མར་ལ་མནན། །ཐུར་སེལ་སེར་པོ་གྱེན་དུ་དྲངས་ཏེ་ལྟེ་བར་ཁ་སྦྱོར་བུམ་ཅན་གྱི། །ཚུལ་དུ་བསྒོམས་པས་བྱིང་རྒོད་སྐྱོན་རྣམས་བསལ་ནས་སྔར་ལྟར་བསྒོམ་པར་བྱ། །དཔེར་ན་གདུལ་དཀའི་གླང་ཆེན་བཏུལ་ཚེ་གླང་རྫིས་ཇི་ལྟར་བསླབ་པ་
བཞིན། །བྱེད་ཅིང་སྟེང་དུ་ཞོན་ནས་རང་གིས་གང་འདོད་བྱ་བ་སྒྲུབ་བ་ལྟར། །རང་སེམས་བཏུལ་ཚེ་བཏང་ན་དགེ་བའི་དམིགས་པ་ཀུན་ལ་འཇུག་པ་དང་། །བཞག་ན་གཡོ་མེད་རི་བཞིན་བརྟན་ཅིང་ལུས་སེམས་ཤིན་སྦྱངས་ཐོབ་པ་ན། །དེ་ལ་བརྟེན་ནས་རང་གིས་མངོན་མཐོ་ངེས་ལེགས་གང་འདོད་བསྒྲུབ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཕན་ཡོན་ཞི་གནས་གྲུབ་ན་སེམས་ལ་དགའ་བ་ལུས་ལ་བདེ་བ་རྒྱས། །མཐོང་ཆོས་བདེ་བར་གནས་དང་ལུས་སེམས་ཤིན་སྦྱངས་བདེ་བ་རྙེད་པའི་སེམས། །དགེ་བའི་དམིགས་པ་གང་འདོད་དག་ཏུ་བཀོལ་དུ་རུང་དང་དབང་མེད་པར། །ཕྱིན་ཅི་ལོག་གི་ཡུལ་ལ་གཡེང་བ་ཞི་ནས་ཉེས་སྤྱོད་མི་འབྱུང་ཞིང་། །དགེ་བ་གང་བྱས་སྟོབས་ཆེ་བ་དང་ཞི་གནས་བསྟེན་ནས་མངོན་ཤེས་དང་། །རྫུ་འཕྲུལ་སོགས་ཀྱི་ཡོན་ཏན་སྒྲུབ་ནུས་ཁྱད་པར་ཞི་གནས་ལ་བརྟེན་ནས། །ལྷག་མཐོང་རྟོགས་པ་སྐྱེ་བས་འཁོར་བའི་རྩ་བ་མྱུར་དུ་གཅོད་ནུས་སོགས། །ཕན་ཡོན་མང་པོ་ཡོད་པ་བསམས་ནས་རང་སེམས་འདུལ་ལ་འབད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་
པོས་བྱིན་གྱིས་རློབས། །མི་བསྒོམ་དུས་སུ་མདུན་གྱི་བླ་མ་ཐུབ་པའི་དབང་པོ་ཡར་བྱོན་ནས། །རང་གི་སྤྱི་བོའི་བླ་མ་ཐུབ་པའི་དབང་པོའི་ཐུགས་ཀར་ཐིམ་པར་བསམ། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་ཚེ་རབས་འཁོར་བ་ཐོག་མ་མེད་ནས་རང་གི་སྙིང་དཀྱིལ་དུ། །འདུག་ས་བཅས་ཏེ་མི་འདོད་སྡུག་བསྔལ་སྣ་དགུ་ཐོག་ཏུ་འདྲེན་མཁན་གྱི། །ང་དང་བདག་ཅེས་མིང་གཉིས་ཡོད་པའི་སྙིང་ནག་འཕུང་རྒན་དགྲ་པོ་ཡི། །སྙིང་གི་དཀྱིལ་དུ་སོ་སོར་རྟོགས་པའི་ཤེས་རབ་མདུང་རིང་རྣོན་པོ་ཡིས། །བརྒྱབས་ནས་སྟོང་སངས་ཆོས་དབྱིངས་ཐང་དུ་ཟིངས་སེ་བསྒྱེལ་ནས་ཆམ་ལ་འབེབས། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཆམ་ལ་འབེབས་ཚུལ་ཐ་ན་རྨི་ལམ་གནས་སྐབས་ཚུན་ཆད་ང་ང་ཞེས། །སྙིང་གི་དཀྱིལ་ན་དམ་སྦྲིང་འཛིན་པ་ངར་འཛིན་འུག་པའི་མགོ་ཅན་ཡིན། །ཁོ་བོ་བཟང་ངན་རྐྱེན་དང་འཕྲད་ཚེ་གསལ་པོར་མངོན་ལ་དེ་མིན་དུས། །མངོན་མེད་གནས་པས་ད་ལྟ་གསོད་དུས་མངོན་དུ་བཅུག་ནས་གསོད་དགོས་པས། །
ཐོག་མར་རང་ལ་སྔོན་དུས་གཞན་གྱིས་གནོད་པ་བྱས་སམ་ཕན་བཏགས་པ། །གང་རུང་དྲག་པོ་བྱས་པ་གསར་དུ་ཡང་ཡང་གསལ་གདབ་གསལ་ཐེབས་དུས། །དཔེར་ན་རང་ལ་དོན་མེད་རྐུས་ཤིག་བཙུགས་ན་ངས་རྐུ་བྱེད་མི་དགོས། །རྐུ་སྙམ་བསམ་པའང་མེད་ན་ང་ལ་དོན་མེད་འདི་འདྲའི་རྐུས་བཙུགས་སྙམ། །ཞེ་སྡང་དམར་ལམ་པ་དང་བཅས་པས་རྐུ་དེ་འཛུགས་པའི་ཡུལ་ང་ཞིག །སྙིང་གི་དཀྱིལ་ན་དམ་སྦྲིང་མཐོང་རྒྱུ་འཛིན་རྒྱུ་ཡོད་པ་ལྟ་བུ་འཆར། །རང་ལ་ཚ་གྲང་ལ་སོགས་ནད་ཀྱིས་བཏབ་ནས་འཆི་ལ་ཕྱོགས་པའི་ཚེ། །སྨན་པ་མཁས་པས་སྨན་མང་བྱིན་ནས་ནད་ལས་གྲོལ་ན་ཕན་བཏགས་སྙམ། །ཕན་དེ་འདོགས་ཡུལ་ང་ཞིག་སྙིང་གི་དཀྱིལ་ན་ཡོད་ཡོད་འདྲ་བ་འཆར། །དེ་ལྟར་ལམ་ལམ་ཤར་ན་འཕུང་རྒན་གསལ་བར་མངོན་སུམ་མངོན་པ་ཡིན། །དེ་འདྲ་ཤར་ན་ཤིན་ཏུ་ལེགས་ཏེ་མ་མཐའ་ཡང་ཡང་གསལ་བཏབ་ནས། །ང་ལ་ཕན་གནོད་འདི་འདྲ་བྱས་སོ་སྙམ་པའི་ངར་འཛིན་སྐྱེར་བཅུག་ནས། །ང་དེ་གང་ན་ཡོད་འདུག་བརྟགས་ཚེ་སྔོན་ཆད་སྙིང་གི་དཀྱིལ་ན་ཡོད། །སྙམ་པ་མ་གཏོགས་གང་གི་སྟེང་དུ་ཡོད་པ་ཐག་ཆོད་
མ་ངེས་པ། །ལེགས་པར་ཞིབ་ཏུ་བརྟགས་ཚེ་རེ་འགའ་ལུས་ཀྱི་སྟེང་ན་ཡོད་པ་འདྲ། །རེ་འགའ་ཕུང་པོ་གཞན་རྣམས་སྟེང་དུ་ཡོད་འདྲ་འཆར་ཚུལ་སྣ་ཚོགས་འཆར། །མཐར་ཕར་དེད་ན་ཕུང་པོ་རེ་རེའི་སྟེང་ན་ཡོད་པ་མ་ཡིན་པར། །ཕུང་པོ་ལྔ་པོ་ཚོགས་ཙམ་སྟེང་དུ་ཕར་ལ་རྟོག་པས་བཏགས་པ་ཙམ། །མ་ཡིན་སྔར་ནས་ང་ཞིག་གྲུབ་ནས་ཡོད་འདུག་སྙམ་པ་ཤར་བའི་ཚེ། །ང་དེ་ཕུང་པོ་ལྔ་ཡི་སྟེང་དུ་ཡོད་ན་ང་དང་ཕུང་པོ་གཉིས། །གཅིག་ཡིན་དགོས་ལ་ཡང་ན་ཕུང་པོ་ང་གཉིས་ཐ་དད་ཡིན་དགོས་ལ། །དེ་གཉིས་མ་གཏོགས་ཡོད་ཚུལ་གཞན་ཞིག་གཏན་ནས་མེད་སྙམ་བློ་ཐག་བཅད། །ང་དང་ཕུང་པོ་རྣམས་གཅིག་ཡིན་ན་ང་དང་ང་ཡི་ཕུང་པོ་ཞེས། །སོ་སོར་བྱས་ནས་མིང་གཉིས་འདོགས་དོན་མི་འདུག་གཅིག་གིས་ཆོག་དགོས་ལ། །ཕུང་པོ་ལྔ་ཡོད་བཞིན་དུ་ང་ཡང་ཐ་དད་ལྔ་ཡོད་དགོས་པར་འགྱུར། །ཡང་ན་ང་གཅིག་ཡིན་བཞིན་ཕུང་པོ་ལྔ་ཡང་ཆ་མེད་གཅིག་ཏུ་གྱུར། །ཕུང་པོ་ལྔ་པོ་སྐྱེ་འཇིག་བྱེད་བཞིན་ང་ཡང་སྐྱེ་འཇིག་བྱེད་དགོས་ལ། །ང་དེ་སྐྱེ་འཇིག་བྱེད་པར་འདོད་ན་ལས་ནི་བྱས་པ་ཆུད་ཟོས་དང་། །མ་
བྱས་པ་དང་འཕྲད་དང་སྐྱེ་བ་དྲན་པར་གསུངས་པ་རྣམས་དང་འགལ། །དེས་ན་ང་དང་ཕུང་པོ་རྣམས་གཅིག་མ་ཡིན་སྙམ་དུ་བློ་ཐག་བཅད། །འོ་ན་ང་དང་ཕུང་པོ་ཐ་དད་ཡིན་ན་གཟུགས་ཕུང་ཚོར་ཕུང་དང་། །འདུ་ཤེས་ཕུང་པོ་འདུ་བྱེད་ཕུང་པོ་རྣམ་པར་ཤེས་པའི་ཕུང་པོ་རྣམས། །སོ་སོར་ཡོད་བཞིན་ང་ཡང་ཡོད་དགོས་སྙམ་དུ་ཡིད་ཀྱིས་ཕུང་པོ་རྣམས། །སོ་སོར་ཕྱེ་ནས་བལྟས་པས་སྔོན་ཆད་ང་ང་ཟེར་བ་སྙིང་དཀྱིལ་ན། །ལག་པས་འཛིན་རྒྱུ་མིག་གིས་མཐོང་རྒྱུ་ཡོད་པ་འདྲ་བ་རྡུལ་ཙམ་ཡང་། །མ་རྙེད་སྟོང་པར་ཆམ་གྱིས་སོང་དུས་ང་ཞེས་མིང་བཏགས་ཙམ་མ་གཏོགས། །གཏན་ནས་མི་འདུག་སྙམ་དུ་སྟོང་པ་ཉིད་ལ་རྩེ་གཅིག་མཉམ་པར་འཇོག །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །འཇོག་སྒོམ་མང་པོས་ངེས་ཤེས་ཤུགས་ཞན་སོང་ན་དཔྱད་སྒོམ་མང་དུ་བྱ། །དཔྱད་སྒོམ་མང་བས་གནས་ཆ་ཆུང་དུ་སོང་ན་འཇོག་སྒོམ་མང་དུ་བྱ། །བྱིང་རྒོད་ཤིན་ཏུ་ཆེ་ན་གོང་ལྟར་བྱིང་རྒོད་སེལ་བའི་ཐབས་རྣམས་བྱ། །དེའི་ཚེ་ང་ཞེས་མིང་ཙམ་མ་གཏོགས་རང་བཞིན་མི་འདུག་སྟོང་པ་ཉིད། །སྙམ་དུ་རྩེ་གཅིག་སྐྱོང་
བ་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །རྗེས་ཐོབ་དུས་སུ་ང་སོགས་འདི་ལྟར་སྣང་བའི་ཆོས་ཀུན་སྒྱུ་མ་དང་། །རྨི་ལམ་བཞིན་དུ་རང་བཞིན་གྲུབ་པ་ཅུང་ཟད་ཙམ་ཡང་མེད་པར་བལྟ། །སྒྱུ་མ་མཁན་གྱིས་ལྷ་ཡུལ་དམྱལ་བ་སྤྲུལ་དང་གཉིད་ལོག་གནས་སྐབས་སུ། །རྨི་ལམ་བཟང་ངན་རྨིས་ན་བདེ་སྡུག་མྱོང་བ་མངོན་སུམ་གྲུབ་པ་བཞིན། །དགེ་སྡིག་གཉིས་ལས་འབྲས་བུ་བདེ་དང་སྡུག་བསྔལ་འབྱུང་བར་ཡིད་ཆེས་བསྐྱེད། །སྒྱུ་མ་མཁན་གྱིས་སྤྲུལ་བསྒྱུར་བྱེད་བཞིན་སྤྱོད་ཕྱོགས་གང་ལའང་འཇུག་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེའི་ཕྱིར་ཆོས་ཀུན་སྟོང་པ་ཉིད་དུ་གཏན་ལ་ཕབ་ནས་བསྒོམ་པར་བྱ། །དེ་ཡང་ཡན་ལག་ཚོགས་ཙམ་སྟེང་དུ་རྟོགས་པས་བཏགས་ཙམ་མ་ཡིན་པར། །རང་ངོས་གྲུབ་པའི་ལུས་ཤིག་ཡོད་ན་གཅིག་ཏུ་གྲུབ་བམ་ཐ་དང་གྲུབ། །གཅིག་ཏུ་གྲུབ་ན་ཡན་ལག་ལྔ་བཞིན་ལུས་ཀྱང་དུ་མར་འགྱུར་དགོས་ལ། །ཡང་ན་ལུས་གཅིག་བཞིན་དུ་ཡན་
ལག་ལྔ་ཡང་ཆ་མེད་གཅིག་ཏུ་འགྱུར། །དེ་ལྟར་འདོད་ན་མགོ་བོ་གཡོ་བའི་དུས་སུ་རྐང་བ་གཡོ་བར་འགྱུར། །ལུས་དང་ཡན་ལག་སོ་སོར་ཁས་ལེན་བྱེད་པ་དོན་མེད་འགྱུར་དགོས་ལ། །ཐ་དད་གྲུབ་ན་མགོ་སོགས་ཡན་ལག་རེ་རེ་བསལ་བའི་ཤུལ་ནའང་ལུས། །འདི་ཞེས་མཛུབ་མོ་བཙུགས་ནས་བསྟན་རྒྱུ་དགོས་ལ་དེ་འདྲ་ཅང་མི་འདུག །ལུས་ཞེས་མིང་ཞིག་ཕར་བཏགས་མ་གཏོགས་རང་བཞིན་གྲུབ་པ་རྡུལ་ཙམ་ཡང་། །གཏན་ནས་མི་འདུག་སྟོང་པ་ཉིད་དོ་སྙམ་དུ་རྩེ་གཅིག་མཉམ་པར་འཇོག །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དེ་རིང་སྔ་དྲོ་ཕྱི་དྲོ་ཉིན་གུང་ཤེས་པའི་སྟེང་དུ་རྟོག་པ་ཡིས། །བཏགས་ཙམ་མ་ཡིན་རང་ངོས་གྲུབ་པའི་དེ་རིང་ཤེས་པ་ཞིག་ཡོད་ན། །སྔ་དྲོ་ཉིན་གུང་ཕྱི་དྲོའི་ཤེས་པ་གཅིག་ཏུ་གྲུབ་བམ་ཐ་དད་གྲུབ། །གཅིག་ཏུ་གྲུབ་ན་སྔ་ཕྱི་ཉིན་གུང་ཤེས་པ་བཞིན་དུ་དུ་མར་འགྱུར། །ཡང་ན་དེ་རིང་ཤེས་པ་གཅིག་བཞིན་ཐམས་ཅད་གཅིག་ཏུ་འགྱུར་དགོས་ལ། །དེ་ལྟར་ཆ་མེད་གཅིག་ཏུ་འདོད་ན་དེ་རིང་སྔ་དྲོའི་ཤེས་པ་ཡི། །སྟེང་ན་ཉིན་གུང་ཕྱི་དྲོའི་ཤེས་པ་དེ་ཡང་ཡོད་པར་འགྱུར་དགོས་
ལ། །སྔ་དྲོ་ཕྱི་དྲོ་ཉིན་གུང་ཤེས་པ་ཐ་དད་ཁས་བླངས་དོན་མེད་འགྱུར། །ཐ་དད་གྲུབ་ན་སྔ་དྲོ་ཕྱི་དྲོ་ཉིན་གུང་ཤེས་པ་རེ་རེ་ནས། །བསལ་ཚེ་དེ་རིང་ཤེས་པ་འདི་ཞེས་སྟོན་རྒྱུ་དགོས་ལ་ཅང་མི་འདུག །དེ་རིང་ཤེས་པ་མིང་ཞིག་བཏགས་པ་མ་གཏོགས་རང་བཞིན་གྲུབ་པ་ནི། །རྡུལ་ཙམ་མི་འདུག་སྟོང་པ་ཉིད་དོ་སྙམ་དུ་རྩེ་གཅིག་མཉམ་པར་འཇོག །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། ཟླ་བ་བཅུ་གཉིས་སྟེང་དུ་ཕར་ལ་རྟོག་པས་བཏགས་ཙམ་མ་ཡིན་པར། །ལོ་ཞིག་ཡོད་ན་ཟླ་བ་རྣམས་དང་གཅིག་ཏུ་གྲུབ་བམ་ཐ་དད་གྲུབ། །གཅིག་ཏུ་གྲུབ་ན་ཟླ་བ་བཞིན་དུ་ལོ་ཡང་བཅུ་གཉིས་ཡོད་པར་འགྱུར། །ཡང་ན་ལོ་གཅིག་བཞིན་དུ་ཐམས་ཅད་ཆ་མེད་གཅིག་ཏུ་འགྱུར་དགོས་ལ། །དེ་ལྟར་འདོད་ན་ཟླ་བ་སྔ་མའི་སྟེང་དུ་ཕྱི་མ་ཡོད་པར་འགྱུར། །ལོ་དང་ཟླ་བ་སོ་སོར་ཁས་བླངས་པ་ཡང་དོན་མེད་འགྱུར་དགོས་ལ། །ཐ་དད་གྲུབ་ན་ཟླ་བ་བཅུ་གཉིས་རེ་རེ་བསལ་བའི་ཤུལ་ན་ལོ། །འདི་ཞེས་སྟོན་རྒྱུ་ཞིག་ཡོད་དགོས་ལ་དེ་འདྲ་སྟོན་རྒྱུ་ཅང་མི་འདུག །ལོ་ཞེས་མིང་གིས་བཏགས་ཙམ་མ་གཏོགས་
རང་བཞིན་གྲུབ་པ་རྡུལ་ཙམ་ཡང་། །གཏན་ནས་མི་འདུག་སྟོང་པ་ཉིད་དོ་སྙམ་དུ་རྩེ་གཅིག་མཉམ་པར་འཇོག །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཕྱོགས་བཞི་དབུས་ཀྱི་ནམ་མཁའི་སྟེང་དུ་རྟོག་པས་བཏགས་ཙམ་མ་ཡིན་པར། །ཚུགས་ཐུབ་གྲུབ་པའི་ནམ་མཁའ་ཡོད་ན་གཅིག་ཏུ་གྲུབ་བམ་ཐ་དད་གྲུབ། །གཅིག་ཏུ་གྲུབ་ན་ཕྱོགས་བཞིའི་ནམ་མཁའ་བཞིན་དུ་ནམ་མཁའ་དུ་མར་འགྱུར། །ཡང་ན་ནམ་མཁའ་གཅིག་ཡིན་བཞིན་དུ་ཕྱོགས་མཚམས་ཆ་མེད་གཅིག་ཏུ་འགྱུར། །དེ་ལྟར་གཅིག་ཏུ་འདོད་ན་ཤར་ཕྱོགས་ནམ་མཁའི་ཆར་བ་བབ་པའི་སྐབས། །ནུབ་ཕྱོགས་ནམ་མཁའི་ཆར་བ་འབབ་པ་ལ་སོགས་ཉེས་པ་དུ་མ་ཡོད། །ཕྱོགས་མཚམས་དབུས་ཀྱི་ནམ་མཁའ་སོ་སོར་ཁས་བླངས་པ་ཡང་དོན་མེད་འགྱུར། །ཐ་དད་གྲུབ་ན་ཕྱོགས་མཚམས་དབུས་ཀྱི་ནམ་མཁའ་རེ་རེ་བསལ་ཤུལ་ན། །ནམ་མཁའ་འདི་ཞེས་བསྟན་རྒྱུ་ཡོད་དགོས་དེ་འདྲ་བསྟན་རྒྱུ་ཅང་མི་འདུག །ནམ་མཁའ་ཞེས་པ་མིང་ཙམ་མ་གཏོགས་རང་བཞིན་གྲུབ་པ་རྡུལ་ཙམ་ཡང་། །གཏན་ནས་མི་འདུག་སྟོང་པ་ཉིད་དོ་སྙམ་དུ་རྩེ་གཅིག་མཉམ་པར་
འཇོག །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །མདོར་ན་ང་དང་ཕུང་པོ་རི་དང་རྭ་བ་ཁང་ཁྱིམ་ལ་སོགས་པའི། །འཁོར་འདས་ཆོས་ཀུན་ཕར་ལ་རྟོག་པས་བཏགས་པ་ཙམ་ཞིག་མ་གཏོགས་པ། །རང་བཞིན་གྲུབ་པ་རྡུལ་ཕྲན་ཙམ་ཡང་གཏན་ནས་མི་འདུག་སྟོང་པའོ། །སྙམ་དུ་མཉམ་པར་འཇོག་པ་མཉམ་བཞག་ནམ་མཁའ་ལྟ་བུའི་སྐྱོང་ཚུལ་ལོ། །རྗེས་ཐོབ་དུས་སུ་ཆོས་ཀུན་སྒྱུ་མ་ལྟ་བུར་བདེན་མེད་སྟོང་པར་བལྟ། །སྒྱུ་མའི་རྟ་གླང་སྤྲུལ་པ་བཞིན་དུ་ཚོགས་གསོག་སོགས་ལ་འཇུག་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཕན་ཡོན་སྟོང་པ་ཉིད་ཀྱི་གཏམ་ཙམ་གོ་བས་ཐར་པའི་ས་བོན་འཇོག །ཆོས་རྣམས་ཐམས་ཅད་སྟོང་ངམ་མི་སྟོང་སྙམ་དུ་ཐེ་ཚོམ་ཙམ་ཟོས་ཀྱང་། །སྲིད་པ་ཧྲུལ་པོ་བྱེད་གསུངས་ཁམས་གསུམ་སེམས་ཅན་རྣམས་ལ་ཇི་སྲིད་འཚོའི། །བར་དུ་འཚོ་བའི་ཡོ་བྱད་དུ་མས་ཚོགས་གསོག་བྱས་ལས་སྟོང་པ་ཉིད། །ཐུན་གཅིག་བསྒོམས་པ་བསོད་ནམས་ཆེ་གསུངས་ཡུན་རིང་བསྒོམས་ན་སྨོས་ཅི་དགོས། །སྟོང་ཉིད་སྒོམ་ལ་
བདུད་ནི་བྱེ་བས་གནོད་པ་བྱས་ཀྱང་མི་ཚུགས་གསུངས། །ཁང་སྟོང་མུན་པ་ལོ་སྟོང་ལོན་པ་མར་མེ་བཏེག་པས་སྐད་ཅིག་ལ། །སེལ་བ་བཞིན་དུ་བསྐལ་པ་གྲངས་མེད་མང་པོར་བསགས་པའི་སྡིག་པ་ཡང་། །སྟོང་ཉིད་རྟོགས་པ་ཙམ་གྱིས་ཐམས་ཅད་ལྷག་མེད་འདག་པར་འགྱུར་རོ་གསུངས། །ཡུན་རིང་བསྒོམས་ན་སྤྱན་དང་མངོན་ཤེས་རྫུ་འཕྲུལ་དཔག་མེད་འཐོབ་པ་དང་། །སངས་རྒྱས་བྱང་སེམས་བསྒྲུབས་དང་མ་བསྒྲུབས་ཡི་དམ་ལྷ་ཞལ་མཐོང་བ་དང་། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པ་ལ་སོགས་ཕན་ཡོན་བརྗོད་མི་ལང་། །དེས་ན་སྟོང་ཉིད་རྒྱུན་ཏུ་ཐུགས་དམ་མཐིལ་དུ་བཟུང་ནས་བསྒོམ་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །སེམས་ཅན་ཐམས་ཅད་དོན་དུ་མྱུར་དུ་སངས་རྒྱས་གོ་འཕང་འཐོབ་པར་བྱ། །དེ་ཕྱིར་ཐོག་མར་སེམས་ཅན་སོ་སོའི་ཁམས་དང་འཚམ་པར་ཟང་ཟིང་དང་། །མི་འཇིགས་སྦྱིན་པ་ལ་སོགས་གང་མཁོ་སྦྱིན་ནས་གདུལ་བྱ་འཁོར་དུ་བསྡུ། །དེ་ནས་བཞིན་མདངས་གསལ་ཞིང་འཛུམ་པའི་སྒོ་ནས་ཁམས་ནི་འདྲི་བ་སོགས། །འཇིག་རྟེན་ཚུལ་དང་མཐུན་པའི་སྙན་
པ་སྨྲས་ནས་དེ་དག་དགའ་བར་བྱ། །དེ་ནས་དད་དང་ཚུལ་ཁྲིམས་ཐོས་དང་གཏོང་བ་ཤེས་རབ་བསྐྱེད་པ་སོགས། །ཕན་དང་བདེ་བའི་ཕྱིར་དུ་དེ་རྣམས་བློ་དང་འཚམ་པའི་ཆོས་སྟོན་ཅིང་། །རང་ཉིད་གསོད་པའི་དགྲ་ལ་སྐྱོན་མེད་སེམས་ཀྱིས་སྙན་ཚིག་བརྗོད་པ་དང་། །དབང་པོ་ཤིན་ཏུ་རྟུལ་ལ་ཆོས་གཏམ་བཤད་ཅིང་དགེ་བ་བྱེད་དུ་འཇུག །གཡོ་སྒྱུ་ཅན་དང་མཁན་སློབ་སོགས་ལ་བསླུ་ཞིང་ལོག་ཞུགས་བྱེད་པ་ལ། །ཞེ་སྡང་མེད་པར་ཕན་པའི་ཚིག་བརྗོད་སྨྲ་བར་དཀའ་བ་ལ་ཡང་བསླབ། །ཁྱིམ་པ་རྣམས་དང་རབ་ཏུ་བྱུང་བ་བག་མེད་པ་རྣམས་བག་ཡོད་ལ། །འགོད་པའི་ཕྱིར་དུ་བསྐུལ་དང་ཐེ་ཚོམ་བྱུང་བ་རྣམས་ནི་བསལ་བའི་ཕྱིར། །དམ་ཆོས་འཆད་ཅིང་འབེལ་གཏམ་བྱེད་པ་དེ་ནི་སྙན་པར་སྨྲ་བའོ། །དགེ་བའི་ཕྱོགས་ལ་སྤྲོ་བར་བྱས་ནས་བྱིས་པ་ཤེས་རབ་ཅན་རྣམས་ལ། །ཐོག་མར་སླ་བའི་གདམས་ངག་ཚེ་རིང་ནད་མེད་པ་ལ་དགེ་བའི་ལས། །འདི་དང་འདི་འདྲ་བསྒྲུབ་དགོས་ཞེས་པས་མཚོན་པའི་དགེ་བ་ཕྲ་མོར་འཇུག །དེ་ནི་བློ་ནི་འབྲིང་དུ་སོང་ཚེ་འབྲིང་གི་གདམས་ངག་སྟོན་ཅིང་འཇུག །ཤེས་རབ་
ཆེ་རུ་སོང་ནས་དམ་ཆོས་ཟབ་མོའི་གདམས་པ་ཕྲ་མོར་འཇུག །གཞན་ཡང་ཁྱིམ་པ་སོགས་ལ་ལོངས་སྤྱོད་བསྒྲུབ་དང་བསྲུང་དང་སྤེལ་པའི་ཐབས། །ཆོས་དང་མཐུན་པར་བྱེད་དུ་འཇུག་ཅིང་བསྙེན་གནས་སྨྱུང་གནས་བསྲུང་དུ་འཇུག །དགེ་བསྙེན་རབ་བྱུང་དགེ་ཚུལ་དགེ་སློང་བྱེད་དུ་འཇུག་པ་ལ་སོགས་པའི། །བློ་དང་འཚམ་པའི་ཆོས་བསྟན་ལྟར་དུ་བྱེད་དུ་འཇུག་པ་དོན་སྤྱོད་དང་། །གཞན་ལ་བསྟན་པ་ཙམ་ནི་མ་ཡིན་རང་ཡང་དེ་ལས་ལྷག་པ་འམ། །ཡང་ན་དེ་དང་མཚུངས་པ་ཙམ་ཞིག་ཉམས་སུ་ལེན་པ་དོན་མཐུན་ནོ། །དེ་ལྟར་ཐབས་མཁས་བསྡུ་བཞིའི་སྒོ་ནས་གདུལ་བྱ་མངོན་མཐོ་ལྷ་མི་དང་། །ངེས་ལེགས་ཐར་བ་ཙམ་དང་ཐམས་ཅད་མཁྱེན་པའི་ལམ་ལ་དགོད་པར་བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །དེ་ལྟར་རྒྱུ་དང་འབྲས་བུ་ཐེག་ཆེན་ལམ་མཆོག་གཉིས་ཀར་དགོས་པ་ཡི། །ཐུན་མོང་ལམ་ལ་སྦྱངས་ནས་མཁས་པའི་དེད་དཔོན་བཟང་པོ་ལ་བརྟེན་ནས། །རྒྱུད་སྡེ་རྒྱ་མཚོ་ཆེན་པོར་ཞུགས་ནས་ཡོངས་རྫོགས་མན་ངག་རིན་པོ་ཆེ། །བླངས་ནས་དལ་འབྱོར་ཚང་བའི་མི་ལུས་ཐོབ་པ་དོན་དང་ལྡན་པར་
བྱ། །དེ་ལྟར་ནུས་པ་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །ཐར་པའི་གྲོང་ཁྱེར་ཉམས་དགར་སྔོན་གཤེགས་དམ་པ་གོང་མ་ཐམས་ཅད་ཀྱིས། །ཐར་ལམ་མཆོག་གྱུར་བྱང་ཆུབ་ལམ་གྱི་རིམ་པ་ཉམས་སུ་དེ་ལྟར་བླངས། །ཐར་བར་ཤིན་ཏུ་དཀའ་བའི་ཁམས་གསུམ་འཁོར་བའི་བཙོན་ར་ཆེན་པོ་ལས། །ཐར་འདོད་བདག་གཞན་ཀུན་ཀྱང་ད་ནས་དེ་བཞིན་ཉམས་སུ་ལེན་པར་བྱ། །རྒྱལ་མཚན་རྩེ་མོའི་ནོར་བུ་ཇི་བཞིན་སྐྱེ་དགུའི་འདོད་དོན་མ་ལུས་སྐོང་། །རྒྱལ་སྲས་རྣམས་ཀྱིས་བསྔགས་པའི་བྱང་ཆུབ་ལམ་གྱི་རིམ་པ་འདིའི་སྒོ་ནས། །རྒྱལ་བའི་གོ་འཕང་བདག་གཞན་ཀུན་གྱིས་མྱུར་དུ་བདེ་ལེགས་འཐོབ་ནུས་པར། །རྒྱལ་བ་ཀུན་འདུས་སྤྱི་བོའི་བླ་མ་ཐུབ་པའི་དབང་པོས་བྱིན་གྱིས་རློབས། །རང་གི་སྤྱི་བོའི་བླ་མ་ཐུབ་དབང་སྐུ་ལས་རང་འདྲ་ཞིག་ཆད་ནས། །རང་ལ་ཐིམ་པས་རང་ཉིད་རྒྱལ་བ་ཤཱཀྱ་ཐུབ་པའི་སྐུ་རུ་གྱུར། །རང་གི་ཐུགས་ཀའི་འོད་ཟེར་ཉི་མའི་ཟེར་ལྟར་དཔག་ཏུ་མེད་པ་འཕྲོས། །རང་གནས་ཁང་པ་སྣོད་བཅུད་ལ་ཕོག་དག་ཞིང་ཐུབ་དབང་སྐུ་རུ་གྱུར། །རང་གི་སྤྱི་པོའི་བླ་མ་ཐུབ་
དབང་དགྱེས་བཞིན་སྤྱི་བོ་ནས་ཞུགས་ཏེ། །རང་གི་སྙིང་དབུས་པད་ཟླའི་གདན་ལ་གཟི་བརྗིད་འོད་ཟེར་འབར་བཞིན་དུ། །རང་ཉིད་སངས་རྒྱས་གོ་འཕང་མ་ཐོབ་བར་དུ་འབྲལ་མེད་རྟག་བཞུགས་ནས། །རང་དོན་མཐར་ཕྱིན་གཞན་དོན་རྒྱ་ཆེན་འབྱུང་བར་བྱིན་གྱིས་བརླབ་པར་གྱུར། །དགེ་བའི་བཤེས་གཉེན་བསྟེན་ཚུལ་ནས་བཟུང་དགེ་ལ་གཞན་འགོད་བསྡུ་བཞིའི་བར། །དགེ་སེམས་སྒོ་ནས་འདོན་སྒོམ་བྱས་པའི་དགེ་བའི་རྩ་བ་འདིས་མཚོན་པའི། །དགེ་བ་ཅི་བསགས་མ་རྒན་འགྲོ་ལ་དགེ་ལེགས་ཕུན་ཚོགས་འབྱུང་ཕྱིར་བསྔོ། །དགེ་ལ་འབད་མ་དགོས་པར་བདག་གི་དགེ་བས་འགྲོ་ཀུན་འཚང་རྒྱ་ཤོག །བདེ་བའི་ཐབས་ལ་རྨོངས་པས་བདེ་མེད་བདག་གཞན་འཁོར་བའི་བཙོན་ར་ལས། །བདེ་བའི་ལམ་ལ་ཞུགས་ནས་བདེ་དགའ་དཔག་མེད་ཡོད་པའི་ངོ་མཚར་ཞིང་། །བདེ་འཇམ་ཡངས་ལ་གཏན་དུ་བདེ་བའི་གནས་མཆོག་ཐར་པའི་གླིང་སོན་ནས། །བདེ་སྐྱིད་དཔལ་ལ་རོལ་བཞིན་བདེ་གཤེགས་མདུན་དུ་དགའ་བའི་གར་བྱེད་ཤོག །རྒྱལ་བསྟན་རིན་ཆེན་འཇིག་རྟེན་ཁམས་ན་གནས་ཚད་སྤྱི་དང་ཁྱད་པར་དུ། །རྒྱལ་དང་རྒྱལ་སྲས་རྣམས་
ཀྱིས་ལན་ཅིག་མ་ཡིན་ཡང་ཡང་བསྔགས་པ་ཡི། །རྒྱལ་བའི་དགོངས་པ་བདེ་བླག་རྙེད་སོགས་ཆེ་བ་བཞི་དང་ལྡན་པའི་ཆོས། །རྒྱལ་ཁམས་ཡོངས་ལ་ཉི་མ་ཤར་བཞིན་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །སྐུ་ཡི་ལྷུན་པོ་མཚན་དཔེའི་འོད་འབར་འཁོར་བཟང་གསེར་རིའི་ཁྲོད་ན་བརྗིད། །གསུང་སྙན་འབྲུག་སྒྲས་སྐལ་ལྡན་རྨ་བྱ་དགའ་བསྐྱེད་ལོག་སྨྲའི་བྱིས་རྣམས་སྐྲག །ཐུགས་ཀྱི་མཁའ་ལ་ལུང་རྟོགས་ཡོན་ཏན་དུ་མའི་ཉི་ཟླ་གཟའ་སྐར་རྒྱས། །ཟླ་མེད་བློ་བཟང་གྲགས་པ་ད་དུང་སྙིང་གི་པད་དཀར་རྩེ་ལ་བཞུགས། །ཁྱོད་གསུང་སྐྱེས་བུ་ཆེན་པོའི་ཆོས་སྐོར་རིན་ཆེན་ནོར་བུའི་གླིང་སོན་ནས། །སྐྱེས་བུ་ཆེན་པོའི་ལམ་རིམ་ཉུང་འདུས་ཡིད་བཞིན་ནོར་བུ་བླངས་ཟིན་ནས། །ད་ནི་མི་ཤེས་མུན་པ་སེལ་བའི་ལམ་རིམ་གསལ་བའི་སྒྲོན་མེ་འདི། །བཏོན་དང་ཐོས་ཚད་རྒྱུད་ལ་ཕན་ཐོག་རྒྱ་ཆེན་འབྱུང་བར་བྱིན་གྱིས་རློབས། །ཀུན་མཁྱེན་བློ་བཟང་གྲགས་པའི་རྨད་དུ་བྱུང་བའི་མཁྱེན་རབ་མཛུབ་མོ་ཡིས། །གཞུང་བཟང་སྟོང་གི་འདོད་འཇོའི་བ་མོ་ལེགས་བཞོས་བྱང་ཆུབ་ལམ་རིམ་གྱི། །རབ་དཀར་འོ་མའི་རྒྱ་མཚོ་
ཆེན་པོ་བློ་གྲོས་རྩལ་སྟོབས་ཅི་ཡོད་ཀྱི། །ཤུགས་ཀྱིས་བསྲུབས་ནས་ལམ་རིམ་གོ་སླ་ཉུང་འདུས་མར་འདི་བདག་གིས་བླངས། །ལམ་རིམ་ཆེ་ཆུང་ཉི་ཟླ་གཞན་པའི་ལམ་རིམ་གཟའ་སྐར་འོད་ལ་དཔེ། །བཞག་ནས་ལམ་རིམ་ཉུང་འདུས་སྒྲོན་མེ་སྦར་ལ་ལྷག་ཆད་འགལ་འཁྲུལ་གྱིས། །མི་གསལ་རབ་རིབ་ཅི་བྱུང་ཐམས་ཅད་དམ་པ་རྣམས་ལ་བཟོད་པར་གསོལ། །ད་དུང་ཆེས་ཆེར་གསལ་བའི་ཚིག་གིས་མགོ་སྒྲོན་ཐོངས་ཞེས་ཐལ་མོ་སྦྱོར། །འདིས་མཚོན་བདག་གིས་བསགས་པའི་དགེ་ཚོགས་ཅི་ཡོད་དྲི་མེད་རབ་དཀར་གངས། །བསྔོ་བ་རྣམ་དག་རྟ་བདུན་འོད་སྣང་འགྱེད་ནས་ལེགས་པར་བཞུས་པའི་མོད། །དགེ་བའི་དྭངས་བསིལ་ཆུ་རྒྱུན་དལ་མེད་མ་གྱུར་འགྲོ་ཀུན་རྒྱ་མཚོར་ཞུགས། །གནས་སྐབས་མཐར་ཐུག་བདེ་སྐྱིད་ལྦུ་བ་རྦ་རླབས་ཕྱོགས་བརྒྱར་གཡོ་བར་ཤོག །གངས་ཅན་མཁས་པའི་གཙུག་རྒྱན་བློ་བཟང་གྲགས། །བྱང་ཆུབ་མ་ཐོབ་བར་དུ་བདག་སྐྱོངས་ཤིག ༧།བྱ་བཏང་བྱམས་པ་ཆོས་དར་ཞེས་བྱ་ངས། །བཅུ་པའི་ཉི་ཤུ་ལྔ་ཡི་མཚན་མོ་ལ། །རབ་ཏུ་གསལ་བའི་མར་མེ་ཞིག་སྦར་ནས། །རྒྱལ་པ་གཉིས་པ་བློ་བཟང་
གྲགས་པ་ལ། །གསོལ་བ་བཏབ་ནས་གཉིད་ཚེ་རྨི་ལམ་དུ། །རིན་ཆེན་དུ་མ་ལས་གྲུབ་རི་བོ་ལ། །དྲི་མེད་ཤེལ་གྱི་སྐས་ནི་རིང་པོ་ཞིག །བཙུགས་པར་འཛེག་ནས་རི་སྟེང་དེར་སོན་ཚེ། །ས་གཞི་འཇམ་ཞིང་ཁོད་སྙོམ་མེ་ཏོག་དང་། །དྲི་ངད་སྣ་ཚོགས་ལྡང་པའི་དབུས་ཉིད་ན། །ཁ་དོག་སྔོ་ཞིང་རི་མོ་སྣ་ཚོགས་པ། །བཀྲ་བའི་གོས་ལ་དར་ཚོན་སྣ་ལྔ་ཡི། །ཆོན་ཐག་གསེར་དངུལ་ཆོན་ཕུར་བྱས་པ་ཞིག །ཕུབས་པའི་ནང་ན་མཛེས་པའི་ཁྲི་ཞིག་ལ། །གཟི་བརྗིད་འོད་ཟེར་འབར་བའི་བླ་མ་ཞིག །བཞུགས་ནས་སྐལ་ལྡན་གདུལ་བྱ་མང་པོ་ལ། །ལམ་རིམ་བསྡུས་དོན་ལུང་ཞིག་གནང་བར་མཉན། །དཔེ་དེ་བདག་ལ་མགོན་ཁྱོད་གཡར་དགོས་ཞེས། །ཞུས་ཚེ་དཔེ་དེ་གནང་བས་རུམ་ལ་བཟུང་། །རབ་ཏུ་དགའ་བཞིན་ཕྱི་རོལ་ལ་འོངས་ནས། །བལྟས་ཚེ་གངས་ཅན་བོད་ཀྱི་ཡུལ་ཕྱོགས་རྣམས། །མཐོང་བས་ཕྱོགས་བཞིར་ལྟད་མོ་ཅུང་ཟད་བལྟས། །སྐས་ཏེ་གཟར་བས་མར་ལ་འོང་མ་ནུས། །སྐས་འགོར་བསྡད་པས་གཡོན་ནས་མི་ཞིག་གིས། །རི་རྩེ་འདིར་འོང་ཐམས་ཅད་ཕྱིར་འགྲོ་དུས། །འཕུར་
ནས་སོང་ན་ཆོག་ཅེས་སྨྲས་པའི་ཚེ། །བདག་གིས་གཟན་ལ་གཤོག་པ་བྱས་ནས་མཁར། །འཕུར་ནས་འོང་བའི་རྨི་ལམ་རྨིས་པ་དང་། །ཕྱི་ནས་དད་གཏོང་ཤེས་རབ་དང་ལྡན་པའི། །སློབ་བུ་བྱ་བཏང་རིག་འཛིན་ཟླ་བ་སོགས། །རེ་བ་དད་ལྡན་དུ་མས་གསེར་དང་བཅས། །འདི་འདྲའི་གོ་སླ་ཉུང་འདུས་ལམ་རིམ་ཞིག །དགོས་ཞེས་བསྐུལ་ངོར་ཀུན་མཁྱེན་བློ་བཟང་གྲགས། །སྙིང་དབུས་བསྒོམས་ནས་གསོལ་བ་འདེབས་བཞིན་དུ། །ས་གསུམ་སྒྲོན་མེ་ལམ་རིམ་ཆེན་མོ་ལ། །གཞི་བྱས་ལམ་རིམ་དུ་མས་ཟུར་བརྒྱན་ནས། །གནས་ཆེན་ཁྱད་འཕགས་མཚོ་སྙིང་དབེན་པར་སྦྱར། །ལམ་བཟང་འདི་ཉིད་ཉམས་སུ་ལེན་པ་ལ། །རྩ་བརྒྱུད་བླ་མ་རྣམས་ཀྱི་བྱིན་གྱིས་རློབས། །ཡི་དམ་ཞི་ཁྲོའི་ཚོགས་ཀྱིས་དངོས་གྲུབ་སྩོལ། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་བར་ཆད་སྲུངས། །ལྷ་འདྲེ་མི་གསུམ་རྣམས་ཀྱིས་གྲོགས་བྱེད་ཤོག །འདི་ཉིད་འབྲི་ཞིང་འདོན་དང་ཐོས་ཚད་ཀྱི། །སྐྱེ་འགྲོ་ཐམས་ཅད་རྫོགས་ལྡན་དུས་བཞིན་དུ། །ཉིན་བདེ་མཚན་བདེ་ཉི་མའི་གུང་ཡང་བདེ། །ཉིན་མཚན་རྟག་ཏུ་བདེ་ཞིང་སྐྱིད་པར་ཤོག །འདི་ཉིད་གང་དུ་གནས་པའི་
ཡུལ་ཕྱོགས་དེར། །ཉིན་ཡང་བཀྲ་ཤིས་དཔལ་འབར་ཏ་ལ་ལ། །མཚན་ཡང་བཀྲ་ཤིས་དཔལ་འབར་ཀྱི་ལི་ལི། །ཉིན་མཚན་ཁོར་མོ་ཡུག་ཏུ་བཀྲ་ཤིས་ཤོག། །།༈ སྨྲས་པ། བསྐལ་བཟང་སངས་རྒྱས་སྟོང་གི་ནང་ནས་ཀྱང་། །པད་དཀར་ལྟ་བུར་བསྔགས་པའི་ཟས་གཙང་སྲས། །ཡབ་སྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །ཆོས་ཀུན་སེམས་ལ་འཆར་བར་བྱིན་གྱིས་རློབས། །རྒྱ་བོད་མཁས་གྲུབ་ཡོངས་ཀྱི་ཐུགས་དམ་མཐིལ། །གཞུང་བཟང་ཆུ་བོ་ཀུན་འདུས་ལེགས་བཤད་མཚོ། །སྐྱེ་དགུའི་འདོད་དོན་སྐོང་བའི་ཡིད་བཞིན་ནོར། །ཆོས་ཀྱི་སྙིང་ཁུ་བྱང་ཆུབ་ལམ་རིམ་འདིའི། །པར་ཡིག་འབྲི་མཁན་དབུ་མཛད་བསྐལ་བཟང་སྐྱབས། །པར་བརྐོའི་མཆོག་གྱུར་སྐ་གསར་བསམ་འགྲུབ་ལགས། །པར་ཤིང་ཁ་འགོ་སྟག་ཡན་ཀུན་དགས་བྱས། །པར་ཡོན་སློབ་མ་ཡོན་བདག་མང་པོས་ཕུལ། །སངས་རྒྱས་བསྟན་པའི་པད་ཚལ་རབ་རྒྱས་ཤིང་། །འགྲོ་ལ་བདེ་སྐྱིད་ལོ་ཡག་བསྐྲུན་པའི་ཕྱིར། །ཆོས་སྦྱིན་འཛད་མེད་པར་གྱི་དལ་འགྲོའི་རྒྱུན། །དབེན་གནས་བཀྲ་ཤིས་འཁྱིལ་དུ་བཞུགས་པ་དགེ། །།
རང་གཞན་ཐམས་ཅད་འཚེངས་པའི་གདམས་ངག་གསེར་གྱི་རི་བོ། མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
རང་གཞན་ཐམས་ཅད་འཚེངས་པའི་གདམས་ངག་གསེར་གྱི་རི་བོ་ཞེས་བྱ་བ་བཞུགས་སོ། །
ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ཤིང་། །མུ་མེད་པ་ན་བཞུགས་པའི་སངས་རྒྱས་དང་། །འདས་དང་མ་འོངས་ད་ལྟ་དུས་གསུམ་གྱི། །སངས་རྒྱས་ཡོངས་ལ་གུས་པས་ཕྱག་འཚལ་ལོ། །ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ནང་ནས་སྙིགས་དུས་བདག་ཅག་མགོན་མེད་ཀྱི། །སྐྱབས་མགོན་རྒྱལ་བ་ཤཱཀྱ་ཐུབ་པ་ཡི། །བཀའ་དྲིན་དྲན་བཞིན་ཞབས་ལ་མགོས་ཕྱག་འཚལ། །སྟོན་པའི་མཛད་པ་མ་ལུས་སྒྲུབ་མཛད་པའི། །རྗེ་བཙུན་བྱམས་པ་མགོན་པོ་འཇམ་
པའི་དབྱངས། །རྒྱན་དྲུག་མཆོག་གཉིས་ལ་སོགས་རྒྱ་བོད་ཀྱི། །བརྒྱུད་པའི་བླ་མ་རྣམས་ལ་ཕྱག་འཚལ་བསྟོད། །བརྒྱུད་པ་དེ་དག་རྣམས་ལས་ལེགས་འོངས་པའི། །དམ་ཆོས་བདུད་རྩི་སྩོལ་བའི་དགེ་བའི་བཤེས། །གསེར་ཁང་རྡོ་རྗེ་འཆང་དབང་ལ་སོགས་པའི། །རྩ་བའི་བླ་མ་རྣམས་ལ་ལན་བརྒྱར་འདུད། །དངོས་བརྒྱུད་བླ་མའི་རྣམ་ཐར་གསུང་བཞིན་དུ། །མདོ་སྔགས་ཆོས་ཀྱི་ཉམས་ལེན་བྱེད་པ་ལ། །སྦྱོར་དངོས་རྗེས་གསུམ་ཐུན་མཚམས་བྱ་བ་རྣམས། །འགྲན་བཞིན་གོང་དུ་འཕེལ་
བར་བྱིན་གྱིས་རློབས། །ཐམས་ཅད་ཡིད་ཆེས་ངེས་ཤེས་སྐྱེ་བའི་ཕྱིར། །སྔོན་གྱི་གཏམ་རྒྱུད་མདོ་རྒྱུད་བསྟན་བཅོས་ཀྱི། །ལུང་འདྲེན་མང་པོ་བྱས་ནས་རང་གཞན་ཀུན། །འཚེངས་པའི་གདམས་ངག་ལེགས་པར་བཤད་པར་བྱ། །སྐྱེ་འཆི་འཁོར་བའི་ཉེས་དམིགས་ལེགས་བསམས་ནས། །མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར། །འདོད་པའི་སྐལ་བཟང་ལས་འཕྲོ་ཅན་རྣམས་ཀྱི། །རབ་ཏུ་དགའ་བའི་སེམས་ཀྱིས་མ་ཡེངས་ཉོན། །དེ་ཡང་ཕན་བདེའི་འབྱུང་གནས་བླ་མ་དགེ་བའི་བཤེས་གཉེན་རྣམས་ཀྱི་
གསུང་བཞིན། དལ་འབྱོར་རྙེད་དཀའ་འཆི་བ་མི་རྟག་པ་ལས་འབྲས་འཁོར་བའི་ཉེས་དམིགས་རྣམས་བསམས་ནས། མ་གྱུར་འགྲོ་བའི་དོན་དུ་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་མྱུར་བར་མྱུར་དུ་ཐོབ་པར་བྱ་བའི་ཕྱིར་དུ། ལམ་རིམ་བློ་སྦྱོང་ཕྱག་ཆེན་རྫོགས་ཆེན་དོ་ཧ་སོགས་མདོ་སྔགས་ཆོས་ཀྱི་སྙིང་པོ་རྣམས་ཉམས་སུ་ལེན་པ་ལ། སྦྱོར་དངོས་རྗེས་གསུམ་ཐུན་མཚམས་ཀྱི་བྱ་བ་རྣམས་ཤེས་ནས་ཉམས་སུ་བླངས་ན། ཉམས་ལེན་ཕུན་སུམ་ཚོགས་
པ་གསེར་གྱི་རི་བོ་ལྟ་བུ་འབྱུང་བས། དེ་ལ་ཕན་ཡོན་ཤེས་ན་ཉམས་སུ་ལེན་པ་ལ་སྤྲོ་བས། དེའི་ཕྱིར་དེ་རྣམས་ཀྱི་ཕན་ཡོན་རྣམས་ཐོག་མར་གཙོ་བོར་བྱས་ནས་བཤད་པར་བྱ་སྟེ། དེ་ཡང་བསྐལ་བཟང་གི་སངས་རྒྱས་སྟོང་རྩ་གཉིས་ཀྱི་ནང་ནས་ཀྱང་པདྨ་དཀར་པོ་ལྟ་བུར་བསྔགས་པའི་རྣམ་འདྲེན་བཞི་པ་མཉམ་མེད་རྒྱལ་བ་ཤཱཀྱ་ཐུབ་པ་ཞེས་སྙན་པའི་བ་དན་དཀར་པོ་སྲིད་པ་གསུམ་ན་ཆེས་ཆེར་གཡོ་བདེ་ཉིད་ཀྱིས་དང་པོར་བྱང་ཆུབ་མཆོག་ཏུ་ཐུགས་བསྐྱེད། བར་དུ་བསྐལ་ཆེན་གྲངས་མེད་གསུམ་དུ་ཚོགས་བསགས། ཐ་མ་རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཤིང་དྲུང་ནས་སྲོད་ལ་བདུད་བཏུལ། གུང་ལ་མཉམ་པར་བཞག །ཐོ་རེངས་མངོན་པར་རྫོགས་པར་སངས་རྒྱས་པའི་མཛད་པ་རྨད་དུ་བྱུང་བ་བསྟན་ནས་ཞིང་བརྒྱ་འོད་ཀྱིས་འགེངས་བཞིན་ལྷ་མིའི་གཙོར་བྱས་མཁའ་མཉམ་འགྲོ་བ་ཡོངས་ལ་ཆོས་ཀྱི་སྒོ་མོ་བརྒྱད་ཁྲི་བཞི་སྟོང་གསུངས་པ་རྣམས་ཚུར་བསྡུ་ན་ལུང་རྟོགས་ཀྱི་བསྟན་པ་གཉིས་སུ་འདུ་སྟེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །གསུངས། ལུང་གི་ཆོས་ལ་བཀའ་དང་
བསྟན་བཅོས་གཉིས་ཡིན་ཏེ། ལྷའི་བུས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། །ལེགས་པར་གསུང་དང་དེ་ཡི་དགོངས་འགྲེལ་དང་། །དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་འདི། །འཇིག་རྟེན་ཁམས་སུ་ཡུན་རིང་གནས་པར་འགྱུར། །གསུངས། དེ་དག་གི་བརྗོད་བྱའི་དོན་ཐམས་ཅད་ཚོགས་གཉིས་སུ་འདུ་སྟེ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། སངས་རྒྱས་བཅོམ་ལྡན་འདས་ཀྱིས་གསུངས་པའི་ཆོས་ཀྱི་ཚོགས་ཐམས་ཅད་ནི། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་སུ་འདུ་བར་རིགས་པར་བྱའོ། །གསུངས། ཚོགས་གཉིས་བསགས་ན་གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི་སྐུ་གཉིས་ཐོབ་སྟེ། རིན་ཆེན་ཕྲེང་བ་ལས། སངས་རྒྱས་རྣམས་ཀྱི་གཟུགས་སྐུ་ནི། །བསོད་ནམས་ཚོགས་ལས་བྱུང་བ་སྟེ། །ཆོས་ཀྱི་སྐུ་ནི་མདོར་བསྡུ་ན། །རྒྱལ་པོ་ཡེ་ཤེས་ཚོགས་ལས་འཁྲུངས། །དེ་ལྟ་བས་ན་ཚོགས་དེ་གཉིས། །སངས་རྒྱས་ཉིད་ནི་འཐོབ་པའི་རྒྱུ། །དེ་ལྟར་འདོད་ན་བསོད་ནམས་དང་། །ཡེ་ཤེས་ཚོགས་ནི་རྟག་བསྟེན་
མཛོད། །གསུངས། འོ་ན་བསོད་ནམས་གསོག་པའི་ཞིང་གི་མཆོག་གང་ཞིག་ཡིན་སྙམ་ན། དེ་ནི་སྐྱབས་གནས་དཀོན་མཆོག་གསུམ་པོ་ཡིན་ཏེ། ཆོས་ཐམས་ཅད་ཀྱི་རྒྱལ་པོའི་མདོ་ལས། ལྷ་དང་བཅས་པའི་འཇིག་རྟེན་ན། །དཀོན་མཆོག་གསུམ་པོ་མ་གཏོགས་པའི། །ཡོན་གྱི་གནས་ནི་གཞན་མེད་པས། །དངོས་པོ་ཀུན་གྱིས་དེ་ལ་མཆོད། །གསུངས། དཀོན་མཆོག་གསུམ་གྱི་མཚན་ཉིད་ཀྱང་། རྒྱུད་བླ་མ་ལས། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །མཐུ་ལྡན་ཕྱིར་དང་འཇིག་རྟེན་གྱི། །རྒྱན་གྱུར་ཕྱིར་དང་མཆོག་ཉིད་ཕྱིར། །འགྱུར་བ་མེད་ཕྱིར་དཀོན་མཆོག་ཉིད། །ཅེས་གསུངས། དེ་ལྟ་བུའི་བསླུ་མེད་དཀོན་མཆོག་གསུམ་པོ་ལ་དངོས་པོ་ཆུང་ངུ་ཞིག་ཕུལ་ཀྱང་བསོད་ནམས་རྒྱ་ཆེན་པོ་འཐོབ་སྟེ། མྱ་ངན་ལས་འདས་པའི་མདོ་ལས། སངས་རྒྱས་ཆོས་དང་དགེ་འདུན་ལ། །སྤོས་སམ་མར་མེ་གཅིག་ཙམ་མམ། །མེ་ཏོག་གཅིག་ཙམ་མཆོད་བྱས་ན། །མི་གཡོའི་ཞིང་དེར་སྐྱེ་བར་འགྱུར། །ཞེས་དང་། སངས་རྒྱས་ཀྱི་ཡོན་ཏན་བསྔགས་པའི་མདོ་ལས། གང་དག་སྟོན་པ་བདེ་གཤེགས་ལ། །མཆོད་པ་ཆུང་ངུ་བྱེད་པ་
ཡང་། །ལྷ་མིའི་བདེ་བ་ཀུན་བགྲོད་ནས། །འཆི་མེད་དམ་པ་ཐོབ་པར་འགྱུར། །ཞེས་དང་། དཀོན་མཆོག་བརྩེགས་པ་ལས། མཆོད་པའི་ཡོ་བྱད་མཆོག་དམ་པས། །འཕགས་པའི་ཚོགས་རྣམས་མཆོད་བྱས་ན། །བསོད་ནམས་དེ་ཡི་རྐྱེན་གྱིས་ནི། །སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན། །ཞེས་དང་། གསང་འདུས་ཀྱི་རྒྱུད་ལས། རྟག་ཏུ་འདོད་པའི་ཡོན་ཏན་ལྔས། །སངས་རྒྱས་ཚུལ་བཞིན་མཆོད་པར་བྱ། །མཆོད་པ་རྣམ་པ་ལྔ་རྣམས་ཀྱིས། །སངས་རྒྱས་མྱུར་དུ་འཐོབ་པར་འགྱུར། །ཞེས་དང་། རྒྱ་ཆེར་རོལ་པ་ལས། བསོད་ནམས་རྣམ་སྨིན་བདེ་སྟེར་སྡུག་བསྔལ་ཐམས་ཅད་སེལ། །བསོད་ནམས་ལྡན་པའི་མི་ཡི་བསམ་པ་རྣམས་ཀྱང་འགྲུབ། །ཅེས་དང་། བསོད་ནམས་དམ་པའི་མདོ་ལས། གང་ཞིག་བསོད་ནམས་ཆེན་པོ་འདི། །ཏིལ་འབྲུ་ཙམ་ཞིག་བསགས་གྱུར་ན། །མྱུར་དུ་སངས་རྒྱས་འཐོབ་པར་འགྱུར། །ཞེས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་ཕན་ཡོན་མཐའ་ཡས་པ་གསུངས་སོ། །དེས་ན་གནས་སྐབས་བདེ་ཞིང་མཐར་ཐུག་འཚང་རྒྱ་བར་འདོད་པས་སྐྱབས་གནས་དཀོན་མཆོག་
གསུམ་ལ་བརྟེན་ནས། བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་གསོག་པ་ལ་བརྩོན་པར་བྱའོ།། །།ད་ནི་གདམས་ངག་དངོས་ལ་བཞི་ལས། དང་པོ་སྦྱོར་བའི་ཆོས་དྲུག །གཉིས་པ་དངོས་གཞིའི་ཉམས་ལེན། གསུམ་པ་མཇུག་ཏུ་ཇི་ལྟར་བྱ་བ། བཞི་པ་ཐུན་མཚམས་སུ་བྱ་བའི་རིམ་པའོ། །དང་པོ་ཚོགས་གསོག་སྒྲིབ་སྦྱོང་གི་གདམས་ངག་ཁྱད་པར་ཅན་ཡོངས་ལ་གྲགས་པ་སྦྱོར་བའི་ཆོས་དྲུག་ཡིན་པས། དེའི་ཕན་ཡོན་རྒྱས་པར་བཤད་པ་ལ་དྲུག་སྟེ། དེ་ཡང་དང་པོ་བླ་མ་གསེར་གླིང་པའི་རྣམ་ཐར་ལྟར་གནས་ཁང་བྱི་དོར་བྱ་ཞིང་། སྐུ་གསུང་ཐུགས་ཀྱི་རྟེན་བཀྲམ་པའི་ཕན་ཡོན་ལ་གཉིས་ལས། དང་པོ་ལ་གནས་ཁང་བྱི་དོར་བྱས་པའི་ཕན་ཡོན་ནི། སངས་རྒྱས་ཕལ་པོ་ཆེ་ལས། བཅོམ་ལྡན་འདས་ཀྱིས། ཕྱག་བདར་བྱེད་པ་ལ་ཕན་ཡོན་ལྔ་ཡོད་དེ། ལྔ་གང་ཞེ་ན། བདག་ཉིད་ཀྱི་སེམས་དྭངས་པར་འགྱུར་བ་དང་། གཞན་གྱི་སེམས་དྭངས་པར་འགྱུར་བ་དང་། ལྷ་རྣམས་ཀྱི་ཡིད་དགའ་བར་འགྱུར་བ་དང་། མཛེས་པར་འགྱུར་བའི་དགེ་བའི་རྩ་བ་གསོག་པར་འགྱུར་བ་དང་། ལུས་ཞིག་ནས་བདེ་འགྲོ་མཐོ་རིས་
ཀྱི་འཇིག་རྟེན་གྱི་ལྷ་རྣམས་སུ་སྐྱེ་བར་འགྱུར་རོ། །ཞེས་དང་། ལས་རྣམ་པར་འབྱེད་པའི་མདོ་ལས། ཕྱག་བདར་བྱས་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་བ་དང་། བལྟ་ན་སྡུག་པར་འགྱུར་བ་དང་། མཛེས་པར་འགྱུར་བ་དང་། སྐད་སྙན་པར་འགྱུར་བ་དང་། དེའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་སྲབ་པར་འགྱུར་བ་དང་། ལམ་དུ་འགྲོ་ན་རྩྭ་དང་། གསེག་མ་དང་། གྱོ་མོ་རྣམས་མེད་པར་འགྱུར་བ་དང་། བཙུན་པའི་རིགས་སུ་སྐྱེ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། བཅུ་པོ་དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་བདར་བྱས་པའི་ཕན་ཡོན་ནོ། །ཞེས་གསུངས། སྔོན་མི་དབུལ་པོ་ཞིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་གྱི་རྡུལ་དང་། མེ་ཏོག་རྙིང་བ་རྣམས་ཕྱགས། ཁོར་སའི་ཕྱི་ནང་པ་རྣམས་ཀྱང་གད་བདར་བགྱིས་ཏེ་སྨོན་ལམ་བཏབ་པས། ཕྱིས་སངས་རྒྱས་ཀྱི་དུས་སུ་ཤཱཀྱ་ཕྱུག་པོ་ཞིག་གི་བུ་བྱད་མཛེས་ཞེས་བྱ་བ། མཛེས་ཤིང་ལྟ་ན་
སྡུག་པ་ཞིག་ཏུ་གྱུར། དེས་ས་ཕྱོགས་གང་དུ་ཕྱིན་པ་དེར། གད་བདར་བགྱིས་པ་བཞིན་དུ་རྩོལ་བ་མི་དགོས་པར་གཙང་མར་གྱུར། ནམ་ཞིག་སངས་རྒྱས་དང་མཇལ་མ་ཐག་ཏུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་དཀའ་ཚེགས་མེད་པར་ཐོབ། ལྷ་མི་ཐམས་ཅད་ཀྱི་མཆོད་པའི་གནས་སུ་གྱུར། སྔོན་ལམ་ཕྲན་བྱ་བ་ཡང་རབ་ཏུ་བྱུང་ནས། ཁོའི་སྒྲིབ་པ་སྦྱོང་ཕྱིར། གཙུག་ལག་ཁང་གི་སྒོ་ནས། དགེ་སློང་རྣམས་ཀྱི་མཆིལ་ལྷམ་ཕྱིར་བཅུག་པས། དེའི་བར་ལ་རྡུལ་ཕྱིས་དྲི་མ་དག་ཅེས་སློབ་དུ་བཅུག་པས། དབྱར་ཟླ་གསུམ་ལ་མ་ལོབས་པ་ལས། སྐབས་ཤིག་ཁོའི་སྒྲིབ་པ་དག་ནས་ཚིག་དོན་ལ་བརྟགས་པས། རྡུལ་ཞེས་པ་ཕྱི་རོལ་གྱི་རྡུལ་མ་ལགས། ནང་གི་འདོད་ཆགས་སོགས་ཉོན་མོངས་པ་ལ་ཟེར་སྙམ་ནས། དེའི་དོན་བསྒོམས་པས་དགྲ་བཅོམ་པར་གྱུར། བཅོམ་ལྡན་འདས་ཀྱིས་དེའི་ཆེ་བ་འབྱིན་ཕྱིར། གསོ་སྦྱོང་གི་དགེ་སློང་མ་རྣམས་ལ་ཆོས་འཆད་དུ་བཅུག་པས། ལམ་ཕྲན་གྱིས་སྨྲས་པ། རྡུལ་འདི་ས་རྡུལ་མ་ཡིན་འདོད་ཆགས་རྡུལ། །མཁས་པ་གང་གིས་རྡུལ་འདི་རྣམས་སྤངས་པ། །དེ་ནི་
སངས་རྒྱས་བསྟན་ལ་བག་ཡོད་འགྱུར། །ཞེས་སོགས་ཀྱི་ཆོས་བསྟན་ནས། མ་སྨིན་པ་མང་པོ་སྨིན་པར་བྱས། སྨིན་པ་རྣམས་གྲོལ་བར་བྱས་སོ། །སྔོན་འབྲོམ་སྟོན་པ་རིན་པོ་ཆེ་ས་ཉིན་ཅིག་ཇོ་བོའི་གཟིམས་ཁང་ནང་གི་མི་གཙང་བ་རྣམས་ཕྱགས་ནས་གཙང་སིང་ངེ་བ་ཞིག་མཛད་པས། བྱ་རྒོད་ཀྱི་ཉིན་ལམ་བཅོ་བརྒྱད་ཚུན་ཆད་ཀྱི་སེམས་ཅན་ཐམས་ཅད་ཀྱི་སེམས་ཀྱི་རྣམ་པ་ཝལ་གྱིས་མཁྱེན་པའི་མངོན་པར་མཁྱེན་པ་རྒྱ་ཆེན་པོ་ལ་མངའ་བརྙེས་པར་གསུངས། དགེ་བའི་བཤེས་གཉེན་སྤྱན་སྔ་བའི་ཞལ་ནས། རྣལ་འབྱོར་པ་ལྟ་བ་རྟོགས་པ་ཡིན་པས་ཅི་ཡང་བྱ་མི་དགོས་ཟེར་བར། ཡོན་ཏན་ཐམས་ཅད་བསོད་ནམས་བསགས་པ་ལས་འབྱུང་གསུངས། དེ་རྣམས་ལ་དགོངས་ནས་སྔོན་བདག་ཅག་གི་སྟོན་པ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་དེ་ཉིད་ཀྱིས། རྗེས་འཇུག་འོ་སྐོལ་རྣམས་ལ་དཀོན་མཆོག་གསུམ་གྱི་ཆེ་བ་འབྱིན་པ་དང་། ཚོགས་གསོག་སྒྲིབ་པ་སྦྱོང་བ་ལ་འདི་ལྟར་བྱ་དགོས་ཞེས་གོ་བ་བསྐྱེད་ཕྱིར། འགྲོ་ལ་ཆོས་འཁོར་བསྐོར་བའི་དུས་སོགས་ལ། ས་ཕྱོགས་དང་གནས་ཁང་བྱི་དོར་མཛད་པ་དང་།
གཅུང་དགའ་བོ་ཡང་རབ་ཏུ་བྱུང་ནས་གཙུག་ལག་ཁང་ལ་ཕྱག་བདར་བྱེད་དུ་བཅུག་པས། ཚར་མང་པོའི་བར་དུ་མཛད་པ་དང་། སྔོན་ན་ག་གེ་སར་གྱི་གླིང་གི་རྣལ་འབྱོར་པ་མངོན་ཤེས་ལ་ཐོགས་པ་མེད་པ་ཞིག་ལ་ཇོ་བོ་དཔོན་སློབ་བལྟར་བྱོན་པས། སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད་པའི་གཙུག་ལག་ཁང་ཞིག་གི་དྲུང་ན། ཤིང་ནྱེ་གྲོ་དྷ་ཞིག་ཡོད་པའི་རྩ་ན་ཕྱག་བདར་མཛད་ཀྱིན་འདུག་པ་མཐོང་སྐད། སྔོན་རྗེ་བཙུན་མི་ལས་ཀྱང་དྭགས་པོ་ལྷ་རྗེ་འབྱོན་ཁར། གཙང་སྦྲ་ཆེ་བར་བྱ། རྣམ་རྟོག་ཆུང་བར་བྱ་གསུངས། བདག་གི་རྩ་བའི་བླ་མ་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གི་ཞལ་ནས། གནས་ཁང་བྱི་དོར་བྱ་བ་ལ། བདག་གིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་འཐོབ་པར་བྱ། དེའི་ཕྱིར་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ཀྱི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པའི་ཉལ་ཉིལ་ཐམས་ཅད་ཕྱགས་པར་བྱའོ་སྙམ་དུ་བསམ་ལ་གད་བདར་བྱ། འདིའི་སངས་རྒྱས་ཀྱི་ཞིང་སྦྱོང་བ་སོགས་ཀྱི་ཕན་ཡོན་ལྔ་འབྱུང་བ་ཡིན་ཏེ། ཞིང་སྦྱོང་བ་ནི་སེམས་སྦྱོང་བ་ཡིན་ནོ་ཞེས་གསུངས། དེས་ན་
འོ་སྐོལ་ལས་དང་པོ་བ་རྣམས་ཀྱིས་དམ་པ་གོང་མ་རྣམས་ཀྱི་རྣམ་ཐར་དང་གསུང་ལྟར་བསམ་པ་བཟང་པོའི་སྒོ་ནས་གཙུག་ལག་ཁང་ཆེན་པོ་དང་། མཆོད་ཁང་ཆུང་བ། བླ་མའི་གཟིམས་ཁང་། རང་གི་གནས་ཁང་། སྐུ་གསུང་ཐུགས་རྟེན་རྣམས་ཀྱི་ཕྱི་ནང་བར་གསུམ་མི་གཙང་བའི་ཉལ་ཉིལ་ས་རྡུལ་རྣམས་ཕྱག་བདར་བྱེད་པ་ལ་བརྩོན་པར་བྱའོ། །ཆོས་བྱེད་ནུས་ན་ཚོགས་གསོག་སྒྲིབ་སྦྱོང་ཞིག་ལ་ཕྱག་བདར་བྱས་པ་འདི་ཁོ་ནས་ཆོག་པར་གདའ། གཉིས་པ་སྐུ་གསུང་ཐུགས་རྟེན་བཀྲམ་པའི་ཕན་ཡོན་ནི། རྟེན་གང་དུ་གནས་པའི་ས་ཕྱོགས་དེར་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་རྒྱས་ཤིང་མ་སེམས་ཅན་ལ་བདེ་སྐྱིད་འབྱུང་བར་འགྱུར་ཏེ། སྔ་འགྱུར་ཡོངས་རྫོགས་རྒྱུད་ལས། རྟེན་འདི་ཇི་སྲིད་གནས་ཀྱི་བར། །དེ་སྲིད་སངས་རྒྱས་བསྟན་པ་རྒྱས། །འགྲོ་བ་ཀུན་འདུལ་ལས་སྒྲིབ་སྦྱང་། །ཞེས་དང་། རབ་གནས་བསེ་སྒྲོམ་ལས། སེམས་ཅན་བདེ་སྐྱིད་རྟེན་ལ་ཡོད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས། བྲིས་སྐུ་བསྒྲུབས་ན་མྱུར་བར་ནི། །དངོས་གྲུབ་རྒྱ་ཆེན་འཐོབ་པར་འགྱུར། །
གསུངས། གཞན་ཡང་རྟེན་མཐོང་བའི་ཕན་ཡོན་ནི། དམ་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་སྐུ་གཟུགས་རྩིག་ངོས་བྲིས་པ་ལ། །འཁྲུགས་བཞིན་པ་ཡི་སེམས་ཀྱིས་བལྟས་ན་ཡང་། །དེས་ནི་རིམ་གྱིས་སངས་རྒྱས་བྱེ་བ་མཐོང་། །ཞེས་དང་། ཡང་དེ་ཉིད་ལས། ཀུན་དགའ་བོ། གང་དག་ཐ་ན་རྨི་ལམ་དུ་དེ་བཞིན་གཤེགས་པའི་སྐུ་གཟུགས་དེ་མཐོང་ནས་སེམས་དྭངས་པར་བྱེད་ན་ཀུན་དགའ་བོ་དགེ་བའི་རྩ་བ་དེའི་འབྲས་བུ་མྱ་ངན་ལས་འདས་པ་ཡིན་ཏེ། མྱ་ངན་ལས་འདས་པའི་མཐར་གཏུགས་པར་འགྱུར་བར་ང་སྨྲའོ། །གསུངས། འཇམ་དཔལ་ཞལ་ལུང་ལས། རས་བྲིས་མཐོང་བའི་སྐྱེ་བོ་ཡི། །བསོད་ནམས་མཐོང་བ་དོན་ཡོད་པ། །བསྐལ་པ་བྱེ་བ་རྣམས་སུ་ཡང་། །བརྗོད་པར་ཡང་ནི་མི་ནུས་སོ། །ཞེས་གསུངས། སྔོན་རྒྱ་གར་དུ་དགེ་སློང་གཅིག་གིས། མཆོད་ཁང་ཞིག་ན་ཐང་སྐུ་མང་པོ་བཀྲམ་འདུག་པ་ལ། ཕྱག་གཡས་ནས་བཟུང་རིམ་གྱིས་བལྟས་པས། དེ་ན་གཤིན་རྗེ་གཤེད་ཀྱི་ཐང་སྐུ་ཞིག་འདུག་པ་མཐོང་བས། དེ་ཉིད་ལ་སྐྱེ་བ་སྔ་མའི་ཡི་དམ་གྱི་ལྷ་ཡིན་པར་དྲན་ནས། དེ་ག་ལ་ནགས་
གསེབ་ཏུ་ཕྱིན་ནས་བསྒྲུབས་པས་དངོས་གྲུབ་མོད་ལ་ཐོབ་སྐད། སྔོན་བྲམ་ཟེའི་ཁྱེའུས་སངས་རྒྱས་ཀྱི་སྐུ་གཟུགས་ལ། དྭངས་པའི་སེམས་ཀྱིས་མིག་མི་འཛུམ་པར་བལྟས་པས་འཕགས་པ་སྤྱན་རས་གཟིགས་སུ་ལུང་བསྟན་པ་དང་། སྔོན་རྒྱལ་པོ་ཨུ་ཏྲ་ཡ་ན་ལ། སངས་རྒྱས་ཀྱི་སྐུ་གཟུགས་རི་མོར་བྲིས་ནས་བསྐུར་བ་ན། འོག་ཏུ་རྟེན་འབྲེལ་བཅུ་གཉིས་ཀྱང་བྲིས་ནས་བསྐུར་བས། རྒྱལ་པོས་སངས་རྒྱས་ཀྱི་འདྲ་སྐུ་མཐོང་བ་ཙམ་གྱིས་དད་པ་སྐྱེས་པས་བྱིན་རླབས་ཞུགས། རྟེན་འབྲེལ་བཅུ་གཉིས་ལ་བལྟས་ནས་ལུགས་འབྱུང་ལུགས་ལྡོག་ཏུ་བསྒོམས་པས་འཕགས་པའི་གོ་འཕང་འཐོབ་པར་གསུངས། དམ་པ་གོང་མ་འགའ་རེས། ཨོ་རྒྱན་ཆེན་པོ་དང་། གྲུབ་ཐོབ་ཉི་མ་འཛིན། ཐང་སྟོང་རྒྱལ་པོ། གྲུབ་ཆེན་ལས་ཀྱི་རྡོ་རྗེ་ལ་སོགས་པའི་རྒྱ་བོད་ཀྱི་མཁས་གྲུབ་ཕལ་ཆེར་དང་། ཡི་དམ་རྡོ་རྗེ་འཇིགས་བྱེད། དཔལ་རྟ་མགྲིན། ཕྱག་ན་རྡོ་རྗེ་ལ་སོགས་པའི་ཡི་དམ་གྱི་ལྷ་དྲག་པོའི་སྐུ་འདྲ་གང་ན་བཞུགས་ཀྱང་ལྷ་འདྲེའི་གནོད་པ་མི་ཡོང་བ་དང་། རྗེ་ཕག་མོ་གྲུ་པ། བླ་མ་ཞང་། རྗེ་བདག་ཉིད་
ཆེན་པོ་སོགས་བླ་མ་སྐྱེས་བུ་དམ་པ་ཕལ་ཆེར་གྱི་སྐུ་དང་། ནོར་ལྷ་ཚེ་ལྷའི་སྐུ་གཟུགས་གང་ན་བཞུགས་ཀྱང་དབུལ་ཕོངས་ཀྱི་སྡུག་བསྔལ་མི་འབྱུང་ཞིང་། ཟས་ནོར་འཕེལ་ཞིང་ཚེ་རིང་བ་དང་། མདོར་ན་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་མཐོང་ཐོས་དྲན་རེག་མཆོད་བསྟོད་ཕྱག་བསྐོར་བྱེད་པ་སོགས་འབྲེལ་ཚད་ཐམས་ཅད་དོན་དང་ལྡན་པར་འགྱུར་རོ་གསུངས། དེས་ན་གནས་ཁང་རྣམས་བྱི་དོར་བྱས་དྲི་བཟང་གིས་ཆག་ཆག་བཏབ། སྤོས་དྲི་ཞིམ་པོ་བདུགས་ནས། སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དགྲམ་དགོས་ཏེ། དགྲ་བཅོམ་པ་ས་ག་ལྷས། དགའ་སྟོན་དུས་ཚེ་སྐུ་གཟུགས་ནི། །རྒན་པོའི་གོང་དུ་རྟག་ཏུ་བཞག །གསུངས། དེས་ན་སྔོན་ཇོ་བོ་རྗེ་ཡབ་སྲས་ཀྱི་རྗེས་འཇུག་བཀའ་གདམས་གོང་མ་རྣམས་ཀྱིས། བསྟན་པའི་བདག་པོ་ཐུབ་དབང་གི་སྐུ་རེ་འབྲལ་སྤང་གི་ཚུལ་དུ་བཅངས་ནས། གར་བཞུགས་སར་གོང་དུ་བཞག་ནས་མཆོད་པ་ལྟར་འོ་སྐོལ་རྣམས་ཀྱིས་ཀྱང་རང་གཞན་དད་ལྡན་དྭངས་པ་འདྲེན་ཕྱིར། སངས་རྒྱས་ཀྱི་གཙོར་བྱས་རྟེན་གང་ཡོད་རྣམས་གྲྭ་འགྲིག་པོ་བྱས་གོང་གི་མཐོ་སར་དགྲམ་པར་བྱའོ། །གཉིས་པ་མཆོད་
པ་གཡོ་མེད་ཅིང་བཀོད་པས་མཛེས་པར་བཤམས་པའི་ཕན་ཡོན་ནི། དེ་ཡང་མཆོད་པའི་རྒྱུ་གཡོ་སྒྱུའི་སྒོ་ནས་བསྒྲུབས་པ་དང་། སྲོག་གཅོད་པ་སོགས་སྡིག་དང་མ་འདྲེས་པའི་དངོས་པོ་ཆུང་ངུ་ཞིག་ཕུལ་ཡང་ཕན་ཡོན་རྒྱ་ཆེན་པོ་འབྱུང་སྟེ། སྔོན་ཁྱིམ་བདག་ཅིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་མེ་ལོང་ཞིག་ཕུལ། སྤོས་དང་མེ་ཏོག་ལ་སོགས་པས་མཆོད་ནས་ཕྱག་འཚལ་སྨོན་ལམ་བཏབ་པས། དེའི་མཐུ་ལ་བརྟེན་ནས། བདག་ཅག་གི་སྟོན་པ་སངས་རྒྱས་ཀྱི་དུས་སུ་གྲོང་ཁྱེར་སེར་སྐྱ་རུ་ཁྱེའུ་གསེར་འོད་ཅེས་བྱ་བ་བཙས་དུས། དེའི་འོད་ཀྱིས་གྲོང་ཁྱེར་སེར་སྐྱའི་གནས་ཐམས་ཅད་ཁྱབ་པ་བྱུང་། གཟུགས་བྱད་མཛེས་པ་ལྟ་བས་ཆོག་མི་ཤེས་པ་ཞིག་ཏུ་གྱུར། ཕྱིས་སངས་རྒྱས་དང་མཇལ་ནས་བསྙེན་པར་རྫོགས་དགྲ་བཅོམ་པའི་འབྲས་བུ་ཐོབ། དེ་བཞིན་དུ་སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ། མེ་ལོང་ཕུལ་ན་གཟུགས་བྱད་མཛེས་པས། མེ་ཏོག་དང་མེ་ལོང་གཙང་མ་སོགས་འབུལ་བ་ལ་བརྩོན་པར་བྱའོ། །ཡང་སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ། ཁྱིམ་བདག་ཅིག་གིས་སྤོས་དང་
བྱུགས་པ་དང་མེ་ཏོག་སྣ་ཚོགས་ཀྱིས་མཆོད་ནས། སྨོན་ལམ་བཏབ་པས། སྟོན་པ་འཇིག་རྟེན་དུ་བྱོན་དུས། ཁྱེའུ་དྲི་ཞིམ་ཞེས་བྱ་བ་ཁ་ནས་ཨུཏྤ་ལའི་དྲི་དང་། ལུས་ཐམས་ཅད་ནས་ཙན་དན་གྱི་དྲི་འབྱུང་བ། མཛེས་ཤིང་ལྟ་ན་སྡུག་པ་ཞིག་ཏུ་གྱུར། ནམ་ཞིག་ན་སངས་རྒྱས་དང་མཇལ་མ་ཐག་ཏུ་རྒྱུན་ཞུགས་ཀྱི་འབྲས་བུ་ཐོབ། རབ་ཏུ་བྱུང་ནས་དགྲ་བཅོམ་པ་དཀའ་ཚེགས་མེད་པར་ཐོབ་པས་འཁོར་རྣམས་ངོ་མཚར་བར་གྱུར། དེ་བཞིན་དུ་སྐུ་གསུང་ཐུགས་རྟེན་ལ། དྲི་ཞིམ་པོ་ཕུལ་ན་དྲི་ཞིམ་པའི་ལུས་ལེན་པས། སྤོས་དྲི་ཞིམ་པོ་དབུལ་བར་བྱའོ། །ཡང་ཁྱིམ་བདག་ཅིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་བྱི་དོར་བགྱིས། སྤོས་ཀྱི་ལྡེ་གུ་དང་ཏིལ་མར་བྱུགས་ཏེ་སྨོན་ལམ་བཏབ་པས། དེ་ཡང་ཕྱིས་སེར་སྐྱའི་གནས་སུ་ཤཱཀྱ་ཕྱུག་པོ་ཞིག་གི་བུ་གཟུགས་བཟང་ཞིང་མཛེས་པ་སྟོབས་དང་ལྡན་པ་ཞིག་ཏུ་སྐྱེས་པས། མིང་ཡང་སྟོབས་ལྡན་དུ་བཏགས། ཆེར་སོང་ནས་སངས་རྒྱས་དང་མཇལ་ཏེ་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ཐོབ། དེ་བཞིན་དུ་རྟེན་ལ་སྤོས་དང་ཏིལ་མར་གྱི་བྱུག་པ་ཕུལ་ན། སྟོབས་དང་ལྡན་པར་
འགྱུར་བས་དབུལ་བར་བགྱིའོ། །ཡང་སྔོན་ཁྱིམ་བདག་ཅིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་མེ་ཏོག་གི་ཕྲེང་བ་བཏགས་པས། སེར་སྐྱར་ཤཱཀྱ་ཕྱུག་པོ་ཞིག་གི་བུ་གཟུགས་བཟང་ཞིང་མཛེས་པ་མཐོང་ན་དགའ་བ་ཞིག་ཏུ་སྐྱེས་པས། མིང་སྡུག་གུར་བཏགས། མཐར་སངས་རྒྱས་དང་མཇལ་ནས་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ཐོབ། དེ་བཞིན་དུ་རྟེན་ལ་མེ་ཏོག་ཕུལ་ན་གཟུགས་མཛེས་པས། མེ་ཏོག་སྣ་ཚོགས་ཀྱི་ཕྲེང་བ་དབུལ་བར་བྱའོ། །ཡང་ཚོང་དཔོན་ཞིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་ནོར་བུ་མཐོན་ཀ་ཞིག་ཕུལ། མེ་ཏོག་པདྨ་དག་གིས་མཆོད་ནས་སྨོན་ལམ་བཏབ་པས། དེ་ཡང་སེར་སྐྱར་ཤཱཀྱ་ཕྱུག་པོ་ཞིག་གི་བུ་པདྨའི་མིག་ཅེས་བྱ་བ། གཟུགས་མཛེས་པ་མགོ་ན་ལྷའི་ནོར་བུ་མཐོན་ཀས་སྤྲས་པ་ཞིག་ཏུ་གྱུར། དེ་གང་དུ་ཕྱིན་ཀྱང་ལྷ་མི་ཐམས་ཅད་ཀྱིས་བསྔགས་བརྗོད་བྱེད་པ་ཞིག་བྱུང་། མཐར་སངས་རྒྱས་དང་མཇལ་ནས་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ཐོབ། དེ་བཞིན་དུ་དཀོན་མཆོག་གི་རྟེན་གྱི་དྲུང་དུ། རིན་པོ་ཆེ་སྣ་ཚོགས་པའི་
མཆོད་རྫས་ཕུལ་ན་ཕན་ཡོན་ཆེ་བས་དབུལ་བ་ལ་བརྩོན་པར་བྱའོ། །ཡང་ཁྱིམ་བདག་ཅིག་གིས། སངས་རྒྱས་རྣམ་གཟིགས་ཀྱི་མཆོད་རྟེན་ལ་རྔ་སིལ་ལ་སོགས་པའི་རོལ་མོ་སྣ་ཚོགས་ཕུལ་ཏེ་སྨོན་ལམ་བཏབ་པས། ཕྱིས་ཤཱཀྱ་ཕྱུག་པོ་ཞིག་གི་བུ་མཛེས་སྡུག །བྱ་ཀ་ལ་པངྐི་ལྟར་སྐད་སྙན་པ། རྔའི་སྒྲ་ལྟར་གདངས་སྙན་པ་ཞིག་ཏུ་སྐྱེས། མིང་རྔ་སྒྲར་བཏགས། མཐར་སངས་རྒྱས་དང་མཇལ་ནས་རྒྱུན་ཞུགས་དང་དགྲ་བཅོམ་པའི་འབྲས་བུ་ཐོབ། འདི་ནི་རོལ་མོ་ཕུལ་བ་དང་། སྐད་ཀྱི་བྱེ་བྲག་སྣ་ཚོགས་པས་མཆོད་པའི་ཕན་ཡོན་ཡིན་པས། མཆོད་རྔ་ལ་སོགས་པའི་སྒྲ་སྙན་སྣ་ཚོགས་པས་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱའོ། །ཡང་སྔོན་དགེ་སློང་འཕགས་པའི་བསྙེན་གྱིས། སངས་རྒྱས་རིན་ཆེན་གཙུག་ཕུད་ཅན་ལ་མར་མེ་ཟླ་བ་གཉིས་འབུལ་བར་ཁས་བླངས་པས། རྒྱལ་པོ་ཀ་སི་ཀའི་སྲས་མོ་ཐུབ་པ་ཞེས་བྱ་བས་མར་མེ་གང་དགོས་པའི་སྦྱིན་བདག་བྱས། དགེ་སློང་འཕགས་པའི་བསྙེན་གྱིས་ཕུལ་བས། དེའི་བསོད་ནམས་ཀྱིས་དགེ་སློང་འཕགས་པའི་བསྙེན་མ་འོངས་པ་ན་སངས་རྒྱས་མར་མེ་མཛད་དང་། སྲས་མོ་ཐུབ་
པ་དེ་སངས་རྒྱས་ཤཱཀྱ་ཐུབ་པར་འགྱུར་བར་ལུང་བསྟན། དེ་ལ་བརྟེན་ནས་བསྐལ་པ་གྲངས་མེད་ཀྱི་བར་དུ། ལྷ་མིའི་འཇིག་རྟེན་དུ་གཟུགས་མཛེས་ཤིང་ལྟ་བས་ཆོག་མི་ཤེས་པ་བདེ་བ་མཐའ་ཡས་པ་དང་ལྡན་པར་གྱུར། དེ་བཞིན་དུ་ལྷ་ལ་མར་མེ་ཕུལ་ན་སྐྱེ་བ་ནས་ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་ཤིང་། མཐར་ཐུག་མཚན་དཔེས་མཛེས་པའི་སངས་རྒྱས་ཀྱི་སྐུ་མཆོག་ཐོབ་པས། མར་མེ་གཙང་མ་བྱས་ནས་འབུལ་བ་ལ་བརྩོན་པར་བྱའོ། །ཡང་སྔོན་རྒྱལ་པོ་ཀི་ལི་བྱི་ཞེས་བྱ་བས། སངས་རྒྱས་འོད་སྲུངས་འདས་པའི་རིང་བསྲེལ་རྣམས་བསྡུས་ཏེ་མཆོད་རྟེན་ཆེན་པོ་ཞིག་བརྩིགས་པས། ལས་དཔོན་གཅིག་གིས་མཆོད་རྟེན་གྱི་རྩེ་ལ་དྲིལ་བུ་ཞིག་བཏགས་ནས་སྨོན་ལམ་བཏབ་པས། ཚེ་རབས་ལྔ་བརྒྱའི་བར་དུ་སྐད་གདངས་སྙན་པར་གྱུར། ཕྱིས་སངས་རྒྱས་ཀྱི་དུས་སུ་དགེ་སློང་གདངས་དབྱངས་འཐེན་པ་ཐོས་པ་ཙམ་གྱིས་ཡིད་འཕྲོག་པ་ཞིག་ཏུ་གྱུར། དེས་ན་དེ་བཞིན་གཤེགས་པའི་གསུང་དབྱངས་སོགས་སྐད་ཕུན་སུམ་ཚོགས་པར་འདོད་པས། དཀོན་མཆོག་ལ་དྲིལ་བུ་དུང་དཀར་སོགས་སྒྲ་སྙན་
པའི་རོལ་མོའི་མཆོད་པ་དབུལ་བར་བྱའོ། །སྔོན་སངས་རྒྱས་རྣམ་གཟིགས་ཀྱི་བསྟན་པ་ལ། མི་དབུལ་པོ་བཟའ་མི་གཉིས་ཀྱིས། སའི་བུམ་པ་གསར་པ་ཅིག་ཉོས་ཏེ། ནང་ཀུན་ཆུ་གཙང་མས་བཀང་སྟེ། གསེར་གྱི་དོང་རྩེ་གཅིག་ནང་དུ་བཅུག །མེ་ལོང་གཅིག་གིས་ཁ་བཅད་དེ། དགེ་འདུན་པ་རྣམས་ལ་ཕུལ་ལོ། །དགེ་འདུན་པ་ལ་ལས་ཆུ་དེ་བཏུངས། ལ་ལས་ཁ་ལག་དང་ལྷུང་བཟེད་བཀྲུས་ཏེ་ལོངས་སྤྱད་པའི་བསོད་ནམས་ཀྱིས། ཕྱིས་ཚེའི་དུས་བྱས་ནས་སུམ་ཅུ་རྩ་གསུམ་གྱི་ལྷར་སྐྱེས་ནས་ལྷའི་བདུད་རྩི་ལ་ལོངས་སྤྱད། དེའི་རྗེས་སུ་མཉན་ཡོད་ཀྱི་གྲོང་ཁྱེར་ཞིག་ན། ཁྱིམ་བདག་ཕྱུག་པོ་ཞིག་ལ་བུ་གསེར་མདོག་འདྲ་བ་ཞིག་བཙས་པ་དང་མིང་གསེར་ལྷ་ཞེས་བཏགས་སོ། །ཡུལ་ཙམ་པ་ཞེས་བྱ་བ་ན། ཕྱུག་པོ་ཞིག་ལ་བུ་མོ་གསེར་མདོག་འདྲ་བ་ཞིག་བཙས་པ་དང་མིང་ཡང་གསེར་མདོག་ཅེས་བཏགས་སོ། །དེ་གཉིས་ཀ་བཙས་པའི་ཚེ་ན། ཁྱིམ་དུ་ཁྲོན་པ་ཆུ་ཞེང་གབ་པ་ཁྲུ་བརྒྱད་པ་རེ་བྱུང་སྟེ། ཁྲོན་པ་དེ་གཉིས་ཀྱི་ཆུ་བཅུས་པས་ནི་མིའི་ཡིད་བཞིན་འབྱུང་སྟེ། ཟས་གོས་དང་རིན་པོ་ཆེ་ལ་སོགས་པ་ཅི་འདོད་པ་བྱུང་ངོ་། །ཕྱིས་
གཉིས་ཀ་བཟའ་མིར་བྱས་ཏེ་སྐྱིད་དགའ་ལོངས་སྤྱོད་དེ་ལ་མ་ཆགས་པར་མཐར་བཟའ་མི་གཉིས་ཀ་སངས་རྒྱས་ཀྱི་དྲུང་ནས་རབ་ཏུ་བྱུང་སྟེ། རིང་པོར་མ་ལོན་པར་དགྲ་བཅོམ་པའི་གོ་འཕང་ཐོབ་པར་གསུངས། དེ་བཞིན་དུ་ལྷའི་བདུད་རྩི་སོགས་ཅི་འདོད་ལ་ལོངས་སྤྱོད་པར་འདོད་པས། དཀོན་མཆོག་གསུམ་ལ་བུམ་པ་ཆུ་གཙང་མེ་ལོང་གསེར་ལ་སོགས་པའི་མཆོད་པའི་ཡོ་བྱད་སྣ་ཚོགས་པས་མཆོད་པར་བྱའོ། །བླ་མ་གོང་མ་མང་པོའི་ཞལ་ནས། བདུན་ཚར་རྣམས་རྒྱུ་བཟང་ཞིང་གཙང་ན། ཚེ་རབས་གང་དུ་ལུས་རྟེན་བཟང་པོ་ཐོབ་ཅིང་། དབང་པོ་སྒོ་ལྔ་ཚང་བ། སེམས་རྒྱུད་བཟང་ཞིང་ཚུལ་ཁྲིམས་གཙང་བར་འགྱུར། བདུན་ཚར་དྲང་པོར་བསྒྲིགས་ཤིང་གཅིག་ལ་གཅིག་མ་རེག་པར་བྱས་ན། སེམས་རྒྱུད་དྲང་ཞིང་གཅིག་པུར་ཅི་བྱེད་རང་དབང་ཐོབ་པ་འོང་། ཆུ་གཙང་མས་སྣོད་རན་པར་བཀང་ན་ཤེས་རྒྱུད་ཡོན་ཏན་དུ་མས་གང་ཞིང་། གང་དུ་གནས་པའི་ས་ཕྱོགས་ཐམས་ཅད་ལ་བཀྲ་ཤིས་པ་འོང་། སོ་ཐར་གྱི་སྡོམ་པ་སྣོད་གཙང་མ་ལྟ་བུ་ལ་བྱང་སེམས་ཀྱི་སྡོམ་པ་ཆུ་གཙང་མ་ལྟ་བུ་ཆགས་ནས། དེ་ལ་སྔགས་
ཀྱི་སྡོམ་པ་གཟུགས་བརྙན་ལྟ་བུར་ཤར་ནས་གསུམ་ལྡན་རྡོ་རྗེ་འཛིན་པ་ཆེན་པོར་འགྱུར་བའི་རྟེན་འབྲེལ་ཡོད་གསུངས། གཞན་ཡང་དུས་རྒྱུན་ཏུ་དྭངས་ཤིང་བསིལ་བའི་ཡོན་ཆབ་གཙང་མ་ཕུལ་ན། ཤེས་རྒྱུད་གྱི་སྡིག་ལྟུང་བྱང་སྟེ་ས་ལམ་གྱི་རྟོགས་པ་སྐྱེ་བའི་དགོས་པ་ཆེ་ཞིང་སྒྲུབ་སླ་ལ་སེར་སྣ་སོགས་ཀྱི་ཉེས་པ་མི་འཇུག་པས་བཟང་གསུངས། ཡང་བླ་མ་སྐྱེས་བུ་དམ་པ་འགའ་རེས། སྐུ་གསུང་ཐུགས་རྟེན་གྱི་དྲུང་དུ་མཆོད་པ་བཤམས་དུས། སྣོད་ལ་ཡ་ཡོ་དང་འཁྱགས་འཁྱོགས་མེད་པར་དྲང་པོར་བསྒྲིགས་ན། རང་རྒྱུད་དྲང་ཞིང་ཆོས་གང་བྱས་ལམ་དུ་འགྲོ། ཆུ་བླུགས་དུས་སྣོད་ཁེངས་ན་སྒྲུབ་པ་པོ་ལ་འཚོ་བ་འབྱོར། ཆུ་ཧ་ཅང་མ་མཐོ་བ་བྱས་ན་རིག་པ་བརྟན། ཆུ་ཕྱི་རོལ་ཏུ་མ་བོ་ན། ཚུལ་ཁྲིམས་གཙང་ཞིང་འཁོར་འདུ། ཆུ་དྭངས་ཤིང་བསིལ་བ་ཕུལ་ན་རིག་པ་དྭངས་ཤིང་ཆོས་ལ་ངེས་ཤེས་སྐྱེ་བའི་དགོས་པ་ཆེ་གསུངས། གཞན་ཡང་རྒྱ་གར་ན་བོད་ཀྱི་ཆུ་ལྟ་བུའི་གཙང་སིང་ངེ་བ་མེད་པས་ཕན་ཡོན་ཆེ། སངས་རྒྱས་ལ་ཆུ་གཙང་མ་ཞིག་ཕུལ་ན་ཡང་། ཁོང་གི་ཚོགས་རྫོགས་པའི་སྟབས་ཀྱིས་བདུད་རྩིར་འགྱུར་པས་ན། བདུད་
རྩི་ཕུལ་བ་ཙམ་གྱི་ཕན་ཡོན་ཐོབ་པར་གསུངས། དེས་ན་ཉིན་རེ་བཞིན་དུ་ཆུ་གཙང་མའི་ཡོན་ཆབ་འབུལ་བ་ལ་བརྩོན་པར་བྱའོ། །གཞན་ཡང་། མདོ་སྡེ་ལས་རྣམ་འབྱེད་ལས། མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཡིན་ཞེ་ན། འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་། ལུས་ཀྱི་དྲི་ང་བ་རྣམ་པར་དག་པར་འགྱུར་བ་དང་། དྲི་ཞིམ་པོ་འབྱུང་བར་འགྱུར་བ་དང་། ཕྱོགས་དང་ཕྱོགས་མཚམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་། འཇིག་རྟེན་གྱི་སྔོན་དུ་འགྲོ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མེ་ཏོག་ཕུལ་བའི་ཕན་ཡོན་ནོ། །མར་མེ་ཕུལ་བའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་མར་མེ་ལྟ་བུར་འགྱུར་བ་དང་། ཤའི་མིག་རྣམ་པར་དག་པར་འགྱུར་བ་དང་། ལྷའི་མིག་འཐོབ་པར་འགྱུར་བ་དང་།
དགེ་བ་དང་མི་དགེ་བའི་ཆོས་རྣམས་ལ་ཤེས་རབ་འབྱུང་བར་འགྱུར་བ་དང་། མ་རིག་པ་དང་གཏི་མུག་གི་མུན་པ་སེལ་བ་དང་། ཤེས་རབ་ཀྱི་སྣང་བ་འཐོབ་པར་འགྱུར་བ་དང་། དེ་འཁོར་བ་ན་འཁོར་བའི་ཚེ་ནམ་དུ་ཡང་མུན་པ་ན་གནས་པར་མི་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་མར་མེ་ཕུལ་བའི་ཕན་ཡོན་ནོ། །སྤོས་ཕུལ་པའི་ཕན་ཡོན་བཅུ་སྟེ། བཅུ་གང་ཞེ་ན། འཇིག་རྟེན་ན་སྤོས་ལྟ་བུར་འགྱུར་བ་དང་། སྣའི་དབང་པོ་རྣམ་པར་དག་པར་འགྱུར་བ་དང་། ལུས་ཀྱི་དྲི་མི་ཞིམ་པ་རྣམ་པར་དག་པར་འགྱུར་བ་དང་། རྟག་ཏུ་དྲི་ཞིམ་པར་འགྱུར་བ་དང་། གཟུགས་བཟང་བར་འགྱུར་བ་དང་། འཇིག་རྟེན་གྱི་སྔོན་དུ་འགྲོ་བར་འགྱུར་བ་དང་། ལོངས་སྤྱོད་ཆེ་བར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། སྡུག་པའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་སྤོས་ཕུལ་བའི་ཕན་
ཡོན་ནོ། །ཞེས་དང་། འཕགས་པ་བྱམས་པའི་མདོ་ལས། མར་མེ་སྟོང་ཕྲག་གཅིག་གམ། མེ་ཏོག་ཕུལ་བ་སྟོང་ཕྲག་གཅིག་གམ། ཨུཏྤལ་སྔོན་པོ་སྟོང་ཕྲག་གཅིག་གིས་མཆོད་པར་བྱེད་པ་དང་། མཆོད་རྟེན་དེ་དག་གི་ཏོག་བྱེད་པ་དང་གཟུགས་བྱེད་པ་དེ་དག་ནི་བྱམས་པ་སངས་རྒྱས་པའི་ཚེ་དེའི་དྲུང་དུ་སྐྱེ་ཞིང་། དང་པོའི་ཆོས་འཐོབ་པར་འགྱུར་རོ། །ཞེས་དང་། མར་མེ་འབུལ་བ་ཞེས་བྱ་བའི་མདོ་ལས། མར་མེ་འབུལ་བའི་རྣམ་སྨིན་འདི་ཡིན་ཏེ། །འཆི་དུས་བྱེད་ཚེ་དྲན་པ་ཉམས་མི་འགྱུར། །དེ་ལ་ཕྱོགས་རྣམས་སྣང་བར་བྱེད་པར་འགྱུར། །སྔོན་ཆད་མ་མཐོང་གཟུགས་བཟང་རྣམས་ཀྱང་མཐོང་། །དེ་ནི་ཤི་ནས་མཐོ་རིས་ངེས་འགྲོ་ཞིང་། །ལྷ་ཡི་སྟན་ལ་དེ་ལུས་འདུག་པར་ཤེས། །ཞེས་དང་། གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། དཔེ་མེད་མཆོད་རྟེན་མར་མེ་ཕུལ་པ་ཡི། །ཨུཏྤལ་སྔོན་པོ་ཁ་ཕྱེ་འདབ་འདྲའི་མིག །གསལ་ཞིང་སྡུག་ལ་མིག་དཀྱུས་རིང་ཞིང་མཛེས། །དྲི་མ་མེད་པའི་ལྷ་ཡི་མིག་དང་ལྡན། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། བདེ་གཤེགས་མཆོད་
རྟེན་མར་མེ་ཕུལ་བ་ན། །རྣམ་གྲོལ་མཆོག་མངའ་སྟོབས་བཅུ་རྣམས་ལྡན་ཞིང་། །དེ་བཞིན་མ་འདྲེས་ཆོས་ཀྱི་ཕ་རོལ་ཕྱིན། །ཀུན་ནས་སྤྱན་ལྡན་བདེ་བར་གཤེགས་པར་འགྱུར། །ཞེས་པ་ལ་སོགས་པ་མདོ་རྒྱུད་ཀུན་ནས་བླ་མ་དཀོན་མཆོག་ལ་མཆོད་པ་ཕུལ་བའི་ཕན་ཡོན་མཐའ་ཡས་པ་གསུངས་པའི་ཚུལ་རྣམས་དྲན་པར་བྱས་ནས་བཟའ་བཏུང་གི་ཕུད་ཡན་ཆད་ཀྱིས་བླ་མ་དཀོན་མཆོག་མཆོད་པ་ལ་བརྩོན་པར་བྱའོ། །གསུམ་པ་བདེ་བའི་སྟན་ལ་ལུས་རྣམ་སྣང་ཆོས་བདུན་བྱས་རང་རྒྱུད་ལ་བརྟགས་ཏེ། མི་དགེ་བའི་སེམས་སྤངས་ནས་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས། སྐྱབས་འགྲོ། སེམས་བསྐྱེད། ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་ལ་ལྔ་ལས། དང་པོ་བདེ་བའི་སྟན་ལ་ལུས་རྣམ་སྣང་གི་ཆོས་བདུན་བྱས་པའི་ཕན་ཡོན་ནི། རྗེ་བཙུན་ཀརྨ་ཆགས་མེད་ཀྱིས། རྟེན་འབྲེལ་ལུས་ལ་བསྒྲིགས་པས་རྟོགས་པ་སེམས་ལ་འཆར་བའི་གནད་ཡིན་པས། རྐང་པ་རྡོ་རྗེའི་སྐྱིལ་ཀྲུང་ངམ། ཡང་ན་སེམས་དཔའི་སྐྱིལ་ཀྲུང་བཅས་པས། ཐུར་སེལ་གྱི་རླུང་དབུ་མར་ཚུད་ཅིང་། ཕྲག་དོག་ཞི་བ་དང་བར་ཆད་ཀྱིས་མི་ཚུགས།
ལག་པ་གཉིས་མཉམ་གཞག་གི་ཕྱག་རྒྱ་ལྟེ་འོག་སོར་བཞིར་བཅས་པས། ཆུ་རླུང་དབུ་མར་ཚུད་དེ། ཞེ་སྡང་ཞི། སྒལ་ཚིག་མདའ་ལྟར་བསྲང་ཞིང་། དཔུང་པ་རྒོད་གཤོག་ལྟར་བརྒྱངས་པས། ས་རླུང་དབུ་མར་ཚུད་དེ། གཏི་མུག་ཞི། མགྲིན་པ་བྲང་ལ་གུག་ཙམ་བྱས་པས། མེ་རླུང་དབུ་མར་ཚུད་དེ་ཆགས་པ་ཞི། མིག་འབྱེད་བཙུམ་རན་པར་སྣ་རྩེ་ནས་སོར་བཞིའི་ཐད་དུ་བལྟ་བ་དང་ལྕེ་ཡར་རྐན་ལ་སྦྱར་བས། རླུང་གི་རླུང་དབུ་མར་ཚུད་དེ། ང་རྒྱལ་ཞི་ཤེས་པ་གསལ་ལོ། །དེ་ལྟར་ལུས་གནད་ཆོས་བདུན་མ་འཆུག་ན་རླུང་དབུ་མར་ཚུད་པས་རྟོག་པ་རང་བཞིན་གྱེས་འཆར་རོ་གསུངས། ཕྱག་ཆེན་ཟིན་བྲིས་ལས། དེ་ཡང་སྐྱིལ་ཀྲུང་གིས་ཐུར་སེལ་དང་། མཉམ་གཞག་གིས་མེ་མཉམ་དང་། སྒལ་ཚིག་བསྲང་བ་དང་། དང་ཁ་དགྱེས་པས་ཁྱབ་བྱེད་དང་། མགྲིན་པ་གུག་པས་གྱེན་རྒྱུ་དང་། ལྕེ་ཡར་རྐན་ལ་སྦྱར་བ་དང་། ལྟ་སྟངས་ཀྱིས་སྲོག་འཛིན་གྱི་རླུང་དབུ་མར་ཚུད་པར་བྱེད་ཅིང་། དེ་ལྔ་དབུ་མར་ཚུད་པས་ལས་རླུང་མཐའ་དག་དབུ་མར་ཚུད་ནས། རྣམ་པར་མི་རྟོག་པའི་ཡེ་
ཤེས་འཆར་བར་འགྱུར་གསུངས། ལྷོ་བྲག་མར་བས། བོད་ཀྱི་གདམས་ངག་ཐམས་ཅད་ཕྱོགས་གཅིག་ཏུ་བསྡོམས་ན། ངའི་ལུས་གནད་གཅིག་པུ་ལ་ཡང་མི་དོ་གསུངས་པའི་གཙོ་བོ་རྣམ་སྣང་ཆོས་བདུན་གྱི་བསྔགས་བརྗོད་ཡིན་སྐད། སྔོན་ཡུལ་བཅོམ་བརླག་ཅེས་བྱ་བའི་སྤྲེའུ་ཞིག་གིས། རང་སངས་རྒྱས་ལྔ་བརྒྱ་སྐྱིལ་ཀྲུང་བྱས་བསམ་གཏན་ལ་གནས་པ་མཐོང་ནས། སྤྲེའུས་ཀྱང་སྐྱིལ་ཀྲུང་བྱས་ནས་བསྡད། ནམ་ཞིག་གི་ཚེ། རང་སངས་རྒྱས་དེ་རྣམས་འབར་བ་དང་གསལ་བ་ལ་སོགས་པའི་རྫུ་འཕྲུལ་བསྟན་ནས། མྱ་ངན་ལས་འདས་ཚེ། སྤྲེའུ་འཁྱམས་ནས་དྲང་སྲོང་ལྔ་བརྒྱས་རི་སུལ་ན་སྤྱོད་ལམ་སྣ་ཚོགས་པས་འདུག་པའི་དྲུང་དུ་སོང་ནས་སྐྱིལ་ཀྲུང་བྱས་ནས་བསྡད་པས། མཁན་པོས་འཁོར་དྲང་སྲོང་རྣམས་ལ། སྤྲེའུ་རྣམས་ནི་དྲན་པ་དང་ལྡན་པ་སྟེ། འདིས་དྲང་སྲོང་ཁ་ཅིག་གི་སྤྱོད་ལམ་དེ་ལྟ་བུ་མཐོང་གིས། །ཁྱོད་ཅག་ཀྱང་སྐྱིལ་ཀྲུང་བཅས་ལ་སྡོད་ཅིག་བྱས་པས། ཀུན་གྱིས་སྐྱིལ་ཀྲུང་བྱས་ནས་བསྡད་པས། སྔོན་གྱི་དགེ་བའི་རྩ་བ་མངོན་དུ་གྱུར་ནས། མཁན་སློབ་ཐམས་ཅད་ཀྱིས་བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་
སུམ་ཅུ་རྩ་བདུན་མངོན་དུ་བསྐྱེད་ནས། རང་བྱང་ཆུབ་མངོན་དུ་བྱས་སོ། །བླ་མ་གོང་མ་རྣམས་ཀྱིས་བདག་ཅག་གི་སྟོན་པ་སངས་རྒྱས་ནས་བཟུང་སྔོན་བྱོན་གྱི་སངས་རྒྱས་ཐམས་ཅད་ལུས་གནད་རྣམ་སྣང་གི་ཆོས་བདུན་ལ་བརྟེན་ནས་སངས་རྒྱས་པ་ཡིན་པས། དེའི་རྟེན་འབྲེལ་གྱི་གནད་ཀྱིས་ངེད་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ན་གནས་སྐབས་ལུས་སེམས་བདེ་ཞིང་མཐར་སངས་རྒྱས་པར་འགྱུར་ཞེས་གསུངས། དེས་ན་ལུས་གནད་དྲང་པོར་བསྲངས་ནས་རྣམ་སྣང་ཆོས་བདུན་བྱའོ། །གཉིས་པ་རང་རྒྱུད་ལ་བརྟགས་ཏེ་མི་དགེ་བའི་སེམས་སྤངས། དགེ་སེམས་བསྐྱེད་པའི་ཕན་ཡོན་ནི། འཕགས་པ་ལྷས་བཞི་བརྒྱ་བར། བསམ་པའི་བྱང་ཆུབ་སེམས་དཔའ་ཡི། །དགེ་འམ་ཡང་ན་མི་དགེ་བ། །ཐམས་ཅད་དགེ་ལེགས་ཉིད་འགྱུར་གྱིས། །གང་ཕྱིར་སེམས་དེ་གཙོ་བའི་ཕྱིར། །ཞེས་དང་། སེམས་ཀྱི་སྒྲིབ་སྦྱོང་ལས། དགེ་སློང་རང་གི་ཕ་རྒན་ལ། །མྱུར་འདོང་ཞེས་ནི་བསྐུལ་གྱུར་ནས། །ཕུལ་བས་དེ་ནི་ཤི་གྱུར་ཀྱང་། །མཚམས་མེད་སྤྱོད་པ་མ་ཡིན་ནོ། །བསམ་པ་བཟང་པོའི་མཆིལ་ལྷམ་ཞིག །
ཐུབ་པའི་དབུལ་བཞག་པ་དང་། །དེ་བཞིན་གཞན་གྱིས་བསལ་བྱས་པ། །གཉིས་ཀས་རྒྱལ་སྲིད་འཐོབ་པར་གྱུར། །དེ་ཕྱིར་བསམ་པའི་རྩ་བ་ལ། །བསོད་ནམས་སྡིག་པ་རྣམ་པར་གནས། །ཞེས་དང་། སྡོམ་པ་ཉི་ཤུ་པ་ལས། སྙིང་རྗེ་ལྡན་ཕྱིར་བྱས་ཕྱིར་དང་། །སེམས་དགེ་བ་ལ་ཉེས་པ་མེད། །གསུངས། དེ་རྣམས་ལ་དགོངས་ནས་རྗེ་རིན་པོ་ཆེས། བསམ་པ་བཟང་ན་ས་དང་ལམ་ཡང་བཟང་། །གསུངས། དེ་བཞིན་དུ་དེང་སང་ཡོངས་གྲགས་ཀྱིས། བསམ་པ་བཟང་ན་ཅི་བྱས་ཆོས་སུ་འགྲོ་ཟེར། དེའི་ཕྱིར་རྭ་སྒྲེང་ཁྲི་ཆེན་རྡོ་རྗེ་འཆང་གིས། དགེ་མི་དགེའི་རྣམ་རྟོག་གང་ཡང་མེད་པའི་ལུང་མ་བསྟན་སེམས་ཀྱི་རང་བཞིན་འོད་གསལ་བ་དེ་ཉིད། དཔེར་ན་ཤེལ་དྲི་མ་མེད་པ་དེ་ཚོན་དམར་སེར་སོགས་གང་དང་ཕྲད་པ་ན། ཚོན་དེའི་ཁ་དོག་ཅན་དུ་འགྱུར་བ་བཞིན་དུ་དགེ་སེམས་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་དང་ཕྲད་པ་ཞིག་གི་ངང་ནས་དགེ་སྦྱོར་མཛད་དགོས་གསུངས། གསུམ་པ་སྐྱབས་འགྲོ་བྱས་པའི་ཕན་ཡོན་ནི། དྲི་མ་མེད་པའི་མདོ་ལས། སྐྱབས་སུ་སོང་བའི་བསོད་ནམས་གང་། །གལ་ཏེ་དེ་ལ་
གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་ནས། །དེ་ནི་དེ་བས་ལྷག་པར་འགྱུར་ཞེས་དང་། ཕར་ཕྱིན་བསྡུས་པ་ལས། སྐྱབས་སོང་བསོད་ནམས་གཟུགས་ཡོད་ན། །ཁམས་གསུམ་འདི་ཡང་སྣོད་དུ་ཆུང་། །རྒྱ་མཚོ་ཆེན་པོ་ཆུ་ཡི་གཏེར། །ཕུལ་གྱིས་བཅལ་བས་གཞལ་མི་ནུས། །གསུངས། བསྡུ་ན་བརྒྱད་དུ་འདུ་སྟེ། དང་པོ་ནང་པ་སངས་རྒྱས་པར་ཚུད་པའི་ཕན་ཡོན་ནི། ལམ་རིམ་ཆུང་བ་ལས། སྤྱིར་ཕྱི་ནང་ལ་འཇོག་ཚུལ་མང་དུ་སྣང་ནའང་། ཇོ་བོ་དང་ཤནྟི་པ་སྐྱབས་འགྲོས་བྱེད་པར་གྲགས་པས། སྐྱབས་འགྲོ་ཐོབ་ལ་མི་གཏང་བར་བྱའོ། །དེས་ན་སངས་རྒྱས་པར་ཚུད་པ་ལ་དཀོན་མཆོག་གསུམ་ལ་སྙིང་ཐག་པ་ནས་སྟོན་པ་ལ་སོགས་པར་འཛིན་པ་དགོས་ཀྱི། དེ་མེད་ན་དགེ་བ་གང་བྱས་ཀྱང་སངས་རྒྱས་པར་མི་ཚུད་དོ་གསུངས། གཉིས་པ་སྡོམ་པ་ཐམས་ཅད་ཀྱི་རྟེན་དུ་འགྱུར་བའི་ཕན་ཡོན་ནི། སྐྱབས་འགྲོ་བདུན་ཅུ་པ་ལས། དགེ་བསྙེན་གསུམ་ལ་སྐྱབས་འགྲོ་བ། །དེ་ནི་སྡོམ་བརྒྱད་རྩ་བ་ཡིན། །ཞེས་དང་། མཛོད་འགྲེལ་ལས། སྐྱབས་སུ་འགྲོ་བ་རྣམས་ནི་སྡོམ་
པ་ཡང་དག་པར་བླང་པ་ཐམས་ཅད་ལ་སྒོར་གྱུར་པ་ཡིན་ནོ་གསུངས། གསུམ་པ་སྔོན་བསགས་པའི་ལས་སྒྲིབ་རྣམས་སྲབ་ཅིང་ཟད་པར་འགྱུར་པའི་ཕན་ཡོན་ནི། བཅོམ་ལྡན་འདས་ཀྱི་ཞལ་ནས། རྩྭ་སྐམ་ཕུང་པོ་རི་རབ་ཙམ། །མེ་སྟག་ཆུང་དུས་བསྲེགས་པ་ལྟར། །དཀོན་མཆོག་གསུམ་ལ་སྐྱབས་སོང་ན། །སྡིག་པ་རི་རབ་ཙམ་ཡང་བྱང་གསུངས། སྔོན་བུ་མོ་རྡོ་རྗེ་བྱ་བས། སྐྱབས་འགྲོ་བྱས་པས་གཟུགས་ངན་པའི་ལས་སྒྲིབ་དག་ནས་མཚན་དང་ལྡན་པའི་ལུས་སུ་གྱུར་པར་གསུངས། བཞི་པ་བསོད་ནམས་རྒྱ་ཆེན་པོ་སོག་པའི་ཕན་ཡོན་ནི། མྱང་འདས་ལས། གསུམ་ལ་སྐྱབས་སུ་འགྲོ་བ་གང་། །བསོད་ནམས་ཡེ་ཤེས་དམ་པའི་ཚོགས། །འཇིག་རྟེན་རྒྱལ་བའི་ཆོས་འཕེལ་བས། །སངས་རྒྱས་ཉིད་ནི་འཐོབ་པར་འགྱུར། །ཞེས་དང་། ཁྱེའུ་སྦྱིན་པས་ཞུས་པའི་མདོ་ལས། གང་དག་སངས་རྒྱས་ལ་སྐྱབས་སུ་སོང་བ་དེ་དག་གི་དགེ་བའི་ཆོས་ཐམས་ཅད་མངོན་པར་འཕེལ་ལོ། །ངོ་ཚ་བ་ཤེས་པ་ཡིན་ནོ། །ཁྲེལ་ཡོད་པ་ཡིན་ནོ། །ཆོས་ལ་སྐྱབས་སུ་སོང་བ་དེ་དག་ནི་བག་ཡོད་པ་ཡིན་ནོ། །ཡོན་ཏན་ཀྱི་ཚོགས་མང་བ་
ཡིན་ནོ། །རྟག་ཏུ་ཚེ་རབས་དྲན་པ་ཡིན་ནོ། །ཆོས་ཀྱི་བགོ་སྐལ་གྱི་ཚོགས་དང་ལྡན་པ་ཡིན་ནོ། །དགེ་འདུན་ལ་སྐྱབས་སུ་སོང་བ་དེ་དག་གི་སེམས་ལས་སུ་རུང་བ་ཡིན་ནོ། །ཏིང་ངེ་འཛིན་དང་གཟུངས་ཀྱི་སྒོ་མང་བ་ཡིན་ནོ། །རྟག་ཏུ་རིགས་བཙུན་པ་ཡིན་ནོ། །རྨི་ལམ་དུ་སངས་རྒྱས་དང་ཆོས་དང་དགེ་འདུན་དང་མི་འབྲལ་བ་ཡིན་ནོ་གསུངས། ལྔ་པ་ཤི་ན་ངན་འགྲོར་མི་ལྟུང་བའི་ཕན་ཡོན་ནི། ཕག་མོའི་རྟོགས་བརྗོད་ལས། གང་ཞིག་སངས་རྒྱས་སྐྱབས་འགྲོ་བ། །དེ་ནི་ངན་འགྲོར་མི་འགྲོ་སྟེ། །དེ་ཡི་ལུས་ནི་སྤངས་ནས་ཀྱང་། །ལྷ་ཡི་ལུས་སུ་སྐྱེ་བར་འགྱུར། །དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་སྦྱར་ནས་གསུངས། སྔོན་ལྷའི་བུ་ཞིག་ཚེ་འཕོས་ནས་ཕག་ཏུ་སྐྱེ་བར་འགྱུར་བ་མཐོང་ནས། འཇིགས་ཤིང་སྐྲག་པ་ལ། བརྒྱ་བྱིན་གྱིས་སྐྱབས་འགྲོ་ཕོག་པས་ཕག་ཏུ་མ་སྐྱེས་པར་དགའ་ལྡན་གྱི་ལྷར་སྐྱེས་པར་གསུངས། དྲུག་པ་མི་དང་མི་མ་ཡིན་གྱི་བར་ཆད་ཀྱིས་མི་ཚུགས་པའི་ཕན་ཡོན་ནི། མདོ་ཉི་མའི་སྙིང་པོ་ལས། སངས་རྒྱས་སྐྱབས་སུ་སེམས་ཅན་སུ་འགྲོ་བ། །བདུད་རྣམས་བྱེ་བས་གསད་
པར་མི་ནུས་ཏེ། །ཚུལ་ཁྲིམས་ཉམས་ཤིང་བློ་ནི་འཁྲུགས་ཟིན་ཀྱང་། །དེ་ནི་ངེས་པར་སྐྱེ་བའི་ཕ་རོལ་འགྲོ། །གསུངས། སྔོན་གནོད་སྦྱིན་ཞིག་སྟག་ཅིག་ཏུ་སྤྲུལ་ནས། མི་རྣམས་རོ་མས་སུ་ཟ་བ་ལ། རྒན་མོ་མ་སྨད་གཉིས་ཀྱི་སྐྱབས་འགྲོ་བྱས་པས། མེ་དཔུང་དུ་མཐོང་སྟེ་གནོད་སྦྱིན་གྱིས་ཟ་བར་མ་ནུས་པ་དང་། དགེ་བསྙེན་མ་ཟླ་བཟང་མོས་སྐྱབས་འགྲོ་བྱེད་ཅིང་། དུར་ཁྲོད་འཇིགས་སུ་རུང་བ་ཞིག་ཏུ་མཚན་མོ་སོང་བ་ལས། གཅན་གཟན་མི་མ་ཡིན་རྣམས་ཀྱིས་མེ་དཔུང་དུ་མཐོང་ནས་མ་ཟོས་པར་གསུངས། བདུན་པ་ཅི་བསམ་པ་ཐམས་ཅད་འགྲུབ་པའི་ཕན་ཡོན་ནི། མདོ་སྡེ་རྒྱན་ལས། སྐྱབས་སུ་འགྲོ་བ་འདིར་སོང་དོན་ཆེ་སྟེ། །དེ་ནི་ཚད་མེད་ཡོན་ཏན་ཚོགས་འཕེལ་འགྱུར། །འགྲོ་བ་འདི་ལ་སྙིང་རྗེ་བསམ་པས་ཁྱབ། །མཚུངས་མེད་འཕགས་ཆེན་ཆོས་ཀྱང་རྒྱས་པར་བྱེད། །ཅེས་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོའི་ཞལ་ནས། ཆོས་གནད་དུ་སོང་ན་སྐྱབས་འགྲོས་ཀྱང་། །འཕྲལ་ཕན་ཞིང་ཕུགས་སུ་བདེ་བ་སྟེར། །གསུངས། ལམ་རིམ་ཆུང་བ་ལས། ཆོས་ལྡན་གྱི་བྱ་བ་གང་སྒྲུབ་པའི་ཐོག་མར་དཀོན་མཆོག་ལ་
མཆོད། དེས་སྐྱབས་སུ་སོང་ནས་གསོལ་བ་བཏབ་ན་བདེ་བླག་ཏུ་འགྲུབ་པའོ་གསུངས། བརྒྱད་པ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བའི་ཕན་ཡོན་ནི། མྱང་འདས་ལས། གང་སུ་གསུམ་ལ་སྐྱབས་སུ་འགྲོ། །དེ་དག་མྱུར་དུ་སངས་རྒྱས་འགྱུར། །ཞེས་དང་། ཤིང་རྟ་ཆེན་མོ་ལས། དེའང་སངས་རྒྱས་ལ་སྐྱབས་སུ་སོང་བའི་མཐར་ཐུག་སངས་རྒྱས་འགྲུབ། ཆོས་ལ་སྐྱབས་སུ་སོང་བས་ཆོས་ཀྱི་འཁོར་ལོ་བསྐོར། དགེ་འདུན་ལ་སྐྱབས་སུ་སོང་བས་ཕྱིར་མི་ལྡོག་པའི་དགེ་འདུན་རྒྱ་མཚོ་ལྟ་བུར་འདུ་བར་འགྱུར་རོ། །གསུངས། དེས་ན་ནང་ནུབ་ཀུན་ཏུ་སྐྱབས་འགྲོ་ལ་འབད་པར་བྱའོ། །བཞི་པ་སེམས་བསྐྱེད་བྱས་པའི་ཕན་ཡོན་ནི། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། བྱང་ཆུབ་སེམས་ཀྱི་བསོད་ནམས་གང་། །དེ་ལ་གལ་ཏེ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་བཀང་སྟེ། །དེ་ནི་དེ་བས་ལྷག་པར་འགྱུར། །སེམས་ཅན་ཀུན་གྱི་བསོད་ནམས་ཀྱི། །ཕུང་པོ་ཇི་སྙེད་ཡོངས་བཟུང་བ། །དེ་སྙེད་བྱང་ཆུབ་སེམས་དཔའ་ཡིས། །བྱང་ཆུབ་སེམས་ལ་རབ་ཏུ་འབྱུང་། །
ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། མདོར་ན་སངས་རྒྱས་བཅོམ་ལྡན་འདས་ལ་ལེགས་པ་ཡོད་པ་ཇི་ལྟ་བར། བྱང་ཆུབ་ཏུ་སེམས་བསྐྱེད་པའི་ལེགས་པ་དང་ཡོན་ཏན་ཡང་དེ་ཙམ་སྟེ། ནམ་མཁའི་ཁམས་དང་ཆོས་ཀྱི་དབྱིངས་ལྟར་རྒྱ་ཆེའོ། །ཞེས་དང་། སྤྱོད་འཇུག་ལས། བྱང་ཆུབ་སེམས་བསྐྱེད་གྱུར་ན་སྐད་ཅིག་གིས། །འཁོར་བའི་བཙོན་རར་བསྡམས་པའི་ཉམ་ཐག་རྣམས། །བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་། །འཇིག་རྟེན་ལྷ་མིར་བཅས་པས་ཕྱག་བྱར་འགྱུར། །ཞེས་དང་། དཔལ་སྦྱིན་གྱིས་ཞུས་པའི་མདོ་ལས། གངྒཱའི་བྱེ་མའི་གྲངས་སྙེད་ཀྱི། །སངས་རྒྱས་ཞིང་ཀུན་མི་གང་གིས། །རིན་ཆེན་བདུན་གྱིས་ཡོངས་བཀང་ཞིང་། །འཇིག་རྟེན་མགོན་ལ་ཕུལ་བ་བས། །གང་གི་ཐལ་མོ་སྦྱར་བྱས་ཏེ། །བྱང་ཆུབ་སེམས་ནི་བསྐྱེད་པ་ནི། །མཆོད་པ་འདི་ནི་ཁྱད་འཕགས་ཏེ། །དེ་ལ་མཐའ་ནི་མ་མཆིས་སོ། །ཞེས་དང་། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། གསུམ་པོ་འདི་དག་དེ་བཞིན་གཤེགས་པ་ལ་མཆོད་པ་བླ་ན་མེད་པ་སྟེ། བྱང་ཆུབ་ཏུ་སེམས་བསྐྱེད་པ་དང་། དམ་པའི་ཆོས་འཛིན་པ་
དང་། སྲོག་ཆགས་རྣམས་ལ་སྙིང་བརྩེ་བའོ། །ཞེས་དང་། དྲིན་ལན་བསབ་པའི་མདོ་ལས། གལ་ཏེ་བྱང་ཆུབ་ཏུ་སེམས་མ་བསྐྱེད་ན་ནམ་དུའང་བྱང་ཆུབ་འཐོབ་པར་མི་འགྱུར་ཏེ། དེ་བས་ན་བྱང་ཆུབ་ཏུ་སེམས་བསྐྱེད་ན། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་འཐོབ་པར་འགྱུར་རོ། །ཞེས་དང་། རྒྱལ་པོ་སེང་གེས་ཞུས་པའི་མདོ་ལས། སེམས་ཅན་ཐམས་ཅད་ཐར་བྱའི་ཕྱིར། །བྱང་ཆུབ་ཏུ་ནི་སེམས་བཏུད་པས། །དེ་ནི་ཆོས་རྣམས་སྡུད་པའི་མཆོག །དེ་ནི་དགའ་བ་ཐོབ་པར་འགྱུར། །ཞེས་དང་། སྡོང་པོ་བཀོད་པའི་མདོ་ལས། འཕགས་པ་བྱམས་པས་ནོར་བཟང་ལ་གསུངས་པ་ལ། རིགས་ཀྱི་བུ་བྱང་ཆུབ་ཀྱི་སེམས་ནི། སངས་རྒྱས་ཀྱི་ཆོས་ཐམས་ཅད་ཀྱི་ས་བོན་ལྟ་བུའོ། །རེ་བ་ཐམས་ཅད་བསྐང་བས་དཔག་བསམ་གྱི་ཤིང་ལྟ་བུའོ། །དོན་ཐམས་ཅད་འགྲུབ་པས་ཡིད་བཞིན་གྱི་ནོར་བུ་ལྟ་བུའོ། །ཞེས་སོགས་རྒྱ་ཆེར་གསུངས་སོ། །སྔོན་ཇོ་བོ་ཆེན་པོས། རྡོ་རྗེའི་གདན་ལ་བསྐོར་བ་མཛད་ནས་ཇི་ལྟར་བྱས་ན་མྱུར་དུ་མངོན་པར་རྫོགས་པའི་སངས་རྒྱས་ཐོབ་སྙམ་དུ་དགོངས་པ་
ན། སྐུ་གཟུགས་ཆུང་བ་ཐམས་ཅད་བཞེངས་ནས། ཆེ་བ་རྣམས་ལ་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་གང་ལ་བསླབ་པར་བྱ་ཞེས་དྲིས་པ་ན། བྱང་ཆུབ་ཀྱི་སེམས་ལ་བསླབ་པར་བྱའོ་གསུངས། གནྡྷོ་ལའི་སྟེང་གི་ནམ་མཁའ་ལ་བུད་མེད་རྒན་པ་ཞིག་ལ་གཞོན་པ་ཞིག་གིས་དྲིས་པ་ལ་ཡང་ལན་སྔར་ལྟར་མཛད་པ་གསན་པས། བྱང་ཆུབ་ཀྱི་སེམས་ལ་ཐུགས་ངེས་ཆེ་བར་སོང་སྐད། རྗེ་རིན་པོ་ཆེས། བསྐལ་པ་དུ་མའི་བར་དུ་རྨད་དུ་བྱུང་བའི་མཁྱེན་རབ་ཀྱིས་ཆེས་ཕྲ་བར་བྱས་ཏེ་ལམ་རྣམས་ལ་དཔྱད་པ་ན། འདི་ཉིད་འཚང་རྒྱ་བའི་ཐབས་དམ་པར་རྒྱལ་བ་སྲས་བཅས་ཀྱིས་གཟིགས་པའི་ཕྱིར་རོ་གསུངས། དེ་ལྟར་དུ་ཡང་སྤྱོད་འཇུག་ལས། བསྐལ་པ་དུ་མར་རབ་དགོངས་མཛད་པ་ཡི། །ཐུབ་དབང་རྣམས་ཀྱིས་འདི་ཉིད་ཕན་པར་གཟིགས། །ཞེས་མདོ་རྒྱུད་བསྟན་བཅོས་ཐམས་ཅད་ནས་དེ་ལྟར་དུ་གསུངས། དེས་ན་མྱུར་དུ་མངོན་པར་རྫོགས་པར་འཚང་རྒྱ་བར་འདོད་པས་ཉིན་རེ་བཞིན་སྨོན་འཇུག་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ་འབད་པར་བྱའོ། །ལྔ་པ་ཚད་མེད་པ་བཞི་བསྒོམས་པའི་ཕན་ཡོན་ནི། དཔལ་
ཕྲེང་གི་མདོ་ལས། གང་གིས་ཚད་མེད་བཞི་བསྒོམས་པ། །དེ་ནི་བདེ་གཤེགས་ཀུན་གྱིས་དགོངས། །ཀུན་ཏུ་ཡོན་ཏན་ཚད་མེད་དེ། །ནམ་མཁའི་ལམ་ལས་རབ་འདས་པའོ། །ཞེས་དང་། མདོ་སྡེ་རྒྱན་ལས། ཚངས་པའི་གནས་པའི་གནས་པ་ཡི། །བློ་ལྡན་རྟག་ཏུ་འདོད་པ་སྐྱེ། །དེར་ནི་ཚོགས་རྣམས་རྫོགས་བྱེད་ཅིང་། །སེམས་ཅན་དག་ཀྱང་ཡོངས་སྨིན་བྱེད། །ཀུན་ཏུ་ཚངས་དང་མི་འབྲལ་བ། །དེ་ཡི་མི་མཐུན་ཕྱོགས་དང་བྲལ། །བག་མེད་གྱུར་ཀྱང་དེ་ཡི་རྐྱེན། །མི་བཟང་བས་ཀྱང་མི་འགྱུར་རོ། །ཞེས་དང་། པདྨ་རྩེ་མོ་ལས། བྱམས་པས་ཞེ་སྡང་གནས་སུ་དག །མེ་ལོང་ཡེ་ཤེས་ལོངས་སྤྱོད་རྫོགས། །སྙིང་རྗེས་འདོད་ཆགས་གནས་སུ་དག །ཀུན་རྟོག་ཡེ་ཤེས་ཆོས་ཀྱི་སྐུ། །དགའ་བས་ཕྲག་དོག་གནས་སུ་དག །བྱ་གྲུབ་ཡེ་ཤེས་སྤྲུལ་པའི་སྐུ། །མཛད་པ་ལྷུན་གྲུབ་དམ་པའོ། །བཏང་སྙོམས་བཏང་སྙོམས་ཆེན་པོ་ཡིས། །ང་རྒྱལ་གཏི་མུག་གནས་སུ་དག །མཉམ་ཉིད་ཆོས་དབྱིངས་ཡེ་ཤེས་བདག །བྱང་ཆུབ་རྡོ་རྗེའི་སྐུ་ཉིད་དོ། །ཞེས་དང་། དགེ་བ་གསུམ་གྱི་དོན་ཁྲིད་ལས།
བྱམས་པས་གནས་སྐབས་ཀུན་གྱི་ཡིད་དུ་འོང་ཞིང་། མཐར་ཐུག་ལོངས་སྐུ་འགྲུབ་པ་དང་། སྙིང་རྗེས་འཚེ་བ་མེད་ཅིང་ཆོས་སྐུ་འགྲུབ་པ་དང་། དགའ་བས་ཕྲག་དོག་མེད་ཅིང་སྤྲུལ་སྐུ་འགྲུབ་པ་དང་། བཏང་སྙོམས་ཀྱིས་སེམས་ལས་སུ་རུང་ཞིང་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པ་དང་། གཞན་ཡང་འདོད་པར་ལྷ་མིའི་ལུས་འགྲུབ་པས་ཕན་བདེ་བྱེད་ལ། གཟུངས་ཀྱི་ཏིང་ངེ་འཛིན་དང་། སྐྱེ་གནས་དག་པའི་ཡོན་ཏན་མངོན་དུ་བྱེད། །གསུངས། ཤིང་རྟ་ཆེན་མོ་ལས། བྱམས་པས་ཡིད་དུ་འོང་བ་དང་། སྙིང་རྗེས་བདེ་བ་དང་། དགའ་བས་སྨན་དང་མེ་ཏོག་ལ་སོགས་པ་མང་ཞིང་སྐྱིད་ལ་འབྱོར་བ་དང་། བཏང་སྙོམས་ཀྱིས་སྐྱེ་དགུ་རྣམས་མཐུན་ཞིང་། གནོད་པ་མེད་པར་སྐྱེའོ། །གསུངས། ཡང་བླ་མ་མང་པོས། མ་སེམས་ཅན་ཚད་མེད་པ་ལ་བྱམས་པ་ཚད་མེད་པ། སྙིང་རྗེ་ཚད་མེད་པ། དགའ་བ་ཚད་མེད་པ། བཏང་སྙོམས་ཚད་མེད་པ་བསྒོམས་ན། བསོད་ནམས་ཚད་མེད་པ་སྐྱེ་བར་འགྱུར་རོ་གསུངས། ཡང་ཚད་མེད་བཞི་པོ་སོ་སོའི་ཕན་ཡོན་བཤད་པ་ལ་བཞི་ལས། དང་པོ་བྱམས་པ་བསྒོམས་པའི་ཕན་ཡོན་ནི། བརྒྱད་སྟོང་པ་ལས།
བྱམས་པ་དང་ལྡན་པའི་སེམས་མང་དུ་བསྒོམས་ཞིང་། བརྟན་པར་བྱས་པས། འགྲོ་བ་མཐོང་ན་ཡིད་དུ་འོང་བ་ཡིན། ཁོང་ཁྲོ་བ་མེད་པ་ཡིན། ཞེས་དང་། ཐར་པ་ཆེན་པོ་ཕྱོགས་སུ་རྒྱས་པའི་མདོ་ལས། གང་ཞིག་འཇིག་རྟེན་རྣམ་དག་ན། །བསྐལ་པ་གཅིག་གི་བར་དག་ཏུ། །ཚུལ་ཁྲིམས་དག་ནི་བསྲུངས་པ་བས། །སྐྱེས་བུས་སྐད་ཅིག་དགའ་བ་ཙམ། །དེ་བས་བྱམས་པ་སྤྱད་པ་མཆོག །གང་གིས་འཇིག་རྟེན་ཁམས་འདི་རུ། །ལུས་དང་ངག་ཡིད་སྡིག་སྤྱད་དེ། །ངན་སོང་གསུམ་དུ་ལྟུང་ངེས་ཀྱང་། །བྱམས་པ་དེ་ཡིས་འཕྲལ་དུ་འབྱང་གསུངས། གཉིས་པ་སྙིང་རྗེ་བསྒོམས་པའི་ཕན་ཡོན་ནི། སྙིང་པོ་མཆོག་ལས། སྙིང་རྗེ་ཆེན་པོས་ནི་སེམས་ལས་སུ་རུང་བ་དང་། འཚེ་བ་མེད་པ་དང་དགའ་བས་བརྒྱན་པའི་མཆོག་ཐོབ་པར་བྱེད་དོ། །གསུངས། གསུམ་པ་དགའ་བ་བསྒོམས་པའི་ཕན་ཡོན་ནི། བརྒྱད་སྟོང་པ་ལས། དགའ་བ་དང་ལྡན་པའི་སེམས་ཡངས་པ་ཚད་མེད་པ། ཉན་ཐོས་དང་རང་སངས་རྒྱས་ཐམས་ཅད་ཀྱིས་མི་འཕྲོག་པ་གང་གིས་བླ་ན་མེད་པའི་བྱང་ཆུབ་ཕུན་སུམ་ཚོགས་པའི་མངོན་པར་
མཐོ་བ་ཉིད་འཐོབ་པར་བྱེད་དོ་གསུངས། བཞི་པ་བཏང་སྙོམས་བསྒོམས་པའི་ཕན་ཡོན་ནི། ཤིང་རྟ་ཆེན་མོ་ལས། དེའང་ཀུན་རྫོབ་ཀྱི་རང་གཞན་ཉེ་རིང་མེད་ལ། དོན་དམ་པས་ནི། གཉིས་སུ་མེད་པའི་ཆོས་ཉིད་རྟོགས་པར་འགྱུར་རོ། །གསུངས། དེས་ན་ཚད་མེད་པ་བཞི་བསྒོམ་པ་ལ་འབད་པར་བྱའོ། །སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞིའི་ངག་འདོན་ནི། ཐུན་མོང་གི་སྐྱབས་འགྲོ་དང་། ཐུན་མོང་མ་ཡིན་པ་སྔགས་ཀྱི་སྐབས་གང་ན་ཡོད་པ་རང་གི་སྔར་གང་ཤེས་པ་བཏོན་ན་ཆོག་གོ །བཞི་པ་མདུན་གྱི་ནམ་མཁར་བསྟན་པའི་བདག་པོའི་གཙོར་བྱས་ཚོགས་ཞིང་གི་ལྷ་རྣམས་བསྐྱེད་པའི་ཕན་ཡོན་ནི། འཕགས་པ་དཀོན་མཆོག་བརྩེགས་པ་ལས། གང་ཞིག་རྒྱལ་བ་ཡིད་བྱེད་པ། །དེ་ཡི་མདུན་ན་དེ་བཞུགས་ཏེ། །རྟག་པར་བྱིན་གྱིས་རློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ། །གསུངས། དེ་བཞིན་དུ་བླ་མ་རྣམས་ཀྱིས། གང་གིས་མོས་པ་གཙོ་བྱེད་པ། །དེ་ཡི་མདུན་ན་ཐུབ་པ་བཞུགས། །གསུངས། གཞན་ཡང་ཏིང་འཛིན་རྒྱལ་པོ་ལས། གསེར་གྱི་ཁ་དོག་ལྟ་བུའི་སྐུ་ལུས་ཀྱིས། །འཇིག་རྟེན་མགོན་པོ་ཀུན་
ཏུ་མཛེས་པ་སྟེ། །དམིགས་པ་དེ་ལ་གང་གི་སེམས་འཇུག་པ། །བྱང་ཆུབ་སེམས་དཔའ་དེ་མཉམ་གཞག་ཅེས་བྱ་གསུངས། སྔོན་སངས་རྒྱས་བཅོམ་ལྡན་འདས་ཀྱིས་འཁོར་རྣམས་ལ་དགེ་སློང་དག་དགོན་པ་དང་ཤིང་དྲུང་དང་། ས་ཕུག་ལ་སོགས་པ་ན་འཇིགས་ཤིང་སྤུ་ཟིང་ངེ་བྱེད་ནའང་། ང་རྗེས་སུ་དྲན་པར་གྱིས་ཤིག་དང་། འཇིགས་པ་མེད་པར་འགྱུར་རོ་གསུངས། དེས་ན་སངས་རྒྱས་ཡིད་ལ་དྲན་ན་འཇིགས་པ་ཀུན་ལས་གྲོལ་ཞིང་། གཞན་ཡང་སངས་རྒྱས་ཡིད་ལ་དྲན་པ་ཙམ་གྱིས་བསྐལ་པ་གྲངས་མེད་པའི་སྡིག་པ་འདག །བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་རྫོགས་པ་དང་། ཞི་གནས་ཀྱི་ལམ་རྒྱུད་ལ་བདེ་བླག་ཏུ་སྐྱེ་ཞིང་། གསང་སྔགས་བསྐྱེད་རྫོགས་ཀྱི་སྣོད་རུང་དུ་འགྱུར་བ་དང་། འཆི་ཁར་དྲན་པ་མི་ཉམས་ཤིང་སངས་རྒྱས་ཀྱི་སྣང་བ་དང་མི་འབྲལ། ཚེ་འཕོས་ནས་ཀྱང་སངས་རྒྱས་ཀྱིས་ལམ་སྣ་དྲངས་ཏེ། འོག་མིན་དགའ་ལྡན་བདེ་བ་ཅན་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པར་བགྲོད་ཅིང་། སྐྱེ་བ་འདི་ནས་ཚེ་རབས་ཐམས་ཅད་དུ་སྟོན་པ་ཐུགས་རྗེ་ཅན་གྱིས་དགེ་
བའི་བཤེས་གཉེན་མཛད་ནས་མ་ནོར་བའི་ལམ་བསྟན་ཏེ་སངས་རྒྱས་ཀྱི་ས་ལ་འཇོག་པ་སོགས་ཕན་ཡོན་མཐའ་ཡས་པ་གསུངས་སོ། །དེས་ན་རང་གི་མདུན་གྱི་ནམ་མཁའི་ཁམས་ཐམས་ཅད་འཇའ་འོད་ཀྱིས་གང་བའི་ཀློང་ན་སེང་ཁྲི་པད་ཟླའི་གདན་ལ་བདག་ཅག་གི་སྟོན་པ་སངས་རྒྱས་ཀྱིས་གཙོར་བྱས་པའི་མཆོད་འོས་སྐྱབས་གྱུར་གྱི་ལྷ་ཚོགས་གཅིག་ཀྱང་མ་ལུས་པ། ནམ་མཁའ་ལ་སྐར་ཚོགས་བཀྲ་བ་བཞིན་དུ་ཁྲ་མེ་རེ། བར་སྣང་ལ་འཇའ་ཚོན་འཁྱིལ་བ་བཞིན་དུ་གཟི་བརྗིད་འོད་ཕུང་ངེ་། མིག་གིས་མཐོང་རྒྱུ་དང་ལག་པས་འཛིན་རྒྱུ་ཡོད་པ་ལྟ་བུར་མངོན་སུམ་ཁྲ་ལམ་མེར་བཞུགས་ཡོད་སྙམ་པའི་མོས་པ་བྱའོ། །ལྷ་དེ་རྣམས་ལ་དམིགས་ནས་ཁྲུས་གསོལ་བྱས་པའི་ཕན་ཡོན་ནི། སྦྱིན་པའི་ཕན་ཡོན་བསྟན་པའི་མདོ་ལས། དེ་བཞིན་གཤེགས་པའི་མཆོད་རྟེན་ནམ། དེ་བཞིན་གཤེགས་པའི་སྐུ་གཟུགས་ལ། འབྲུ་མར་དྲི་ཞིམ་པོ་ཕུལ་ལམ། སྤོས་ཀྱི་ཁྲུས་ཆུས་དབུལ་བ་ཕུལ་ན། རྣམ་པར་སྨིན་པ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུ་འཐོབ་པར་འགྱུར་རོ། །ཁྲུས་ཀྱི་ཡོ་བྱད་སྦྱིན་པ་བྱིན་ན་
རྣམ་པར་སྨིན་པ་ཚེ་རབས་ཐམས་ཅད་དུ་ནད་ཉུང་བ། རིགས་ཀྱི་མཆོག་ཏུ་སྐྱེ་ཞིང་། ཀུན་ཏུ་མཛེས་པ་འཐོབ་པར་འགྱུར་རོ། །གསུངས། གསལ་རྒྱལ་གྱི་མདོ་ལས། མི་རྣམས་གང་དག་ཐུབ་དབང་མཆོད་རྟེན་ལ། །སྤོས་ཆུ་གཙང་ཞིང་དྭངས་པས་ཁྲུས་གསོལ་བ། །དེ་དག་ལུས་ལ་དྲི་མ་མེད་པ་དང་། །གདུང་བ་མེད་ཅིང་མདོག་འཇམ་མྱ་ངན་མེད། །ཅེས་དང་། དཔལ་ལྡན་དཔའ་བོས། ཁྲུས་གསོལ་གང་ཞིག་མཆོད་བྱེད་ན། །དེ་དག་རྙོག་པ་ཐམས་ཅད་ཀྱི། །དྲི་མ་དག་ནས་ཐར་པ་ཐོབ། །ཅེས་དང་། དྲི་ཞིམ་ཆུ་ནི་ཡིད་འོང་བ། །ཁ་དོག་དཀར་སེར་བྱེ་བྲག་གིས། །ཡིད་འོང་ཐུབ་པ་ཁྲུས་གསོལ་འདིར། །སེམས་ཀྱི་དྲི་མ་སྤངས་ནས་ནི། །དེ་ནི་འགྲོ་བའི་བླ་མར་འགྱུར། །ཞེས་གསུངས། དེས་ན་དངོས་སུ་མེ་ལོང་ལ་གཟུགས་བརྙན་འཆར་དུ་བཅུག་ནས་དྲི་ཞིམ་ཞིང་མདོག་མཛེས་ཤིན་ཏུ་དྭངས་པའི་ཆུས། མེ་ལོང་ལ་ཁྲུས་གསོལ་ཞིང་། ཡིད་ཀྱིས་ལུས་གྲངས་མེད་སྤྲུལ་ནས་ལྷ་ཚོགས་དེ་རྣམས་ལ་ཁྲུས་གསོལ་བའི་མོས་པ་བྱས། སྤྱན་འདྲེན་ཁྲུས་གསོལ་གྱི་གཞུང་ལྟར་རྒྱས་པར་བྱེད་ཐུབ་
ན་ཚེ་འཁོར་བ་ཐོག་མེད་ནས་བསགས་པའི་རང་གཞན་གྱི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་བྱང་ཞིང་དག་ནས། མྱུར་དུ་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པས། བློ་གྲོས་དང་ལྡན་པ་རྣམས་ཀྱིས་རྟེན་ཁྱད་པར་ཅན་གྱི་མདུན་ནས་ཁྲུས་གསོལ་བྱེད་བ་ལ་འབད་པར་བྱའོ། ལྔ་པ་བསགས་སྦྱང་གི་གནད་བསྡུས་པ་ཡན་ལག་བདུན་པ་ཕུལ་བའི་བསོད་ནམས་ནི་ཚད་མེད་དེ། དཔལ་སྦས་ཀྱིས་ཞུས་པའི་མདོ་ལས། གང་ཞིག་ཕྱོགས་བཅུའི་སངས་རྒྱས་ལ། །དམིགས་ནས་ཐལ་མོ་སྦྱར་བྱས་ཏེ། །ཕྱག་འཚལ་དེ་བཞིན་མཆོད་བྱེད་དམ། །བསོད་ནམས་དག་ལ་ཡི་རང་ཞིང་། །སྡིག་པ་དག་ཀྱང་འཆགས་པར་བགྱིད། །བསྐུལ་དང་གསོལ་བ་འདེབས་འགྱུར་བ། །དེ་ཡི་བསོད་ནམས་ཕུང་པོ་ནི། །ནམ་མཁའ་གང་བར་རྟག་ཏུ་འབྱུང་། །ཞེས་དང་། ལེགས་བཤད་འཕྲུལ་གྱི་ལྡེའུ་མིག་ལས། ཆོས་ཀྱི་གནད་འགག་ཐམས་ཅད་མདོར་བསྡུས་ན། །དགེ་བ་གསོག་ཅིང་སྡིག་པ་སྤོང་བ་སོགས། །བསགས་སྦྱངས་གཉིས་སུ་མ་འདུས་ཆོས་མེད་ཅིང་། །དེ་ཡང་ཡན་ལག་བདུན་པར་འདུས་པས་ན། །འདི་བདུན་
ཆོས་ཀྱི་བསྡོམས་པ་ཆེ་ཤོས་ཡིན། །རྗེ་བཙུན་བླ་མ་བློ་བཟང་གྲགས་པས་ཀྱང་། འོལ་ཁའི་ཆོས་ལུང་དགོན་པ་ལ་སོགས་པར། །ཡན་ལག་བདུན་པའི་ཆོ་ག་ནར་མར་མཛད། །ཅེས་དང་། སེམས་ཉིད་ངལ་གསོ་ལས། འདི་ནི་བསོད་ནམས་འབྲས་བུ་ཚད་མེད་དེ། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཁྱབ། །ཅེས་གསུངས་སོ། །བྱེ་བྲག་སོ་སོའི་ཕན་ཡོན་བརྗོད་པ་བདུན་ལས། དང་པོ་ཕྱག་འཚལ་བའི་ཕན་ཡོན་ནི། འདུལ་བ་ལུང་ལས། དགེ་སློང་འདིས། འདི་ལྟར་སྐྲ་དང་སེན་མོའི་མཆོད་རྟེན་ལ། ཡན་ལག་ཐམས་ཅད་ཀྱིས་ཕྱག་འཚལ་ཏེ། སེམས་དང་བར་བྱེད་པ་ལ་ལྟོས། བཙུན་པ་དེ་ལྟར་ལགས་སོ། །དགེ་སློང་དག །དགེ་སློང་འདིས་ཇི་ཙམ་ནོན་པའི་འོག་དཔག་ཚད་བརྒྱད་ཁྲི་བཞི་སྟོང་ན། གསེར་གྱི་འཁོར་ལོ་ལ་ཐུག་གི་བར་དུ་བྱེ་མ་ཇི་སྙེད་ཡོད་པ་དེ་སྙེད་དུ། དགེ་སློང་འདིས་འཁོར་ལོས་བསྒྱུར་བའི་རྒྱལ་སྲིད་སྟོང་འགྱུར་དུ་ལོངས་སྤྱོད་པར་འགྱུར་རོ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། སུ་ཞིག་བྱང་ཆུབ་སེམས་ཀྱིས་སུ། །སྟོན་པའི་མཆོད་རྟེན་
ཕྱག་འཚལ་བ། །དེ་ནི་བསྐལ་པ་བྱེ་བར་ཡང་། །ནམ་ཡང་འོན་ཅིང་འཐོམ་མི་འགྱུར། །ཞེས་དང་། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། གང་གི་སྒོ་གསུམ་བཏུད་བྱས་ནས། །རྒྱལ་བའི་སྐུ་ལ་ཕྱག་འཚལ་ན། །དེ་ཡི་བསོད་ནམས་འཇིག་རྟེན་དུ། །གཟུགས་ཅན་གྱུར་ན་ཤོང་མི་འགྱུར། །ཞེས་དང་། མདོ་སྡེ་པད་དཀར་ལས། མཆོད་རྟེན་དེ་ལ་གང་གིས་ཐལ་མོ་སྦྱར། །ཡོངས་སུ་ཚང་བའམ་ཐལ་མོ་ཡ་གཅིག་གམ། །ཡང་ན་མགོ་བོ་སྐད་ཅིག་འདུད་པ་དང་། །དེ་བཞིན་ལན་ཅིག་ལུས་ཀྱང་འདུད་པ་དང་། །གང་གིས་རིང་བསྲེལ་གནས་པ་དེ་དག་ལ། །གཡེང་བའི་སེམས་ཀྱིས་སངས་རྒྱས་ཕྱག་འཚལ་ཞེས། །ཚིག་གཅིག་ལན་འགའ་བརྗོད་པར་བྱས་པ་ཡང་། །དེ་དག་ཀུན་གྱིས་བྱང་ཆུབ་མཆོག་འདི་ཐོབ། །གསུངས། བླ་མ་དཀོན་མཆོག་གསུམ་ལ་དམིགས་ནས་ཕྱག་འཚལ་བ་གཅིག་པུས་ཀྱང་མངོན་པར་རྫོགས་པར་སངས་རྒྱས་པར་ཆོས་སྤྱོད་མངོན་བར་རྟོགས་པའི་རྒྱུད་ལས་གསུངས། ཕྱག་འཚལ་བའི་དུས་སུ་བསྟོད་པ་བྱས་ན་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་གི་གོ་འཕང་རིང་མིན་བདེ་བླག་ཉིད་དུ་འཐོབ་པར་འགྱུར་སྟེ།
འདུས་པའི་རྩ་རྒྱུད་ལེའུ་བཅུ་བདུན་པ་ལས། སངས་རྒྱས་ཀུན་གྱིས་བསྐུལ་བ་ཡི། །བསྟོད་ཚིག་ཞི་བ་འདི་རྣམས་ཀྱིས། །རྡོ་རྗེ་ལོངས་སྤྱོད་བསྟོད་ན་ནི། །དེ་ཡང་སངས་རྒྱས་འདྲ་བར་འགྱུར། །ཞེས་གསུངས། གཞན་ཡང་དཀྱིལ་ཆོག་ཉི་ཤུ་པ་ལས། དེ་བཞིན་གཤེགས་རྣམས་ལ་བསྟོད་པ། །དེ་ལ་སངས་རྒྱས་རྡོ་རྗེ་སེམས། །རང་ཉིད་གྲོགས་པོར་ངེས་པར་གནས། །ཞེས་བླ་མ་དང་ལྷག་པའི་ལྷས་སྡོངས་གྲོགས་མཛད་ནས་ལམ་གྱི་རྟོགས་པ་སྐྱེ་སླ་བར་གསུངས། དེས་ན་དངོས་སུ་ཕྱག་འཚལ་ཞིང་། ཡིད་ཀྱིས་ལུས་གྲངས་མེད་སྤྲུལ་ནས་ཕྱག་འཚལ་བའི་མོས་པ་དང་། ངག་གིས་བསྟོད་དབྱངས་གང་ཤེས་འདོན་པར་བྱའོ། །གཉིས་པ་མཆོད་པ་ཕུལ་བའི་ཕན་ཡོན་ནི། དུས་འཁོར་གྱི་རྒྱུད་ལས། ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དད་པའི་སེམས་ཀྱིས་མཆོད་བྱས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཚེ་འདི་ཉིད་ལ་འཐོབ་པར་འགྱུར། །ཞེས་དང་། འཁོར་ལོ་བཅུ་པའི་མདོ་ལས། འཇིག་རྟེན་དག་ན་བདེ་ཞིང་སྐྱིད་པ། །དེ་དག་དཀོན་མཆོག་མཆོད་ལས་འབྱུང་བས། །དེ་བས་
བདེ་ཞིང་སྐྱིད་པར་འདོད་པས། །དཀོན་མཆོག་མཆོད་ལ་རྟག་ཏུ་བརྩོན་པར་བྱ། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་པོ་སྐྱོབ་པ་ལ། །དར་གྱི་དབུལ་བ་ཕུལ་བྱས་ན། །ལྷ་ཡི་དག་དང་མི་རྣམས་ཀྱི། །དོན་རྣམས་ཐམས་ཅད་འགྲུབ་པར་འགྱུར། །ཞེས་དང་། རིན་ཆེན་ཕྲེང་བ་ལས། མཆོད་རྟེན་མར་མེ་ཕྲེང་བ་དང་། །མུན་ཁང་དག་ཏུ་སྒྲོན་མ་དང་། །མར་མེ་འབྲུ་མར་སྦྱིན་པ་ཡིས། །ལྷ་ཡི་མིག་ནི་ཐོབ་པར་འགྱུར། །མཆོད་རྟེན་མཆོད་པར་རོལ་མོ་དང་། །དྲིལ་བུ་དག་ནི་ཕུལ་བ་དང་། །དུང་དང་རྔ་ནི་ར་བ་ཕུལ་བས། །ལྷ་ཡི་རྣ་བ་འཐོབ་པར་འགྱུར། །ཞེས་དང་། དམ་ཆོས་པདྨ་དཀར་པོ་ལས། སངས་རྒྱས་ལ་དམིགས་ནས་མེ་ཏོག་གཅིག་ནམ་མཁར་གཏོར་ནའང་། སྔོན་གྱི་མཐའ་མི་མངོན་པ་དེ་ཙམ་གྱི་བསྐལ་པར་འཁོར་བའི་ཚེ། བརྒྱ་བྱིན་དང་འཁོར་ལོས་བསྒྱུར་རྒྱལ་ཐོབ་པའི་མཐའ་མི་རྙེད། །གསུངས། སྔོན་བྲམ་ཟེའི་ཁྱེའུ་སྤྲིན་གྱིས་སངས་རྒྱས་མར་མེ་མཛད་ལ་མེ་ཏོག་ཨུ་ཏྤལ་ལྔ་གཏོར་པས། མི་སྐྱེ་བའི་ཆོས་ལ་བཟོད་པ་ཐོབ་ནས། ཤིང་ཏ་ལ་བདུན་ཙམ་གྱི་ནམ་མཁའ་ལ་
འཕགས་སོ། །དེའི་ཚེ་སངས་རྒྱས་མར་མེ་མཛད་ཀྱིས། བྲམ་ཟེའི་ཁྱེའུ་འདི་མ་འོངས་པའི་དུས་སུ། སངས་རྒྱས་ཤཱཀྱ་ཐུབ་པ་ཞེས་བྱ་བར་འགྱུར་ཞེས་ལུང་བསྟན་པ་བྱུང་། དེས་ན་བླ་མ་དཀོན་མཆོག་གིས་ཕྱོགས་ལ་དངོས་སུ་འབྱོར་བ་དང་ཡིད་ཀྱིས་སྤྲུལ་པའི་མཆོད་ཚོགས་དབུལ་བར་བྱའོ། །གསུམ་པ་བཤགས་པ་བྱས་པའི་ཕན་ཡོན་ནི། ཡུམ་བར་པ་ལས། གང་ཞིག་དྲན་པའི་མོད་ལ་ནི། །སྡིག་པ་དྲན་པའི་འགྱོད་པ་ཡིན། །བཤགས་པས་ཐམས་ཅད་འཛད་པ་སྟེ། །རྒྱལ་བའི་སྲས་པོ་ཕྱིས་སྡོམས་ཤིག །ཅེས་དང་། ལས་རྣམ་འབྱེད་ལས། ཤིན་ཏུ་མི་ཟད་ལས་རྣམས་བྱས་པ་ནི། །བདག་ལ་རྣམ་པར་སྨོད་པས་བསྲབ་པར་འགྱུར། །རབ་ཏུ་བཤགས་དང་སྡོམ་པར་བྱེད་པ་ཡིས། །དེ་དག་ཤིན་ཏུ་རྩ་ནས་བཏོན་པ་བཞིན། །ཞེས་དང་། བཤེས་སྤྲིང་ལས། གང་ཞིག་སྔོན་ཆད་བག་མེད་གྱུར་པ་ལས། །ཕྱིས་ནས་བག་དང་ལྡན་པར་གྱུར་དེ་ཡང་། །ཟླ་བ་སྤྲིན་བྲལ་ལྟ་བུར་རྣམ་མཛེས་ཏེ། །དགའ་བོ་སོར་ཕྲེང་མཐོང་ལྡན་བདེ་བྱེད་བཞིན། །གསུངས་པ་ལྟར་གཅུང་དགའ་བོ་ཆུང་མ་ལ་ཧ་
ཅང་ཆགས་པ་དང་། སོར་ཕྲེང་གིས་མི་དགུ་བརྒྱ་དང་དགུ་བཅུ་གོ་དགུ་བསད་པ་དང་། རྒྱལ་བུ་མཐོང་ལྡན་གྱིས་ཕ་བསད་པ་དང་། ཁྱེའུ་བདེ་བྱེད་ཀྱིས་མ་བསད་པ་ལ་ཕྱིས་སྟོབས་བཞིའི་བཤགས་པ་བྱས་པས་དག་པ་དང་། རྒྱལ་པོ་མ་སྐྱེས་དགྲས་མཚམས་མེད་པའི་ལས་བྱས་པས། ཕྱིས་འགྱོད་ཚངས་དྲག་པོས་བཤགས་ཏེ། འཕགས་པ་འཇམ་དཔལ་གྱིས། གནས་ལུགས་ཀྱི་དོན་ངོ་སྤྲད་པས་གཅིག་ཀྱང་མ་ལུས་པར་བྱང་ངོ་། །དེ་བཞིན་དུ་འོ་སྐོལ་རྣམས་ཀྱིས་སྡིག་པ་གང་བྱས་རྣམས་ལ་གནོང་ཞིང་འགྱོད་པའི་སྒོ་ནས་བླ་མ་དཀོན་མཆོག་གི་སྤྱན་སྔར་བཤགས་སྡོམ་བྱས་ན་སྡིག་པ་འདག་པར་འགྱུར་པས། སྡིག་བཤགས་བྱེད་པ་ལ་འབད་པར་བྱའོ། །བཞི་པ་རྗེས་སུ་ཡི་རང་བའི་ཕན་ཡོན་ནི། མདོ་སྡུད་པ་ལས། མི་ལྡོག་བྱང་ཆུབ་མཆོག་ཏུ་རབ་ཏུ་ཞུགས་པ་ཡིས། །སེམས་བསྐྱེད་པ་ལ་བསམ་པ་ཐག་པས་ཡི་རང་བ། །སྟོང་གསུམ་རི་རབ་སྲང་ལ་གཞལ་བས་ཚད་བཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཞེས་དང་། རྒྱལ་པོ་གསལ་རྒྱལ་གྱིས་ཞུས་པའི་མདོ་ལས། མི་རྣམས་གང་དག་དགེ་བའི་སེམས་
ལྡན་པས། །རྒྱལ་བའི་མཆོད་རྟེན་གཞན་གྱིས་བྱས་པ་ལ། །རྗེས་སུ་ཡི་རང་དོན་དེ་མ་བྱས་ཀྱང་། །མདོར་ན་དེ་དག་གིས་ཀྱང་བྱས་པར་འགྱུར། །ཞེས་དང་། འཕགས་པ་བྱམས་པའི་མདོ་ལས། མེ་ཏོག་སྙིམ་པ་གང་ཙམ་མམ། མར་མེ་གཅིག་ཙམ་འབུལ་བའམ། གཞན་དག་བསོད་ནམས་བྱེད་པ་ལ་རྗེས་སུ་ཡི་རང་བ་སྟེ། དགེ་བ་འདི་དག་བྱེད་པའི་ལྷ་དང་མི་རྣམས་ཀྱིས་ཡང་དག་པར་རྫོགས་པའི་སངས་རྒྱས་བྱམས་པ་མཐོང་བར་འགྱུར་རོ། །རྗེའི་རྟོགས་བརྗོད་ལས། འབད་པ་ཆུང་ངུས་རླབས་ཆེན་ཚོགས་སྡུད་ལ། །དགེ་ལ་རྗེས་སུ་ཡི་རང་མཆོག་ཏུ་གསུངས། །ཞེས་དང་། རྗེ་ཀརྨ་ཆགས་མེད་ཀྱིས། གཞན་གྱིས་དགེ་བ་བྱེད་པ་ཐོས་པའི་ཚེ། །དེ་ལ་ཕྲག་དོག་མི་དགེའི་སེམས་སྤངས་ནས། །སྙིང་ནས་དགའ་བས་རྗེས་སུ་ཡི་རང་ན། །དེ་ཡི་བསོད་ནམས་མཉམ་དུ་ཐོབ་པར་གསུངས། །ཞེས་དང་། ཁྲི་གུང་ཐང་པ་རིན་པོ་ཆེའི་ཞལ་ནས། ཉལ་བཞིན་དགེ་ཆེན་ཞིག་བྱེད་ན། །གཞན་ལ་ཡི་རང་རང་བསྒོམ་དགོས། །གསུངས། རྗེ་ཏཱ་ར་ནཱ་ཐས་མཛད་པའི་བཟང་སྤྱོད་འགྲེལ་བ་
ལས། གཞན་གྱི་དགེ་བ་ལ་རྗེས་སུ་ཡི་རང་བ་ནི། གཞན་གྱི་དགེ་བ་བྲི་བ་ཡང་མེད་ལ། རང་གིས་རྩོལ་བ་མེད་ཅིང་མ་བྱས་ཀྱང་། དགེ་བ་ཆེན་པོ་རྒྱུད་ལ་འཐོབ་པར་འགྱུར་བས་རྨད་དུ་བྱུང་བའི་དགེ་བ་ཡིན་གསུངས། སྔོན་རྒྱལ་པོ་གསལ་རྒྱལ་གྱིས། སངས་རྒྱས་འཁོར་བཅས་མཆོད་པ་ལ་དབུལ་པོ་དེས་པས་རྗེས་སུ་ཡི་རང་ཕུལ་བས། རྒྱལ་པོ་དང་མཉམ་པའི་ནང་ནས་ཀྱང་ཆེ་བར་ཐོབ་པར་གསུངས། དེས་ན་རང་གི་དགེ་བརྒྱ་ཆེན་པོ་མ་ནུས་ཀྱང་། གཞན་གྱི་དགེ་བ་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་བྱས་ན་དགེ་བ་ཞིག་ལ་འདི་ཁོ་ནས་ཆོག་པར་འདུག་པས། འདི་ལ་ནོར་གྱི་འགྲོ་དགོས་གང་ཡང་མི་འདུག་པས་ཀུན་གྱིས་ཉིན་རེ་བཞིན་དུ་ལག་ལེན་ལ་ཐེབ་ངེས་ཤིག་བྱའོ། །ལྔ་པ་ཆོས་འཁོར་བསྐོར་བར་བསྐུལ་བའི་ཕན་ཡོན་ནི། གཙུག་ན་རིན་ཆེན་གྱིས་ཞུས་པའི་མདོ་ལས། རྒྱལ་བའི་དགོངས་པ་མཛད་པ་ལ། །གང་གིས་གསོལ་བ་འདེབས་པ་དེ། །དབང་གི་རྒྱལ་པོ་ལྟ་བུ་སྟེ། །དེ་ཡི་བསོད་ནམས་འཆིང་བ་འདྲ། ཞེས་དང་། ཤིང་རྟ་ཆེན་མོ་ལས། དེས་ནི་ཆོས་སྤངས་པའི་སྒྲིབ་པ་འདག་ཅིང་། ཚེ་རབས་ནས་ཚེ་རབས་
ཐམས་ཅད་དུ་དམ་པའི་ཆོས་རྒྱུད་ལ་འཛིན་པ་དང་མི་འབྲལ་བར་འགྱུར་རོ། །ཞེས་དང་། མྱུར་ལམ་ལས། དེ་ལྟར་ཆོས་ཀྱི་འཁོར་ལོ་བསྐོར་བར་གསོལ་བ་བཏབ་པ་ལ་བརྟེན་ནས། རང་གིས་ཆོས་ཀྱིས་ཕོངས་པའི་ལས་བྱས་པ་དང་། གཞན་གྱི་ཆོས་ཀྱི་བར་ཆད་བྱས་པ་ལ་སོགས་པའི་སྡིག་པ་འདག་པར་འགྱུར་བ་ཡིན། །གསུངས། སྔོན་ལྷའི་དབང་པོ་ཚངས་པ་དང་བརྒྱ་བྱིན་གཉིས་ཀྱིས་སངས་རྒྱས་ལ། གསེར་གྱི་འཁོར་ལོ་རྩིབས་སྟོང་དང་། དུང་དཀར་གཡས་འཁྱིལ་སོགས་ཕུལ་ནས་ཆོས་འཁོར་བསྐོར་བར་བསྐུལ་བས་བསོད་ནམས་དཔག་ཏུ་མེད་པ་ཐོབ་པར་གསུངས། དེ་བཞིན་དུ་ཕྱོགས་བཅུའི་སངས་རྒྱས་ཆོས་འཁོར་མི་བསྐོར་བར་བཞུགས་པ་རྣམས་ལ་གསེར་གྱི་འཁོར་ལོ་དང་དུང་དཀར་གཡས་འཁྱིལ་སོགས་ཕུལ་ནས། ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ་བས་ཞལ་གྱིས་བཞེས་ནས་ཆོས་འཁོར་ཀྱང་བསྐོར་སོང་སྙམ་པའི་མོས་པ་བྱ། གཞན་ཡང་དངོས་སུ་ཡང་རང་གི་རྩ་བའི་བླ་མ་རྣམས་དང་། གཞན་གྱི་སྐྱེས་བུ་དམ་པ་རྣམས་ལ་ཆོས་འཁོར་བསྐོར་དུ་བཅུག་ན་བསོད་ནམས་དཔག་ཏུ་
མེད་པ་འཐོབ་པར་འགྱུར་བས། ཆོས་འཁོར་བསྐོར་བར་བསྐུལ་བ་ལ་བརྩོན་པར་བྱའོ། །དྲུག་པ་མྱ་ངན་ལས་མི་འདའ་བར་བཞུགས་པར་གསོལ་བ་བཏབ་པའི་ཕན་ཡོན་ནི། མདོ་ལས། ཉོན་ཅིག་ཚངས་པའི་རྒྱལ་པོ་ཁྱོད། །བཅོམ་ལྡན་འདས་ལ་གསོལ་བ་འདེབས། །བསོད་ནམས་དེ་ནི་ཁྱད་པར་འཕགས། །སངས་རྒྱས་མྱ་ངན་འདའ་མི་མངའ། །ཞེས་དང་། ཤིང་རྟ་ཆེན་མོ་ལས། མྱ་ངན་མི་འདའ་བར་གསོལ་བ་བཏབ་པས། ཚེ་ཐུང་བ་དང་དུས་མ་ཡིན་པའི་འཆི་བ་དང་། གཞན་གྱི་སྲོག་ལ་འཚེ་བའི་སྡིག་པ་བྱང་ཞིང་། ཚེ་དཔག་ཏུ་མེད་པ་ཐུབ་པར་འགྱུར། ཞེས་དང་། མྱུར་ལམ་ལས། རང་ལ་དངོས་སུ་ཆོས་ལེགས་པར་སྟོན་ནུས་པའི་བླ་མ་སོགས་ལ་བརྟན་བཞུགས་ཡང་ཡང་ཕུལ་ན། རང་གིས་ཚེ་སྒྲུབ་ཀྱི་ཡང་མཆོག་ཏུ་འགྱུར་བ་ཡིན། །གསུངས། སྔོན་སངས་རྒྱས་སྐུ་མྱ་ངན་ལས་འདའ་བ་ལ། དེད་དཔོན་ཞིག་གིས། མྱ་ངན་ལས་མི་འདའ་བར་བསྐལ་བར་བཞུགས་པར་གསོལ་བ་བཏབ་པས། བཅོམ་ལྡན་འདས་ཀྱིས་དེད་དཔོན་ཁྱོད་མ་འོངས་པ་ན། སངས་རྒྱས་སྙིང་རྗེ་ཅན་ཞེས་བྱ་བར་འགྱུར་ཞེས་ལུང་
བསྟན་པ་བྱུང་། དེ་བཞིན་དུ་ཕྱོགས་བཅུའི་ཞིང་ན་སངས་རྒྱས་མྱ་ངན་ལས་འདའ་བར་བཞེད་པ་རྣམས་ལ་གཡུང་དྲུང་རྡོ་རྗེས་མཚན་པའི་གདན་དང་གསེར་གྱི་ཁྲི་སོགས་ཕུལ་ནས། མྱ་ངན་ལས་མི་འདའ་བར་བསྐལ་བ་ཁྲི་ཕྲག་འབུམ་ཕྲག་མང་པོའི་བར་དུ་བཞུགས་པར་གསོལ་བ་བཏབ་པས། དེ་ལྟར་དུ་ཞལ་གྱིས་བཞེས་སོང་སྙམ་པའི་མོས་པ་བྱ། དངོས་སུ་རང་གི་རྩ་བའི་བླ་མ་རྣམས་ལ་འབུལ་བ་བཏེག་ནས་ཞབས་བརྟན་འབུལ་རྒྱུ་བྱུང་ན་རང་གི་ཚེ་སྒྲུབ་ཀྱི་མཆོག་ཏུ་འགྱུར་པས། ཞབས་བརྟན་འབུལ་བ་ལ་བརྩོན་པར་བྱའོ། །བདུན་པ་དགེ་བ་རྫོགས་བྱང་དུ་བསྔོས་པའི་ཕན་ཡོན་ནི། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས། ཇི་ལྟར་རྒྱ་མཚོ་ཆེ་ནང་ཆུ་ཐིགས་ལྷུངས། །རྒྱ་མཚོ་མ་ཟད་བར་དུ་དེ་མི་འཛད། །དེ་བཞིན་བྱང་ཆུབ་ཡོངས་བསྔོས་དགེ་བ་ཡང་། །བྱང་ཆུབ་མ་ཐོབ་བར་དུ་དེ་མི་འཛད། །ཅེས་དང་། བརྒྱད་སྟོང་འགྲེལ་ཆེན་ལས། ཡོངས་སུ་བསྔོ་བ་ནི་ཆུད་མ་ཟོས་པ་ཡིན་ཏེ། ཆོས་ཀྱི་དབྱིངས་དང་འདྲ་བར་ཟད་པ་མེད་པའི་ཕྱིར་རོ། །ཞེས་དང་། འགྲེལ་ཆུང་དོན་གསལ་ལས།
བསྔོ་བ་ཡིད་ལ་བྱེད་པ་ནི། གསེར་མགར་གྱི་རྒྱན་ལ་སོགས་པ་བཞིན་དུ། བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཀྱི་ཡན་ལག་བྱེད་དོ། །ཞེས་དང་། སློབ་དཔོན་ཆེན་པོས། ཡང་དག་བསྔོ་བས་རྒྱས་བཏབ་ན། །འགྲོ་ཀུན་རྣམ་མཁྱེན་ས་ལམ་སྒྲོལ། །གསུངས། སྔོན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པོ་ལ། རྒྱལ་པོ་རྩིབས་ཀྱི་མུ་ཁྱུད་ཀྱིས་བསྙེན་བཀུར་བྱས། དགེ་བ་བྱང་ཆུབ་ཏུ་བསྔོ་རུ་བཅུག་པས། དེ་བཞིན་གཤེགས་པ་འོད་དཔག་མེད་དུ་གྱུར། སངས་རྒྱས་རིན་ཆེན་གཙུག་ཏོར་ཅན་འཁོར་བཅས་ལ། རྒྱལ་པོ་ནོར་ལྡན་གྱིས་བསྙེན་བཀུར་ནས། དགེ་བའི་རྩ་བ་རྫོགས་པའི་བྱང་ཆུབ་ཏུ་བསྔོས་པས་ཕྱིས་རྒྱལ་བ་བྱམས་པར་འགྱུར་བར་ལུང་བསྟན་པ་བྱུང་། དེ་བཞིན་དུ་དགེ་བ་གང་བྱས་ཚད་རང་གཞན་སེམས་ཅན་རྣམས་མྱུར་དུ་སངས་རྒྱས་འཐོབ་པའི་རྒྱུར་འདུན་པ་དྲག་པོས་བསྔོ་བར་བྱའོ། །གཞན་ཡང་ཡན་ལག་བདུན་པ་ལས་དང་ཉོན་མོངས་པའི་གཉེན་པོར་འགྲོ་ཚུལ་ནི། ཕྱག་གིས་ང་རྒྱལ་གྱི་གཉེན་པོ་དང་། མཆོད་པས་སེར་སྣའི་གཉེན་པོ། བཤགས་པས་དུག་གསུམ་ཀའི་གཉེན་པོ། རྗེས་སུ་ཡི་རང་
གིས་ཕྲག་དོག་གི་གཉེན་པོ། ཆོས་འཁོར་བསྐོར་བར་བསྐུལ་བས་ཆོས་སྤོང་གི་སྡིག་པ་འདག །བརྟན་བཞུགས་ཀྱིས་བླ་མའི་ཐུགས་དཀྲུགས་པའི་སྡིག་པ་འདག །བསྔོ་བ་ལོག་ལྟའི་གཉེན་པོར་འགྲོ་ཞེས་ཁྲི་ཆེན་རྡོ་རྗེ་འཆང་གི་སྦྱོར་བའི་ཆོས་དྲུག་ནས་གསུངས། ཡང་ཕྱག་ང་རྒྱལ་དང་། མཆོད་པ་སེར་སྣ། བཤགས་པ་གཏི་མུག །རྗེས་སུ་ཡི་རང་གི་ཕྲག་དོག །ཆོས་འཁོར་འདོད་ཆགས། མྱ་ངན་ལས་མི་འདའ་བ་ལོག་ལྟ། བསྔོ་བ་ཐེ་ཚོམ་མམ། ལུང་མ་བསྟན་གྱི་གཉེན་པོར་འགྲོ་ཞེས་མཁྱེན་བརྩེ་རིན་པོ་ཆེས་དགོངས་འདུས་རྣམ་བཤད་ནས་གསུངས། ལམ་རིམ་ཆེན་མོ་ལས། ཕྱག་དང་། མཆོད་པ་དང་། བསྐུལ་བ་དང་། གསོལ་བ་གདབ་པ་དང་། ཡི་རང་དང་ལྔ་ནི་ཚོགས་གསོག་པ་ཡིན་ལ། བཤགས་པ་ནི་འགལ་རྐྱེན་སྒྲིབ་པ་སྦྱོང་བ་དང་། ཡི་རང་གི་ཕྱོགས་གཅིག་རང་གི་དགེ་བ་བྱས་པ་ལ་དགའ་བ་སྒོམ་པས་ནི། རང་གི་དགེ་བ་སྤེལ་བར་ཡང་འགྱུར་རོ། །བསྔོ་བས་ནི། བསགས་པ་དང་སྦྱང་བ་དང་སྤེལ་བའི་དགེ་བ་ཉུང་དུ་ཡང་ཆེས་མང་བར་སྤེལ་བ་དང་། གནས་
སྐབས་སུ་འབྲས་བུ་ཕྱུང་སྟེ་ཟད་པར་འགྱུར་བ་རྣམས་ཀྱང་། ནམ་ཡང་མི་ཟད་པར་བྱེད་པ་སྟེ། བསྡུ་ན། བསགས་པ་དང་། སྦྱང་བ་དང་། སྤེལ་ཞིང་མི་ཟད་པར་བྱེད་པ་གསུམ་དུ་འདུའོ་གསུངས། དེའི་ཕྱིར་བཀའ་གདམས་གོང་མ་རྣམས་ཀྱི་ཐུགས་དམ་གྱི་མཐིལ་ཡན་ལག་བདུན་པ་འདི་ལ་མཛད་པས། ཚོགས་རྫོགས་སྒྲིབ་པ་དག་ནས་ཐུགས་རྒྱུད་ལ་ས་ལམ་གྱི་ཉམས་རྟོགས་ཁྱད་པར་ཅན་འཁྲུངས་པ་མང་པོ་བྱུང་། དེས་ན་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་བཟང་སྤྱོད་སོགས་མདོ་སྔགས་ཀྱི་གཞུངས་ལྟར་ཡན་ལག་བདུན་པ་འབུལ་བ་ལ་བརྩོན་པར་བྱའོ། །དྲུག་པ་མཎྜལ་ཕུལ་ཏེ་བླ་མ་རྣམས་ལ་གསོལ་བ་བཏབ་པའི་ཕན་ཡོན་ལ་གཉིས་ལས། དང་པོ་མཎྜལ་ཕུལ་བའི་ཕན་ཡོན་ནི། ཐབས་ཤེས་གྲུབ་པ་ལས། མཎྜལ་སྔོན་འགྲོ་མཆོད་པར་བྱ། །དེ་ནས་བླ་མའི་བཀའ་དྲིན་གྱིས། །དུས་གསུམ་སངས་རྒྱས་ཀྱིས་གསུངས་པའི། །དེ་ཉིད་དམ་པ་གེགས་མེད་པར། །སློབ་མ་ཡིས་ནི་འཐོབ་པར་འགྱུར། །ཞེས་དང་། སློབ་དཔོན་དཔའ་བོས་མཛད་པའི་ལེགས་བཤད་ཟ་མ་ཏོག་ལས། འཇིག་རྟེན་གསུམ་གྱི་
མཆོད་པ་ཡིས། །སངས་རྒྱས་ལ་ནི་གང་ཞིག་འདིར། །མེ་ཏོག་མཎྜལ་བཅས་བྱེད་པ། །འགྲོ་བའི་བདག་པོ་ཚེ་རིང་ཞིང་། །སྣ་ཚོགས་ནད་ཀྱི་འཇིགས་ལས་གྲོལ། །གང་ཡིན་དེ་ཡི་སྐད་ཅིག་འཐོབ། །བདེ་གཤེགས་མཎྜལ་བྱེད་དེ་དག །ཕ་རོལ་ཕྱིན་དྲུག་འཐོབ་འགྱུར་ཏེ། །ཆུ་དང་ས་བསྲེས་བཏང་སྦྱིན་པ། །གྲོག་མ་སོགས་སེལ་ཚུལ་ཁྲིམས་ཏེ། །བསྲེས་ནས་ཉེད་པ་བཟོད་པ་ཡིན། །འབད་པ་བྱེད་པ་བརྩོན་འགྲུས་ཡིན། །སྐད་ཅིག་དེ་ལ་རྩེ་གཅིག་ཏུ། །སེམས་འཛིན་བྱེད་པ་བསམ་གཏན་ཡིན། །ལེགས་པར་གཟོབ་པ་ཤེས་རབ་བོ། །སྣ་ཚོགས་ཤེས་རབ་ཀྱིས་བརྒྱན་པ། །ས་གཞི་བྲིས་པ་འབུལ་བྱེད་པ། །ལྷ་ཡི་བདེ་བ་ཐམས་ཅད་དང་། །ལོངས་སྤྱོད་མཆོག་དང་ལྡན་འགྱུར་ཞིང་། །མིར་སྐྱེས་གསེར་ལས་ལྷག་པ་ཡི། །ཁ་དོག་དང་ལྡན་མཛེས་པ་དང་། །པདྨའི་མདོག་ལྟར་ཡན་ལག་ཚང་། །མིག་ནི་དཀྱུས་རིང་མཛེས་པར་འགྱུར། །ཞེས་དང་། མཎྜལ་གྱི་མདོ་ལས། བ་ལྕི་ཆུར་བཅས་སྦྱིན་པ་སྟེ། །བྱི་དོར་བྱས་པ་ཚུལ་ཁྲིམས་ཡིན། །སྲོག་ཆགས་བསལ་བ་བཟོད་པ་སྟེ། །བརྩོན་འགྲུས་
བྱ་བ་བྱེད་ལ་བརྩོན། །བསམ་གཏན་དེར་སེམས་སྐད་ཅིག་མ། །རི་མོ་ལེགས་འབར་ཤེས་རབ་པོ། །ཞེས་དང་། འདིར་ནི་ལུས་ཀྱི་ལས་བྱས་ན། །ཁ་དོག་གསེར་ལྟར་འགྱུར་བ་དང་། །ནད་རྣམས་ཀུན་ལས་རྣམ་པར་གྲོལ། །ལྷ་དང་མི་ལས་ཆེས་ལྷག་ཅིང་། །ཟླ་བ་ལྟ་བུར་གཟི་བྱིན་ལྡན། །ནོར་དང་གསེར་ནི་ཕུན་སུམ་ཚོགས། །རྒྱལ་པོའི་རིགས་དང་སངས་རྒྱས་པ། །མཆོག་གི་ཁྱིམ་དུ་སྐྱེ་བ་ཉིད། །ཅེས་དང་། དགོངས་འདུས་ལས། མཎྜལ་ཚར་གཅིག་ཕུལ་བའི་བསོད་ནམས་ཀྱི་ཕུང་པོ་ནི། བསྐལ་བ་དཔག་ཏུ་མེད་པའི་བདེ་བར་གཤེགས་པའི་ཚོགས་དང་བཅས་པ་ཐམས་ཅད་ལ། ཕྱི་ནང་གི་མཆོད་གསོལ་རྒྱ་ཆེན་པོ་བྱས་པ་ལས་ལྷག་པའི་བསོད་ནམས་ཐོབ་པར་འགྱུར། ཅི་བསམ་པའི་དོན་ཐམས་ཅད་འགྲུབ། བསྐལ་པ་ནས་བསྐལ་པར་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་གི་ཚོགས་ཐམས་ཅད་བྱང་ཞིང་དག་པར་འགྱུར། མཎྜལ་ཚར་གཅིག་ཕུལ་ནས། ཡིད་དད་པས་སྨོན་ལམ་ཇི་ལྟར་བཏབ་པ་ཐམས་ཅད་འབད་མེད་དུ་འགྲུབ། དེ་བས་ན་ཕྱི་རབས་ཀྱི་སྐྱེས་བུ་དམ་པ་རྣམས་ཀྱིས་མཎྜལ་འབུལ་བ་ལ་བརྩོན་པར་གྱིས་
ཤིག །གསུངས། དཔེ་ཆོས་རིན་ཆེན་སྤུངས་པ་ལས། ད་ལྟ་དད་པས་ཀུན་ནས་བསླངས་ཏེ་མཎྜལ་ཅིག་ཕུལ་ན། འདི་ནས་གསེར་གྱི་ས་གཞི་ལ་ཐུག་པའི་བར་གྱི་མཎྜལ་གྱིས་ཇི་ཙམ་ནོན་པའི་ཚད་ཀྱི་རྡུལ་ཕྲ་རབ་ཀྱི་གྲངས་ཇི་སྙེད་ཡོད་པ་དེ་སྙེད་ཀྱི་འཁོར་ལོས་བསྒྱུར་བའི་རྒྱལ་པོར་སྐྱེ། ཞེས་གསུངས། སྔོན་རྗེ་བདག་ཉིད་ཆེན་པོས། འོལ་ཁ་ཆོས་ལུང་ནས་མཎྜལ་གྲངས་གསོག་མཛད་པས་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་པ་བྱུང་། སྔོན་ཁྱེའུ་ཞིག་གིས། དེ་བཞིན་གཤེགས་པ་བསོད་ནམས་སྐྱབས་གྲོང་དུ་བསོད་སྙོམས་ལ་འབྱོན་པར་མཐོང་བས། ཁོ་ཤིན་ཏུ་དད་དེ། སྲན་མ་སྤར་བ་གང་ཡོད་པ་དེ་སངས་རྒྱས་ལ་གཏོར་བས་བཞི་ལྷུང་བཟེད་དུ་སོང་། གཉིས་ཐུགས་ཀར་ཕོག་པའི་བསོད་ནམས་ལ་བརྟེན་ནས། ཁྱེའུ་དེ་སླར་རྒྱལ་པོ་སྤྱི་བོ་སྐྱེས་ཞེས་བྱ་བ། གླིང་བཞིའི་བདག་པོ་ལོ་བརྒྱད་ཁྲི་རེ་དང་། བརྒྱ་བྱིན་སུམ་ཅུ་རྩ་བདུན་བརྗེ་རེས་ཀྱི་བར་དུ་སུམ་རྩེན་པའི་རྒྱལ་སྲིད་ཕྱེད་ལ་དབང་བསྒྱུར་བར་གསུངས། ཡང་ཁྱེའུ་ལུང་བསྟན་པའི་མདོ་ལས། བཅོམ་ལྡན་འདས་མཉན་ཡོད་དུ་བྱོན་པའི་ཚེ།
ཁྱེའུ་ཞིག་གིས་ས་སྙིམ་པ་གང་སངས་རྒྱས་ལ་ཕུལ་བས་དེ་བཞིན་གཤེགས་པའི་ཞལ་ནས། ཁྱེའུ་འདི་བསོད་ནམས་འདི་ལ་བརྟེན་ནས། འཛམ་བུའི་གླིང་ལ་དབང་བའི་རྒྱལ་པོར་འགྱུར་ཞིང་། དེ་བཞིན་གཤེགས་པའི་སྐུ་གདུང་གི་མཆོད་རྟེན་བྱེ་བ་བྱས་ནས་སངས་རྒྱས་པར་འགྱུར་རོ་ཞེས་བཀའ་སྩལ་པ་ལྟར། ཁྱེའུ་དེ་ཆོས་རྒྱལ་མྱ་ངན་མེད་ཅེས་བྱ་བར་གྱུར་ནས། དགུང་མ་གཅིག་ལ་མཆོད་རྟེན་བྱེ་བ་ཞིག་བྱས་བའི་མཐར་སངས་རྒྱས་པར་གསུངས། དེས་ན་བླ་མ་དཀོན་མཆོག་གི་ས་ཕྱོགས་སུ་དམིགས་ནས་མཎྜལ་སོགས་མཆོད་པ་ཕྲན་བུ་རེ་འབུལ་རྒྱུ་བྱུང་ན་ཕན་ཡོན་དེ་ལྟ་བུ་འབྱུང་བར་གསུངས་པས། དེའི་ཕྱིར་མཎྜལ་དང་དེའི་སྟེང་གི་ཚོམ་བུ་རྣམས་གཙང་མ་བྱས། མཎྜལ་སོ་བདུན་མ་སོགས་མཎྜལ་གྱི་ཚིག་རྒྱས་བསྡུས་གང་རུང་ལ་བརྟེན་ནས། མཎྜལ་འབུལ་བ་ལ་བརྩོན་པར་བྱའོ། །གཉིས་པ་དངོས་བརྒྱུད་ཀྱི་བླ་མ་རྣམས་ལ་གསོལ་བ་བཏབ་པའི་ཕན་ཡོན་ནི། སྔོན་སློབ་དཔོན་ལྭ་ཝ་བས། བླ་མ་ལ་གསོལ་བ་བཏབ་ནས་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཡི་གེ་ཨའི་གདམས་པ་བསྒོམས་པས། ནུབ་གཅིག་ལ་ཕྱག་རྒྱ་ཆེན་པོ་མཆོག་
གི་དངོས་གྲུབ་ཐོབ་པ་བྱུང་། གྲུབ་ཐོབ་གླིང་ཆེན་རས་པས། ནུབ་གཅིག་གི་ཐོ་རེངས་རྗེ་ཕག་མོ་གྲུ་པ་ལ་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་ཕུར་ཚུགས་སུ་བཏབ་པས། དཔལ་ས་ར་ཧ་དང་མཉམ་པའི་ཕྱག་རྒྱ་ཆེན་པོའི་རྟོགས་པ་ཁྱད་པར་ཅན་ཐུགས་ལ་འཁྲུངས་པ་བྱུང་། ཆོས་རྗེ་གཙང་པ་རྒྱ་རས་ཀྱིས་བྱང་ཐང་ཆུ་མེད་ས་ཞིག་ནས་བླ་མ་ལ་གསོལ་བ་བཏབ་ནས་ས་བརྐོས་པས། དེ་མ་ཐག་ས་ལ་རླན་བྱུང་། དེ་ནས་ཆུ་རྡོལ་བ་བྱུང་། དགེ་བཤེས་སྙུག་རུམ་བའི་རྩར་ནད་པ་ཞིག་བྱུང་བ་ལ། བླ་མ་ལ་གསོལ་བ་བཏབ་པས་ནད་པ་དེ་ྈཚུག་ནས་དྲག་པ་བྱུང་། དགེ་བཤེས་འབྲོམ་སྟོན་པའི་ཞལ་ནས། ངས་ཡི་དམ་ལྷ་ལ་གསོལ་བ་བཏབ་པ་ལས། ཨ་ཏི་ཤ་ལ་གསོལ་བ་བཏབ་པ་བྱིན་རླབས་ཆེ་བ་ཉམས་མྱོང་ཡོད་གསུངས། རོང་ཆུང་རས་པས། རྗེ་བཙུན་ལ་བསྒོམས་པ་དང་བླ་མ་ལ་གསོལ་བ་བཏབ་པ་བོགས་གང་ཆེ་ལགས་ཞུས་པས། རྗེ་མི་ལའི་ཞལ་ནས། བླ་མ་མཚན་ལྡན་ཞིག་ལ་སློབ་མ་གུས་ལྡན་ཞིག་གིས་གསོལ་བ་བཏབ་ན། སྒོམ་ཞོར་ལ་འོང་གསུངས། ཆོས་རྗེ་རྒོད་ཚང་བས་
ཉམས་ལེན་མཐིལ་བླ་མའི་གསོལ་འདེབས་ལ་མཛད་པ་ལ། དགེ་སློང་སངས་རྒྱས་འོད་ཀྱིས་གསོལ་འདེབས་ཀྱི་ཕན་ཡོན་ཞུས་པས། འདི་ལྟར་གསུངས་ཏེ། གསོལ་བ་བཏབ་པའི་ཕན་ཡོན་ནི། །སྤྱིར་ནི་བསམ་གྱིས་མི་ཁྱབ་ལགས། །མདོ་ཙམ་བསྡུ་ན་འདི་ཚོ་ཡིན། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྗེ་དང་ཐུགས་ཡིད་གཅིག་ཏུ་འདྲེས། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཐུན་མོང་མ་ཡིན་རྟོགས་པ་འཆར། །གསོལ་བ་བཏབ་པའི་ཕན་ཡོན་ནི། །རྒྱུན་འཆད་མེད་པའི་ཉམས་མྱོང་ཡོང་། །གསོལ་བ་བཏབ་པའི་ཕན་ཡོན་ནི། །དཀོན་མཆོག་ཐུགས་རྗེས་རྟག་ཏུ་སྐྱོང་། །གསོལ་བ་བཏབ་པའི་ཕན་ཡོན་ནི། །ཅི་བསམ་དགོས་འདོད་ལྷུན་གྱིས་འགྲུབ། །གསོལ་བ་བཏབ་པའི་ཕན་ཡོན་ནི། །མཁའ་འགྲོ་ཆོས་སྐྱོང་བུ་བཞིན་གཟིགས། །གསུངས། གཞན་ཡང་བླ་མར་མོས་གུས་གཅིག་པུས་ས་ལམ་གྱི་རིམ་པ་རྣམས་བདེ་བླག་ཏུ་བགྲོད་པ་ཡིན་ཏེ། རྒྱུད་སྡེ་ལྔ་བཅུ་པ་ལས། གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་འཐོབ་འགྱུར། །བླ་མའི་སྣང་བ་དང་མ་བྲལ་ན་སངས་རྒྱས་རྣམས་དང་མི་འབྲལ་ཏེ།
དེ་ཉིད་ལས། བླ་མའི་སྣང་བ་མ་བྲལ་ན། །སངས་རྒྱས་རྣམས་དང་འབྲལ་མེད་གནས། །གསུངས། གསང་འདུས་འབུམ་རྒྱུད་ལས། བླ་མ་ལ་གུས་སློབ་མ་ཡིས། །སྒྲ་རིང་བ་དང་གསལ་བ་དང་། །སྐད་གསེང་མཐོན་པོས་གསོལ་འདེབས་ན། །དེ་ལ་བདག་གིས་དངོས་གྲུབ་སྟེར། །ཞེས་དང་། ས་ར་ཧས། བླ་མའི་སྨྲས་པ་གང་གི་སྙིང་ཞུགས་པ། །ལག་པའི་མཐིལ་དུ་གནས་པའི་གཏེར་མཐོང་འདྲ། །ཞེས་དང་། བརྟགས་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་དུ་ཡང་ནི་མི་རྙེད་དེ། །བླ་མའི་དུས་ཐབས་བསྟན་པ་དང་། །རང་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། རིམ་ལྔ་ལས། རི་དབང་རྩེ་ནས་གང་ཞིག་ལྷུང་གྱུར་ན། །ལྟུང་བར་མི་འགྱུར་སྙམ་ཡང་ལྟུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་བྱ་སྙམ་ཡང་གྲོལ་བར་འགྱུར། །གསུངས། དེས་ན་དངོས་དང་བརྒྱུད་པའི་བླ་མ་རྣམས་ཀྱི་གསོལ་འདེབས་གང་ཤེས་རྒྱས་པར་བཏོན་ནས་རྗེས་སུ་ཡོན་ཏན་གཞི་གྱུར་མ་ཡང་འདོན་པར་བྱའོ། །མདོར་བསྡུ་ན། ཆུ་མགོ་
གངས་ལ་ཐུག་པ་ཇི་བཞིན། །དམ་པའི་ཆོས་ཀྱི་བརྒྱུད་པ་ཐུག་ས། །བསྟན་པའི་བདག་པོ་སྟོན་པ་སངས་རྒྱས། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །བྱིན་རླབས་སྩོལ་བའི་རྩ་བརྒྱུད་བླ་མ། །དངོས་གྲུབ་སྟེར་བའི་ཡི་དམ་ལྷ་ཚོགས། །བར་ཆད་སེལ་བའི་མཁའ་འགྲོ་ཆོས་སྐྱོང་། །གསོལ་བ་འདེབས་སོ་བྱིན་གྱིས་རློབས་ཤིག །སྔོན་བྱོན་སངས་རྒྱས་རྣམས་ཀྱིས་མ་ཐུལ། །ད་བར་ལུས་བའི་རང་གཞན་རྒྱུད་ཀྱི། །ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག །གཏན་ནས་འགག་པར་བྱིན་གྱིས་རློབས་ཤིག །ཕྱིན་ཅི་མ་ལོག་བློ་སྣ་མཐའ་དག །རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག །ཕྱི་དང་ནང་གི་བར་དུ་གཅོད་པའི། །ཚོགས་རྣམས་ཞི་བར་བྱིན་གྱིས་རློབས་ཤིག །ཅེས་མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་བཏབ་ན་བྱིན་རླབས་དངོས་གྲུབ་ཐམས་ཅད་བུམ་པ་གང་བྱོས་ཚུལ་དུ་ཐོབ་པར་འགྱུར་རོ།། །།སྨྲས་པ། ཐུགས་ཀྱི་དགོངས་པ་ནམ་མཁའི་ཁྱོན་ལྟར་ཡངས། །ཐུགས་རྗེ་ཉི་ལྟར་གསལ་བའི་བླ་མ་རྗེ། །ཐུགས་སྲས་བདག་གི་སྤྱི་བོའི་རྒྱན་དུ་བཞུགས། །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས། །
སྐྱབས་མགོན་ཁྱོད་ཀྱི་ཐུགས་རྗེ་ལ་བརྟེན་ནས། །ཐོབ་པའི་ཆོས་གཞན་ཕན་ཡོན་ཕར་ལ་ཞོག །སྦྱོར་བའི་ཆོས་དྲུག་ཙམ་གྱི་ཕན་ཡོན་ཡང་། །བསམ་ན་སེམས་ལ་དགའ་སྤྲོ་འཆར་བར་གདའ། །ཕྱག་དར་བྱས་ན་རང་གཞན་སེམས་དྭངས་ཤིང་། །ལྷ་རྣམས་དགའ་ཞིང་མཛེས་པའི་དགེ་རྩ་གསོག །ཕྱི་མར་མཐོ་རིས་འཇིག་རྟེན་ལྷ་རྣམས་སུ། །སྐྱེ་ཞེས་ཕལ་པོ་ཆེ་ཡི་མདོ་ལས་གསུངས། །མར་མེ་མེ་ཏོག་ཨུཏྤལ་ལ་སོགས་པས། །མཆོད་ན་མ་འོངས་བྱམས་པ་སངས་རྒྱས་ཚེ། །དྲུང་དུ་སྐྱེ་ཞིང་དང་པོའི་ཆོས་ཐོས་པར། །འགྱུར་ཞེས་འཕགས་པ་བྱམས་པའི་མདོ་ལས་གསུངས། །ལུས་བསྲང་བསམ་པ་བཟང་པོའི་སྐྱབས་འགྲོ་དང་། །སེམས་བསྐྱེད་ཚད་མེད་བཞི་པོ་བསྒོམ་ནུས་ན། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་ཀྱི། །གོ་འཕང་འཐོབ་པར་མདོ་རྒྱུད་ཀུན་ནས་གསུངས། །གང་ཞིག་རྒྱལ་བ་ཡིད་ལ་བྱེད་པ་དེའི། །མདུན་དུ་བཞུགས་ཏེ་བྱིན་གྱིས་རློབ་པར་བྱེད། །ཉེས་པ་ཀུན་ལས་རྣམ་པར་གྲོལ་ངེས་ཞེས། །འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་ལས་གསུངས། །གང་ཞིག་
ཕྱོགས་བཅུའི་སངས་རྒྱས་ལ་དམིགས་ནས། །ཡན་ལག་བདུན་པ་ཕུལ་བའི་ཕན་ཡོན་ནི། །ནམ་མཁའ་གང་བར་འབྱུང་ཞེས་དཔལ་སྦས་ཀྱིས། །ཞུས་པའི་མདོ་ལས་གསུངས་པ་ངོ་མཚར་ཆེ། །བླ་མ་རྣམས་ལ་གསོལ་བ་འདེབས་ནུས་ན། །ཐུགས་ཡིད་གཅིག་འདྲེས་ཉམས་རྟོགས་ཡོན་ཏན་འཆར། །ཅི་བསམ་དགོས་འདོད་ལྷུན་གྱིས་འགྲུབ་པོ་ཞེས། །མཉམ་མེད་ཆོས་རྗེ་རྒོད་ཚང་པ་ཡིས་གསུངས། །དེ་ཕྱིར་ཆོས་གཞན་མང་པོ་མ་ནུས་ཀྱང་། །སྦྱོར་བའི་ཆོས་དྲུག་འདི་ལ་འབད་ནུས་ན། །མངོན་མཐོ་ངེས་ལེགས་གོ་འཕང་གང་ཡིན་ཡང་། །བདེ་བླག་ཉིད་དུ་ཐོབ་པར་གདོན་མི་ཟ། །ཞེས་པའང་བར་སྐབས་ཀྱི་ཚིགས་སུ་བཅད་པའོ།། །།གཉིས་པ་དངོས་གཞིའི་ཉམས་ལེན་ལ། ལམ་རིམ། བློ་སྦྱོང་། བསྐྱེད་རྫོགས། ཕྱག་ཆེན། རྫོགས་ཆེན། དོ་ཧ་སོགས་མདོ་སྔགས་ཆོས་ཀྱི་སྙིང་པོ་རྣམས་གང་ཉམས་སུ་ལེན་ཀྱང་དེ་དག་གི་ཕན་ཡོན་རྣམས། རང་རང་གི་གཞུང་ན་གསལ་བས་འདིར་མི་སྤྲོ་ལ། མདོར་བསྡུས་ཤིག་བརྗོད་ན། དེ་ལྟ་བུའི་ལམ་གང་ཉམས་སུ་བླངས་ཀྱང་། གནས་སྐབས་སུ་ཞི་རྒྱས་དབང་དྲག་གྲུབ་
ཆེན་བརྒྱད་ལ་སོགས་པའི་ཐུན་མོང་གི་དངོས་གྲུབ་ཐོབ་ནས་བདེ་ཞིང་སྐྱིད་ལ། མཐར་ཐུག་འཐོབ་བྱ་བླ་ན་མེད་པ་མཆོག་གི་དངོས་གྲུབ་སངས་རྒྱས་ཀྱི་གོ་འཕང་ཐོབ་ནས། རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ།། །།གསུམ་པ་མཇུག་ཏུ་བྱ་བ་ལ་བསྔོ་བ་དང་སྨོན་ལམ་གཉིས་ལས། དང་པོ་བསྔོ་བ་བྱས་པའི་ཕན་ཡོན་ནི། བསོད་ནམས་དམ་པའི་མདོ་ལས། མི་ལུས་ཐོབ་པའི་དུས་འདིར་དགེ་བ་ཆུང་ངུ་ནས་བསགས་དགོས། དེ་ཡང་བསྔོ་དགོས། མ་བསྔོས་པའི་རྫས་རྣམས་ནི་བྱེ་ཚན་ལ་ཆུ་ཐིགས་བརྒྱབ་ན་མྱུར་དུ་སྐམ་པ་དང་འདྲ། བསྔོ་བ་བྱས་པའི་ཕན་ཡོན་ནི། རྒྱ་མཚོ་ཆེན་བོར་ཆུ་ཐིགས་ཤིག་བླུགས་ན་དེ་མི་ཟད་ཅིང་སླར་འཕེལ་བར་འགྱུར་བ་དང་འདྲ་གསུངས། དྭགས་པོ་ལྷ་རྗེས། སྔོན་བྱང་ཆུབ་སྙིང་པོ་མ་ཐོབ་པ། །རྒྱུ་བར་མ་དོ་རུ་ཆུད་ཟོས་པ། །གནད་བསྔོ་བ་མ་ཤེས་གཅིག་པུས་ལན། །དེ་བས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་དང་། འབྲི་གུང་འགྲོ་མགོན་གྱིས། ཚོགས་གཉིས་ཡིད་བཞིན་གྱི་ནོར་བུ་ལ། །བསྔོ་སྨོན་གྱིས་བྱི་དོར་མ་བྱས་ན། །དགོས་འདོད་ཀྱི་
འབྲས་བུ་མི་འབྱུང་བས། །རྗེས་བསྔོ་བ་འདི་ལ་ནན་ཏན་མཛོད། །ཅེས་དང་། ཆོས་རྗེ་གཙང་པ་རྒྱ་རས་ཀྱིས། སྦྱིན་པ་ལོངས་སྤྱོད་ཀྱི་རྟ་ཕོ་ལ། །བསྔོ་བ་སྲབ་ཀྱིས་ཁ་བསྒྱུར་ན། །རང་གང་འདོད་ཀྱི་ས་དེར་སླེབས་པ་ཡིན། །གསུངས། སྔོན་དེ་བཞིན་གཤེགས་པ་འབྲུག་སྒྲ་དབྱངས་ཀྱི་རྒྱལ་པོ་ལ། འཁོར་ལོས་བསྒྱུར་རྒྱལ་ནམ་མཁས། བསྙེན་བཀུར་བྱས་དགེ་བ་རྫོགས་བྱང་དུ་བསྔོས་པས། རྗེས་སུ་རྗེ་བཙུན་འཇམ་དབྱངས་སུ་གྱུར། སྔོན་དབུལ་མོ་གཉེན་དགའ་མོས། གྱོ་རལ་ཞིག་གི་ནང་དུ་མར་མེ་ཆུང་དུ་ཞིག་སྦར་ནས། སངས་རྒྱས་ཀྱི་སྤྱན་སྔར་ཕུལ་ནས། དགེ་བའི་རྩ་བ་འདིས་སྐྱེ་དགུའི་ཚེ་ལོ་བརྒྱ་ཐུབ་པ་ན་འཇིག་རྟེན་དུ་སྟོན་པ་ཤཱཀྱ་ཐུབ་པ་དེ་བཞིན་དུ། བདག་ཀྱང་འགྱུར་བར་ཤོག་ཅེས་སྨོན་ལམ་བཏབ་པས། སངས་རྒྱས་ཀྱིས་ཀུན་དགའ་བོ་ལ། བུ་མོ་འདི་མ་འོངས་པའི་དུས་ན། སངས་རྒྱས་མར་མེའི་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པར་འགྱུར་རོ་ཞེས་ལུང་བསྟན་པ་བྱུང་། དགེ་བ་གང་དུ་བསྔོ་བ་ན། ཡུམ་བར་པ་ལས། རབ་འབྱོར་དགེ་བའི་རྩ་བ་འདི་ནི། སངས་རྒྱས་ཀྱི་ས་ཁོ་ནར་བསྔོ་བར་བྱའོ། །ཉན་
ཐོས་དང་རང་སངས་རྒྱས་དང་། དེ་གཞན་གྱི་སར་བསྔོ་བར་མི་བྱ་སྟེ། །གསུངས། ཇི་ལྟར་བསྔོ་ན་དེ་ཉིད་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། སྒྱུ་མ་ལྟ་བུ། དགེ་བ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའི་ཚུལ་གྱིས་ཡོངས་སུ་བསྔོ་བར་བྱ་སྟེ། ཞེས་གསུངས་པ་ལྟར། དགེ་བ་རྨི་ལམ་ལྟ་བུ། གསོག་པ་པོ་རྨི་ལམ་ལྟ་བུ། ལེན་པ་པོ་རྨི་ལམ་ལྟ་བུ། སྣང་ཚུལ་མ་འགག་པ། དོན་དུ་བདེན་པར་མི་འཛིན་པ་དག་ལ། འཁོར་གསུམ་ཡོངས་དག་གི་བསྔོ་བ་ཟེར་གསུངས། གཉིས་པ་སྨོན་ལམ་བཏབ་པའི་ཕན་ཡོན་ནི། འཇམ་དཔལ་ཞིང་གི་ཡོན་ཏན་བཀོད་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་དང་། དེ་བཞིན་དུ་འཕགས་པ་དཀོན་མཆོག་བརྩེགས་པ་ལས། ཆོས་རྣམས་ཐམས་ཅད་རྐྱེན་བཞིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་འདྲའི་འབྲས་བུ་སྨིན་པར་འགྱུར། །ཞེས་དང་། དགོངས་འདུས་ལས། །དཀོན་མཆོག་གསུམ་གྱི་
རྟེན་དྲུང་དུ། །བསམ་འདུན་དག་པས་ཚོགས་བསགས་ཤིང་། །སྨོན་ལམ་རྒྱ་ཆེན་གདབ་པར་བྱ། །དེ་ཡི་ཡོན་ཏན་བརྗོད་ལས་འདས། །གསུངས། སྔོན་སངས་རྒྱས་འཇིག་རྟེན་དབང་ཕྱུག་རྒྱལ་པོའི་དྲུང་དུ། དགེ་སློང་ཆོས་ཀྱི་འབྱུང་གནས་ཞེས་བྱ་བས། རང་གི་སངས་རྒྱས་ཀྱི་ཞིང་ཁམས་བཟུང་བ་ཇི་བཞིན་བདག་ཀྱང་སྨོན་ལམ་འདེབས་ཀྱིས་འགྲུབ་པར་གྱུར་ཅིག་ཅེས་བརྗོད་པས། བདེ་བ་ཅན་གྱི་ཞིང་ཁམས་གྲུབ་པར་གྱུར། སྔོན་པདྨའི་མིག་གིས། སངས་རྒྱས་ཀྱི་མཆོད་རྟེན་ལ་རིན་པོ་ཆེའི་མཐོན་ཀ་གཅིག་ཕུལ་བས། བསྐལ་པ་དགུ་བཅུ་རྩ་གཅིག་གི་བར་དུ་འབྱོར་པ་ཆེ་བར་གྱུར། འབྲས་བུ་ཐོབ་པའི་སྨོན་ལམ་བཏབ་པས་དགྲ་བཅོམ་པར་གྱུར། དེ་ཡང་རྒྱལ་སྲས་ཀྱི་སྨོན་ལམ་ཐམས་ཅད་སྨོན་ལམ་ཆེན་པོ་གྲངས་མེད་པ་འབུམ་ཕྲག་བཅུར་འདུས་ལ། དེ་ཐམས་ཅད་བཟང་པོ་སྤྱོད་པའི་སྨོན་ལམ་གྱི་རྒྱལ་པོ་འདིར་འདུས་པས། བཟང་སྤྱོད་སྨོན་ལམ་ཚར་གཅིག་བཏོན་ན་བསོད་ནམས་འབུམ་ཕྲག་བཅུ་འཐོབ་པར་གསུངས། དེ་ལ་དགོངས་ནས་ལོ་ཆེན་བཻ་རོའི་རྣམ་འཕྲུལ་གཡག་སྡེ་པཎ་ཆེན་ལ། བྱ་བྲལ་བ་ཞིག་གིས།
གཞུངས་རག་གོང་རྡོ་རྗེས། གུང་ཐང་མེ་ཏོག་མཆོད་པ་ལན་བཅུ་ཙམ་བསྒྲུབ་གདའ་བ། འདི་ཀུན་བསོད་ནམས་ཆེ་བར་གླེང་གི་འདུག་ལགས་ཞུས་པས། པཎ་ཆེན་གྱི་ཞལ་ནས། དེ་འདྲའི་བསོད་ནམས་ལས་ཁོ་བོས་བཟང་སྤྱོད་ཚར་གཅིག་བཏོན་ནས་ཉལ་བ་བསོད་ནམས་ཆེ་ཞིང་དཀའ་ལས་ཆུང་གསུངས། དེས་ན་སྨོན་ལམ་ལ་འདོན་ཐུབ་ན་བཟང་སྤྱོད་སྨོན་ལམ་འདི་ཁོ་ནས་ཆོག་པར་གདའ། བསྔོ་བ་སྨོན་ལམ་གཉིས་ཀྱི་ཁྱད་པར་ནི། བསྔོ་བ་ལ་བསྔོ་བྱའི་རྫས་དེ་ཉིད་ཁྱད་པར་གྱི་གཞིར་བཟུང་ནས། དེའི་སྟོབས་ཀྱིས་འདི་དང་འདི་ལྟ་བུར་གྱུར་ཅིག་ཅེས་སྨོན་པ་ཅིག་དགོས། སྨོན་ལམ་ལ་བསྔོ་བའི་རྫས་མེད་ཀྱང་། འདོད་བྱའི་འབྲས་བུ་ལ་དོན་གཉེར་གྱི་འདུན་པས་སྨོན་ལམ་འདེབས་པ་ཡིན་ཏེ། བུ་སྟོན་རིན་པོ་ཆེས། བསྔོ་བ་སྨོན་ལམ་གྱི་ཁྱད་པར། རྒྱུ་ལ་བརྟེན་ནས་འབྲས་བུ་འདི་འདྲ་ཞིག་ཏུ་གྱུར་ཅིག་ཅེས་རྒྱུ་སྔོན་དུ་བྱས་ནས་འབྲས་བུ་ལ་སྨོན་པ་བསྔོ་བ་ཡིན། རྒྱུ་སྔོན་དུ་བྱས་ཀྱང་རུང་། མ་བྱས་ཀྱང་རུང་། འབྲས་བུ་འདི་ལྟ་བུར་གྱུར་ཅེས་པ་སྨོན་ལམ་ཡིན། བསྔོ་བ་གང་ཡིན་སྨོན་ལམ་ཡིན།
སྨོན་ལམ་ཡིན་ཚད་ལ་བསྔོ་བ་ཡིན་པས་མ་ཁྱབ་པོ། །གསུངས། ཀུན་མཁྱེན་ཀློང་ཆེན་པས། རྒྱུ་དགེ་བ་སྔོན་དུ་སོང་ནས་སྨོན་པས་བསྡོམས་པ་ནི་བསྔོ་བ། རྒྱུ་དགེ་བ་མ་སོང་བར་སྨོན་པ་ནི་སྨོན་ལམ་མོ་ཞེས་གསུངས། ཡང་གཙང་ཆུང་ཆོས་གྲགས་སོགས་ཀྱིས། གང་གིས་བསྔོ་བའི་རྒྱལ་པོ་འདི་ཐོས་ནས། །ཞེས་སོགས་ལ་བརྟེན་ཏེ་བསྔོ་སྨོན་གཉིས་དོན་གཅིག་པར་འདོད། ཁྲི་གུང་ཐང་པ་རིན་པོ་ཆེས། བསྟན་འབར་འདི་བསྔོ་སྨོན་གཉིས་ཀར་འཇོག་དགོས་པར་མངོན་ནོ་གསུངས། གཞན་ཡང་བུ་མོ་དཔལ་ཕྲེང་གིས་ཞུས་པའི་མདོ་ལས། བཅོམ་ལྡན་འདས་བྱང་ཆུབ་སེམས་དཔའི་སྨོན་ལམ་གང་གཱའི་ཀླུང་གི་བྱེ་མ་སྙེད་གང་ལགས་པ་དེ་ཐམས་ཅད་ཀྱང་། འདི་ལྟར་དམ་པའི་ཆོས་ཡོངས་སུ་བཟུང་བའི་སྨོན་ལམ་ཆེན་པོའི་ཁོངས་སུ་འདུས་ཤིང་། ཁོངས་སུ་ཆུད་དེ། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། དེ་ལྟར་ཡུལ་ཆེ་བ་ལགས་སོ། །ཞེས་དང་། བཅོམ་ལྡན་འདས་དམ་པའི་ཆོས་ཡོངས་སུ་འཛིན་པ་ནི། ཆོས་ཀྱི་སྒོ་བརྒྱད་ཁྲི་བཞི་སྟོང་སྡུད་པ་ལགས་སོ་གསུངས། དེ་བཞིན་གཤེགས་པའི་སྐུའི་
གསང་བའི་མདོ་ལས། དམ་ཆོས་འཛིན་པའི་བསོད་ནམས་ནི། །སངས་རྒྱས་ཀུན་གྱིས་ནན་ཏན་དུ། །བསྐལ་བ་བྱེ་བར་བརྗོད་མཛད་ཀྱང་། །མཐར་མ་ཕྱིན་པར་འགྱུར་མ་ལགས། །ཞེས་སོགས་ཕན་ཡོན་ཚད་ལས་འདས་པ་ཡོད་པ་ལ་དགོངས་ནས། རྗེ་བདག་ཉིད་ཆེན་པོས་ཀྱང་། རྒྱལ་སྲས་སྨོན་ལམ་གངྒཱའི་ཀླུང་རྣམས་ནི། །དམ་ཆོས་འཛིན་པའི་སྨོན་ལམ་ནང་འདུས་པར། །གསུངས་ཕྱིར་དགེ་རྩ་ཇི་སྙེད་བསགས་པ་ནི། །ཀུན་ཀྱང་ཐུབ་བསྟན་རྒྱས་པའི་རྒྱུ་རུ་བསྔོས། །གསུངས། ལམ་རིམ་ཆེན་མོ་ལས། མཇུག་ཏུ་ཇི་ལྟར་བྱ་བ་ནི། བསགས་པའི་དགེ་བ་རྣམས། བཟང་པོ་སྤྱོད་པ་དང་། སྨོན་ལམ་བདུན་ཅུ་པ་ལ་སོགས་པའི་སྒོ་ནས། གནས་སྐབས་དང་མཐར་ཐུག་གི་སྨོན་གནས་རྣམས་སུ་འདུན་པ་དྲག་པོས་བསྔོ་བར་བྱའོ་གསུངས་པ་ལྟར། བསྔོ་བའི་ནང་དུ་སྨོན་ལམ་འདུ་བར་བྱས་ཏེ། དེང་སང་ཡོངས་གྲགས་བླ་མ་རྣམས་ཀྱིས་བསྔོ་བ་གནང་བ་ལྟར་བྱས་ན་ཕུན་སུམ་ཚོགས་པར་འགྱུར་བས་དེ་ལྟར་བྱའོ།། །།བཞི་པ་ཐུན་མཚམས་རྣམས་སུ་ཇི་ལྟར་བྱ་བའི་རིམ་པ་ལ། སཱཙྪ། ཁ་ཏོན།
ཕྱག་བསྐོར་གཏོར་མ་དང་ལྔ་ལས། དང་པོ་མཉམ་མེད་ཇོ་བོ་རྗེའི་རྣམ་ཐར་ལྟར། སྐུ་འདྲ་དང་སཱཙྪའི་པར་བཏབ་པའི་ཕན་ཡོན་ནི། གསལ་རྒྱལ་ལ་ཚིགས་སུ་བཅད་པ་ལས། བཅོམ་ལྡན་འདས་ཀྱི་མཆོད་རྟེན་རྣམས་དང་ནི། །སྐུ་གཟུགས་རྣམས་ལ་རྡུལ་ཕྲན་ཅི་སོང་བ། །དེ་ཡི་གྲངས་སྙེད་དེ་བྱེད་མི་རྣམས་ཀྱིས། །ལྷ་ཡུལ་ས་སྟེང་ངེས་པར་རྒྱལ་སྲིད་འཐོབ། །གཟུགས་དང་གཟུགས་མེད་ཁམས་ཀྱི་ཏིང་འཛིན་དང་། །ཕུན་སུམ་ཚོགས་པའི་མཆོག་ཀུན་རབ་མྱོང་ནས། །ཐ་མར་སྐྱེ་དང་རྒ་ལ་སོགས་པ་ཡིས། །སྡུག་བསྔལ་མེད་པའི་སངས་རྒྱས་གོ་འཕང་འཐོབ། །སུ་དག་འདིར་ནི་རྒྱལ་བའི་གཟུགས་བྱེད་པ། །དེ་ཡི་ལུས་ནི་དྲི་མ་མེད་པ་དང་། །པདྨའི་སྙིང་པོ་ལྟ་བུར་འཇམ་ཞིང་ཡང་། །ནད་དང་མྱ་ངན་སྡུག་བསྔལ་འཇིགས་ལས་ཐར། །ཞེས་དང་། སུ་དག་འཇིག་རྟེན་མགོན་པོའི་གཟུགས་བྱེད་པ། །བྲན་དུ་མི་སྐྱེ་མངགས་གཞུག་སྐྱེ་མི་འགྱུར། །དབུལ་པོར་མི་འགྱུར་རིགས་དམན་མི་སྐྱེ་ཞིང་། །དབང་པོ་རྣམས་ཀྱང་ཉམས་པར་ཡོངས་མི་འགྱུར། །ཞེས་དང་། མདོ་སྡེ་པདྨ་དཀར་པོ་ལས། སྐྱེས་བུ་དག་གམ་འོན་ཏེ་གཞོན་ནུའང་
རུང་། །རྩེད་མོ་དགའ་དང་གཡེང་བ་བྱེད་པ་ན། །རྩིག་ངོས་སེན་མོ་ཤིང་བུས་སྐུ་གཟུགས་བྲིས། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། ས་དང་སོ་ཕག་ལས་ནི་བརྩིགས་པ་ཡི། །རྒྱལ་བའི་མཆོད་རྟེན་དགའ་བཞིན་བྱས་པ་ཡི། །བྱིས་བའི་རྩེད་མོ་དེ་དང་དེ་དག་ཏུ། གང་གི་རྒྱལ་བ་དེ་བཞིན་མཆོད་རྟེན་དག །བྱེ་མ་ལ་ནི་ཕུང་པོར་བྱས་པ་ཡི། །དེ་རྣམས་ཀྱིས་ཀྱང་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། རོ་ཉེ་དང་ནི་ལྕགས་སམ་ས་ཡང་རུང་། །བདེ་བར་གཤེགས་པ་རྣམས་ཀྱི་གཟུགས་བྱས་ཏེ། །བལྟ་ན་སྡུག་པ་འཇིམ་པའི་ལས་བྱེད་བཅུག །དེ་དག་ཐམས་ཅད་བྱང་ཆུབ་འཐོབ་པར་འགྱུར། །ཞེས་དང་། མྱ་ངན་འདས་པ་ཆེན་པོའི་མདོ་ལས། རྟག་ཏུ་དགའ་བའི་སེམས་བསྐྱེད་དེ། །སངས་རྒྱས་གཟུགས་སམ་རྟེན་ཀྱང་རུང་། །མཐེ་བོང་ཙམ་ཞིག་གང་བྱས་པ། །མི་གཡོའི་ཞིང་དེར་སྐྱེ་བར་འགྱུར། །ཞེས་དང་། དཔུང་བཟང་གིས་ཞུས་པའི་མདོ་ལས། བདེ་གཤེགས་སྐུ་གཟུགས་རྟེན་འབྲེལ་སྙིང་པོ་ཅན། །སྡིག་པ་འདག་ཕྱིར་རྟག་ཏུ་གདབ་པར་བྱ། །ཞེས་
དང་། རྨད་དུ་བྱུང་བའི་མདོ་ལས་རྒྱས་པར་གསུངས་པ་རྣམས་བསྡུས་ཏེ་བཤད་ན། འཛམ་བུའི་གླིང་དཔག་ཚད་བདུན་སྟོང་ཡོད་པ་དང་། ལུས་འཕགས་པོའི་གླིང་དཔག་ཚད་བརྒྱད་སྟོང་ཡོད་པ་དང་། བ་ལང་སྤྱོད་དཔག་ཚད་དགུ་སྟོང་པ་དང་། སྒྲ་མི་སྙན་དཔག་ཚད་སྟོང་ཕྲག་བཅུ་པ་དང་། ལྷའི་དབང་པོའི་ཁང་བཟང་རྣམ་པར་རྒྱལ་བའི་རྒྱལ་བྱེད་དང་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་རྣམས། རིན་པོ་ཆེ་སྣ་བདུན་གྱི་རང་བཞིན་དུ་བྱས་ཏེ། དད་པས་རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཞིག་གིས། རྒྱུན་ཏུ་ཞུགས་པ་དང་། ལན་ཅིག་ཕྱིར་འོང་བ་རྣམས་དང་། ཕྱིར་མི་འོང་བ་རྣམས་དང་། དགྲ་བཅོམ་པ་རྣམས་དང་། རང་སངས་རྒྱས་རྣམས་དང་ཕྱོགས་བཅུའི་དགེ་སློང་གི་དགེ་འདུན་རྣམས་ལ་ཕུལ་བ་བས། གང་གི་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཡོངས་སུ་མྱ་ངན་ལས་འདས་པའི་མཆོད་རྟེན་འཇིམ་པ་ལས་སྐྱུ་རུ་ར་ཙམ་བྱས་ལ། ཁབ་ཙམ་གྱི་སྲོག་ཤིང་བཙུགས་ཏེ་རྒྱ་ཤུག་གི་ལོ་མ་ཙམ་གྱི་གདུགས་གསོལ་ནས་འབྲུ་ཙམ་གྱི་སྐུ་གཟུགས་བྱས་ལ་ཡུངས་འབྲུ་ཙམ་
གྱི་རིང་བསྲེལ་བཅུག་ན་དེ་ནི་དེ་བས་བསོད་ནམས་ཆེ་འོ་ཞེས་ང་སྨྲའོ། །གསུངས། རྗེ་བཙུན་ཏ་ར་ནཱ་ཐའི་ཞལ་ནས། གཞན་སངས་རྒྱས་བྱང་སེམས་ཀྱི་སྐུ་གཟུགས་བཞེངས་པ། སངས་རྒྱས་དང་འཕགས་མཆོག་རྣམས་ཀྱི་བཀའི་གླེགས་བམ་འབྲི་བ། ཆོས་སྐུའི་མཆོད་རྟེན་བཞེངས་པ། མདོ་རྒྱུད་དང་ཐེག་ཆེན་འཕགས་པའི་གསུང་ལ་ཐོས་བསམ་བྱེད་པ། ཡི་དམ་གྱི་ལྷ་བསྒོམས་པ། གཟུངས་སྔགས་ཟབ་མོ་བཟླ་བ། ཐ་ན་དེ་བཞིན་གཤེགས་པའི་སྐུ་གཟུགས་སོགས་ལ་བལྟ་ཞིང་ཕྱག་མཆོད་བྱེད་པ་རྣམས་འདུས་བྱས་ཀྱི་དགེ་བ་སྟེ། ཆེ་ཆུང་གང་བྱེད་ཀྱང་། དེ་བཞིན་གཤེགས་པ་ཉིད་དང་། ཆོས་ཀྱི་སྐུ་ལ་དམིགས་པ་ཡིན་པའི་ཕྱིར། ངེས་འབྱུང་སྙིང་རྗེ་སྟོང་ཉིད་སོགས་ཀྱིས་ཟིན་ན་ཧ་ཅང་ཆེ། མ་ཟིན་ཀྱང་དུས་ལན་ཅིག་མི་རིང་བར་རྫོགས་པའི་སངས་རྒྱས་ཐོབ་པའི་རྒྱུ་གྲུང་པོ་འཆུག་པ་མེད་པ་ཡིན། མུ་སྟེགས་བྱེད་ཚོ་ཡང་བྱེད་པ་པོ། པ་ར་མེ་ཤྭ་རའི་སྐུ་གཟུགས་ཤིག་བཞེངས་ན་བསོད་ནམས་སྟོང་ཕྲག་བཅུ་འཐོབ་ཟེར་ན། སངས་རྒྱས་བྱང་སེམས་རྟེན་གསུམ་བཞེངས་པ་ལ་ཡོན་ཏན་མཐའ་ཅི་
ཡོད། ཁོང་མུ་སྟེགས་པའི་གྲྭ་པ་ཕལ་པ་ཚོ་ཡང་དད་པ་དེ་ཙམ་ཡོད་ན། རང་རེ་བོད་ཀྱི་ནང་བའི་དགེ་བཤེས་ཚོ་ལའང་ཁ་བཤད་ཁོ་ན་མ་གཏོགས། ལག་ལེན་དུ་དད་པ་བཙལ་ཡང་མི་རྙེད་པ་འདི་འདྲ་ཡི་རེ་མུག་གསུངས། ཁྱད་པར་བླ་མའི་འདྲ་སྐུ་བཞེངས་པའི་ཕན་ཡོན་ནི། ཨ་ཏི་བཀོད་པ་ཆེན་པོ་ལས། འཇིག་རྟེན་ཁམས་ནི་ཐམས་ཅད་ཀྱི། །གསེར་དངུལ་ལ་སོགས་རྒྱུ་ལས་ནི། །སངས་རྒྱས་དཔག་ཏུ་མེད་པ་ཡི། །སྐུ་གཟུགས་གྲངས་མེད་བྱས་པ་བས། །བླ་མའི་སྐུ་འབག་སུས་བྲིས་པ། །འདི་ནི་བསོད་ནམས་ཁྱད་པར་འཕགས། །བརྒྱ་སྟོང་ཁྲི་འབུམ་ཆར་མི་ཕོད། །གང་གི་བླ་མའི་སྐུ་འབག་ལ། །མཆོད་ཅིང་བསྟོད་པ་སུས་བྱས་པ། །རྡོ་རྗེ་འཆང་ལ་བསྐལ་བ་བརྒྱར། །མཆོད་ཅིང་བསྟོད་ལས་བསོད་ནམས་ཆེ། །འབུམ་ཕྲག་སུམ་ཅུ་རྩ་ལྔ་ཡང་། །ཕོད་ཅིང་མཉམ་པ་མ་ཡིན་ནོ་གསུངས། བླ་མ་གོང་མའི་གསུངས་ལས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ཀྱི་སྐུ་གཟུགས་བཞེངས་པ་ལས། བླ་མའི་སྐུ་འདྲ་གཅིག་བཞེངས་པ་ཕན་ཡོན་ཆེ། རྡོ་རྗེ་འཆང་ལ་བསྐལ་པ་བརྒྱའི་བར་མཆོད་པ་ཕུལ་པ་
ལས། བླ་མའི་སྐུ་འདྲའི་མདུན་དུ་མཆོད་པ་ལན་ཅིག་ཕུལ་བ་བསོད་ནམས་ཆེ་ཞེས་གསུངས། དེས་ན་ཚེགས་ཆུང་དོན་ཆེ་བའི་སྐུ་འདྲ་དང་། སཱཙྪའི་པར་འདེབས་པ་ལ་བརྩོན་པར་བྱའོ། །གཉིས་པ་ཁ་ཏོན་བྱས་པའི་ཕན་ཡོན་ནི། རྒྱལ་བ་བྱམས་པས། ཡི་གེ་འབྲི་མཆོད་སྦྱིན་པ་དང་། །ཉན་དང་ཀློག་དང་ལེན་པ་དང་། །འཆད་དང་ཁ་ཏོན་བྱེད་པ་དང་། །དེ་སེམས་པ་དང་བསྒོམས་པ་སྟེ། །སྤྱོད་པ་འདི་བཅུའི་བདག་ཉིད་ཀྱི། །བསོད་ནམས་ཕུང་པོ་གཞལ་དུ་མེད། །ཅེས་དང་། སྒོ་མཐའ་ཡས་པ་སྒྲུབ་པའི་གཟུངས་ལས། མདོ་སྡེ་ཐོས་ནས་རྗེས་སུ་ཡི་རང་དང་། །ཡི་གེར་བྲིས་དང་བཟུང་དང་བཀླགས་པ་ཡི། །བསོད་ནམས་ཕུང་པོ་ཅི་ཙམ་བསྐྱེད་པ་ནི། །སེམས་ཅན་ཀུན་གྱིས་ཤེས་པར་ཡོངས་མི་ནུས། །དེ་ནི་ཚེ་རབས་ཀུན་ཏུ་རྒྱལ་བ་མཐོང་། །དེ་དག་ལ་ཡང་དད་པ་བསམ་ཡས་རྙེད། །མདོ་སྡེ་ཟབ་མོའི་ཚུལ་ཡང་ཤེས་པར་འགྱུར། །དེ་ནི་མྱུར་དུ་བྱང་ཆུབ་མཆོག་འཚང་རྒྱ། །ཞེས་དང་། སྡུད་པ་ལས། ལ་ལས་གངྒཱའི་ཀླུང་གི་ཇི་སྙེད་ཞིང་རྣམས་ན། །སེམས་ཅན་ཇི་སྙེད་འཁོད་ཀུན་དགྲ་
བཅོམ་གྱིས་བཏུལ་བས། །གང་གི་ཤེས་རབ་ཕ་རོལ་ཕྱིན་འདི་ཡིག་བྲིས་ཏེ། །སེམས་ཅན་མཆོག་ལ་བཀླགས་བྱིན་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། བདེ་མཆོག་རྩ་རྒྱུད་ལས། དེ་བཞིན་ཤྲཱི་ཧེ་རུ་ཀའི། །མཚན་གྱིས་སྡིག་པ་འཇིག་པར་འགྱུར། །བསམ་གཏན་བསམ་པ་ཙམ་གྱིས་སམ། །ཀློག་ཅིང་ཁ་ཏོན་བྲིས་པ་ཡིས། །མཐོ་རིས་ལོངས་སྤྱོད་འཐོབ་འགྱུར་ལ། །ཡང་ན་འཁོར་ལོས་བསྒྱུར་བ་འཐོབ། །ཞེས་དང་། སྙིང་རྗེ་བད་དཀར་ལས། མ་འོངས་པའི་དུས་ལྔ་བརྒྱ་པ་ན། ཐ་ན་བྲིས་ཏེ་འཆང་བར་བྱེད་ན། དེའི་བསོད་ནམས་ཆེས་མང་དུ་བསྐྱེད་པར་འགྱུར་གྱི། བྱང་ཆུབ་སེམས་དཔའ་གང་དག་བསྐལ་པ་ཆེན་པོ་བཅུའི་བར་དུ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་སྤྱོད་པའི་བསོད་ནམས་ཀྱི་ཕུང་པོ་དེ་ལྟར་མ་ཡིན་ནོ། །གསུངས། སྔོན་དགེ་བསྙེན་ས་ལུ་ལྗང་བ་ཞེས་བྱ་བས་རབ་ཏུ་དད་པས་རྒྱལ་བའི་གསུང་རབ་ཀློག་པ་དང་ཁ་ཏོན་བྱས་པས་སངས་རྒྱས་པར་གསུངས། དེས་ན་སྨན་བླ་ལྟུང་བཤགས་རྡོར་གཅོད། འཇམ་སྡུད་བཟང་གསུམ། སྒྲོལ་མ་གདུགས་ཤེར། ཚེ་གཟུངས་མ་ཎི་དམིགས་བརྩེ་མ་བཛྲ་གུ་རུ་
ཡིག་བརྒྱ་སོགས་ཁ་ཏོན་བཟླས་བརྗོད་གང་ཤེས་ལ་འབད་པར་བྱའོ། །གསུམ་པ་ཕྱག་འཚལ་བའི་ཕན་ཡོན་ནི། ལས་རྣམ་པར་འབྱེད་པའི་མདོ་ལས། བྲམ་ཟེའི་ཁྱེའུ་ནེ་ཙོ་ལ་བཀའ་སྩལ་པ། བྲམ་ཟེའི་ཁྱེའུ་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ལ་བཅུ་སྟེ། བཅུ་གང་ཞེ་ན། རྒྱལ་པོ་ཆེན་པོའི་ཁྱིམ་དུ་སྐྱེ་བ་འཐོབ་པ་དང་། རྒྱ་ཆེ་བའི་གཟུགས་དང་། རྒྱ་ཆེ་བའི་གཡོག་འཁོར་དང་། རྒྱ་ཆེ་བའི་མཆོད་པ་དང་བཀུར་སྟི་དང་། རྒྱ་ཆེ་བའི་ནོར་དང་། རྒྱ་ཆེ་བའི་ཐོས་པ་དང་། རྒྱ་ཆེ་བའི་དད་པ་དང་། རྒྱ་ཆེ་བའི་དྲན་པ་དང་། རྒྱ་ཆེ་བའི་ཤེས་རབ་དང་། རྒྱ་ཆེ་བའི་རྟོགས་པ་འཐོབ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཐལ་མོ་སྦྱར་བའི་ཕན་ཡོན་ནོ། །ཕྱག་འཚལ་བའི་ཕན་ཡོན་ལ་བཅུ་སྟེ། བཅུ་གང་ཞེ་ན། གཟུགས་བཟང་ལ་མདོག་གསེར་གྱི་ཁ་དོག་ལྟ་བུར་འགྱུར་བ་དང་། མཛེས་ཤིང་མིག་ཏུ་སྡུག་པར་འགྱུར་པ་དང་། སྐད་སྙན་ཞིང་སྨྲ་བ་སྙན་པར་བཟུང་བའི་ཚིག་ཏུ་འགྱུར་བ་དང་། བག་ཚ་བ་མེད་པར་འཁོར་གྱི་ནང་དུ་འགྲོ་བ་དང་། ལྷ་དང་མི་རྣམས་
དགའ་བར་འགྱུར་བ་དང་། གཟི་བརྗིད་ཆེན་པོར་འགྱུར་བ་དང་། གང་ཟག་ནི་འདི་ལྟ་སྟེ། སངས་རྒྱས་བཅོམ་ལྡན་འདས་རྣམས་དང་། བྱང་ཆུབ་སེམས་དཔའ་རྣམས་དང་། སངས་རྒྱས་ཀྱི་ཉན་ཐོས་རྣམས་དང་འགྲོགས་པར་འགྱུར་བ་དང་། མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་། མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ། དེ་དག་ནི་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ཕྱག་འཚལ་བའི་ཕན་ཡོན་ནོ་གསུངས། སྨན་མདོ་བརྒྱད་བརྒྱ་པ་ལས། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨན་གྱི་བླ་བཻ་ཌཱུརྻའི་འོད་ལ་ཕྱག་འཚལ་ཞིང་མཆོད་པ་སྣ་ཚོགས་བྱེད་ན། དེ་དག་ངན་སོང་གསུམ་གྱི་སྡུག་བསྔལ་མེད་པར་ཤེས་པར་བྱའོ། །ཞེས་དང་། མཁས་མཆོག་དཔའ་བོས། འཁོར་ལོས་བསྒྱུར་རྒྱལ་སྟོབས་གྲགས་ལྡན། །ཡན་ལག་སུམ་ཅུ་གཉིས་མཚན་ལྡན། །རྒྱལ་གྱུར་ས་སྟེང་གཙོ་བོ་སྟེ། །སངས་རྒྱས་ལ་ནི་ཕྱག་བྱས་པའི། །འབྲས་བུ་ཡིན་པར་བློ་ལྡན་གསུངས། །དེ་ལྟར་ཡོན་ཏན་ཚོགས་ཤེས་པས། །ལུས་ནི་འཇིག་པར་ཤེས་ནས་ནི། །མཁས་པས་སངས་རྒྱས་ཕྱག་བྱ་ཞིང་། །ལུས་ཀྱི་ལས་ནི་ལེགས་པར་སྤྱད། །ཕྱག་
གཅིག་འཚལ་བར་གྱུར་བ་ཡིས། །འཁོར་བ་སྤོང་བའི་རྒྱུ་འཐོབ་ཅིང་། །འཁོར་བའི་འཇིགས་མཐོང་གུས་པ་ཡིས། །དེ་ལྟར་སུ་ཞིག་ཕྱག་མི་བྱེད། །ཅེས་གསུངས་པ་ལྟར་ཕྱག་འཚལ་བའི་ཕན་ཡོན་རྣམས་དྲན་བཞིན་བླ་མ་དཀོན་མཆོག་ལ་རབ་ཏུ་གུས་པས་ཕྱག་འཚལ་བ་ལ་འབད་པར་བྱའོ། །བཞི་པ་བསྐོར་བ་བྱས་པའི་ཕན་ཡོན་ནི། གསལ་རྒྱལ་ལ་གདམས་པའི་མདོ་ལས། སུ་ཞིག་དད་པས་ཐུབ་པའི་མཆོད་རྟེན་ནམ། །སྐུ་གཟུགས་དག་ལ་བསྐོར་བ་བྱེད་པ་དག །ཕྱི་མའི་ཚེ་ན་དགྲ་ཆེན་རྣམས་ཀྱིས་བཏུད། །བཟང་པོའི་སྣོད་གྱུར་ཡོན་ཏན་རྣམས་དང་ལྡན། །ཞེས་དང་། མཆོད་རྟེན་བསྐོར་བའི་མདོ་ལས། མཆོད་རྟེན་བསྐོར་བ་བྱས་པས་ནི། །རིན་ཆེན་སྣ་བདུན་ལྡན་པ་ཡི། །འཁོར་ལོས་བསྒྱུར་བའི་རྒྱལ་པོ་སྟེ། །ཆོས་ཀྱི་འཁོར་ལོ་བསྐོར་བར་བྱེད། །མཆོད་རྟེན་བསྐོར་བ་བྱས་པས་ནི། །འཇིག་རྟེན་དག་ཏུ་དེ་བཞིན་གཤེགས། །མཚན་རྣམས་ཀྱིས་ནི་བརྒྱན་པ་དང་། །གསེར་གྱི་སྐུ་མཆོག་འཐོབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། འཇིག་རྟེན་མགོན་གྱི་
མཆོད་རྟེན་ལ། །མི་གང་བསྐོར་བ་བྱེད་པ་ཡི། །བསྔགས་པ་བསྐལ་པ་བྱེ་བར་ཡང་། །བརྗོད་པས་ཟད་པར་བྱེད་མི་ནུས། །ཞེས་དང་། མཆོད་རྟེན་བརྩེགས་པའི་རྒྱུད་ལས། གང་ཞིག་མཆོད་རྟེན་བཞེངས་པ་དང་། །ཕྱག་མཆོད་བསྐོར་བ་བྱེད་པ་དག །ངན་སོང་གསུམ་ལས་ཡོངས་གྲོལ་ཏེ། །བདེ་བ་ཅན་དུ་སྐྱེ་བར་འགྱུར། །ཞེས་གསུངས། དེ་དག་རྣམས་ལ་དགོངས་ནས་སྔོན་ཇོ་བོ་རྗེས་དུས་རྒྱུན་དུ་བསྐོར་བ་མཛད་པ་ལ། དགེ་བཤེས་འབྲོམ་རིན་པོ་ཆེས། དགེ་སྦྱོར་བཞུགས་ནས་མི་མཛད་པར་སྐོར་བ་ཉི་ཚེ་མཛད་པ་ཇི་ལྟར་ལགས་ཞུས་པས། ཁྱོད་ཀྱིས་མ་གོ་བ་ཡིན། འདི་ལ་ལུས་ངག་ཡིད་གསུམ་ཀའི་ལས་ཡོད་པ་ཡིན། སྒོམ་པ་བ་ལ་གཅིག་ལས་མེད། འདི་ལས་ལས་འཁོས་ཆེ་བ་མེད་གསུངས་པ་དང་། ཡང་འདུས་བྱས་ཀྱི་དགེ་རྩ་ལ་སྐོར་བ་ལས་བསོད་ནམས་ཆེ་བ་མེད། ལུས་ངག་ཡིད་གསུམ་གྱི་ལས་གསུམ་ཀས་བསྐོར་བ་ཡིན། རྒྱ་གར་ན་གྲོང་ཁྱེར་ཆེན་པོ་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། གཙུག་ལག་ཁང་ལ་བསྐོར་བ་བྱས་པས་དངོས་གྲུབ་ཐོབ་པ་དང་། ཁ་སར་པ་ཎིའི་ལྷ་ཁང་ལ་
བསྐོར་བ་བྱས་པས་དངོས་གྲུབ་ཐོབ་ཅིང་། ནད་གསོས་པ་སོགས་ཀྱི་གཏམ་རྒྱུད་མང་པོ་ཡོད་གསུངས། དེའི་སྟབས་ཀྱིས་འབྲོམ་རིན་པོ་ཆེ་ཡང་རྒྱུན་ཏུ་བསྐོར་བ་མཛད་ཅེས་བཀའ་གདམས་གོང་མའི་གསུང་བགྲོས་ལས་བྱུང་། དེས་ན་བསྐོར་བ་བྱས་པའི་ཕན་ཡོན་རྣམས་བསམས་ནས་སྐུ་གསུང་ཐུགས་རྟེན་དང་། བླ་མ་དགེ་བའི་བཤེས་གཉེན་རྣམས་ལ་བསྐོར་བ་བྱེད་པ་ལ་བརྩོན་པར་བྱའོ། །ལྔ་པ་གཏོར་མ་བཏང་བའི་ཕན་ཡོན་ནི། རྣལ་འབྱོར་ནམ་མཁའི་མཚན་ཅན་གྱིས་མཛད་པའི་ཕྱག་ཆེན་གསལ་བའི་ཕྲེང་བ་ལས། བཅོམ་ལྡན་འདས་ཀྱི་ཞལ་ནས། འདིའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་སྟེ། མདོར་ན་ཚེ་རིང་བ་དང་། ནད་མེད་པ་དང་། སྟོབས་ཆེ་བ་དང་། གཟི་བརྗིད་ཆེ་བ་དང་། ལོངས་སྤྱོད་འཕེལ་བ་དང་། སྡིག་པ་དག་ཅིང་ཚོགས་རྫོགས་པ་དང་། བསམ་པ་ཡིད་བཞིན་དུ་འགྲུབ་ཅིང་། མི་དང་མི་མ་ཡིན་པའི་བར་ཆད་མི་འབྱུང་བ་དང་། མཐར་ཐུག་རྫོགས་པའི་སངས་རྒྱས་ཐོབ་པས། ཡོན་ཏན་བསམ་གྱིས་མི་ཁྱབ་པས་འདི་ཡི་དམ་དུ་གྱིས་ལ་ཐོངས་ཤིག་གསུངས་སོ། །དེས་ན་སེམས་
བསྐྱེད་བཟང་པོའི་སྒོ་ནས། དངོས་གཞི་ཡི་དྭགས་སོགས་ལ་དམིགས་ནས་གཏོར་མ་བརྒྱ་རྩ་སོགས་བཏང་རྗེས་སུ་བསྔོ་སྨོན་བྱའོ། །དེ་ལྟར་བྱས་ན་གཏོར་མ་བཏང་བ་འདི་ཁོ་ནས་ཆོག་པར་གདའ། ཡང་ཡི་དྭགས་ལ་ཆུ་སྦྱིན་བཏང་བའི་ཕན་ཡོན་ནི། བར་ཆད་ཀྱིས་མི་ཚུགས་པ་དང་། མདངས་ཉམས་པ་རྣམས་སོས་པར་བྱེད་པ་དང་། འདི་ནི་གཞན་ལ་སྤེལ་ན། རྒྱུད་གྲོལ་ནས་ཡི་དྭགས་ཀྱི་རྒྱུན་བཅད་དེ། མཐར་མངོན་པར་རྫོགས་པར་སངས་རྒྱས་སོ་གསུངས། དེ་ལ་རྒྱུ་ཆེན་པོ་ནི་མི་དགོས། དཀའ་ལས་ནི་མེད། རང་རེ་རྣམས་ཆུ་དང་ནམ་ཕྲད་པ་དང་། ནམ་ཁོམ་པའི་དུས་སུ་བཏང་འཚལ། གཞན་ཡང་ཟག་པ་རྒྱུན་གྱི་གཏོར་མ་ཞེས་བྱ་བ་ནི། རང་གི་ལུས་ཀྱི་མི་གཙང་བ་ཐམས་ཅད་ཡི་དྭགས་ལ་བསྔོ་བ་ཡིན་ཏེ། ལུད་པ་འབོར་བའི་དུས་སུ། ཨོཾ་ཀྵེ་ཀྲཾ་ཨ་ཧ་རེ་བྷྱ་སྭཱ་ཧཱ། དེ་ཟ་བ་རྣམས་ཚིམ་ཞིང་རྒྱས་པར་སྡུག་བསྔལ་དང་བྲལ་ཞིང་བདེ་བ་དང་ལྡན་ནས་མྱུར་དུ་བླ་ན་མེད་པའི་བྱང་ཆུབ་ཐོབ་པར་གྱུར་ཅིག །ཅེས་བརྗོད་ལ་སེ་གོལ་བརྡབ་པོ། །དེ་ཐམས་ཅད་འོག་མ་ཀུན་ལ་འགྲེའོ། །སྣབས་འདོར་བའི་དུས་སུ། ཨོཾ་ན་ག་སིང་ག་ཨ་
ཧ་རེ་བྷྱ་སྭཱ་ཧཱ། མཆིལ་མ་འདོར་བ་ལ། ཨོཾ་ཀླ་ས་མ་ཨ་ཧ་རེ་བྷྱ་སྭཱ་ཧཱ། དྲི་ཆུ་ལ། ཨོཾ་ནུ་ཏྲ་ཨ་ཧ་རེ་བྷྱ་སྭཱ་ཧཱ། དྲི་ཆེན་ལ། ཨོཾ་བྷ་ཏ་ཨ་ཧ་རེ་བྷྱ་སྭཱ་ཧཱ། ལུས་ཀྱི་དྲི་མ་ལ། ཨོཾ་ལ་མ་ཨ་ཧ་རེ་བྷྱ་སྭཱ་ཧཱ། ཟས་ཀྱི་ལྷག་མ་ལ། ཨོཾ་ཨུ་ཙི་ཏ་ཨ་ཧ་རེ་བྷྱ་སྭཱ་ཧཱ། ཞེས་འབྱུང་པོ་རྣམས་ལ་སྦྱིན་པ་བཏང་བར་བྱའོ། །འདི་རྣམས་དུས་རྒྱུན་དུ་མ་བརྗེད་པར་བཏང་ན་དགེ་འདུན་པ་ཁྲི་ཚོ་རེ་ལ་ཆོས་སྟོན་དྲངས་པ་དང་བསོད་ནམས་མཉམ་པར་མི་གཡོ་བའི་རྒྱུད་ལས་གསུངས་སོ། །བླ་མ་རྡོ་རྗེ་གདན་པས་རྒྱུད་ནས་ཕྱུང་སྟེ་བ་རི་ལོ་ཙཱས་བོད་དུ་བསྒྱུར་བ་ཡིན་སྐད། དེ་ལྟར་བསོད་ནམས་ཀྱི་ཚོགས་ནི་ཆུང་ངུ་ནས་གསོག་དགོས། འོ་སྐོལ་རྣམས་ཀྱིས་བསོད་ནམས་ཆེན་པོ་ནི་མི་འགྲུབ། དཀའ་ལས་ཆུང་ཞིང་ལས་སླ་བ་འདི་འདྲ་ལ་ཡིད་མི་ཆེས་པར། དེ་ལྟ་བུ་ལ་བསོད་ནམས་ཅི་ཡང་འོང་དགོས་མེད་ཟེར་ནས་ཁྱད་དུ་གསོད་པ་དག་འོང་བར་གདའ་སྟེ། སངས་རྒྱས་ཀྱི་གསུང་ལ་རྫུན་མི་མཆིས་པས་ཡིད་ཆེས་པར་བྱས་ནས་ཉམས་སུ་ལེན་འཚལ། ད་ལྟ་དར་ཅིག་སྐྱིད་པ་ཡང་སྔ་མའི་ལས་ལེགས་པ་ཞིག་གི་འབྲས་བུ་ཡིན་ཏེ།
དར་ཅིག་སྡུག་པའང་སྔ་མའི་ལས་མི་དགེ་བ་ཞིག་གི་འབྲས་བུ་ཡིན་པར་གསུངས་ཏེ། དེས་ན་ཕྱི་མར་རང་རེ་བདེ་ཞིང་སྐྱིད་པར་འདོད་ན། ད་ལྟ་སྡིག་པ་ཕྲ་ཞིང་ཕྲ་བ་ནས་འཛེམ་པ་དང་། དགེ་བ་ཕྲ་ཞིང་ཕྲ་བ་ནས་གསོག་དགོས། དེ་ལྟར་བྱེད་པའི་མི་རྣམས་ཚེ་རབས་ཀུན་ཏུ་བདེ་ཞིང་སྐྱིད་པར་འགྱུར་རོ། །ཞེས་གསུངས་སོ། །དེས་ན་གཏོར་མ་བཏང་བའི་ཕན་ཡོན་རྣམས་བསམས་ནས། བརྒྱ་རྩ་དང་ཆུ་སྦྱིན་ཟག་པ་རྒྱུན་གཏོར་རྣམས་ཉིན་རེ་བཞིན་དུ་མ་ཆགས་པར་གཏོང་བ་ལ་བརྩོན་པར་བྱའོ། །ཉལ་བའི་ཚེ་ཇི་ལྟར་བྱ་བ་ནི། གློ་གཡས་ས་ལ་ཕབ་སྟེ་རྐང་པ་གཡོན་པ་གཡས་པའི་སྟེང་དུ་བཞག་ནས་སེང་གེ་ལྟར་ཉལ་ལ། སང་ཉིན་ཡང་སྔ་བར་ལངས་ནས་དགེ་སྦྱོར་ལ་བརྩོན་པར་བྱ་སྙམ་དུ་དགེ་སེམས་ཁྱད་པར་ཅན་གྱི་ངང་ནས་གཉིད་ལོག་པར་བྱའོ། །དེ་ལྟར་ཉལ་ན་ལོག་འདྲེན་གྱིས་གནོད་པར་མི་ནུས་ཤིང་ཉོན་མོངས་པས་ཀྱང་མི་བརྫི་བ་དང་། བྱང་ཆུབ་ཀྱི་སེམས་སྐྱེ་བ་སོགས་ཕན་ཡོན་ཤིན་ཏུ་ཆེ་བར་གསུངས་སོ། །ད་ནི་མཇུག་བསྡུ་བ་ནི། ཀུན་མཁྱེན་འཇམ་པའི་དབྱངས་དངོས་ཁྲི་གུང་ཐང་རིན་པོ་ཆེས། ཁ་ཅིག་ཕྱག་མཆོད་
བསྐོར་བ་ལ་སོགས་པ་འདི་དག་ཆོས་ཟབ་མོ་ཉམས་སུ་ལེན་མི་ཤེས་པའི་ཕལ་པ་རྣམས་ལ་བསྔགས་པ་ཡིན་གྱི། བློའི་ནུས་པ་ཤིན་ཏུ་ཆེ་བ་རྣམས་ལ་འདི་མི་དགོས་སྙམ་པ་གཏན་ནས་མི་རུང་སྟེ། མདོ་སྡེ་ས་བཅུ་པ་ལས། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱ་བ་འོད་ཤིན་ཏུ་གསལ་བ་ཞེས་བྱ་བ་བྱེད་དེ། མཆོད་པ་དང་རིམ་གྲོ་བྱེད་པ་དེ་སེམས་དང་པོ་བསྐྱེད་པ་ཡན་ཆད། ས་དགུ་པ་འཐོབ་པའི་བར་དག་གིས། དེ་བཞིན་གཤེགས་པ་ལ་མཆོད་པ་དང་རིམ་གྲོ་བྱས་པའི་བརྒྱའི་ཆར་ཡང་ཉེ་བར་མི་འགྲོ་ཞེས་སོགས་ཀྱི་ས་གོང་མ་གོང་མའི་སྐབས་སུ་ལུས་ངག་གི་དགེ་སྦྱོར་ཡང་ཆེས་གོང་འཕེལ་དུ་འགྲོ་བར་གསུངས་ཤིང་། བྱང་ས་ལས། བྱང་ཆུབ་སེམས་དཔའ་དེ་དེ་བཞིན་གཤེགས་པའམ། དེ་བཞིན་གཤེགས་པའི་མཆོད་རྟེན་ལ་ན་བཟའ་དང་ཞལ་ཟས་དང་། གཟིམས་ཆས་དང་། བསྙུན་གྱི་གསོས་སྨན་དང་། ཡོ་བྱད་དང་། གུས་པར་སྨྲ་བ་དང་། ཕྱག་འཚལ་བ་དང་། སྔོན་དུ་ལྡང་བ་དང་། ཐལ་མོ་སྦྱར་བ་དང་ཞེས་པ་ནས། བྱང་ཆུབ་སེམས་དཔའི་མཆོད་པ་རྣམ་པ་བདུན་རྒྱ་ཆེན་
པོ་ཞེས་བྱའོ། །ཞེས་སོགས་ཕྱག་མཆོད་བསྐོར་བ་སོགས་རྒྱལ་སྲས་ཀྱི་ཉམས་ལེན་རྨད་དུ་བྱུང་བར་གསུངས་སོ། །ལ་ལ་རྒྱུད་ཀྱི་རྡོ་རྗེའི་ཚིག་འགའ་ཞིག་གི་དགོངས་པ་མ་ཕྱེད་པར་གསང་སྔགས་པས་འདི་འདྲ་མི་དགོས་པར་སྨྲ་བ་ཡང་ལོག་པར་རྟོགས་པ་ཡིན་ཏེ། རྗེ་མི་ལས། ང་རེས་འགའ་འགྲོ་ཞིང་འགྲོ་ཞིང་སྒོམ། །འགྲོ་ཞིང་འགྲོ་ཞིང་བསྒོམས་ཙ་ན། །འགྲོ་འདུག་བསྐོར་བར་ཤེས་པའི་གདམས་ངག་ཡོད། །ཅེས་གསུངས་པ་ལྟ་བུ་གྲུབ་ཆེན་གོང་མའི་གསུངས་ཚུལ་དང་ལོ་རྒྱུས་མང་དུ་ཡོད་ལ། མ་ཧཱ་ར་ཏ་ཞེས་སོགས་ཀྱི་སྔགས་དོན་ལྟར། སྔགས་རང་ལམ་ལ་སྐོར་བ་བྱེད་ཚུལ་ཐུན་མོང་པ་ལས་ཀྱང་ཆེས་ཟབ་ཏུ་བཏང་ནས་བྱེད་དགོས་པ་ཡིན་ནོ་གསུངས། དེ་ལྟར་ཕྱག་མཆོད་བསྐོར་བ་སོགས་ཀྱི་དགེ་བའི་ཆ་ཤས་ཕྲ་མོ་རེ་ལ་ཡང་ཕན་ཡོན་མཐའ་ཡས་པ་དེ་ལྟ་བུ་འབྱུང་བ་ནི། མངོན་པ་ཀུན་བཏུས་སུ། བསམ་གྱིས་མི་ཁྱབ་ཀྱི་གནས་བཞི་གསུངས་པ་ལས། ལས་དང་འབྲས་བུའི་འབྲེལ་བ་བསམ་གྱིས་མི་ཁྱབ་པ་དེ་ཉིད་ཡིན་པས། སྐྱེ་བོ་བློ་གྲོས་མཆོག་ཏུ་གྱུར་པའི་དབང་རྣོན་རྣམས། ཆོས་ཉིད་ཀྱི་རིགས་པའི་སྒོ་ནས་
ལེགས་པར་ངེས་པ་དྲངས་ཏེ། ཆོས་ཀྱི་རྗེས་སུ་འབྲངས་པའི་དད་པ་ཕྱིར་མི་ལྡོག་པ་བསྐྱེད་ན། བྱིན་རླབས་དང་དངོས་གྲུབ་ཤིན་ཏུ་མྱུར་རོ། །འོན་ཀྱང་དབང་པོ་རྣོན་པོ་བར་རློམ་པ་རིགས་ལམ་འཆར་རྐྱེན་པ་ལྟར་སྣང་ཡང་། དོན་གྱི་གཏིང་མི་དཔོག་པར། རྟོག་གེའི་རིག་པ་ལྟར་སྣང་དུ་མས་གཡེངས་ཏེ། ཟབ་མོའི་ཆོས་ལ་ཡིད་མི་ཆེས་པ་ནི། རྒྱན་གྱི་འགྲེལ་པ་རྣམས་སུ། སྤོབས་པ་མྱུར་བའི་སྦྱོར་སྐྱོན་བཤད་པ་བཞིན་དུ། ཤེས་རབ་འཆལ་བྱེད་དང་། དངོས་གྲུབ་ཀྱི་གེགས་ཡིན་པས། དེ་ལས་དབང་པོ་རྟུལ་པོའི་ལུགས་ཀྱི་ཡིད་ཆེས་པའི་ལུང་གི་རྗེས་སུ་འབྲངས་ཏེ། དད་པ་བསྐྱེད་ན་བྱིན་རླབས་མྱུར་ཏེ། གཤིན་རྗེ་གཤེད་ཀྱི་རྒྱུད་རྟོག་པ་གསུམ་པ་ལས། ཆོས་ཉིད་བསམ་གྱིས་མི་ཁྱབ་པའི། །དོན་ལ་ཐེ་ཚོམ་མེད་པ་ཡི། །མཁས་པ་ལ་ནི་དངོས་གྲུབ་མྱུར། །ཡང་ན་བླུན་པོ་དད་པ་བརྟན། །དེ་ལ་སྦྱོར་བའི་དངོས་གྲུབ་ཉེ། །རྟོག་ཅིང་དཔྱོད་པའི་རྟོག་གེ་བ། །དེ་ལ་སྦྱོར་བའི་དངོས་གྲུབ་རིང་། །ཞེས་དང་། ཏིང་འཛིན་རྒྱལ་པོ་ལས། རི་དང་ནགས་བཅས་ས་འདི་གས་འགྱུར་ཞིང་། །རྒྱ་མཚོའི་ཆུ་དག་
དེ་བཞིན་འཕོ་འགྱུར་ལ། །ཟླ་བ་ཉི་མ་ས་ལ་ལྷུང་གྱུར་ཀྱང་། །རྒྱལ་བས་བཤད་པ་རྣམ་པ་གཞན་མི་འགྱུར། །ཞེས་གསུངས་པ་བཞིན་རྒྱལ་བའི་བཀའ་དྲི་མ་མེད་པ་རྣམས་ནས་ལན་ཅིག་མ་ཡིན་པར་ཡང་དང་ཡང་དུ་གསུངས་པ་རྣམས་ལ་ཐེ་ཚོམ་མེད་པའི་དད་པ་རྩེ་གཅིག་ཏུ་བསྐྱེད་དེ། དེས་ཀུན་ནས་བསླངས་པའི་ཕྱག་དང་མཆོད་པ་གསོལ་འདེབས་བཟླས་བརྗོད་བསྐོར་བ་སོགས་ལ་འབད་ན། ཇི་སྐད་དུ་རྒྱལ་དབང་བདུན་པ་སྐལ་བཟང་རྒྱ་མཚོས། གནས་སྐབས་མཐར་ཐུག་དོན་གཉིས་མུཀྟི་ཀ །འབད་མེད་སྟེར་བའི་ལེགས་བྱས་སྐོར་བའི་ལས། །དགེ་ཚོགས་རྣམ་དཀར་ཉ་ལྕིབས་ཁོག་ཡངས་པོར། །བཀང་བའི་འགྲོ་རྣམས་འདི་དང་ཕྱི་མར་འཚེངས། །ཞེས་གསུངས་པ་ལྟར། འདི་ཕྱི་ཀུན་གྱི་ལེགས་ཚོགས་མ་ལུས་པར་ལྷུན་གྱིས་གྲུབ་པ་ཞིག་འབྱུང་ངོ་ཞེས། མཆོད་རྟེན་དཀར་ཆག་ལྷའི་རྔ་བོ་ཆེ་ལས་གསུངས་སོ། །མདོར་ན་ཆོས་དགེ་བའི་ཕན་ཡོན་རྣམས་བསམས་ནས། སྔར་རང་གི་དགེ་བ་གང་བྱས་པ་རྣམས་ལ་དགའ་བ་བསྒོམ་ཞིང་། ཕྱིན་ཆད་བྱེད་འདོད་ཀྱི་བློ་རྒྱ་བསྐྱེད་ཅིང་། འཕྲལ་དུ་ཉིན་རེ་བཞིན་དུ་ལག་ལེན་ལ་
ཅི་ཐེབས་བྱས་ནས། དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ་པ་དམ་པའི་ཆོས་ཀྱི་སྒོ་ནས་དོན་དང་ལྡན་པ་ཞིག་བྱའོ། །སྨྲས་པ། བླ་མ་རྒྱལ་བ་སྲས་དང་བཅས་རྣམས་ཀྱིས། །སློབ་མ་ཡོན་བདག་ཡོངས་ལ་ཐུགས་རྗེ་གཟིགས། །རྣལ་འབྱོར་མགོ་དཀར་ཚོགས་དྲུག་རང་གྲོལ་ངས། །ད་དུང་སོ་དཀར་དུས་བཞིན་གླུ་དབྱངས་ལེན། །སྔོན་ཚེ་བསོད་ནམས་དཔག་མེད་བསགས་ལགས་པས། །ད་ལྟ་དལ་འབྱོར་མི་ལུས་རིན་ཆེན་ཐོབ། །རིན་ཆེན་གསེར་གྱི་གླིང་དུ་ཕྱིན་པ་བཞིན། །མདོ་སྔགས་ཆོས་དང་མཇལ་བསྐལ་བ་བཟང་། །བསམ་པ་བཟང་པོ་བྱང་ཆུབ་སེམས་ཀྱི་སྒོས། །ཚོགས་གསོག་རེ་རེ་བྱས་པའི་ཕན་ཡོན་ཡང་། །གཟུགས་སུ་གྲུབ་རྒྱུ་ལྟ་བུ་ཞིག་ཡིན་ན། །ས་དང་བར་སྣང་ནམ་མཁར་ཤོང་མི་འགྱུར། །དེ་ལ་དགོངས་ནས་གསེར་ཁང་རྡོ་རྗེ་འཆང་། །ཡབ་སྲས་རྣམས་ཀྱིས་བླ་མ་གསེར་གླིང་པ། །ཇོ་བོ་བཀའ་གདམས་གོང་མའི་རྣམ་ཐར་བཞིན། །ཚོགས་གསོག་སྒྲིབ་སྦྱོང་མཛད་ལ་རྗེས་ཡི་རང་། །མདོ་སྔགས་ཆོས་ཀྱི་ཉམས་ལེན་བྱེད་པ་ལ། །སྦྱོར་དངོས་རྗེས་གསུམ་ཐུན་
མཚམས་བྱ་བ་རྣམས། །ཤེས་ནས་དེ་བཞིན་ཉམས་སུ་བླངས་གྱུར་ན། །ཉམས་ལེན་ཕུན་སུམ་ཚོགས་པས་ངོ་མཚར་ཆེ། །དེ་ཕྱིར་ནམ་འཆི་ཆ་མེད་ཚུལ་བསམས་ནས། །མྱུར་དུ་སངས་རྒྱས་གོ་འཕང་འཐོབ་འདོད་པའི། །སྐལ་བཟང་ལས་ཅན་སྐྱེ་བོ་ཕོ་མོ་རྣམས། །འདི་ལྟར་མཛོད་ཅེས་ཡང་ཡང་ཐལ་མོ་སྦྱོར། །གསེར་གྱི་རི་ལ་བརྟེན་པའི་འདབ་ཆགས་རྣམས། །ཁ་དོག་སེར་པོ་གསེར་དུ་སྣང་བ་བཞིན། །གདམས་ངག་འདི་ལ་བརྟེན་པའི་གང་ཟག་ཀྱང་། །གནས་སྐབས་བདེ་ཞིང་མཐར་ཐུག་སངས་རྒྱས་འགྱུར། །རིན་ཆེན་གསེར་གྱི་རི་བདུན་ནམ་གནས་བར། །གདམས་ངག་འདི་ཡང་མི་ཉམས་ས་སྟེང་འདིར། །གནས་ནས་ཕན་བདེའི་འབྱུང་གནས་བསྟན་པ་དང་། །མ་གྱུར་འགྲོ་བ་ཡོངས་ལ་ཕན་པར་ཤོག །རྒྱལ་བ་ཡབ་སྲས་སྐུ་ཚེ་རབ་བརྟན་ཅིང་། །རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་ཞིང་རྒྱས། །རྒྱལ་བློན་སྡེ་རྣམས་ཚེ་བསོད་སྙན་གྲགས་རྒྱས། །རྒྱལ་ཁམས་བདེ་ཞིང་སྐྱིད་པའི་བཀྲ་ཤིས་ཤོག །ཅེས་རང་གཞན་ཐམས་ཅད་འཚེངས་པའི་གདམས་ངག་གསེར་གྱི་རི་བོ་ཞེས་བྱ་བ་འདི་ནི། སྙིགས་དུས་འགྲོ་བའི་
སྐྱབས་མགོན་རྩ་བའི་བླ་མ་གསེར་ཁང་རྡོ་རྗེ་འཆང་ཡབ་སྲས་ཀྱིས། སྦྱོར་བའི་ཆོས་དྲུག་ལྟར་མཆོད་འབུལ་སོགས་ཚོགས་གསོག་སྒྲིབ་སྦྱོང་མཛད་ཅིང་། གཞན་གྲོང་དགོན་རྣམས་ལ་ཡང་མཆོད་པའི་སྲོལ་ཆེན་པོ་བཙུགས་པ་ལ་རབ་ཏུ་དགའ་བས་རྗེས་སུ་ཡི་རང་ཡང་ཡང་བྱུང་། དེ་ལྟར་བྱས་པའི་ཕན་ཡོན་མདོ་རྒྱུད་བསྟན་བཅོས་ན་མང་པོ་ཡོད་པ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བསྟན་ན། དད་ཅན་རྣམས་ལ་ཡིད་ཆེས་ངེས་ཤེས་འདྲོངས་ནས་དགེ་སྦྱོར་ལ་སྤྲོ་ཤུགས་ཆེར་འགྲོ་འམ་སྙམ་པའི་བློས་འབྲི་འདོད་ཡོད་པའི་ཁར། མཁས་བཙུན་བཟང་གསུམ་འཛོམ་པའི་དགེ་རྒན་དགེ་འདུན་བདེ་ལེགས། དད་གཏོང་བློ་གྲོས་ཆེ་བའི་ཆོས་མཐུན་དགེ་སློང་བློ་གྲོས། སྨན་སོགས་རིག་གནས་ལ་མཁས་པའི་བླ་མ་པདྨ་ཀུན་གྲོལ། ལུང་དང་རིགས་པར་སྨྲ་བ་བློ་ལྡན་ཡེ་ཤེས་དར་རྒྱས། དད་གུས་དག་སྣང་ཆེ་བའི་སློབ་བུ་འཕྲིན་ལས་དར་རྒྱས། ངག་དབང་བཀྲ་ཤིས། བསོད་ནམས་རྒྱལ་ལ་སོགས་པའི་དད་ཅན་གྱི་སློབ་མ་མང་པོས་ཀྱང་། དགེ་བའི་གསལ་འདེབས་སུ་འདི་ལྟ་བུའི་གདམས་པ་ཞིག་དགོས་ཞེས་ཡང་
ཡང་བསྐུལ་བའི་ངོར། ཚོགས་གསོག་སྒྲིབ་སྦྱོང་ལ་དགའ་བའི་རྣལ་འབྱོར་ཞབས་དཀར་པའམ། མིང་གཞན་ཚོགས་དྲུག་རང་གྲོལ་དུ་འབོད་པས། ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག། ༈ །། ཨེ་མ། གྲངས་མེད་བསྐལ་པར་གསོག་དགོས་ཚོགས་ཆེན་ཀྱང་། །སྐད་ཅིག་སྐད་ཅིག་རྫོགས་པར་བྱེད་ནུས་པའི། །ཐབས་མཆོག་རྨད་བྱུང་འདི་ཀོ་ངོ་མཚར་རྨད། །ཐར་པར་འདོད་པ་རྣམས་ཀྱི་སྙིང་གི་ནོར། །སུས་བསྟེན་ཉེས་ལྟུང་སྒྲིབ་གཉིས་གར་བུ་ཡི། །སྣང་བ་དག་ནས་ཚོགས་གཉིས་སུ་ཝརྞའི། །ཁམས་སུ་འཕོས་ཏེ་སྐུ་གཉིས་གཟི་འབར་བཞིན། །བསྟན་དང་འགྲོ་བའི་ཉེར་འཚོར་འགྱུར་བར་ངེས། །དེའི་ཕྱིར་ངེས་འབྱུང་བསམ་པ་བཟློག་མེད་བློས། །མཁའ་མཉམ་མ་རྣམས་ཉེར་ཞི་ལ་འགོད་ཕྱིར། །བརྩོན་པའི་ལམ་ཞུགས་རྣམས་ཀྱི་སྙིང་ལ་ཕུར། །ཆོས་བརྒྱད་ཚུལ་འཆོས་མཁན་དང་འདི་མི་མཛའ། །འདི་བྲིས་དགེ་བ་སྤྲིན་གྱི་མྱུ་གུ་ཡིས། །སྐལ་ལྡན་གདུལ་བྱའི་ཞིང་ས་སིམ་གྱུར་ནས། །
ཚོགས་གཉིས་སྙེ་མ་གཡུར་དུ་ཟ་བ་ཅན། །དོན་གཉིས་འབྲས་བུ་བཅུད་དུ་སྨིན་པར་ཤོག །ཅེས་པའང་སྙོམས་ལས་པ་སངས་རྒྱས་རིན་ཆེན་གྱིས་ཉམས་འཆར་སུག་བྲིས་སུ་བགྱིས་པ་སིདྡྷི་རསྟུ།། །།༈ མཆོད་པ་འབུལ་བའི་སྐབས་སུ་ཇི་ལྟར་བསླབ་པའི་རིམ་པ་བཞུགས་སོ། དཔལ་ལྡན་བླ་མ་དམ་པ་རྣམས་དང་ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐུགས་རྗེ་ཆེན་པོ་དང་ལྡན་པ་ཐམས་ཅད་ལ་གུས་པས་ཕྱག་འཚལ་ལོ། །རང་ཅག་རྣམས་ཀྱིས་མིའི་ལུས་རྟེན་ཐོབ་ཅིང་བསྟན་པ་དང་མཇལ་བའི་སྐབས་འདིར། གཏན་གྱི་འདུན་མ་བསྒྲུབ་ཕྱིར་རང་གིས་ཤེས་ཚོད་དང་ནུས་ཚོད་ཀྱི་དགེ་སྦྱོར་རེ་བྱེད་དགོས། དེ་ལྟར་མ་བསྒྲུབས་པར་ཚེ་འདི་ཉིད་ཙམ་གྱི་དོན་དང་། རྣམ་གཡེང་དང་དོན་མེད་པའི་བྱ་བ་སྣ་ཚོགས་ཀྱིས་དུས་འདའ་བར་བྱེད་པ་ནི་དུད་འགྲོ་རྟ་བོང་སོགས་དང་ཁྱད་པར་མ་བྱུང་བ་ཡིན་པས། རང་གིས་རང་ལ་བསྐུལ་མའི་ལྕག་བཏབ་སྟེ་ཕྱི་བཤོལ་གྱི་ངང་དུ་མ་སོང་བར་དེ་རིང་ཉིད་ནས་འགོ་བརྩམས་ཏེ་རྣམ་དཀར་གྱི་ལས་ལ་འཇུག་དགོས། དེ་ཡང་སངས་རྒྱས་བཅོམ་ལྡན་འདས་དང་། བྱང་
ཆུབ་སེམས་དཔའ་བདག་ཉིད་ཆེན་པོ་རྣམས་དང་། དགྲ་བཅོམ་པ་བདག་ཉིད་ཆེན་པོ་ཐམས་ཅད་ནི་འདས། འཛམ་གླིང་རྒྱན་དྲུག་མཆོག་གཉིས་རྒྱ་གར་གྲུབ་ཆེན་བརྒྱད་ཅུ་སོགས་རྒྱ་གར་མཁས་གྲུབ་ཐམས་ཅད་དང་། བོད་ཡུལ་གངས་ཅན་གྱི་ལྗོངས་སུ་བསྟན་པ་སྔ་དར་དང་། ཕྱི་དར་ལ་བྱོན་པའི་སྐྱེས་བུ་དམ་པ་མཁན་སློབ་ཆོས་གསུམ། ཇོ་འབྲོམ་ཡབ་སྲས་རྗེ་བདག་ཉིད་ཆེན་པོ་ཡབ་སྲས་སོགས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཕལ་ཆེར་ཟད་ནས་མཚན་ལྡན་གྱི་དགེ་བའི་བཤེས་གཉེན་དང་བྲལ་བས། དམུས་ལོང་ལོང་ཁྲིད་མེད་པ་ངན་སོང་གསུམ་གྱི་གཡང་ས་ཆེན་པོར་གོམ་འགྲོས་འཁྱོར་ནས་ཉམ་ཐག་པ་བདག་ཅག་རྣམས་ནི་ཚེ་སྔོན་བསོད་ནམས་མ་བསགས་པས། ཤེས་རབ་ཤིན་ཏུ་ཞན་ཅིང་དད་པ་མེད་པ། བརྩོན་འགྲུས་ཆུང་ཞིང་ལེ་ལོ་དང་སྙོམས་ལས་ཀྱིས་དུས་འདའ་བ། དབང་པོ་བརྟུལ་ཞིང་ནད་གདོན་སོགས་ཀྱི་བར་ཆད་མང་བ་བདག་ཅག་གི་རྒྱུད་ལ་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་དང་། བསྐྱེད་རྫོགས་ཟབ་མོའི་ཉམས་ལེན་ལྟ་ཞོག །སྐྱབས་འགྲོ་དང་། དད་པ་རྣམ་པར་དག་པ་རེ་ཙམ་ཡང་རྒྱུད་ལ་སྐྱེ་དཀའ་བའི་
དུས་འདིར། བསམ་པ་ངེས་འབྱུང་བྱང་ཆུབ་ཀྱི་སེམས་ཡང་དག་པའི་ལྟ་བ་སྟོབས་ལྡན་རྒྱུད་ལ་བསྐྱེད་པའི་སྒོ་ནས་དགེ་སྦྱོར་བསམ་པའི་སྒོ་ནས་སྟོབས་ཆེ་བ་བསྒྲུབ་མི་ནུས་པས། ཞིང་ཁྱད་པར་ཅན་གྱི་མཐུ་ལ་བརྟེན་ནས་ཚོགས་བསགས་པ་གལ་ཆེ་སྟེ། རྗེ་བདག་ཉིད་ཆེན་པོའི་ཞལ་ནས། ཉན་ན་ཚིག་མི་ཟིན། བསམས་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བའི་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་ནོ། །ཞེས་གསུངས་པ་ལྟར། བསམ་པ་ཁྱད་པར་ཅན་དེ་དག་གིས་མ་ཟིན་པར། ཚུལ་ཁྲིམས་བསྲུང་བ་དང་། ངན་སློང་ལ་སྦྱིན་པ་གཏོང་བ་སོགས་ཀྱི་དགེ་རྩ་ཕལ་ཆེར་འཁོར་བའི་བདེ་འགྲོར་སྐྱེ་བའི་རྒྱུར་འགྱུར་བ་མ་གཏོགས་ཐར་པའི་རྒྱུར་མི་འགྲོ་ཞིང་། བསམ་པ་ཁྱད་པར་ཅན་བྱང་ཆུབ་ཀྱི་སེམས་སོགས་མེད་ཀྱང་། ཞིང་ཁྱད་པར་ཅན་སངས་རྒྱས་སོགས་ལ་བརྟེན་ན། ཐར་པ་དང་ཐམས་ཅད་མཁྱེན་པའི་རྒྱུར་ངེས་པར་འགྲོ་བ་ནི། རྒྱལ་བའི་བཀའ་བསླུ་བ་མེད་པ་སྙིང་རྗེ་པདྨ་དཀར་པོ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་ལས། སངས་རྒྱས་ད་ལྟར་བཞུགས་
པ་ལ་གང་བསྟི་སྟང་བྱེད་པ་ལྟ་ཞོག །ཅེས་པ་ནས་སྐུ་གདུང་གི་མཆོད་རྟེན་བྱེད་པ་དང་། ཐ་ན་རྨི་ལམ་ན་དེ་བཞིན་གཤེགས་པའི་མཆོད་རྟེན་ལ་དད་པ་བྱེད་པ་དེའི་འབྲས་བུ་མྱ་ངན་ལས་འདས་པ་རང་སྨྲའོ། །ཞེས་དང་། དེ་ལྟར་སངས་རྒྱས་བསམ་མི་ཁྱབ། །སངས་རྒྱས་ཆོས་ཀྱང་བསམ་མི་ཁྱབ། །བསམ་མི་ཁྱབ་ལ་དད་བྱས་པ། །རྣམ་པར་སྨིན་པའང་བསམ་མི་ཁྱབ། །ཅེས་དང་། རྫོགས་པའི་སངས་རྒྱས་བཞུགས་པའམ། །ཡོངས་སུ་མྱ་ངན་འདས་པ་ལ། །གང་གིས་ཐལ་སྦྱར་གཅིག་བྱས་པ། །ཞེས་པ་ནས། དེ་ཡིས་བྱང་ཆུབ་དམ་པ་འཐོབ། །ཅེས་གསུངས་ཤིང་། དམ་ཆོས་པདྨ་དཀར་པོ་ལས། བདེ་གཤེགས་རྣམས་ལ་མེ་ཏོག་གཅིག་མཆོད་ན། །དེ་དག་ཐམས་ཅད་བྱང་ཆུབ་ཐོབ་པར་འགྱུར། །ཞེས་དང་། སྤྱན་རས་གཟིགས་ཀྱི་མདོ་ལས། བློ་གྲོས་རྣམ་པར་དག་པ། དེ་ལྟར་དེ་བཞིན་གཤེགས་པ་ཡོངས་སུ་དག་པ་ལ། སུ་ཞིག་མེ་ཏོག་དང་། ཕྲེང་བ་དང་། སྤོས་དང་། གདུགས་དང་། རྒྱལ་མཚན་དང་། བ་དན་དང་། རོལ་མོའི་སྒྲ་དང་། བྱུགས་པ་རྣམས་ཀྱིས་བསྟི་སྟང་བྱེད་པ་དེའི་བསོད་
ནམས་ཀྱི་ཕུང་པོའི་མཐའ་རྟོགས་བར་མི་ནུས་ཏེ། དེའི་མཐའ་ནི་ཐེག་པ་གསུམ་པོ་ལས་ཐག་པ་གང་ཡང་རུང་བས། མྱ་ངན་ལས་འདས་པའི་མཐར་ཐུག་པ་མ་གཏོགས་པར་བསོད་ནམས་ཀྱི་ཕུང་པོ་དེ་ཕྱི་མའི་མཐར་ཡང་ཟད་པར་མི་ནུས་སོ། །ཞེས་དང་། མདོ་སྡེ་བསྐལ་བཟང་ལས། དེ་ལྟར་སངས་རྒྱས་དག་ལ་ཆུང་བ་ཡི། །ཡོན་ཕུལ་རྣམ་པར་སྨིན་པ་འདི་དག་ཡིན། །འཁོར་ཚེ་དེ་ཡི་འབྲས་བུ་དེ་འདྲ་ན། །མཁས་པ་སུ་ཞིག་བྱང་ཆུབ་སེམས་མི་བསྐྱེད། །ཅེས་གསུངས་པ་ལྟར་ཡིན་པས། ཞིང་ཁྱད་པར་ཅན་ལ་དམིགས་ནས་མཆོད་པ་ཕུལ་ཏེ་ཚོགས་བསགས་པ་གལ་ཆེ། དངོས་པོ་ཤིན་ཏུ་ཆུང་བ་དམན་པ་ཆུ་གཙང་ལྟ་བུ་ཡིན་ཀྱང་། ཞིང་ཁྱད་པར་ཅན་ལ་དམིགས་ནས་ཕུལ་ན་བསོད་ནམས་དཔག་ཏུ་མེད་པ་འབྱུང་ཞིང་། བསོད་ནམས་བསགས་པའི་མཐུ་ལས་བློའི་མཐུ་ཡང་ཇེ་རྒྱས་སུ་འགྲོ་བས། བཀའ་གདམས་གོང་མ་རྣམས་ཀྱིས། དངོས་པོ་མི་འཐོག་དད་པ་གལ་ཆེ། དད་པ་ཡོད་ན་ཆུ་གཙང་གཅིག་པུ་དང་། མཎྜལ་ཙམ་ལ་བརྟེན་ནས་ཚོགས་བསགས་པས་ཆོག །ཅེས་གསུངས་པ་ལྟར།
ཤིན་ཏུ་རྙེད་པར་སླ་ཞིང་ཉེས་སྤྱོད་སེར་སྣ་སོགས་དང་མ་འབྲེལ་བའི་ཆུ་གཙང་ཙམ་ལ་བརྟེན་ནས་ཚོགས་གསོག་པ་གལ་ཆེ་ཞིང་། འབྱོར་ན་དངོས་པོ་བཟང་ལ་མང་བ་རིན་ཐང་ཆེ་བ་ལག་ཏུ་འབྱོར་ཚད་ཀྱིས་མཆོད་པ་ཕུལ་ཏེ་ཚོགས་གསོག་དགོས། མཆོད་པ་འབུལ་བའི་ཚེ་རང་གི་དབང་པོའི་མངོན་སུམ་གྱི་སྤྱོད་ཡུལ་དུ་གྱུར་པའི་སྐུ་གཟུགས་མཆོད་རྟེན་འདི་དག་ལ་མཆོད་ན། མངོན་སུམ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་སྐུ་གསུང་ཐུགས་ཀྱི་རྟེན་ཐམས་ཅད་དང་། ཕྱོགས་བཅུའི་འཇིག་རྟེན་གྱི་ཁམས་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་སོགས་སྐྱབས་གནས་དཀོན་མཆོག་གསུམ་པོ་ཐམས་ཅད་ལ་དམིགས་ནས་མཆོད་པ་འབུལ་བའི་འཕེན་པ་གཏོང་དགོས། ས་ཆེན་པོ་ལ་གནས་པའི་བྱང་ཆུབ་སེམས་དཔའ་ཆེན་པོ་ཀུན་ཏུ་བཟང་པོ་སོགས་ཀྱིས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཀྱི་སྤྱན་སྔར་རྫུ་འཕྲུལ་གྱི་བཀོད་པས་ལུས་ཚད་མེད་གྲངས་མེད་པ་སྤྲུལ་ཏེ། མཆོད་པའི་བྱེ་བྲག་བསམ་གྱིས་མི་ཁྱབ་པའི་མཆོད་པ་ཕུལ་ནས། ཟབ་པ་དང་རྒྱ་ཆེ་བའི་ཆོས་དཔག་ཏུ་མེད་པ་མཉན། སེམས་ཅན་ཐམས་ཅད་ཀྱི་དོན་དཔག་ཏུ་མེད་པ་
མཛད་ཅིང་རྒྱལ་སྲས་ཀྱི་སྤྱོད་པ་ལ་ཇི་ལྟར་བསླབས་པ་ལྟར་བདག་གིས་ཀྱང་སྐྱེས་བུ་དམ་པ་དེ་དག་གི་རྗེས་སུ་སློབ་རྒྱུ་ཞིག་བྱུང་ན་ཅི་མ་རུང་སྙམ་དུ་སྨོན་ལམ་འདེབས་པ་དང་། སེམས་ཐག་པ་ནས་དགའ་ཞིང་ཡི་རང་བར་བྱས་ཏེ། ད་ལྟ་རང་ལ་དཀོན་མཆོག་གསུམ་གྱི་ཡོན་ཏན་མཐོང་བའི་དད་པ་ཤུགས་དྲག་པོ་དང་། བྱམས་སྙིང་རྗེ་བཅོས་མ་མ་ཡིན་པ་དཀའ་མོད། འོན་ཀྱང་བཅོས་མ་དང་ཁ་ཙམ་ཚིག་ཙམ་ཚུན་ཆད་ཀྱིས་ཀྱང་དད་པ་དང་བྱམས་སྙིང་རྗེའི་བསམ་པ་བསྐྱེད་དེ། སངས་རྒྱས་རྣམས་ནི་ཚོགས་གསོག་པའི་ཞིང་གོང་ན་མེད་པ། ཡོན་ཏན་གྱི་ཞིང་བླ་ན་མེད་པ། ཕན་འདོགས་པའི་ཞིང་གོང་ན་མེད་པ་ཡིན་པས་འདི་དག་ལ་ཚོགས་བསག་རྒྱུ་རེ་བྱུང་བ་སྐལ་བཟང་སྙམ་དུ་སེམས་དགའ་སྤྲོ་དང་བཅས་པའི་སྒོ་ནས། མཆོད་པ་མི་གཙང་བ་དང་། ཡོན་པོ་དང་། འཁྱོགས་པོ་དང་། བར་དུ་ཆུ་འཕོ་བ་སོགས་མཆོད་ཞར་གྱི་སྐྱོན་དང་བྲལ་བ། ཏིང་ཕོར་རྣམས་ཀྱང་ས་རྡུལ་དང་ཆུ་དྲེགས་སོགས་ཀྱིས་མ་གོས་པར་འོད་འབར་བར། ཏིང་ཕྱིས་གཙང་མས་ཕྱིས། ཏིང་ཕོར་ལ་རང་གི་ལུས་ཀྱི་དྲི་དྲེགས་
དང་། མཛུབ་རྗེས་སོགས་མེད་པར་གཙང་ཞིང་འོད་འབར་བར་བྱས་ཏེ། དམ་པ་གོང་མ་དགེ་བའི་བཤེས་གཉེན་ཕུ་ཆུང་བའི་རྣམ་ཐར་དང་། རྗེ་བདག་ཉིད་ཆེན་པོས་ལྷ་སའི་སྨོན་ལམ་ཆེན་མོ་བཙུགས་ཏེ། མཆོད་པ་ཚད་མེད་པ་ཕུལ་ནས། སྨོན་ལམ་ཇི་ལྟར་མཛད་པ་དེ་བཞིན་དུ་བདག་གིས་ཀྱང་མཆོད་པའི་ལས་ལ་བརྩོན་ཞིང་། སྙིགས་མ་ལས་ཀྱང་ཆེས་སྙིགས་མ་སངས་རྒྱས་ཀྱི་བསྟན་པ་ཉག་ཤིན་ཏུ་ཕྲ་བའི་སྐབས་འདིར་བསྟན་པའི་དམིགས་རྐྱེན་ལ་ཡང་ཕན་པ་དང་། བསྟན་འཛིན་གྱི་སྐྱེས་བུ་དམ་པ་ཐམས་ཅད་ཀྱི་སྐུ་ཚེ་མཛད་པ་ཕྲིན་ལས་རྒྱས་ཤིང་ཆོས་མཛད་དམ་པ་ཐམས་ཅད་ཀྱིས་ཆོས་སྒྲུབ་བའི་ཕྱི་ནང་གི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ནས། ཆོས་ཀྱི་བྱ་བ་མཐའ་དག་གེགས་མེད་པར་མཐར་ཕྱིན་པ་དང་། སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་རྒྱལ་བ་བློ་བཟང་གྲགས་པའི་མདོ་སྔགས་ཀྱི་བསྟན་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་། དགེ་འདུན་གྱི་སྡེ་ཐམས་ཅད་ཐུགས་མཐུན་ཞིང་ཁྲིམས་གཙང་བའི་ངང་ནས་བཤད་སྒྲུབ་བསྟན་པའི་བྱ་བ་རྣམས་འཕེལ་ཞིང་རྒྱས་པ་དང་།
འཇམ་དབྱངས་གོང་མ་ཆེན་པོའི་སྐུ་ཚེ་བརྟན་ཅིང་ཆབ་སྲིད་ཕྱོགས་མཐར་རྒྱས་པ་དང་། ཡུལ་ཕྱོགས་རྣམས་སུ་ཡང་ནད་མུག་འཐབ་རྩོད་འཁྲུག་ལོང་སོགས་ཞི་ནས། བཀྲ་ཤིས་བདེ་སྐྱིད་ཀྱི་དགེ་མཚན་རྒྱ་ཆེན་པོ་འབྱུང་བའི་ཕྱིར་དང་། ནམ་མཁའི་མཐས་ཁྱབ་པའི་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་། སྡུག་བསྔལ་གྱི་རྒྱུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས། ངེས་འབྱུང་བྱང་ཆུབ་ཀྱི་སེམས། ཡང་དག་པའི་ལྟ་བ། གསང་སྔགས་རིམ་གཉིས་ཀྱི་རྣལ་འབྱོར་ཟབ་མོ་མཐའ་དག་རྒྱུད་ལ་མངོན་དུ་གྱུར་ནས། རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་མྱུར་དུ་འཐོབ་པའི་རྒྱུར་དམིགས་ཏེ་མཆོད་པ་འབུལ་བའི་ལས་ལ་འཇུག་གོ །དེ་ཡང་སྔ་ཐུན་ལ། ཐོག་མར་སྐྱབས་འགྲོ་བརྒྱ་སྐོར། སངས་རྒྱས་ཆོས་ཚོགས་ཚར་གསུམ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི་སོགས་ཚར་གསུམ། སེམས་ཅན་ཐམས་ཅད་བདེ་བ་དང་སོགས་ཚད་མེད་བཞི་ཚར་གསུམ། ཁྱད་པར་མ་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སོགས། ཁྱད་པར་གྱི་སེམས་བསྐྱེད་པ་ཚར་གསུམ། རང་ཉིད་སྐད་
ཅིག་གིས་ཞེས་པ་ནས། དམ་རྫས་སྤྱན་གཟིགས་བསམ་གྱིས་མི་ཁྱབ་པས་གང་བར་གྱུར། ཞེས་པའི་བར་སྐད་ཅིག་དཀྲོང་བསྐྱེད། གནས་དང་མཆོད་རྫས་བྱིན་གྱིས་བརླབས་པ་རྣམས་རྒྱས་བསྡུས་སྐབས་དང་བསྟུན། བདེ་སྟོང་དབྱེར་མེད་ཅེས་པ་ནས། ནམ་མཁའ་ཇི་སྲིད་འབངས་སུ་གཟུང་དུ་གསོལ། ཞེས་པའི་མཚམས་སུ། དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །ཞེས་པ་ནས། སངས་རྒྱས་བྱང་ཆུབ་ཡིད་ཀྱིས་གཟུང་། །ཞེས་པའི་བར་གྱི་བྱང་སྡོམ་འཛིན་པ་ཚར་གསུམ། བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། སེམས་ཅན་མྱ་ངན་འདས་ལ་འགོད། །ཅེས་པའི་སྔགས་སྡོམ་འཛིན་པ་ཚར་གསུམ་བྱ། དེ་ནས་ལྟུང་བཤགས་ཚར་གསུམ་དང་སྤྱི་བཤགས་ཚར་གསུམ་འདོན་ཅིང་ཕྱག་འཚལ། དེ་ནས་ཐོག་མེད་དུས་ནས་ཞེས་པ་ནས། ཟུང་འཇུག་རྡོ་རྗེ་འཆང་དབང་ཐོབ་ཕྱིར་བསྔོ། །ཞེས་པའི་མཇུག་ཏུ་མཆོད་པའི་སྤྲིན་གྱི་གཟུངས་ཚར་གསུམ་སོགས་བརྗོད་ཅིང་རོལ་མོའི་སྒྲ་བྱ། དཀོན་མཆོག་གསུམ་གྱི་བདེན་པ་དང་ནས། འབྱུང་བར་གྱུར་ཅིག །སངས་རྒྱས་ཐམས་ཅད་འདུས་
པའི་སྐུ་སོགས་དང་། ཇི་སྙེད་སུ་དག་ནས། ཆེན་པོར་བསྔོ། དེ་ནས་མཎྜལ་རྒྱས་པ་ཕུལ་ཏེ། ས་གཞི་སྤོས་བྱུགས་མ་ཚར་བཅུ་གསུམ། བདག་གཞན་ལུས་ངག་ནས། ནིརཡ་ཏདྱ་མི། སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །ཞེས་པ་ནས། རིམ་པ་བཞིན་དུ་བསླབ་པར་བགྱི། །ལན་གསུམ་མམ། བདུན་སོགས་བརྗོད། དེང་དུས་བདག་ཚེ་འབྲས་བུ་ཡོད། །ནས། དེ་ལྟར་བྱ། བདག་གིས་དེ་རིང་སྐྱོབ་པ་ཐམས་ཅད་ཀྱི། །སྤྱན་སྔར་འགྲོ་བ་བདེར་གཤེགས་ཉིད་དང་ནི། །བར་དུ་བདེ་ལ་མགྲོན་དུ་བོས་ཟིན་གྱིས། །ལྷ་དང་ལྷ་མིན་ལ་སོགས་དགའ་བར་གྱིས། །འཇམ་དཔལ་དཔའ་བོ་ནས། བཟང་པོ་སྤྱོད་ཕྱིར་རབ་ཏུ་བསྔོ་བར་བགྱི། །ཞེས་པའི་བར་བརྗོད། འདི་མཆོད་པའི་ཐུན་དང་པོའི་འདོན་སྒྲིག་ཡིན། ཐུན་ཕྱི་མ་རྣམས་སུ་འདོན་སྒྲིག་ནི་བར་མ་ལྟར་འདོན། ཐུན་ཐ་མའི་མཇུག་ཏུ། ཡོན་ཏན་འབྱུང་གནས་ཞེས་པ་ནས། དགྱེས་བཞིན་ཐིམ་པས་བྱིན་གྱིས་བརླབས་པར་གྱུར། ཞེས་པའི་མཚམས་སུ། མྱུར་མཛད་མ་དང་ཆོས་རྒྱལ་གྱི་གཏོར་འབུལ་རྒྱས་བསྡུས་སྐབས་དང་བསྟུན། གཞི་བདག་
ལ་དཀར་གཏོར་གཏོང་། ཞིང་མཆོག་དམ་པ་ནས། རིམ་གཉིས་ལམ་གྱི་བསྒྲོད་པ་མཐར་ཕྱིན་ཤོག །དེ་ནས་བཟང་སྤྱོད་དང་། གསང་བདེ་འཇིགས་གསུམ་གྱི་སྨོན་ལམ་རྣམས་རེས་མོས་སུ་འདོན། དགེ་སློང་རི་ཁྲོད་པ་ཐམས་ཅད་ཀྱིས་གུང་ཚིག་བཞེས་པའི་སྐབས་སུ། ཁྲུས་བྱས་ཏེ། ཆོས་གོས་བླ་གོས་གྱོན། གདིང་བ་བཏིང་། ལྷུང་བཟེད་སྣོད་གཙང་རྣམས་ཀྱི་ནང་དུ་ཕུད་མཆོད་ལག་ལེན་མཐོང་བརྒྱུད་ལྟར་ལེགས་པར་བཤམས་ཏེ། རྟེན་འབྲེལ་བསྟོད་པ་དང་། དཀོན་མཆོག་རྗེས་དྲན་གྱི་མདོ་ལ་སོགས་པ་དང་། ཟས་བསྔོ་ལྟུང་བཤགས་ཚང་བར་འདོན། དེ་ལྟར་མཆོད་པ་འབུལ་བའི་སྐབས་སུ་རི་ཁྲོད་པ་ཐམས་ཅད་གཉོམ་ཆུང་ཞི་དུལ་ལ་གནས་བཞིན་པ་ནས། མཆོད་ཁྲི་སོགས་ཡར་མར་དུ་སྣུར་དགོས་པ་དང་། གློ་བུར་དུ་མཆོད་པ་འབུལ་མཁན་གསར་བ་བྱུང་ནས་གྲལ་མཚམས་འབྱེད་དགོས་སོགས་བྱུང་ན། དེ་ལྟ་བུ་ལ་བསྙད་པའམ་རྐྱེན་གཞན་གང་ཡང་རུང་བས་ཁ་ཤགས་འགྱེད་པ་དང་། འཁོན་འཛིང་སོགས་གཏན་ནས་བྱས་མི་ཆོག །གལ་སྲིད་འཛིང་འཁོན་བྱེད་མཁན་བྱུང་ན། ཕྱིན་ཆད་རི་ཁྲོད་པའི་གྲྭར་
ཡོང་མི་ཆོག །འདི་སེམས་ལ་ངེས་པོ་བྱེད་པ་གལ་ཆེ། དེ་ལྟར་དུས་རྒྱུན་མཆོད་པ་འབུལ་བ་ལ་བརྩོན་པ་ནི། མི་མ་ཡིན་དང་བདུད་ཀྱིས་མ་ཁྱེར་བའི་རྟགས་ཡིན་ཞིང་། ཚེ་འདིའི་མཐོང་ཆོས་ལ་ཡང་། རྒྱུ་ཟས་དང་འབྱོར་བ་འཕེལ་བར་འགྱུར་བ་དང་། དད་པ་དང་ཤེས་རབ་ཇེ་ཆེར་འགྲོ་བ་ནི་མཆོད་པ་ཡུན་རིང་དུ་འབུལ་མཁན་རྣམས་ཀྱི་མྱོང་བས་གྲུབ་པ་དེ་བཞིན་ལེགས་པས་ཐམས་ཅད་ཀྱིས་དུས་རྒྱུན་ཏུ་མཆོད་པ་ལ་བརྩོན་པར་ཞུ། ཞེས་པ་འདི་རི་ཁྲོད་པ་མང་པོ་འཚོགས་ནས་མཆོད་པ་འབུལ་བའི་སྐབས་སུ་ཇི་ལྟར་བསླབ་པའི་རིམ་པ་ཡི་གེར་བྲིས་པ་འདི་ལྟ་བུ་ཞིག་དགོས་ཞེས་དཔོན་སློབ་ཞྭ་དམར་ཚང་ནས་བསྐུལ་བ་ལྟར་གསེར་ཁང་རི་ཁྲོད་པས་བྲིས་པ་ཛ་ཡནྟུ།། །། ༈ །།མཆོད་པའི་སྨོན་ལམ་བཞུགས་སོ།། ན་མོ་གུ་རུ། བདག་གིས་དུས་གསུམ་དུ་བསགས་པའི་རྣམ་དཀར་གྱི་དགེ་ཚོགས་ཇི་སྙེད་མཆིས་པ་ཐམས་ཅད་རྩ་བརྒྱུད་ཀྱི་བླ་མ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས་ཕྱོགས་བཅུ་དུས་གསུམ་ན་བཞུགས་པའི་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་མཆོད་པར་འབུལ་ལོ། །དེ་དག་
ཐམས་ཅད་ཀྱི་སྤྱན་སྔར་ཀུན་ཏུ་བཟང་པའི་མཆོད་པའི་སྤྲིན་ཕུང་ཟད་མི་ཤེས་པ་འབྱུང་བར་གྱུར་ཅིག །དེ་ལྟར་ཕུལ་བའི་དགེ་བ་འདི་དང་བདག་གིས་དུས་གསུམ་དུ་བསགས་པའི་དགེ་རྩ་རྣམས་ཀྱི་མཐུ་ལ་བརྟེན་ནས། སངས་རྒྱས་ཀྱི་ལུང་དང་རྟོགས་པའི་བསྟན་པ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག །ཆོས་མཛད་དམ་པ་ཐམས་ཅད་ཀྱིས་ཆོས་བསྒྲུབ་པའི་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་ཞིང་ཆོས་ཀྱི་བྱ་བ་གང་བརྩམ་པ་ཐམས་ཅད་ཐོགས་མེད་དུ་མྱུར་དུ་འགྲུབ་པར་གྱུར་ཅིག །དམྱལ་བ་ཡི་དྭགས་དུད་འགྲོའི་སྡུག་བསྔལ་ཐམས་ཅད་ཞི་ཞིང་མེད་པར་གྱུར་ཅིག །ལྷ་དང་མིའི་བདེ་བ་ཐོབ་པར་གྱུར་ཅིག །ལྷ་དང་མི་དང་ལྷ་མ་ཡིན་གྱི་སྡུག་བསྔལ་དང་རྒུད་པ་ཐམས་ཅད་ཞི་ཞིང་བདེ་བར་གྱུར་ཅིག །འདོད་ཆགས་ཞེ་སྡང་གཏི་མུག་ལ་སོགས་པའི་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་བྱང་ཞིང་དག་པར་གྱུར་ཅིག །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་གྱིས་འབྲལ་བ་མེད་པར་རྗེས་སུ་འཛིན་པར་གྱུར་ཅིག །དེ་དག་ཐམས་ཅད་ཀྱི་རྒྱུད་ལ་ངེས་འབྱུང་གི་བསམ་པ་
དང་བརྩེ་བ་སྙིང་རྗེ་ཆེན་པོ་བདག་བས་གཞན་གཅེས་པའི་བྱང་ཆུབ་ཀྱི་སེམས་དང་ཟབ་མོ་སྟོང་པ་ཉིད་རྟོགས་པའི་ཤེས་རབ་དང་སྔགས་ཀྱི་ལམ་རིམ་གཉིས་ཀྱི་རྣལ་འབྱོར་མཐའ་དག་མངོན་དུ་གྱུར་ཏེ། ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་མྱུར་དུ་ཐོབ་པར་གྱུར་ཅིག །རྨད་བྱུང་སྲས་བཅས་རྒྱལ་བའི་བྱིན་རླབས་དང་། །རྟེན་འབྲེལ་བསླུ་བ་མེད་པའི་བདེན་པ་དང་། །བདག་གི་ལྷག་བསམ་དག་པའི་མཐུ་སྟོབས་ཀྱིས། །རྣམ་དག་སྨོན་པའི་གནས་ཀུན་འགྲུབ་པར་ཤོག །ཅེས་དོན་དྲན་བཞིན་པས་སེམས་མ་ཡེངས་པར་སྙིང་ཐག་པ་ནས་སྨོན་ལམ་གདབ་པར་བྱའོ། །གོ་སླ་ཞིང་དོན་ཡིད་ལ་འཆར་བདེ་བའི་ཕྱིར་ཚིག་ལྷུག་པར་བྲིས་པ་ཡིན་ནོ། །ཞེས་པ་འདི་ནི་གསེར་ཁང་རི་ཁྲོད་པས་ཆོས་ལུང་གསེར་དགོན་ནས་བྲིས་པ་ཛ་ཡནྟུ།། ༈ །།མཆོད་པའི་སྨོན་ལམ་ཞིང་ཁམས་སྒོ་འབྱེད་བཞུགས་སོ། ཞིང་མཆོག་དམ་པ་ཐུབ་པའི་དབང་པོ་དང་། །དེ་སྲས་འཇམ་དབྱངས་ཀུན་ཏུ་བཟང་ལ་སོགས། །ཕྱོགས་བཅུའི་སངས་རྒྱས་བྱང་ཆུབ་སེམས་དཔའ་ཀུན། །བདག་གི་སྨོན་ལམ་འགྲུབ་པའི་དཔང་པོར་བཞུགས། །ཚོགས་
གཉིས་བསོད་ནམས་བསགས་པའི་ཞིང་གི་མཆོག །བླ་མ་དཀོན་མཆོག་མཆོད་པའི་བསོད་ནམས་མཐུས། །ཚེ་འདིར་ཚེ་རིང་ནད་མེད་བདེ་སྐྱིད་ལྡན། །ཅི་བསམ་ཐམས་ཅད་ཆོས་བཞིན་འགྲུབ་པར་ཤོག །ནམ་ཞིག་ཚེ་ཡི་འཕེན་པ་ཟད་པའི་ཚེ། །གནད་གཅོད་སྡུག་བསྔལ་དྲག་པོ་མི་འབྱུང་ཞིང་། །ལུས་དང་ལོངས་སྤྱོད་གང་ལའང་མི་ཆགས་པར། །ཡིད་ལ་བླ་མ་དཀོན་མཆོག་དྲན་པར་ཤོག །ཤི་མ་ཐག་ནས་དག་པའི་སྣང་བ་ཤར། །གང་དུ་སོང་ཡང་དག་ཞིང་གཞལ་ཡས་ཁང་། །སུ་དང་འགྲོགས་ཀྱང་ལྷ་དང་ལྷ་མོ་དངོས། །ཅི་ཞིག་གོ་ཡང་ཆོས་སྒྲར་འགྱུར་བར་ཤོག །བར་དོར་འཇའ་སྤྲིན་འོད་ཀྱི་ལམ་ཆེན་ལ། །གདུགས་དང་རྒྱལ་མཚན་རོལ་མོའི་སྒྲ་དང་བཅས། །ལྷ་དང་ལྷ་མོ་མཁའ་འགྲོས་བསུ་བ་དང་། །བླ་མ་བྱོན་ནས་ལམ་སྣ་འདྲེན་པར་ཤོག །བུ་ནི་ཕ་ཁྱིམ་བུ་མོ་མ་ཁྱིམ་ལ། །འགྲོ་བ་བཞིན་དུ་འོད་ཀྱི་ལམ་བརྒྱུད་ནས། །བདེ་བ་ཅན་དང་དགའ་ལྡན་མཁའ་སྤྱོད་སོགས། །གང་འདོད་ཞིང་དུ་དགའ་བཞིན་འགྲོ་བར་ཤོག །སོང་ནས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི། །སངས་རྒྱས་མཆོད་ཅིང་གསུང་གི་བདུད་རྩི་
མྱོང་། །ཚོགས་རྫོགས་སྒྲིབ་བྱང་མྱུར་དུ་སངས་རྒྱས་ནས། །འགྲོ་ཀུན་སངས་རྒྱས་ས་རུ་འདྲེན་པར་ཤོག །གཞན་ཡང་དཀོན་མཆོག་མཆོད་པའི་བསོད་ནམས་ཀྱིས། །རྒྱལ་ཁམས་ཀུན་ཏུ་ཆར་ཆུ་དུས་སུ་བབ། །ལོ་ཕྱུགས་རྟག་ཏུ་འཕེལ་ཞིང་ལེགས་ཚོགས་རྒྱས། །ཕུན་ཚོགས་སྡེ་བཞིའི་དཔལ་ལ་སྤྱོད་པར་ཤོག །ཅེས་མཆོད་པའི་སྨོན་ལམ་ཞིང་ཁམས་སྒོ་འབྱེད་ཅེས་བྱ་བ་འདི་ནི། བསམ་པ་བཟང་ཞིང་དག་སྣང་ཆེ་བའི་དབུ་མཛད་ཚངས་དབྱངས་དང་། བསླབ་གསུམ་རྒྱན་གྱིས་མཛེས་པའི་དགེ་སློང་བསྟན་པ་དར་རྒྱས་གཉིས་ཀྱིས་བསྐུལ་དོར། བླ་མ་ཞབས་དཀར་བས་སྦྱར་བའོ།། །།སྨྲས་པ། བསྟན་པའི་བདག་པོ་སྟོན་པ་སངས་རྒྱས་དང་། །མི་ཕམ་འཇམ་དབྱངས་རྒྱན་དྲུག་མཆོག་གཉིས་སོགས། །རྒྱ་བོད་མཁས་གྲུབ་ཡོངས་ལ་གསོལ་བ་འདེབས། །ཉམས་ལེན་ཕུན་སུམ་ཚོགས་པར་བྱིན་གྱིས་རློབས། །ལམ་རིམ་བློ་སྦྱོང་ཕྱག་རྫོགས་དོ་ཧ་སོགས། །མདོ་སྔགས་ཆོས་རྣམས་ཉམས་སུ་ལེན་པའི་ཚེ། །སྦྱོར་དངོས་རྗེས་གསུམ་ཐུན་མཚམས་ཉམས་ལེན་རིགས། །ཕུན་སུམ་ཚོགས་པའི་གདམས་པ་བཟང་པོ་འདིའི། །པར་ཡིག་འབྲི་མཁན་ལྷ་ཁང་དབུ་མཛད་མཆོག །པར་དེ་བརྐོ་མཁན་བླ་སྨྱོན་སྙན་
གྲགས་ལགས། །པར་ཤིང་ཁ་འགོ་ཞབས་ཕྱི་གྲྭ་པས་བྱས། །པར་ཡོན་སློབ་མ་ཡོན་བདག་རྣམས་ཀྱིས་ཕུལ། །ཉམས་ལེན་འདོད་པའི་སྐལ་བཟང་ཕོ་མོ་ལ། །གང་འདོད་ཆོས་ཀྱི་དགའ་སྟོན་སྩོལ་པའི་ཕྱིར། །ངོ་མཚར་པར་གྱི་འདོད་འབྱུང་ནོར་བུ་འདི། །བཀྲ་ཤིས་འཁྱིལ་བའི་རྒྱལ་མཚན་རྩེ་ན་བཞུགས། །འདིས་མཚོན་དགེ་བས་བདག་གཞན་འགྲོ་བ་ཀུན། །རྣམ་མཁྱེན་སངས་རྒྱས་གོ་འཕང་མྱུར་ཐོབ་ཤོག །སངས་རྒྱས་མ་ཐོབ་བར་དུ་དགེ་བའི་བཤེས། །དམ་པའི་ཆོས་དང་ནམ་ཡང་མི་འབྲལ་ཤོག །ཆོས་ཀྱི་མཐུན་རྐྱེན་སྒྲུབ་པའི་ཡོན་བདག་གི །ཚེ་དཔལ་བསོད་ནམས་སྙན་གྲགས་རྒྱས་པར་ཤོག །དཀར་ཕྱོགས་ལྷ་ཡིས་ཆོས་ཀྱི་གྲོགས་བྱེད་ཅིང་། །བཀྲ་ཤིས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །ཅེས་པར་བྱང་ཉུང་འདུས་འདི་ནི། དད་བརྩོན་ཤེས་རབ་སྙིང་རྗེ་དང་ལྡན་པའི་སྐལ་ལྡན་སློབ་བུ་སྙན་གྲགས་རྒྱ་མཚོས་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར། ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་བ་གུ་ཡངས་ཡན་པ་བློ་བདེ་ཞབས་དཀར་བས། ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦྱར་བའོ།། །།འདིས་ཀྱང་བསྟན་པ་དང་འགྲོ་བ་ཡོངས་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག། །།སརྦ་མངྒ་ལཾ།། །།
ལེགས་བཤད་གསེར་གྱི་ཐུར་མ། །མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོཥ་ཡ། །མཐའ་བྲལ་ཆོས་སྐུའི་ནམ་མཁའ་ཡངས་པ་ནས། །སྐྱབས་མགོན་རྒྱལ་དབང་ཉི་མ་གཞོན་ནུ་ཤར། །རིས་མེད་ལེགས་བཤད་འོད་སྟོང་འགྱེད་པའི་མོད། །གསར་རྙིང་ཆོས་ཀྱི་པད་ཚལ་བཞད་པ་མཚར། །ཆོས་དབྱིངས་མཁའ་ལྟར་ཡངས་པའི་ཀློང་ཆེན་པོར། །ཉིན་མཚན་མེད་པར་རབ་ཏུ་འབྱམས་ཀླས་པའི། །ཀློང་ཆེན་རབ་འབྱམས་བཟང་པོའི་ལེགས་བཤད་མཛོད། །མཐོང་བས་རྟོགས་པ་མཁའ་དང་མཉམ་པ་བྱུང་། །མཁྱེན་པས་ཤེས་བྱའི་ཆོས་རྣམས་སལ་ལེར་
གཟིགས། །བརྩེ་བས་ལེགས་བཤད་འགྲོ་ལ་སྩོལ་མཁས་པའི། །མཁྱེན་བརྩེ་རང་བྱུང་རྡོ་རྗེའི་གསུང་འབུམ་ལ། །བལྟས་པས་རྫོགས་ཆེན་ལྟ་བའི་གནད་འགགས་རིག །ཇི་ལྟ་ཇི་སྙེད་ཆོས་ཀྱི་གཟུགས་བརྙན་རྣམས། །མཁྱེན་པའི་མེ་ལོང་གཙང་མའི་ངོས་ཡངས་པོར། །ཡོངས་ཤར་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་བ་བྱུང་། །དེ་ཕྱིར་ལེགས་བཤད་གསེར་གྱི་ཐུར་མ་ཡིས། །མི་ཤེས་རབ་རིབ་བསལ་ནས་ཡེ་ཤེས་སྤྱན། །གསལ་བར་ཕྱེས་ནས་
སེམས་ཉིད་ཆོས་སྐུའི་ཞལ། །མངོན་སུམ་སྟོན་པས་ཀུན་གྱིས་ལེགས་པར་ལྟོས། །དེ་ཡང་ཕྱག་ན་པད་དཀར་འཆང་བ་ངུར་སྨྲིག་གར་གྱིས་རྣམ་རོལ་༧རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་རྫོགས་ཆེན་རིག་འཛིན་ཞལ་ལུང་ལས། །ལུས་རྣམ་སྣང་གི་ཆོས་བདུན་བཅས་ཏེ། མིག་ཅུང་ཟད་ཐུར་དུ་བལྟས་པས་སེམས་དྭངས་ལ་མི་རྟོག་པ་འཆར། དེའི་ངང་ནས་མིག་དྲང་ཐད་དུ་ཧར་རེར་གཏད་པས་སྔར་གྱི་མི་རྟོག་པའི་དྭངས་དེ་ཞིག་ཀྱང་བྱུང་ཚོར་གྱི་རྟོག་པ་དང་དྲན་འཛིན་གྱི་གཉེན་པོ་མེད་པའི་ཤེས་པ་རང་གསལ་རྒྱ་ཡན་གཞི་ཕྱལ་ཡས་པ་ཞིག་འཆར་ཏེ། དེ་ཉིད་རིག་པ་རང་གནས་ཀྱི་བསམ་གཏན་དུ་ངོ་ཤེས་པར་བྱ། དེ་ཉིད་ངོས་ཟིན་ནས་ཕྱིས་ཤེས་པ་འཕྲོ་གནས་དགག་སྒྲུབ་ཉོན་མོངས་མི་རྟོག་པའི་ཏིང་ངེ་འཛིན་ལ་གནས་པ་ལ་སོགས་གང་གི་དུས་སུ་ཡང་རང་རིག་རང་བབས་ལ་ཅེར་གྱིས་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་ཏེ་རྗེན་སངས་ཀྱིས་འཆར་ཏེ། འདི་ཁོ་ན་མ་བྱས་ལྷུན་གྲུབ་ཀྱི་བསྒོམ་པ་ཆུ་བོའི་རྒྱུན་ལྟ་བུ་ཡིན་ནོ། །དེ་ངོ་མ་ཤེས་ན་མཉམ་གཞག་རེས་འགའ་བའི་བསྒོམ་གྱིས་རྐྱེན་མི་ཐུབ་ཅིང་བར་དོའི་བསམ་གཏན་
ངོས་མི་ཟིན་པའི་སྐྱོན་ཡོད་དེ། ཀློང་དྲུག་པ་ལས། རང་བཞིན་གནས་པའི་བསམ་གཏན་དང་། །རྩ་རླུང་སེམས་ཀྱི་ངལ་གསོ་གཉིས། །འདྲའོ་འདྲའོ་ནོར་ར་རེ། ཞེས་འབྱུང་བས། ཆོས་འདིའི་དཀའ་བའི་གནད་འདི་རང་བྱུང་པདྨའི་བྱིན་རླབས་ལས་རང་བབས་པས་ཤེས་པ་ཡིན་ཞེས་ཀུན་མཁྱེན་ཀློང་ཆེན་པས་གསུངས་པ་དོན་ལ་གནས་ཞེས་གསུངས། རྒྱལ་བའི་ཡང་མེས་ཀུན་བཟང་མི་ཡི་གཟུགས་ཀྱིས་རྣམ་རོལ་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ལེགས་བཤད་ཟླ་མེད་རྣམས་ལས། ངོ་བོ་སྟོང་པ། གསལ་བ་གང་དུ་ཡང་མ་གྲུབ་པ། རང་བྱུང་བཅོས་བསླད་མེད་པ་དྭངས་སང་ངེ་། ཡངས་ཕྱལ་ལེ། གསལ་སིང་ངེ་། བདེ་ལ་རྟོག་པ་མེད་པ། གསལ་ལ་ངོས་བཟུང་མེད་པ། རིག་པ་རྗེས་མཐུད་མེད་པ། ཡུལ་ལ་མ་ཡེངས། སེམས་སུ་མི་འཛིན། བསྒོམ་བྱ་སྒོམ་བྱེད་ཀྱི་ཆོས་ལས་འདས་པ་དེ་ངོས་བཟུང་ལ་མ་ཡེངས་པར་རྟག་ཏུ་བསྒོམ་མོ། །དེ་ལྟ་བུ་དེ་བསྒོམ་དུས་རྒྱ་ཆེར་སྣང་བ་རི་རྩེ་ལ་སོགས་པར་སོང་ནས་ཀྱང་བསྒོམས་ལ། སེམས་རྩེ་གཅིག་ཏུ་མི་བསྡུད་པར་རྒྱ་བསྐྱེད་དེ་ལྟ་
སྟངས་གློད་པའི་ངང་ནས་ཡངས་པ་ཁྲོལ་ལེར་བསྒོམ་པ་ཡིན་ནོ། །དེ་ལྟར་བསྒོམས་པས་བདེ་གསལ་མི་རྟོག་པའི་དྲོད་རྟགས་འབྱུང་། ཞེས་དང་། ལུས་སྐྱིལ་ཀྲུང་དང་། མིག་བར་སྣང་ལ་ཧྲིག་གེ་བལྟས་ཏེ། སེམས་འཕྲོ་འདུ་བཅད་ནས་རིག་པ་དྭངས་སངས་ཕྱེད་པའི་ངང་ངོས་བཟུང་བས་རླུང་ལྔ་དབྱིངས་སུ་འཆིངས་ཏེ། རང་སྣང་དག་བའི་འོད་གསལ། ཕྱི་དུ་བ། སྨིག་སྒྱུ། འཇའ་འོད་ལ་སོགས་པ་དང་། ནང་ཆོས་ཉིད་སྟོང་གསལ་བར་སྣང་དག་པ་ལྟར་འཆར། ཞེས་དང་། ངོ་སྤྲད་པའི་ངང་ལ་བློས་འཛིན་རྩོལ་དང་། ཆེད་དུ་བསྒོམ་པས་གཉེན་པོ་མ་ཞུགས་པར་རིག་པ་རྒྱ་ཡན་ཡེ་བཞག་དཔང་བསྟོད་ལ་ཕྱལ་བ་བར་མེད་རང་དྭངས་སུ་བཞག་པ་སྟེ། སེང་གེ་རྩལ་རྫོགས་ལས། །འཛིན་རྟོག་མེད་པའི་ནམ་མཁའ་ལ། །རྣམ་ཤེས་ཡིད་མ་འགྱུས་པ་ནི། །ཡེངས་པ་མེད་པའི་ཏིང་འཛིན་མཆོག །སངས་རྒྱས་ཉག་གཅིག་གནས་ལུགས་ཡིན། །ཞེས་གསུངས། ཚོགས་དྲུག་ཡུལ་གྱི་སྣང་བ་ལ་འཛིན་པས་བཟོ་རྒྱ་མི་བྱེད་པར། ཕྱི་ནང་བར་མེད་ཧར་སངས་སུ་ཕྱལ་ལེར་བཞག་ནས་གཉིད་དུ་འགྲོ་ཁར་ཡང་། དེའི་ངང་ལ་
ཉལ་བས་རྨི་ལམ་འོད་གསལ་ཏུ་འཆར་རོ། །ཞེས་དང་། སྒོ་གསུམ་ལྷུག་པར་གློད་ལ་གང་ཤར་ཅར་ཕོག་ཏུ་རང་སངས་ལ་ཕྱལ་ཕྱལ་སོང་བའི་ངང་ངོས་བཟུང་བའོ། །ཞེས་དང་། རིག་པ་འཕྲོ་འདུ་མེད་པར་གནས་པའི་དུས་ན་གནས་ཆའི་མི་རྟོག་པ་དེ་ཉིད་བསྒོམ་དུ་འདོད་པ་མ་ཡིན། འདིའི་དུས་ཀྱི་རིག་གེ་སིང་ངེ་བའི་གསལ་དྭངས་ཀྱི་རིག་པ་རྗེན་པ་དེ་མ་ཡེངས་པར་ཕྱལ་ལེ་སྐྱོང་བའོ། །ཡང་རིག་པ་ཡུལ་ལ་འཆར་དུས་གང་ཤར་ལ་བལྟ་བ་དེ་བསྒོམ་དུ་འདོད་པ་མ་ཡིན། དེའི་དུས་སུ་རིག་པ་རང་གསལ་ལ་རྗེན་པའི་ཆ་དེ་མ་ཡེངས་པར་སྐྱོང་བའོ། །གནད་འདི་མ་གོ་ན་གནས་པ་དང་འཆར་བ་གཉིས་ལ་ལྟ་བ་དེ་བསྒོམ་པའི་ངོ་བོ་ཡིན་སྙམ་ནས་འཁྲུལ་པར་འགྱུར་རོ། །སེམས་གནས་པ་ཙམ་བསམ་གཏན་གྱི་ལྷ་དང་འདྲ་ལ། འཆར་པ་ཙམ་ཐ་མལ་གྱི་རྟོག་པ་དང་འདྲ་བས་དེ་ལ་བསྒོམ་ཀྱང་སངས་རྒྱས་ཐོབ་རེ་སྐན་ནོ། །འདིར་གང་གི་དུས་ཡིན་ཀྱང་རིག་པའི་ཆ་རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ་ཀློང་དུ་མ་གྱུར་བར་དུ་སྐྱོང་ཞིང་གྱུར་ནས་དེའི་ངང་ལ་མི་འབྲལ་པར་གནས་པ་ཡིན་ནོ། །ཁྲེགས་ཆོད་ཀྱི་
དོན་གོ་རིག་པ་རྗེན་ལ་ཕུད་ནས་སལ་སལ་སྐྱོང་པ་དེ་ལ་ཟེར་བའི་གནད་འདི་ཁོ་ན་གལ་ཆེ་བར་ཡོད་པས་ངོ་ཤེས་པར་བྱའོ། །ཞེས་དང་། འོད་གསལ་སྤྱིར་བསྒོམ་པ་ནི། ཉིན་དུས་ལུས་གནད་དང་རླུང་གནད་བསྟུན་ནས་ཤེས་པ་དྭངས་གསལ་ཕྱེད་པར་སལ་ལེར་རྒྱ་བསྐྱེད་ནས་བསྒོམ་ཞིང་། མཚན་དུས་སེང་གེ་ཉལ་ལུགས་ཀྱིས་གཉིད་དུ་འགྲོ་ཁའི་ཤེས་པ་རྟོག་མེད་ཀྱི་འོད་གསལ་ངོས་བཟུང་བའི་ངང་ལ་ཉལ་བས་རྨི་ལམ་གང་ཡང་མེད་པར་ངང་དེ་ཉིད་ལ་གནས་ཤིང་ཉེ་འཁོར་གྱི་སྣང་བའང་མཐོང་ལ་རྟོག་དཔྱོད་གང་ཡང་མི་འགྱུར་བར་གནས་ཏེ། གཉིད་དུ་སོང་བྱས་ན་སྣང་བ་སོ་སོ་ན་གསལ་བར་ངེས་ལ། མ་སོང་བྱས་ན་སད་རྒྱུ་འབྱུང་པའོ། །འདིའི་དུས་ན་འོད་ལྔའི་སྣང་བ་ཐིག་ལེ་དང་ཟེར་དང་མར་མེ་ལྟ་བུའི་སྣང་བ་ཡང་གསལ་བར་མཐོང་སྟེ་སྣང་བའི་འོད་གསལ་ཞེས་བྱའོ། །ཤེས་པ་གསལ་དྭངས་ཕྱེད་པ་ནི། སྟོང་པའི་འོད་གསལ་ཏེ་བདེ་གསལ་མི་རྟོག་པ་གསུམ་དུ་གནས་སོ། །ཞེས་དང་། རིག་པ་རང་གསལ་གདངས་དང་བཅས་པ་དབང་པོའི་སྒོ་ལ་ལྟ་བར་གཏན་ལ་ཕབས་ནས། ཡོད་མེད་ཀྱི་ཡིད་དཔྱོད་རྟོག་པའི་མཐའ་
བྲལ་ནས་རང་དྭངས་རང་སངས་ལྟ་བའི་དགོངས་པ་ནང་དུ་ཐག་བཅད་ལ། གོལ་ས་གཅོད་པ་ནི། ཐལ་འགྱུར་ལས། ལྟ་བའི་ངོ་བོ་མཐོང་བ་ལ། །ཡིད་དཔྱོད་ཚིག་གིས་འགྱུ་བ་མེད། །ཅེས་སོ། །རང་སངས་རང་སྣང་གི་ངང་ལ་སལ་ལེ་བསྒོམ་ཡང་། ཏིས་ཕུར་གཟུང་འཛིན་དུ་མ་སོང་བས། ཡངས་པ་ཁྲོལ་ཆགས་སུ་རྒྱ་བསྐྱེད་དྭངས་ཕྱིན་མ་ཡེངས་གཏིང་གསལ་གྱི་ཡེ་ཤེས་ངོས་བཟུང་ལ་ཕྱལ་ཡས་པར་བསྒོམས་པས་གོལ་ས་མེད། ཅེས་དང་། ཐལ་བྱུང་དུ་ཤར་ནས་ཐལ་བྱུང་དུ་གྲོལ་ཏེ། བར་དེར་སྤང་གཉེན་གྱི་འཁྲིས་མ་ཞུགས། ངོ་སྤྲོད་ཀྱི་ཕན་ཡོན་མི་བསྒོམ་གང་སྣང་གི་དུས་ན་སྣང་ཐོག་དེར་བཞག་པས་རིག་ཐོག་ཏུ་གྲོལ་ནས་ཧར་སངས་རིས་མེད་ཕྱལ་བར་བུན་བུན་སངས་ནས་གཉིས་བཅས་ཀྱི་ཆོས་ལ་འཛིན་པ་མ་ཞུགས་པ་སྟེ། ཞེས་དང་། རིག་པ་ཀ་དག་ཟང་མ་འདི་རྗེན་པར་ངོས་མ་ཟིན་ན་ལྟ་སྒོམ་ཐམས་ཅད་ཡིད་དཔྱོད་སེམས་ཀྱི་སྒྲིབ་པར་སོང་བས། གཉེན་པོ་དུག་ཏུ་སོང་བ་བཤལ་སྨན་བརྫངས་པ་ལྟ་བུ་ཞིག་ཡིན་ནོ། །ཞེས་དང་། ཁྲེགས་ཆོད་ཐོད་རྒལ་གང་ལའང་རིག་པ་ཟང་
ཐལ་འདི་རྗེན་ལ་འབུད་དགོས། ཞེས་དང་། ཁྲེགས་ཆོད་དེ་སྒོམ་ཆེན་པ་རྨོངས་པ་ཀུན་གྱི་ལམ་དང་འདྲེས་ནས་སེམས་འཛིན་གྱི་ཐབས་སྐོལ་ཚེ་བར་འཆོར་བས་འཁོར་བ་ལས་མི་འདའ་བ་དང་། ཐོད་རྒལ་དེ་དངོས་པོ་དང་མཚན་མར་ཞེན་པས་གཟུགས་ཁམས་ཀྱི་གནས་སུ་གོལ་འགྲོ་བ་ཡིན་པས། འདིར་ཟང་ཀ་རྗེན་པ་ངོ་ཤེས་པ་གལ་ཆེའོ། །འདི་ཤེས་པ་ཙམ་གྱིས་མི་ཆོག་གཏན་སྲིད་ཟིན་དགོས། དེ་ལ་དེའི་ངང་ལས་མ་གཡོས་པ་གལ་ཆེ་བས། ཞེས་དང་། འདིར་སྣང་ཤེས་གཉིས་མེད་རོ་གཅིག་ཏུ་ཉམས་སུ་བླངས་པ་ནི། དེའང་ཐུན་མོང་བའི་ཚུལ་དང་མ་འདྲེས་པར་གཅེས་ཏེ། གང་ཤར་བ་དེ་ལ་བལྟས་ན་རྟོག་པའི་ཉིང་འཁྲུལ་ངང་ལ་གློད་ན་རང་ངོ་མ་ཤེས་པས་མུན་སྒོམ་ཅེར་ཅེར་ཉ་མ་ཤོར་བར་བཅད་ནས་བར་གྱི་དྭངས་བཙལ་ན་བླང་དོར་རིས་ཆད་དུ་འགྲོ་བ་སྟེ། དེ་དག་ལ་རང་ཤར་གྱི་གནད་མེད་པ་ནི་ཕྱིང་བ་འདྲ་སར་ཁྱི་ལ་ལྟོ་ཆེན་མེད་པ་བཞིན་ནོ། །འདིར་སྙིང་ཐིག་གསང་བའི་རང་གནད་ནི། སྣང་ངམ་ཤར་རམ་གང་གི་དུས་ནའང་། རིག་པ་ཟང་ཀ་དེ་ངོས་བཟུང་བས། གཞན་གང་ལ་ལྟོས་མི་དགོས་ཏེ། དེའི་དུས་སུ་
དུས་གསུམ་ཡིད་ཀྱི་འབྲེལ་ཐག་ཆད་པའི། རིག་པ་རྗེན་པ་ཟང་ངེ་བ་དེ་ཆོས་སྐུ་རང་བབས་ཀྱི་དགོངས་པར་རང་ཤར་བས་འོད་གསལ་མཉམ་པ་ཆེན་པོར་ལྷུན་གྱིས་གྲུབ་སྟེ། འདི་ལ་གང་ཤར་ཡང་འདས་པ་ལ་ཡང་མི་རྟོག །མ་འོངས་པ་ལ་ཡང་མི་བསམ། ད་ལྟ་བ་ལ་བར་དུ་མི་དཔྱོད་པར་རིག་པ་ཟང་མ་རྗེན་ནེ་ངོས་འཛིན་པས་ངང་ལས་མ་གཡོས་པར་བྱ། ཞེས་དང་། བསྡུ་ན་རང་ངོ་རང་བཞིན་གྱིས་བསམ་གཏན་ལ་གནས་པ་དང་། དེ་ལས་རྩལ་སྣང་ཡུལ་ཐོག་ཏུ་འཆར་བའི་དུས་ན་ངོས་བཟུང་བ་གཉིས་ལས་རང་བབས་ནི་རེ་དོགས་འབྱུང་འཇུག་མེད་པར་ལྷན་ནེ་གནས་དུས་ཀྱི་གནས་ཆ་དེ་བསམ་གཏན་ཡིན་པས་བཞག་ལ། རིག་གེ་སིང་ངེ་བ་ཅར་ཕོག་ཏུ་ངོས་བཟུང་ནས་ངང་ལ་སྐྱོངས། ཞེས་དང་། རིག་པའི་གདངས་ལས་རྩལ་ཡུལ་ཐོག་ཏུ་འཆར་འཆར་འདྲ་བའི་དུས་ཀྱི་གྱ་མ་གྱུ་འཕྲོ་བའི་ཆ་དེ་རྟོག་པ་རླུང་གི་རྟས་བསྐྱོད་པ་ཡིན་པས་བཞག་ལ། དེའི་ཆ་ལ་རིག་ཆ་གཅིག་འདུག་པ་དེ་ཅར་ཕོག་ཏུ་ངོས་བཟུང་ནས། འཕྲོ་ཆ་དེ་གར་འགྲོར་བཏང་བས་རང་ཡལ་འགྲོ། ཞེས་དང་། འདི་ལ་ལག་ལེན་
དུ་བྱེད་པ་ནི། རིག་པ་ཟང་ཀ་དེའི་རྩལ་ཤེས་པ་ཡུལ་སྣང་བ་གསུམ་འཛོམ་དུས་ཤེས་པ་ཡུལ་ལ་འཆར་ཡང་། དེ་གཉིས་ལ་མི་བསམ་པར་རིག་པ་གཅིག་པུ་དེ་ངོས་བཟུང་བས་ཡུལ་སེམས་གཉིས་རྒྱ་གྲོལ་ལ་འགྲོ་སྟེ། དོ་ཐག་གི་རྟོད་ཕུར་གཅིག་པུ་དེ་བཏོན་པས་ཁལ་ཐམས་ཅད་རྒྱ་གྲོལ་ལ་འགྲོ་བ་བཞིན་ནོ། །དེ་ཡང་ཡུལ་ཤེས་པ་ཡིད་ལ་བྱེད་པ་གསུམ་པོ་དེ་ལ་ཀུན་རྟོག་འཁོར་བའི་ཆོས་ཞེས་བརྗོད་པས། རིག་པ་གཅིག་པུ་ངོས་ཟིན་པས་དེ་གསུམ་རྒྱ་གྲོལ་ལ་ཨར་སངས་པ་ནི། ཚིག་དང་བློ་ཟད་པའི་ཆོས་ཉིད་རང་བྱུང་གི་ཡེ་ཤེས་སོ། །ཞེས་དང་། འུབས་ཀྱིས་དྲིལ་ན་ཕྱི་སྣང་བ་དང་ནང་ཤེས་པ་གཉིས་པོ་ཅོག་བཞག་ལ་བསྐྱུར་པའི་བར་དེར་ཤེས་པ་ཟང་ཀ་གཅིག་ཏུ་འགགས་བསྡམས། ཞེས་དང་། ཆོས་སྐུ་དང་ཀུན་གཞིའི་དབྱེ་བ་ནི། རིག་པའི་རང་ངོ་མེ་ལོང་ལྟ་བུའི་རྩལ་དྭངས་ཆ་ལྟ་བུ་ལས་རོལ་པ་གཟུགས་བརྙན་དང་འདྲ་བར་ཤར་དུས་རིག་པའི་ངོ་བོ་ཆོས་སྐུར་གནས་པའི་ངང་ལས་མ་གཡོས་པར་བྱ་བ་ནི་ཆོས་སྐུའོ། །ཀུན་གཞི་ནི་རིག་པ་ཟང་མ་མ་རྟོགས་པའི་ལུང་མ་བསྟན་ཏེ། དེའི་ངང་ལ་གནས་ན་ཁམས་གོང་མའི་ལས་
གསོག་པའི་བསམ་གཏན་གྱི་སྒྲིབ་པའོ། །དེའི་ངང་ལ་ཀུན་གཞི་རྣམ་པར་ཤེས་པའི་ཆ་དང་། ཚོགས་དྲུག་ཡུལ་ལ་འཆར་བའི་དབང་ཤེས་ཡུལ་ལ་ཕར་འཕྲོ་བ་ནི་འཁོར་བ་ཟང་ཀའི་ལས་གསོག་སྟེ། མདོར་ན་འཁོར་བའི་ཆོས་ཐམས་ཅད་ཀུན་གཞི་ལ་བརྟེན་པའོ། །འདིར་རྣལ་འབྱོར་པའི་ཀུན་གཞི་དང་ཆོས་སྐུ་མ་ཕྱེད་ན་འཁོར་འདས་ཀྱི་རྩ་བ་མི་ཆོད་པའི་ཆོས་བྱས་ཚད་འཁོར་བའི་སྣོན་པར་འགྲོ་བ་ལས་བཟློག་པར་བཤད་དེ། ཆོས་སྐུ་ནི་ཟང་ཀའི་རིག་པ་རྗེན་ལ་བུད་པ་སྤྲོས་བྲལ་སྟོང་གསལ་འདི་ཡིན་པས། ལས་དང་བག་ཆགས་ཀྱི་རྟེན་མ་ཡིན། ངོ་བོ་སྟོང་པས་ཆོས་སྐུ། རང་བཞིན་གསལ་བས་ལོངས་སྐུ། ཐུགས་རྗེའི་འཆར་གཞི་མ་འགག་པས་སྤྲུལ་སྐུར་གནས་པའོ། །ཀུན་གཞིའི་ངོ་བོ་ལུང་མ་བསྟན་གཟུགས་མེད་པའི་ཤེས་པ་དང་ཆ་འདྲ་བ་གཏི་མུག་གིས་པའོ། །རང་བཞིན་ཀུན་གཞིའི་རྣམ་པར་ཤེས་པའི་ཆ་དབང་ཤེས་རྣམས་ཀྱི་འཆར་གཞིར་གྱུར་པའོ། །ཐུགས་རྗེའི་དོད་དུ་ཚོགས་དྲུག་གི་ཤེས་པ་ཡུལ་འཛིན་པ་དྭངས་པའོ། །དེ་དག་གིས་འཁོར་བའི་ལས་དུ་མ་གསོག་པའོ། །ད་ལྟ་ཀུན་གཞི་
བསྒོམ་པ་དང་། ཀུན་གཞིའི་རྣམ་ཤེས་ཤེས་པ་དྭངས་ལ་མི་རྟོག་པ་ཙམ་བསྒོམ་པ་དང་། ཚོགས་དྲུག་གི་ཤེས་པ་རྟོག་པ་ཤར་གྲོལ་ཏུ་སྐྱོང་བ་ཐམས་ཅད་ཀྱང་ཁམས་གསུམ་ལས་མི་འདའོ། །འདིར་རིག་པ་ཟང་ཐལ་དེ་ངོས་འཛིན་པས་རྩ་བ་ཆོས་སྐུ་ཡིན། རྟོག་མེད་ཀྱི་ཞི་གནས་ལ་བསྒོམ་མི་རེ་བས་ཀུན་གཞི་ལོག །དྭངས་དྭངས་པོ་བསྒོམ་པ་ལམ་དུ་མི་བྱེད་པས་ཀུན་གཞིའི་རྣམ་ཤེས་ལོག །རྟོག་པ་ཕྱིར་ཤར་བ་ལམ་དུ་མི་བྱེད་པས་ཚོགས་དྲུག་གི་ཤེས་པ་ལོག་པ་སྟེ། སྐུ་གསུམ་གྱི་ཡེ་ཤེས་ལ་རྒྱུན་དུ་གནས་ཏེ། ངོ་བོ་གང་དུའང་མ་གྲུབ་པའི་རིག་པ་སྟོང་པ་བབས་ཀྱིས་གནས་པས་ཆོས་སྐུ། ཡེ་ཤེས་ཟང་ཐལ་གསལ་དྭངས་བཅས་པས་ལོངས་སྐུ། ཡེ་ཤེས་འཆར་གཞི་མ་འགག་པའི་རིག་པ་ཟང་མར་རྟོགས་བས་སྤྲུལ་སྐུའི་ཡེ་ཤེས་སོ། །ནམ་ཡང་རིག་པ་ཟང་ཐལ་དུ་རྗེན་ལ་བུད་པ་དགོས་པའི་གནད་དེ་ཡིན་ནོ། །ཞེས་གསུངས་པས་ན་འདི་དག་རྫོགས་པ་ཆེན་པོ་རྣམས་ལ་ཤིན་ཏུ་གལ་ཆེ་བར་ཡོད་པས་རྟོགས་པར་བྱའོ། །ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་པ་སླར་ཡང་སྙིགས་དུས་འགྲོ་བའི་དཔལ་དུ་ཤར་བ་མཁྱེན་བརྩེའི་འོད་
ཟེར་རམ་འཇིགས་མེད་གླིང་པའི་ཞལ་གྱི་བུམ་བཟང་ལས། ཐུན་མོང་མ་ཡིན་པ་དམུས་ལོང་མིག་ཕྱེ་བ་ལྟར་མངོན་སུམ་ཅར་ཕོག་ཏུ་ངོ་སྤྲོད་པ་ནི། སློབ་མ་མི་འགྱུར་རྡོ་རྗེའི་འདུག་སྟངས་བྱེད་དུ་བཅུག་ལ་ཌཱ་དྲིལ་དང་བཅས་བརྒྱུད་པའི་གསོལ་འདེབས་སྣང་བ་འགྱུར་བའི་དབྱངས་ཀྱིས་བརྗོད་པའི་མཐར། ཀྱེ་ཁྱེད་ཀྱི་ད་ལྟའི་རིག་པ་འདི་ལ་བཅས་བཅོས་དང་སྤྲོ་བསྡུ་མ་བྱེད་པར་ཐད་ཀར་ཞོག་དང་། དེ་ལ་ཡོད་མེད་དང་ཕྱོགས་ཆ་མ་གྲུབ། སྣང་སྟོང་གི་སྤུ་རིས་མི་བྱེད། རྟག་ཆད་ཀྱི་མཚན་མ་མ་གྲུབ། མ་གྲུབ་པ་འདི་ཀའི་ངང་ལ་ལྟ་སྒོམ་གྱི་རྩོལ་བས་འབད་མི་དགོས་ཤིང་བསྡམས་པས་དཀྲོལ་བ་ལྟ་བུ་མ་ཡིན་པར་ཡེ་གྲོལ་ཆེན་པོ་བློས་མ་བཅོས་པས་རང་གསལ། རྣམ་རྟོག་གིས་མ་བཟོས་པའི་ཡེ་ཤེས། ལྟ་བསྒོམ་གྱིས་མ་བསླད་པའི་ཆོས་ཉིད། འཇོག་ཏུ་མེད་པའི་མཉམ་བཞག །རྩིས་གདབ་མེད་པའི་རྗེས་ཐོབ། གསལ་བ་ལ་དངོས་པོ་མེད་པ། ཡངས་པ་ལ་ཕྱལ་བར་མ་ཤོར། ཡེ་བབས་རང་གནས་ཀྱི་དགོངས་པ་འདི་ལྟ་བུ་སེམས་ཅན་ཐམས་ཅད་དང་སྐད་ཅིག་ཀྱང་འབྲལ་མ་མྱོང་བར་ཡོད་ཀྱང་།
དེ་ངོ་མ་ཤེས་པས་ཆུ་རང་གྲོལ་དུ་ཡོད་པ་འཁྱགས་པས་བསྡམས་པ་ལྟར། ནང་འཛིན་པའི་སེམས་ཀྱིས་རྒྱུ་བྱས། ཕྱི་གཟུང་བའི་ཡུལ་གྱིས་རྐྱེན་བྱས། འཁོར་བ་མཐའ་མེད་དུ་འཁྱམས་པ་ཡིན་ཏེ། དེ་ནི་བླ་མའི་གདམས་ངག་གིས་རིག་པ་སྐད་ཅིག་མའི་མཚང་རིག་པ་ཙམ་ནས་ཡིན་ལུགས་ཀྱི་ཐོག་ཏུ་བཟོ་མི་འཆོས་ཤིང་། འདི་ལས་གང་དུའང་མ་ཡེངས་གང་དུའང་མི་བསྒོམ་པར་འཇོག་པ་ནི། གདོད་མའི་སངས་རྒྱས་ཀུན་ཏུ་བཟང་པོའི་དགོངས་པའི་མཐིལ་ལྷག་གེར་བསྟན་པ་ཡིན། ཞེས་དང་། རིག་པ་རྒྱ་ཡན་མ་བཅོས་མི་འཆོས། མི་བསྒོམ་མི་ཡེངས། མ་འཁྲུལ། བསམ་ཡས། དེ་ལ་ལྟ་བསྒོམ་གྱིས་གཟེངས་མི་བསྟོད་པ། རྟོག་དཔྱོད་ཀྱིས་ཞབས་ཏོག་མ་བྱས་པ། འོག་འགྱུས་དབུ་འཕང་མ་སྨད་པ། ཟང་ཐལ་དུ་ལྷག་གེ །སྟོང་ཉིད་དུ་རྗེན་ནེ། ཀ་དག་ཏུ་ལྷོད་དེ་བ་ལ་ལྟ་བས་བླ་དྭགས་སུ་བཏགས་པ་ཙམ་ལས། ཞེས་དང་། གཤིས་མ་བཅོས་པའི་གནས་ལུགས་ཅར་ཕོག་ཏུ་ངོས་ཟིན་ན། རང་ངོ་ཀ་དག་ཆེན་པོ་ལ་གཟུང་འཛིན་གྱི་ཞེན་པས་འཆིང་མི་ནུས་ཤིང་། དེ་ཡང་ཡེངས་ཡུལ་ཆོས་ཉིད་དུ་སོང་བས་འཁྲུལ་མ་འཁྲུལ་
དང་ཡིན་མ་ཡིན་གྱི་ཐ་སྙད་གང་གིས་ཀྱང་མི་ཐུག་པའི་ནམ་མཁའ་ལྟ་བུ་ཡིན་པས་སྟོང་པར་མ་བསྒོམ། གསལ་བར་མ་འཛིན། གཉིས་མེད་དུ་སྟངས་མི་དཔྱོད། གྲོལ་ཏུ་མི་རེ། འཁྲུལ་དུ་མི་དོགས། རྩོལ་བས་མི་སྒྲུབ། རང་བཞིན་ཡོངས་ཤེས་ཀྱི་རིག་པ་དམིགས་གཏད་བྲལ་བའི་ཟང་མ་ཐལ་དུ་འདུག་པ་ལ། བསྒོམ་བྱ་སྒོམ་བྱེད་ཀྱིས་བསླད་པ་མི་གཞུག །ཅེས་དང་། བསྒོམ་མེད་ནི་གནས་ལུགས་ཀྱི་ལྷུམས་སུ་ཞུགས་ནས་བསྒོམ་མི་བསྒོམ་གྱི་ཞེན་པ་དག་སྟེ། སེམས་ལ་བཟོ་བཅོས་དང་དམིགས་གཏད་གང་ཡང་མེད་པར་ཁྱབ་བརྡལ་གྱི་དྲན་པའི་མཁར་ཚུགས་པ་ལ་ཟེར་གྱིས་བློས་བཏང་བས་བཏང་སྙོམས་ཐ་མལ་དུ་སྡོད་པའམ། ཅི་ཡིན་འདི་ཡིན་མེད་པའི་ངང་དུ་ལུང་མ་བསྟན་ཏུ་རྒྱ་འབྱམས་ན་ནོར། ཞེས་དང་། གང་དུའང་མི་རྟོག་པའི་མཉམ་བཞག་ལྷོད་ལྷོད་འབོལ་འབོལ་འདི་སྐྱེ་དུས་བདེ་ཉམས་ཁོ་ན་ཤས་ཆེ་བས། ངའི་སྒོམ་འདི་ཀ་ཡིན། འདི་ལས་ལྷག་པ་སུས་ཀྱང་མི་ཤེས། ངས་འདི་ལྟ་བུ་རྟོགས་སོ་སྙམ་པའི་རང་མཐོང་ཀྱང་སྐྱེ་བ་ཡོད་པས་འདིའི་ཚེ་བླ་མ་མཚན་ལྡན་གྱིས་མ་ཟིན་ན།
ཇི་སྐད་དུ། རྫོགས་ཆེན་ལས། གོ་བ་ལྷན་པ་འདྲ་སྟེ་གོག་ནས་འགྲོ། ཞེས་བཤད་པ་ལྟར་རྐྱེན་བཟང་ངན་དང་འཕྲད་ཚེ་ཆུ་དང་འོ་མ་སོ་སོར་ཕྱེ་བ་མང་། ཞེས་དང་། སྙིང་ནས་དམ་ཆོས་བྱེད་པ་དག་འདིའི་ཚེ་མཚན་མ་ཅན་གྱི་ལྟ་བ་ཐོམ་ཡོ་རེ་བ་དེ་ལ་བསྒོམ་གོ་མི་བཅད་པར་ཐུན་བཞིར་བླ་མའི་རྣལ་འབྱོར་ལ་རྩལ་འདོན་ཅིང་དབང་བཞི་བླངས་རྗེས་ཐུགས་ཡིད་བསྲེས་པའི་ངང་ལ་རིག་པ་ཁ་ཡན་དུ་གློད་ལ་ཉམས་དེའི་ངོ་བོ་གཏད་མེད་ཁུངས་མེད་དུ་མ་སོང་བར་སྙིང་ལ་རྡོ་རུས་གཏུག་གོ །ཅེས་དང་། ཁང་པ་སྟོང་པའི་ནང་དུ་རྐུན་པོ་ཞུགས་ཀྱང་ཆོམ་རྐུན་ལ་ཐོབ་རྒྱུ་མེད། ཁང་སྟོང་ལ་ཤོར་རྒྱུ་མེད་པས་ཕན་གནོད་ཐོབ་ཤོར་གྱི་རང་བཞིན་ལས་ཡེ་ནས་འདས་པ་ལྟར། འདིར་རིག་པའི་ངོ་བོ་ཟང་ཐལ་རྟོག་དཔྱོད་ཀྱི་ཤེས་སྒྲིབ་དང་བྲལ་པའི་ཚུགས་མ་ཤོར་བ་དེ་ཉིད་བསྒོམ་གྱི་སྙིང་རྡོ་གཉུག་མའི་དྲན་རིག་ཡིན་ལ། རྩལ་གྱི་རྣམ་རྟོག་ཇི་ལྟར་གཡོ་ཡང་དཔྱོད་བྱེད་ཀྱི་འདུ་ཤེས་དག་པས་ཤར་མཁན་མེད་པའི་རིག་སྟོང་རྗེན་པ་བློ་འདས་རྒྱ་ཡན་གྱི་ངང་དུ་ཆོས་སྐུ་འཕོ་མེད་རྒྱལ་པོའི་བཙན་ས་ཟིན་པའི་ཕྱིར་རྣམ་རྟོག་གིས་ཕན་གནོད་མ་བྱས་པའི་སྒྲ་
བཤད་བཞག་ལ། འདི་ཤིན་ཏུ་རྣམ་དག་བཤད་དུ་འཕངས་པའི་ཨུ་པ་དེ་ཤ་སྟེ། ཞེས་དང་། པད་འབྱུང་ཐུགས་སྤྲུལ་བདག་གི་བླ་མ་ཆོས་ཀྱི་རྒྱལ་པོའི་ཞལ་གྱི་བུམ་བཟང་ལས། སེམས་གང་དུའང་མི་རྟོག་པའི་མཉམ་བཞག་ལྷོད་ལྷོད་འབོལ་འབོལ་པོ་དང་། རང་བྱུང་རིག་པའི་ཡེ་ཤེས་གཉིས་ནམ་ལངས་ཀྱང་ཉི་མ་ཤར་མ་ཤར་དང་འདྲ་བའི་ཁྱད་པར་ཤིན་ཏུ་ཆེ། བླ་མས་མན་ངག་དུ་མའི་སྒོ་ནས་རང་བྱུང་རིག་པའི་ཡེ་ཤེས་རྗེན་ལ་ཕུད་ནས་ངོ་མ་སྤྲད་པར་མི་རྟོག་པ་ཐམས་ཅད་བསྒོམ་གྱི་མཐར་ཐུག་ཏུ་ངོ་སྤྲད་ནས་བསྒོམ་ན་ཧྭ་ཤང་དང་མཚུངས་ལ། སླར་ཡང་འཁོར་བའི་རྒྱུ་བསམ་བཞིན་བསྒྲུབ་པ་ཡིན་ནོ། །རྗེ་བདག་ཉིད་ཆེན་པོས་ཀྱང་འདི་ལ་ལམ་རིམ་ཞི་ལྷག་སྐབས་ནས་དགག་པ་མང་དུ་མཛད་པ་ཡིན། དེས་ན་ཀུན་བཟང་མི་ཡི་ཟློས་གར་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པའི་ལེགས་བཤད་ཆོས་དབྱིངས་མཛོད་སོགས་ནས་ངོ་སྤྲོད་མན་ངག་ཡོད་པ་རྣམས་ཀྱིས་ཤན་ཕྱེ་ནས་ཟང་ཐལ་རྗེན་པའི་ཡེ་ཤེས་ངོས་བཟུང་ནས་ངང་དུ་གོམས་པ་ཤིན་ཏུ་གཅེས། ཞི་གནས་དང་རིག་པའི་ཡེ་ཤེས་གཉིས་ཟང་ཐལ་མ་
ཐལ་དང་རིག་ཆ་དང་གནས་ཆའི་ཁྱད་ཡོད་པས་འཛོལ་ས་མེད། རྫོགས་ཆེན་ཆོས་འདིའི་དཀའ་གནད་འདི་ཁོ་བོས་ཀྱང་ཀློང་ཆེན་ལེགས་བཤད་དྲིན་ལས་ཤེས་གསུངས། རང་བྱུང་རིག་པའི་ཡེ་ཤེས་བླ་མའི་རང་ལ་ངོ་སྤྲད་པའི་ཚེ། རང་གསལ་རྒྱ་ཡན་ནམ་ལངས་པ་དང་འདྲ་ལ། ངང་དུ་གནས་ཚེ་རི་རྩེ་མཐོན་པོར་ཕྱིན་ནས་ཕྱོགས་ཀུན་ཏུ་བལྟས་པ་དང་འདྲའོ། །དེའི་ངང་དུ་གོམས་ན་སྤྱན་དང་མངོན་ཤེས་སོགས་ལམ་རྟགས་ཀྱི་ཡོན་ཏན་མངོན་དུ་འགྱུར་ལ། སེམས་དྭངས་ལ་མི་རྟོག་པ་ནི་དགུང་མོ་དང་འདྲ་ལ། ངང་དུ་བཞག་འཕྲོ་བྱིང་རྨུགས་གཉིད་གསུམ་སྨགས་རུམ་འཐིབས་པ་དང་འདྲའོ། །དེས་ན་ཞི་གནས་ཙམ་དང་རིག་པའི་ཡེ་ཤེས་གཉིས་ཆུ་དང་འོ་མ་བཞིན་བསྲེས་ནས་མི་སྐྱོང་བ་གལ་ཆེ་གལ་ཆེ་གསུངས། ཡང་རྫོགས་ཆེན་ལས། ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། རྟོགས་པ་ནམ་མཁའ་འདྲ་སྟེ་འགྱུར་བ་མེད། ཅེས་གསུངས་པ་ལྟར། རྐྱེན་དང་འཕྲད་ཚེ་སེམས་དྭངས་ལ་མི་རྟོག་པའི་ཉམས་ཇི་ལྟར་བཟང་ཡང་རླུང་དང་འཕྲད་ཚེ་ན་བུན་ནམ་མཁའ་ལ་ཡལ་བ་བཞིན་འགྲོ་བའི་རྐྱེན་མི་ཐུབ། ཟང་ཐལ་རྗེན་པའི་ཡེ་
ཤེས་ངོས་ཟིན་ནས་ངང་དུ་གོམས་ན་རྐྱེན་དང་འཕྲད་ཀྱང་རྟོག་པ་འགྱུར་བ་མེད་པ་རླུང་ཇི་ལྟར་གཡོ་ཡང་ནམ་མཁའ་འགྱུར་བ་མེད་པ་དང་འདྲ་གསུངས། ལྟ་བ་བསྒོམ་དུས་ལུས་དྲང་པོར་བསྲང་། རླུང་དལ་བར་བྱས། མིག་ཧར་རེ་བསྒྲད་ནས་ལས་དང་པོ་པས་བསྒོམ་ན་བྱིང་རྨུགས་གཉིད་གསུམ་མི་འབྱུང་། བྱུང་ཡང་ངོ་ཤེས་པར་སླ་གསུངས། བྱིང་རྨུགས་གཉིད་གསུམ་ཤིན་ཏུ་ཆེ་ན། གོན་པ་སྲབ་པར་བྱས་རི་བོ་མཐོན་པོའི་རྩེར་ཕྱིན་ལ་ནམ་མཁའ་དང་རིག་པ་བསྲེ། ནམ་མཁའི་གར་ཁྱབ་རིག་པས་ཁྱབ། །རིག་པའི་གར་ཁྱབ་ཆོས་སྐུས་ཁྱབ་པར་མོས་ལ། ཕྱོགས་གང་བདེ་བདེ་ལ་རིག་པ་རྒྱ་བསྐྱེད་དཔང་བསྟོད་ལ་ཡངས་པ་ཁྲོལ་ལེར་བཞག །མིག་ཆེར་བགྲད་མཐོང་ཚད་ཀྱི་ཕྱོགས་མཚམས་ནམ་མཁའ་ཡངས་པ་ལ་བལྟ་ཞིང་། ལུས་ཀྱི་ཤ་བསྒྲིམས་ལ་ཡར་རྒྱུག་མར་རྒྱུག་ལྡིང་སྐོར་བྱ། ངག་གིས་ཕཊ྄་སྒྲ་ལྷང་ལྷང་བརྗོད། དེ་ལྟར་བྱས་ན་སྤྲིན་དང་ན་བུན་རླུང་གིས་གཏོར་ནས་ནམ་མཁའ་སྔོ་རྗེན་གྱིས་མཐོང་བ་བཞིན་བྱིང་རྨུགས་གཉིད་གསུམ་གང་ཡང་གཏན་མེད་དུ་སངས་ནས་ཟང་ཐལ་རིག་པ་རྗེན་
ལ་འབུད་གསུངས། མཉམ་བཞག་ཉག་ཉོག་ལྡབ་ལྡིབ་ཅི་ཡིན་འདི་ཡིན་མེད་པའི་ངང་དུ་ལོ་ཟླར་བཞག་པ་ལས། ཟང་ཐལ་རྗེན་པའི་རིག་པ་ངོས་ཟིན་ནས་ངང་དུ་ཅུང་ཟད་བཞག་པ་ཡོན་ཏན་ཆེ། ལུས་སེམས་བདེ་ཞིང་དྭངས་ལ་མི་རྟོག་པ་ཙམ་བྱུང་ན་བསྒོམ་གྱི་མཆོག་ཏུ་བཟུང་ནས། རི་སུལ་རྣམས་སུ་དེའི་ངང་ལ་མི་ཚེ་མ་གཟད་གསུངས། འདི་ཡང་བརྗེད་ཀྱིས་དོགས་ནས་བྲིས། རྫོགས་ཆེན་པ་རྣམས་ལ་ཤིན་ཏུ་མཁོ་བས། ལེགས་པར་ཁོང་དུ་ཆུད་པར་གྱིས། ཕྱོགས་ཐམས་ཅད་དུ་བསྒྲགས་པའི་གནས་མ་ཡིན་ནོ།། །། སྨྲས་པ། སྐྱེ་མེད་ཆོས་དབྱིངས་ནམ་མཁའ་བདེ་ལ་ཡངས། །འགག་མེད་རིག་པའི་ཉི་མ་གསལ་ལ་དྭངས། །ཚད་མེད་བྱམས་བརྩེའི་ཉི་འོད་དྲོལ་འཇམ། །དྲི་མེད་ལེགས་བཤད་འོད་སྟོང་འགྱེད་ལ་སྤྲོ། །ཨེ་མ་སྐལ་བཟང་སྐྱེ་བོ་ཕོ་མོ་རྣམས། །མིག་གཉིས་བར་སྣང་ཁམས་ལ་ཧར་རེ་ལྟོས། །རིག་པ་རང་གསལ་རྒྱ་ཡན་ཕྱལ་ཡས་པའི། །ངང་དུ་གུ་ཡངས་ཡན་པར་གློད་ལ་ཐོངས། །རིག་པའི་ངོ་བོ་གསལ་སྟོང་འཛིན་པ་མེད། །ཟང་ཐལ་ཁྱབ་བརྡལ་ཀློང་ཡངས་ནམ་མཁའ་འདྲ། །མཉམ་བཞག་ཐང་མ་
ཕྱོགས་བཅུར་བརྡལ་ཙ་ན། །འོད་གསལ་ཉི་མ་མཐའ་དབུས་མེད་པར་འཆར། །བྱིང་རྨུགས་འཕྲོ་རྒོད་རོང་ཁུང་དོག་ས་ནས། །བདེ་གསལ་མི་རྟོག་ལ་ཁ་མཐོན་པོར་བུད། །འོད་གསལ་ནམ་མཁའ་མཐའ་དབུས་མེད་པ་ལ། །བལྟས་པས་དགའ་ཞིང་སྤྲོ་ལ་རྒོད་ཡང་འཆོར། །དེ་ཚེ་རིག་པའི་གཞོན་ནུ་མིག་ཡངས་པོས། །འོད་གསལ་ཆོས་དབྱིངས་སྤང་གཞོངས་ཡངས་པ་རུ། །བདེ་སྟོང་ཉམས་ཀྱི་གར་སྟབས་བསྒྱུར་བཞིན་དུ། །ཉམས་མགུར་གླུ་དབྱངས་བླངས་ན་བོགས་ཐོན་ཡོངས། །མདོར་ན་དུས་དང་རྣམ་པ་ཐམས་ཅད་དུ། །གང་དུ་བསྡད་ཀྱང་སྣང་བ་ཡངས་ཁྲོལ་ལེ། །སུ་དང་འགྲོགས་ཀྱང་ཤེས་པ་དགའ་ཡལ་ལེ། །གནས་པའི་རྣལ་འབྱོར་པ་རེ་ཀུན་གྱིས་མཛོད། །གླུ་འདི་ཐོས་ཚད་སྐལ་བཟང་ཕོ་མོ་ཡིས། །དགའ་ཞིང་སྤྲོ་བཞིན་སེམས་ངོ་བསྐྱངས་པའི་མཐུས། །ནམ་ཞིག་སེམས་ཉིད་ནམ་མཁའི་ཀློང་ཡངས་ནས། །སྐུ་གཉིས་ཉི་ཟླ་འགྲོ་ལ་འཆར་བར་ཤོག །ཅེས་ལེགས་བཤད་གསེར་གྱི་ཐུར་མ་ཞེས་བྱ་བ་འདི་ནི་མདོ་སྨད་ཀྱི་སྐལ་ལྡན་སློབ་མ་ཡོངས་ལ་ཕན་པའི་ཕྱིར། རྣལ་འབྱོར་ཞབས་དཀར་པས་དབེན་གནས་ཉམས་དགའ་བཀྲ་
ཤིས་འཁྱིལ་པའི་ཡང་རྩེ་འོད་གསལ་ཉི་འོད་འཁྱིལ་པའི་ལྷ་ཁང་བདེ་བ་ཅན་ནས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག། ༈ །།ན་མོ་གུ་རུ་བྷྱཿ ཚོགས་གཉིས་དབྱིངས་སུ་རྫོགས་པ་ཁྱད་ཆོས་དྲུག་ལྡན་གཞོན་ནུ་བུམ་པའི་སྐུ། །རང་བཞིན་འཕོ་འགྱུར་སྤངས་ཀྱང་ཞིང་ཁམས་རྒྱ་མཚོར་ངེས་པ་ལྔ་དང་ལྡན། །རྣམ་མང་གདུལ་བྱར་སྐལ་བ་དང་འཚམས་རྣམ་གྲོལ་དཔལ་སྟེར་སྤྲུལ་པའི་གར། །གདུལ་བྱའི་རྗེས་འགྲོ་སྐུ་གསུམ་འདུས་ཞལ་བདག་གི་འདྲེན་པ་རྒྱལ་གྱུར་ཅིག །གང་གི་གསུང་གསང་དབྱར་གྱི་རྔ་བོ་ཆེ། །ལུས་ཅན་མདོངས་མཐའི་མངལ་ཁུར་སྦྲུམ་སླད་དུ། །ལས་ཀྱི་འཁོར་ལོའི་སྤྲིན་གྱི་ལྡིང་ཁང་ལས། །ལྷོངས་པའི་དགེ་མཚན་ལྷ་མིའི་རྣ་བར་འཇེབས། །དེ་ཕྱིར་ཕྱོགས་ཀྱི་བུ་མོའི་རྣ་ལུང་དུ། །དབྱངས་འདི་ལྷག་བསམ་དབྱར་གྱི་དཔལ་མོས་བསུས། །འཛད་མེད་ཆོས་ཆར་འབེབས་པའི་ཆུ་ཁུར་ཅན། །ལས་ལྡན་ཆུ་མཐོངས་ངོས་སུ་རྟག་པར་ཕྱུར། །ལེགས་བྱས་འོད་སྟོང་འབར་བའི་གཟི་འོད་ཀྱིས། །བདག་གི་ཕ་མས་གཙོ་བྱས་འབྲེལ་ཐོགས་དང་། །རྒྱུད་ལྔས་བསྡུས་པའི་སྐྱེ་འགྲོའི་ཀུན་གཞིའི་མུན། །ཆོས་དབྱིངས་འོད་
གསལ་ཀློང་དུ་སངས་གྱུར་ཅིག །བདག་ཀྱང་དེང་ནས་ཉེར་ཞི་གདོད་མའི་གྲོང་། །མ་ཕྱིན་དེ་སྲིད་རྣམ་སྨིན་བརྒྱད་ཀྱི་རྟེན། །ཐོབ་ཅིང་དམ་པའི་མགོན་དང་མི་འབྲལ་བར། །ཚོགས་གཉིས་དཔལ་ལ་སྤྱོད་པའི་བཀྲ་ཤིས་ཤོག །ཅེས་པ་འདི་ཡང་མང་དུ་ཐོས་པའི་ནོར་གྱིས་ཕྱུག་པའི་སྤོང་བ་པོ་ལྷ་བཟོ་ཡེ་ཤེས་བསྟན་འཛིན་གྱི་གསུང་ངོ་མ་ལྡོག་པར། །རྨོངས་རྟུལ་སངས་རྒྱས་རིན་ཆེན་གྱིས་གཡར་ཁྲལ་དུ་བགྱིས་པ་ཛཡནྟུ།།
འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས། །མཛད་པ་པོ། ཞབས་དཀར་ཚོགས་དྲུག་རང་གྲོལ།
འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མ་ལུས་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞིས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་བྷྱཿ ཀུན་གསལ་མཁྱེན་བརྩེའི་རྟ་བདུན་དཀྱིལ་འཁོར་ལ། །ཚད་མེད་ཐུགས་རྗེའི་འོད་ཟེར་རབ་སྤྲོས་ནས། །ཁམས་གསུམ་འགྲོ་བའི་མ་རིག་མུན་པ་ཀུན། །དུས་གཅིག་སེལ་མཛད་ཆོས་ཀྱི་རྒྱལ་པོར་འདུད། །སྟོང་གསལ་ཆོས་སྐུའི་ལྷ་ལམ་ཡངས་པའི་ངོས། །བྱམས་དང་བརྩེ་བའི་ཆུ་འཛིན་རབ་འཁྲིགས་ནས། །སྐལ་བར་ལྡན་པའི་གདུལ་བྱའི་འཛིན་མ་ལ། །ཆོས་ཆར་འབེབས་མཁས་སྔགས་འཆང་རྡོ་རྗེར་འདུད། །ལྟ་བའི་གྲུ་དབུས་ལྷག་བསམ་དར་ཆེན་འཕྱར། །བརྩོན་འགྲུས་
རླུང་གིས་བསྐྱོད་ནས་སྲིད་མཚོ་རུ། །བྱིངས་པའི་འགྲོ་རྣམས་སྐུ་གསུམ་ནོར་བུའི་གླིང་། །འགོད་མཛད་དེད་དཔོན་འཇམ་དབྱངས་རྒྱ་མཚོར་འདུད། །དེ་གསུམ་མཁྱེན་བརྩེ་རྟ་བདུན་དཀྱིལ་འཁོར་ལས། །འཕྲོས་པའི་བྱིན་རླབས་ནུས་མཐུའི་ཚ་བའི་ཟེར། །སྐལ་ལྡན་བྱ་བཏང་པད་དཀར་བདག་ལ་ཕོག །རིག་པའི་ཁ་ཕྱེ་ཉམས་རྟོགས་འདབ་སྟོང་བཞད། །བདག་བློའི་གེ་སར་ལྟོ་བར་ལེགས་འཁྱིལ་བའི། །ལྟ་བའི་གླུ་དབྱངས་མྱོང་གྲོལ་བདུད་རྩིའི་བཅུད། །སྐལ་ལྡན་སློབ་མ་རྐང་དྲུག་ཚོགས་
ལ་འབུལ། །ངོམས་པ་མེད་པར་གུས་པའི་ཡིད་ཀྱིས་རོལ།། ༈ ཨེ་མ་ཧོ། བྱ་བཏང་གུ་ཡངས་ཡན་པ་བློ་བདེ་ངས། །ས་ལམ་མ་ལུས་མྱུར་དུ་བགྲོད་བྱེད་པའི། །ལྟ་བའི་གླུ་དབྱངས་མཁའ་ལྡིང་གཤོག་རླབས་ལེན། །སྐལ་ལྡན་སེམས་ཀྱི་བུ་རྣམས་ལྷན་ནེར་ཉོན། །འཁོར་འདས་གཉིས་ལ་འབྲུག་གི་སྒྲ་བཞིན་དུ། །ཡོངས་གྲགས་སངས་རྒྱས་ཟེར་བའི་སྒྲ་བོ་ཆེ། །འགྲོ་དྲུག་སེམས་ཅན་རྒྱུད་ལ་རྟག་བཞུགས་ནས། །སྐད་ཅིག་ཙམ་ཡང་གཡེལ་མེད་འགྲོགས་འདི་མཚར། །སངས་རྒྱས་རང་ལ་ཡོད་པར་མ་ཤེས་པར། །
ཕྱི་རོལ་གཞན་དུ་སངས་རྒྱས་བཙལ་བ་མཚར། །གསལ་དྭངས་ཉི་མའི་སྙིང་པོ་ཇི་བཞིན་དུ། །མངོན་སུམ་གསལ་ཡང་མཐོང་མཁན་ཉུང་བ་མཚར། །ཕ་མ་མེད་པའི་རང་སེམས་སངས་རྒྱས་ཉིད། །སྐྱེ་མ་མྱོང་ཞིང་འཆི་རྒྱུ་མེད་པ་མཚར། །བདེ་སྡུག་སྣ་ཚོགས་ཇི་ལྟར་མྱོང་ན་ཡང་། །བཟང་དང་ངན་དུ་ཅུང་ཟད་མི་འགྲོ་མཚར། །མ་སྐྱེས་གདོད་ནས་དག་པའི་སེམས་ཉིད་འདི། །མ་བཅོས་ཡེ་ནས་ལྷུན་གྱིས་གྲུབ་པ་མཚར། །རང་བཞིན་ཡེ་ནས་གྲོལ་བའི་རང་རིག་ཉིད། །གང་བྱུང་གང་
བདེར་བཞག་པས་གྲོལ་བ་མཚར།། །། ༈ ཨེ་མ་ཧོ། སྐལ་ལྡན་རིགས་ཀྱི་བུ་རྣམས་མ་ཡེངས་ཉོན། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱིས། །ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་ལ་སོགས་པའི། །གསུང་རབ་ནམ་མཁའི་མཐའ་མཉམ་དཔག་མེད་ཀྱང་། །དོན་ལ་རང་སེམས་རྟོགས་ཕྱིར་གསུངས་པ་ལས། །གཞན་དུ་ཅི་ཡང་རྒྱལ་བས་གསུངས་པ་མེད། །དཔེར་ན་སྡོང་པོའི་རྩ་བ་གཅིག་བཅད་ན། །ཡལ་ག་ལོ་མ་ཁྲི་འབུམ་དུས་གཅིག་བསྐམ། །དེ་བཞིན་སེམས་ཀྱི་རྩ་བ་གཅིག་བཅད་ན། །གཟུང་འཛིན་ལ་སོགས་འཁོར་བའི་ལོ་འདབས་བསྐམ། །ཁང་སྟོང་མུན་པ་ལོ་སྟོང་ལོན་པ་ཡང་། །སྒྲོན་མེས་སྐད་ཅིག་ཉིད་ལ་སེལ་བ་བཞིན། །རང་སེམས་འོད་གསལ་རྟོགས་པའི་སྐད་ཅིག་ལ། །བསྐལ་པ་གྲངས་མེད་བསགས་པའི་སྡིག་སྒྲིབ་འདག །གསལ་དྭངས་ཉི་མའི་སྙིང་པོའི་རང་བཞིན་དེ། །བསྐལ་པ་སྟོང་གི་མུན་པས་སྒྲིབ་མི་ནུས། །དེ་བཞིན་རང་སེམས་སྙིང་པོའི་འོད་གསལ་དེ། །བསྐལ་པར་འཁྲུལ་པས་སྒྲིབ་པར་མི་ནུས་སོ། །ནམ་མཁའི་རང་བཞིན་མདོག་དབྱིབས་ཚད་ལས་འདས། །དཀར་ནག་སྤྲིན་གྱིས་
གོས་པར་མི་འགྱུར་ལྟར། །སེམས་ཀྱི་རང་བཞིན་མདོག་དབྱིབས་ཚད་ལས་འདས། །དགེ་སྡིག་དཀར་ནག་ཆོས་ཀྱིས་གོས་མི་འགྱུར། །དཔེར་ན་འོ་མ་མར་གྱི་རྒྱུ་ཡིན་ཀྱང་། །མ་བསྲུབས་བར་དུ་མར་ནི་མི་འབྱུང་ལྟར། །འགྲོ་ཀུན་བདེར་གཤེགས་སྙིང་པོའི་རྒྱུ་ཡིན་ཀྱང་། །ཉམས་སུ་མ་བླངས་སེམས་ཅན་སངས་མི་རྒྱས། །འདི་ཉིད་ཉམས་སུ་བླངས་ན་ཀུན་གྲོལ་ཏེ། །དབང་པོ་རྣམས་ལ་རྣོ་རྟུལ་ཁྱད་པར་མེད། །ཉམས་སུ་བླངས་ན་བ་གླང་རྫི་ཡང་གྲོལ། །མངོན་སུམ་རང་སེམས་འོད་གསལ་དོན་རྟོགས་ན། །ཁ་བཤད་མཁས་པ་འདི་ལ་མི་དགོས་ཏེ། །བུ་རམ་རང་གི་ཁ་རུ་ཟོས་པའི་ཚེ། །བུ་རམ་རོ་བཤད་མི་དགོས་ཇི་བཞིན་ནོ། །འདི་ཉིད་མ་རྟོགས་པཎྜི་ཏ་ཡང་འཁྲུལ། །ཐེག་དགུའི་བཤད་པ་ཡོངས་ལ་མཁས་གྱུར་ཀྱང་། །མ་མཐོང་རྒྱང་གི་གཏམ་རྒྱུད་བཤད་པ་བཞིན། །སངས་རྒྱས་ས་ལ་གནམ་ས་བས་ཀྱང་རིང་། །ཡང་དག་རང་སེམས་འོད་གསལ་མ་རྟོགས་ན། །བསྐལ་པའི་བར་དུ་ཚུལ་ཁྲིམས་བསྲུངས་པ་དང་། །ཡུན་རིང་བར་དུ་བཟོད་པ་བསྒོམས་བྱས་ཀྱང་། །ཁམས་གསུམ་འཁོར་
བའི་གནས་ནས་མི་འཕགས་པས། །དེའི་ཕྱིར་འབད་པས་སེམས་ཀྱི་རྩད་གཅོད་གྱིས།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་མཆོག་ཀུན་གྱིས་ཉོན། །རང་གི་སེམས་ཀྱི་རྩ་བརྡར་མ་ཆོད་ན། །དགེ་སྦྱོར་གང་བྱས་གནད་དུ་མི་འགྲོ་སྟེ། །དཔེར་ན་འབེན་ནི་དྲུང་དུ་བཞག་ནས་ཀྱང་། །མདའ་ནི་ཐག་རིང་ཕྱོགས་སུ་འཕེན་དང་མཚུངས། །རྐུན་མ་རང་གི་ཁྱིམ་དུ་བཞག་ནས་ཀྱང་། །རྩད་གཅོད་དྲག་པོ་ཕྱི་རུ་བྱེད་དང་མཚུངས། །འདྲེ་ནི་ཤར་སྒོའི་ཕྱོགས་སུ་བཞག་ནས་ཀྱང་། །གླུད་ནི་ནུབ་ཀྱི་ཕྱོགས་སུ་གཏོང་དང་མཚུངས། །དབུལ་པོའི་སྒྱེད་རྡོ་གསེར་དུ་མ་ཤེས་པར། །གཞན་ནས་སློང་མོ་བྱེད་པ་ཇི་བཞིན་ནོ། །དེས་ན་རང་གི་སེམས་ཀྱི་རྩད་བརྡར་རྣམས། །འདི་བཞིན་ཆོད་ཅིག་སྐལ་ལྡན་སྙིང་གི་བུ། །སེམས་ཞེས་བྱ་བའི་རིག་རིག་འགྱུ་འགྱུ་བོ། །བདས་ན་མི་ཟིན་ཡལ་ཡལ་བན་བུན་པོ། །བཞག་ན་མི་སྡོད་ཚུབ་ཚུབ་ཡེར་ཡེར་པོ། །འདི་ཞེས་མཚོན་མེད་སྟོང་པ་ཕྱང་ཆད་པོ། །བདེ་སྡུག་སྣ་ཚོགས་མྱོང་མཁན་རང་གི་སེམས། །དང་པོ་འདི་ནི་བྱུང་ས་གང་ནས་བྱུང་། །ཕྱི་ཡི་སྣང་བ་རི་བྲག་ཆུ་ཤིང་དང་། །ནམ་མཁའི་རླུང་
སོགས་བརྟེན་བཅས་རྟེན་མེད་པ། །གང་ལས་བྱུང་ངམ་འདྲི་ཞིང་རྩད་བརྡར་ཆོད། །ཡང་ན་ཕ་མ་གཉིས་ཀྱི་ཁུ་ཁྲག་ལས། །བྱུང་ངམ་སྙམ་ན་ཇི་ལྟར་བྱུང་ཚུལ་དཔྱོད། །དེ་ལྟར་དཔྱད་པས་བྱུང་ས་མ་རྙེད་ཚེ། །བར་དུ་ད་ལྟ་རང་ལུས་སྟོད་སྨད་དང་། །དབང་པོ་དོན་སྙིང་ལ་སོགས་གང་ལ་གནས། །སྙིང་ལ་གནས་ན་མགོ་མཇུག་གང་ན་གནས། །དབྱིབས་དང་ཁ་དོག་ལ་སོགས་ཇི་ལྟར་འདུག །ལེགས་པར་དཔྱོད་ལ་གནས་ས་མ་རྙེད་ཚེ། །ཐ་མར་འགྲོ་དུས་ཡུལ་གྱི་དབང་པོའི་སྒོ། །གང་ནས་འགྲོ་དང་ཕྱི་རོལ་ཡུལ་རྣམས་སུ། །ཡུད་ཙམ་ཉིད་ལ་སླེབས་པའི་དུས་དེ་རུ། །ལུས་ཀྱིས་ཕྱིན་ནམ་སེམས་ཉིད་ཁོ་ནས་ཕྱིན། །ལུས་སེམས་ཚོགས་པས་ཕྱིན་སོགས་རྩད་བརྡར་ཆོད། །དེ་ཡང་ཉོན་མོངས་རྣམ་རྟོག་སྐྱེ་བའི་ཚེ། །དང་པོ་གང་ནས་སྐྱེས་དང་ད་ལྟའི་དུས། །གང་ལ་གནས་དང་མདོག་དབྱིབས་ཨེ་འདུག་ལྟོས། །ཐ་མར་རང་སར་ཞི་ནས་ཡལ་བའི་ཚེ། །གང་དུ་ཡལ་ནས་འགྲོ་སོགས་རྩད་བརྡར་ཆོད། །འཆི་བའི་ཚེ་ན་ཇི་ལྟར་བྱས་ནས་འགྲོ། །ཞིབ་ཏུ་དཔྱོད་ལ་སྐྱེ་འཆི་འགྲོ་འོང་དང་། །ངོས་བཟུང་བྲལ་
བའི་སྟོང་སངས་བརྗོད་མེད་དུ། །ངེས་པར་གཏན་ལ་མ་ཕེབས་བར་དུ་དཔྱོད། །གཞན་གྱིས་དཔེ་དང་ཁ་བཤད་སྐམ་པོ་ཡིས། །སྟོང་པ་ཉིད་ཡིན་ཟེར་བས་མི་ཕན་ཏེ། །དཔེར་ན་སྟག་ཡོད་ཟེར་བའི་ས་ཆ་རུ། །གཞན་གྱིས་སྟག་ནི་མེད་པར་བརྗོད་ན་ཡང་། །རང་ཉིད་དེ་ལ་ཡིད་ཆེས་མི་སྐྱེ་བར། །ཡིད་གཉིས་ཐེ་ཚོམ་ཟ་བ་ཇི་བཞིན་ནོ། །རང་གི་སེམས་ཀྱི་རྩ་བ་རང་ཉིད་ཀྱིས། །ཞིབ་ཏུ་དཔྱད་ནས་གཏན་ལ་ཕབ་པའི་ཚེ། །དཔེར་ན་སྟག་ཡོད་ཟེར་བའི་ལུང་པ་དེར། །རང་ཉིད་སོང་ནས་ཕུ་མདོ་ཐམས་ཅད་དུ། །སྟག་ནི་ཨེ་ཡོད་བརྩད་བརྡར་བཅད་གྱུར་ནས། །མ་རྙེད་ཚེ་ན་རང་ཉིད་ཡིད་ཆེས་ཏེ། །ཕྱིན་ཆད་ས་དེར་སྟག་ཡོད་སྙམ་པ་ཡི། །ཡིད་གཉིས་ཐེ་ཚོམ་མེད་པ་ཇི་བཞིན་ནོ།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་རྣམས་ཚུར་ཉོན་དང་། །ཁྱེད་རྣམས་དེ་ལྟར་བརྟགས་ཤིང་དཔྱད་པའི་ཚེ། །སེམས་ཞེས་མཛུབ་མོ་བཙུགས་ནས་འདི་ཡིན་ཞེས། །དངོས་པོར་གྲུབ་པ་རྡུལ་ཙམ་མ་རྙེད་ཚེ། །མ་རྙེད་པ་དེ་རྙེད་པའི་མཆོག་ཡིན་ནོ། །འོ་སྐོལ་སེམས་ལ་དང་པོ་བྱུང་ས་མེད། །ཡེ་ནས་སྟོང་པས་ངོ་བོ་ངོས་གཟུང་མེད། །བར་དུ་
གནས་ས་དབྱིབས་དང་ཁ་དོག་མེད། །ཐ་མར་འགྲོར་མེད་འདིར་སོང་རྗེས་མེད་དེ། །འགྱུ་བ་སྟོང་འགྱུ་སྟོང་པ་སྟོང་སྣང་ཡིན། །སེམས་ཉིད་འདི་ནི་དང་པོ་རྒྱུས་མ་བསྐྱེད། །ཐ་མ་ཕྱི་རོལ་རྐྱེན་གྱིས་འདི་མི་འཇིག །འཕེལ་དང་འགྲིབ་དང་གང་སྟོང་འདི་ལ་མེད། །འཁོར་འདས་ཡོངས་ལ་ཁྱབ་པས་ཕྱོགས་རིས་མེད། །འདི་ཞེས་མི་མཚོན་ཅིར་ཡང་འགག་མེད་འཆར། །ཅིར་ཡང་མ་གྲུབ་ཡོད་མེད་མཐའ་ལས་འདས། །འགྲོ་འོང་མེད་ཅིང་སྐྱེ་འཆི་གསལ་འགྲིབ་མེད། །སེམས་ཀྱི་རང་བཞིན་དྲི་མེད་ཤེལ་གོང་བཞིན། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །ཐུགས་རྗེ་འགག་པ་མེད་པར་ས་ལེར་གནས། །འཁོར་བའི་སྐྱོན་གྱིས་ཅི་ཡང་མ་གོས་ཏེ། །སེམས་ཉིད་ཡེ་ནས་སངས་རྒྱས་ཡིན་པར་ངེས། །འདི་ནི་གཞི་ཡི་སེམས་ཉིད་གནས་ལུགས་ཀྱི། །རང་བཞིན་གཏན་ལ་ཕབ་པའི་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་སེམས་ཀྱི་བུ་རྣམས་ཉོན། །དང་པོ་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིས། །སྒོམ་པ་རྡུལ་ཙམ་མ་བྱས་གྲོལ་ཚུལ་དང་། །འགྲོ་བ་དྲུག་གིས་མི་དགེ་སྡིག་པའི་ལས། །སྤུ་
ཙམ་མ་བྱས་འཁོར་བར་འཁྱམས་ཚུལ་ནི། །ཡེ་ཐོག་དང་པོ་ཀུན་གྱི་སྔོན་རོལ་དུ། །འཁོར་འདས་མིང་མེད་གདོད་མའི་གཞི་ལ་གནས། །དེ་དུས་རིག་པ་གཞི་ནས་འཕགས་ཚུལ་ནི། །ཤེལ་ལ་ཉི་ཕོག་རང་འོད་ཕྱིར་གསལ་ལྟར། །རིག་པའི་ཡེ་ཤེས་སྲོག་རླུང་གིས་བསྐྱོད་ནས། །གཞོན་ནུ་བུམ་པ་སྐུ་ཡི་རྒྱ་རལ་ཏེ། །ལྷུན་གྲུབ་འོད་གསལ་སྐུ་དང་ཡེ་ཤེས་ཀྱི། །ཞིང་ཁམས་མཁའ་ལ་ཉི་ཤར་བཞིན་དུ་གསལ། །དེ་དུས་ཆོས་སྐུ་ཀུན་ཏུ་བཟང་པོ་ཡིས། །རང་སྣང་ཡིན་པར་ཤེས་པས་སྐད་ཅིག་ལ། །ཕྱིར་གསལ་སྐུ་དང་ཡེ་ཤེས་ནང་དུ་ཐིམ། །ཀ་དག་གདོད་མའི་གཞི་ལ་སངས་རྒྱས་སོ། །འོ་སྐོལ་རྣམས་ཀྱིས་རང་བཞིན་ལྷུན་གྲུབ་ཀྱི། །སྣང་བ་རང་གདངས་ཡིན་པར་མ་ཤེས་པས། །ཤེས་པ་དྲན་མེད་འཐོམ་མེ་བ་དེ་ཉིད། །དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་ཟེར། །དེ་ནས་གཞི་སྣང་འོད་གསལ་དེ་ཉིད་ལ། །གཉིས་སུ་འཛིན་པའི་ཤེས་པ་སྐྱེས་པ་དེ། །ཀུན་ཏུ་བརྟགས་པའི་མ་རིག་པ་ཞེས་ཟེར། །མ་རིག་གཉིས་འཛིན་སྦུབས་སུ་དེ་དུས་ཚུད། །དེ་ནས་བག་ཆགས་རིམ་བཞིན་རྒྱས་ནས་ཀྱང་། །འཁོར་བའི་བྱ་བ་འདི་རྣམས་ཐམས་
ཅད་བྱུང་། །དེ་ནས་ཉོན་མོངས་དུག་གསུམ་དུག་ལྔ་དང་། །བརྒྱད་ཁྲི་བཞི་སྟོང་ལ་སོགས་རྒྱས་ནས་ཀྱང་། །འཁོར་བའི་གནས་སུ་ཟོ་ཆུའི་འཁྱུད་མོ་བཞིན། །འཁོར་ཞིང་བདེ་སྡུག་ད་ལྟའི་བར་དུ་མྱངས། །རྒྱས་པར་འདོད་ན་ཀུན་མཁྱེན་ཐེག་མཆོག་མཛོད། །ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་སོགས་ལ་ལྟོས། །ད་ནི་བླ་མའི་མན་ངག་ཟབ་མོ་ཡིས། །འཁྲུལ་པའི་རང་མཚང་ཐམས་ཅད་རིག་ནས་ཀྱང་། །རང་སེམས་སངས་རྒྱས་རང་ངོ་མཐོང་བ་ཡིན། །གདོད་མའི་མགོན་པོའི་རང་ཞལ་མཇལ་བ་ཡིན། །ཀུན་ཏུ་བཟང་པོར་སྐལ་པ་མཉམ་པ་ཡིན། །སྙིང་ནས་དགའ་བ་སྒོམས་ཤིག་སེམས་ཀྱི་བུ། །འཁྲུལ་པ་གཏན་ལ་ཕབ་པའི་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། །ད་ཡང་སྐལ་ལྡན་སྙིང་གི་བུ་རྣམས་ཉོན། །སེམས་ཞེས་བྱ་བའི་ཡོངས་གྲགས་སྒྲ་བོ་ཆེ། །ཡོད་ནི་གཅིག་ཀྱང་ཡོད་པ་མ་ཡིན་ཏེ། །འབྱུང་ནི་འཁོར་འདས་བདེ་སྡུག་སྣ་ཚོགས་འབྱུང་། །འདོད་ནི་ཐེག་པའི་རྣམ་གྲངས་མང་དུ་ཡོད། །མིང་ནི་བསམ་གྱིས་མི་ཁྱབ་སོ་སོར་བཏགས། །སོ་སོ་སྐྱེ་བོ་རྣམས་ཀྱིས་ང་ཡང་ཟེར། །མུ་སྟེགས་ལ་ལས་
བདག་ཅེས་མིང་དུ་བཏགས། །ཉན་ཐོས་པ་ཡིས་གང་ཟག་བདག་མེད་ཟེར། །སེམས་ཙམ་པ་ཡིས་སེམས་ཞེས་མིང་དུ་བཏགས། །ལ་ལས་ཤེས་རབ་ཕ་རོལ་ཕྱིན་པ་ཟེར། །ལ་ལས་བདེར་གཤེགས་སྙིང་པོ་མིང་དུ་བཏགས། །ལ་ལས་ཕྱག་རྒྱ་ཆེན་པོ་མིང་དུ་བཏགས། །ལ་ལས་དབུ་མ་ཞེས་པའི་མིང་དུ་བཏགས། །ལ་ལས་ཐིག་ལེ་ཉག་གཅིག་མིང་དུ་བཏགས། །ལ་ལས་ཆོས་ཀྱི་དབྱིངས་ཞེས་མིང་དུ་བཏགས། །ལ་ལས་ཀུན་གཞི་ཞེས་པ་མིང་དུ་བཏགས། །ལ་ལས་ཐ་མལ་ཤེས་པ་མིང་དུ་བཏགས། །མིང་ནི་བསམ་གྱིས་མི་ཁྱབ་ཅི་བཏགས་ཀྱང་། །དོན་ལ་འདི་ཉིད་ཡིན་པས་ཤེས་པར་གྱིས། །ཁྱེད་རྣམས་སེམས་ཉིད་རང་སར་གློད་ལ་ཞོག །བཞག་དུས་ཐ་མལ་ཤེས་པ་རྗེན་ནེ་བ། །བལྟས་པས་མཐོང་རྒྱུ་མེད་པའི་ས་ལེ་བ། །རིག་པ་མངོན་སུམ་ས་ལེ་ཧྲིག་གེ་བ། །ཅིར་ཡང་མ་གྲུབ་སྟོང་ཞིང་སེང་ངེ་བ། །གསལ་སྟོང་གཉིས་སུ་མེད་པའི་ཡེ་རེ་བ། །རྟག་པ་མ་ཡིན་ཅིར་ཡང་གྲུབ་པ་མེད། །ཆད་པ་མ་ཡིན་ས་ལེ་ཧྲིག་གེ་བ། །གཅིག་པུ་མ་ཡིན་དུ་མ་རིག་ཅིང་གསལ། །དུ་མ་མ་ཡིན་དབྱེར་མེད་རོ་གཅིག་པ། །གཞན་ན་མེད་དེ་
རང་རིག་འདི་ཉིད་དོ། །སྙིང་དབུས་བཞུགས་པའི་གདོད་མའི་མགོན་པོའི་ཞལ། །མངོན་སུམ་ད་ལྟའི་དུས་འདིར་མཐོང་བ་ཡིན། །འདི་དང་འབྲལ་མེད་གྱིས་ཤིག་སྙིང་གི་བུ། །འདི་མིན་གཞན་ལས་ལྷག་པ་སུས་འདོད་པ། །གླང་པོ་རྙེད་ཀྱང་རྗེས་འཚོལ་ཇི་བཞིན་དུ། །སྟོང་གསུམ་ཐམས་ཅད་ཐགས་སུ་བཏགས་ན་ཡང་། །སངས་རྒྱས་མིང་ཙམ་རྙེད་པར་མི་སྲིད་དོ། །དངོས་གཞིའི་གནས་ལུགས་དོན་གྱི་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །ད་ལྟའི་རང་རིག་རང་གསལ་འདི་ཉིད་ལ། །སྐུ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་དང་། །སྐུ་ལྔ་ཡེ་ཤེས་ལྔ་སོགས་ཐམས་ཅད་ཚང་། །རིག་པའི་ངོ་བོ་ཁ་དོག་དབྱིབས་ལ་སོགས། །ཅིར་ཡང་མ་གྲུབ་སྟོང་པ་ཆོས་ཀྱི་སྐུ། །སྟོང་པའི་རང་གདངས་གསལ་བ་ལོངས་སྐུ་འོ། །སྣ་ཚོགས་འཆར་གཞི་མ་འགག་སྤྲུལ་པའི་སྐུ། །དེ་རྣམས་མཚོན་པའི་དཔེ་ནི་འདི་དང་འདྲ། །ཤེལ་གྱི་མེ་ལོང་ཆོས་ཀྱི་སྐུ་དང་མཚུངས། །རང་བཞིན་དྭངས་ཤིང་གསལ་བས་ལོངས་སྐུ་མཚོན། །གཟུགས་བརྙན་འཆར་གཞི་མ་
འགག་སྤྲུལ་སྐུའི་དཔེ། །འགྲོ་རྣམས་སེམས་ཉིད་ཡེ་ནས་སྐུ་གསུམ་དུ། །གནས་པ་ཡིན་ཏེ་རང་ངོ་ཤེས་ནུས་ན། །འགྲོ་བ་རྣམས་ཀྱི་སྒོམ་པ་རྡུལ་ཙམ་ཡང་། །བྱ་མི་དགོས་ཏེ་དུས་གཅིག་འཚང་རྒྱ་འོ། །སྐུ་གསུམ་ངོ་སྤྲོད་ཐ་དད་བསྟན་པ་ནི། །དོན་ལ་དབྱིངས་གཅིག་མ་གཏོགས་ཐ་དད་དུ། །བཟུང་ནས་འཁྲུལ་པར་མ་འགྲོ་སྙིང་གི་བུ། །སྐུ་གསུམ་ཡེ་ནས་སྟོང་པ་ཀ་དག་སྟེ། །གསལ་སྟོང་ཟུང་འཇུག་ངོ་བོ་གཅིག་པ་རུ། །ཤེས་པར་གྱིས་ལ་འཛིན་མེད་ངང་ལ་སྤྱོད། །ངོ་བོ་རང་བཞིན་ཐུགས་རྗེ་གསུམ་པོ་ཡང་། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་ཉིད་དང་མཚུངས། །གསུམ་ག་གསལ་སྟོང་ཟུང་འཇུག་ཆེན་པོ་རུ། །ཤེས་པར་གྱིས་ལ་འཛིན་མེད་ངང་ལ་སྤྱོད། །དེ་ཡང་རང་བྱུང་རིག་པའི་ཡེ་ཤེས་འདི། །ཅིར་ཡང་སྣང་བས་རྣམ་པར་སྣང་མཛད་སྐུ། །འགྱུར་བ་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། །མཐའ་དབུས་མེད་པས་སྣང་བ་མཐའ་ཡས་སྐུ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན་འབྱུང་བའི། །ནོར་བུ་འདྲ་བས་རིན་ཆེན་འབྱུང་ལྡན་སྐུ། །དོན་ཀུན་འགྲུབ་པས་དོན་ཡོད་གྲུབ་པའི་སྐུ། །དེ་རྣམས་རིག་པའི་རྩལ་ལས་ལོགས་ན་མེད། །
རིག་པའི་ཡེ་ཤེས་ངོ་བོ་མ་འགག་པར། །མངོན་སུམ་གསལ་བས་མེ་ལོང་ཡེ་ཤེས་སོ། །ཀུན་ལ་ཁྱབ་པས་མཉམ་ཉིད་ཡེ་ཤེས་སོ། །རྩལ་ལས་སྣ་ཚོགས་འཆར་བས་སོར་རྟོག་གོ །དོན་ཀུན་འགྲུབ་པས་བྱ་གྲུབ་ཡེ་ཤེས་སོ། །དེ་དག་རྣམས་ཀྱི་ངོ་བོ་ཀ་དག་ཏུ། །འདུས་པས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །དེ་རྣམས་ཐམས་ཅད་རང་གི་རིག་རྩལ་ལས། །ལོགས་ན་གྲུབ་པ་རྡུལ་ཙམ་མེད་པ་འོ། །སྐུ་གསུམ་ངོ་བོ་རང་བཞིན་ཐུགས་རྗེ་དང་། །སྐུ་ལྔ་ཡེ་ཤེས་ལྔ་པོ་གཅིག་ཆར་དུ། །མངོན་སུམ་མཛུབ་མོ་བཙུགས་ནས་ངོ་སྤྲད་ན། །ད་ལྟའི་ཤེས་པ་བཟོ་བཅོས་མ་བྱས་པ། །རྐྱེན་གྱིས་མ་བསྒྱུར་འཛིན་པས་མ་བསླད་པའི། །རིག་པ་ས་ལེ་ཧྲིག་གེ་འདི་ཀ་ཡིན། །དུས་གསུམ་སངས་རྒྱས་ཐམས་ཅད་འདི་ལས་བྱུང་། །འདི་ནི་དུས་གསུམ་སངས་རྒྱས་ཐུགས་ཡིན་པས། །འདི་དང་འབྲལ་མེད་གྱིས་ཤིག་སྐལ་ལྡན་ཀུན། །མ་བཅོས་རང་གསལ་འདི་ཀ་ཡིན་པ་ལ། །རང་སེམས་སངས་རྒྱས་མ་མཐོང་ཅི་ལ་ཟེར། །འདི་ལ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བསྒོམ་རྒྱུ་མ་བྱུང་བྱ་བ་ཅི་ལ་ཟེར། །རིག་པ་
མངོན་སུམ་འདི་ཀ་ཡིན་པ་ལ། །རང་སེམས་མ་རྙེད་བྱ་བ་ཅི་ལ་ཟེར། །གསལ་ཧྲིག་རྒྱུན་ཆད་མེད་པ་འདི་ཀ་ཡིན། །སེམས་ངོ་མ་མཐོང་བྱ་བ་ཅི་ལ་ཟེར། །འདི་ལ་བྱ་རྒྱུ་རྡུལ་ཙམ་མེད་པ་ལ། །བྱས་པས་མ་བྱུང་བྱ་བ་ཅི་ལ་ཟེར། །གནས་དང་མི་གནས་གཉིས་སུ་མེད་པ་ལ། །གནས་སུ་མ་བཏུབ་བྱ་བ་ཅི་ལ་ཟེར། །རང་རིག་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ལ། །བསྒྲུབས་པས་མ་འགྲུབ་བྱ་བ་ཅི་ལ་ཟེར། །བྱར་མེད་ཅོག་གིས་བཞག་པས་ཆོག་པ་ལ། །དེ་ལ་མི་ནུས་བྱ་བ་ཅི་ལ་ཟེར། །རྟོག་པ་ཤར་གྲོལ་དུས་མཉམ་ཡིན་པ་ལ། །གཉེན་པོས་མ་བྱུང་བྱ་བ་ཅི་ལ་ཟེར། །ད་ལྟའི་ཤེས་པ་འདི་ཀ་ཡིན་པ་ལ། །འདི་ལ་མི་ཤེས་བྱ་བ་ཅི་ལ་ཟེར།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་རྣམས་གུས་པས་གསོན། །རང་སེམས་དངོས་མེད་ནམ་མཁའ་སྟོང་པ་འདྲ། །འདྲ་འམ་མི་འདྲ་སྐལ་ལྡན་བུ་རྣམས་ཀུན། །བལྟ་རུ་མེད་པའི་ཚུལ་དུ་རང་སེམས་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །སྟོང་པ་ཕྱང་ཆད་དག་ཀྱང་མ་ཡིན་པར། །རང་རིག་ཡེ་ཤེས་ཡེ་ནས་གསལ་བར་ངེས། །རང་བྱུང་རང་གསལ་ཉི་མའི་སྙིང་པོ་
འདྲ། །འདྲ་འམ་མི་འདྲ་རང་གི་སེམས་ཉིད་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །རྣམ་རྟོག་འགྱུ་དྲན་ངོས་བཟུང་མེད་པར་ངེས། །འགྱུ་བ་ངེས་མེད་བར་སྣང་བསེར་བུ་འདྲ། །འདྲ་འམ་མི་འདྲ་རང་གི་སེམས་ཉིད་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །ཅིར་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས། །གང་སྣང་ཐམས་ཅད་མེ་ལོང་གཟུགས་བརྙན་འདྲ། །འདྲ་འམ་མི་འདྲ་རང་གི་སེམས་ཉིད་ལ། །ཅེར་གྱིས་ལྟོས་ལ་ཕྱམ་གྱིས་ཞོག་དང་ཤེས། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །ལྟ་བ་བལྟ་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །སྒོམ་པ་བསྒོམ་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །སྤྱོད་པ་སྤྱོད་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །དམ་ཚིག་བསྲུང་རྒྱུ་གཞན་ན་ཆོས་མེད་དོ། །སེམས་ལས་མ་གཏོགས་གཞན་ན་ཆོས་མེད་པས། །འབྲས་བུ་བསྒྲུབ་རྒྱུ་གཞན་ན་ཆོས་མེད་དོ། །ཡང་ལྟོས་ཡང་ལྟོས་རང་གི་སེམས་ལ་ལྟོས། །ཕྱི་
རོལ་ནམ་མཁའི་ཁམས་ལ་སེམས་ཐོངས་ལ། །རང་སེམས་ཉིད་ལ་འགྲོ་འོང་ཨེ་འདུག་ལྟོས། །བལྟས་ཚེ་འགྲོ་འོང་སེམས་ལ་མི་གདའ་ན། །ནང་གི་རང་གི་སེམས་ལ་ཚུར་བལྟས་ལ། །རྟོག་པ་འཕྲོ་བའི་འཕྲོ་མཁན་ཨེ་འདུག་ལྟོས། །རྟོག་པ་འཕྲོ་བའི་འཕྲོ་མཁན་མི་གདའ་ན། །སེམས་ལ་ཁ་དོག་དབྱིབས་སོགས་ཨེ་འདུག་ལྟོས། །ཁ་དོག་དབྱིབས་མེད་སྟོང་པར་ཐུག་པའི་ཚེ། །སྟོང་པ་ཉིད་ལ་མཐའ་དབུས་ཨེ་འདུག་ལྟོས། །མཐའ་དབུས་མེད་ཚེ་ཕྱི་ནང་ཨེ་འདུག་ལྟོས། །ཕྱི་དང་ནང་མེད་རིག་པ་མཁའ་ལྟར་ཡངས། །ཟང་ངེ་ཐལ་ལེར་རྒྱ་ཆད་ཕྱོགས་ལྷུང་བྲལ། །རང་རིག་ཁྱབ་གདལ་ཀློང་ཆེན་ཡངས་པའི་ངང་། །འཁོར་འདས་ཆོས་རྣམས་བར་སྣང་འཇའ་ཚོན་བཞིན། །སྣ་ཚོགས་སྣང་ཡང་སེམས་ཀྱི་རོལ་པ་སྟེ། །རང་རིག་གཡོ་མེད་ངང་ལས་ཕར་ལྟོས་དང་། །ཆོས་རྣམས་ཐམས་ཅད་སྒྱུ་མ་ཆུ་ཟླ་བཞིན། །སྣང་སྟོང་སོ་སོར་དབྱེ་བར་མི་ནུས་སོ། །རིག་པའི་ངང་ལ་འཁོར་འདས་གཉིས་སུ་མེད། །རང་རིག་གཡོ་མེད་ངང་ནས་ཕར་ལྟོས་དང་། །འཁོར་འདས་ཆོས་རྣམས་མེ་ལོང་གཟུགས་བརྙན་བཞིན། །ཇི་ལྟར་
སྣང་ཡང་གདོད་ནས་ཡོད་མ་མྱོང་། །འཁོར་འདས་མིང་མེད་ཐམས་ཅད་ཆོས་སྐུ་ཡིན། །ཁམས་གསུམ་འཁོར་བར་འཁྱམས་པའི་འགྲོ་ཀུན་གྱིས། །ཡེ་ནས་འཁོར་འདས་ཆོས་ཀུན་མཉམ་ཉིད་དུ། །གནས་པའི་ཡེ་ཤེས་རང་ངོ་མ་རྟོགས་པར། །གཉིས་འཛིན་འཁྲུལ་པའི་དབང་གིས་སོ་སོར་བཟུང་། །གཉིས་མེད་དོན་ལ་གཉིས་འཛིན་ཕྱིར་མ་གྲོལ། །ཀུན་གྱིས་རང་སེམས་འཁོར་འདས་དབྱེར་མེད་ལ། །སྤང་བླང་འདོར་ལེན་བྱས་པས་འཁོར་བར་འཁྱམས། །རང་རིག་སྐུ་གསུམ་རྩོལ་མེད་ལྷུན་གྲུབ་ལས། །འདི་མིན་ཐག་རིང་གཞན་དུ་འགྲོ་ཐབས་ཀྱིས། །ས་ལམ་བཙལ་ནས་བླུན་རྨོངས་འགྲོ་བ་ཀུན། །སངས་རྒྱས་ས་ལ་སླེབས་པའི་དུས་མ་བྱུང་། །གང་སྣང་ཐམས་ཅད་རང་སྣང་ཡིན་པར་ངེས། །རང་རིག་གཡོ་མེད་ངང་ནས་ཕར་ལྟོས་དང་། །སྣང་ཞིང་སྲིད་པ་ཐམས་ཅད་གཟུགས་བརྙན་འདྲ། །སྣང་སྟོང་གྲག་སྟོང་རང་བཞིན་ཡེ་ནས་སྟོང་། །དེ་ལྟར་བལྟ་མཁན་སེམས་ལ་ཚུར་ལྟོས་དང་། །དྲན་རྟོག་རང་ཡལ་སྟོང་པ་ནམ་མཁའ་འདྲ། །སྤྲོས་མེད་སྤྲོས་བྲལ་སྨྲ་བསམ་བརྗོད་ལས་འདས། །
གང་སྣང་ཐམས་ཅད་སེམས་ཀྱིས་ཆོ་འཕྲུལ་ཏེ། །ཆོ་འཕྲུལ་ཐམས་ཅད་གཞི་མེད་སྟོང་པ་ཡིན། །ཐམས་ཅད་རང་གི་སེམས་སུ་རྟོགས་གྱུར་ན། །མཐོང་སྣང་ཐམས་ཅད་སྟོང་པ་ཆོས་སྐུ་ཡིན། །སྣང་བས་མི་འཆིང་ཞེན་པས་འཆིང་བ་ཡིན། །ཞེན་ཆགས་འཁྲུལ་པ་ཆོད་ཅིག་སྙིང་གི་བུ།། །། ༈ ཨེ་མ་ཧོ། སྐལ་བར་ལྡན་པའི་སེམས་ཀྱི་བུ་མཆོག་རྣམས། །ལྕག་གིས་མ་བརྒྱབ་རྟ་ལ་བང་མི་ལྡང་། །མང་དུ་མ་བསྲུབས་འོ་མར་མར་མི་ཆགས། །ཞིབ་ཏུ་མ་བཤད་གཏན་ལ་མི་ཕེབས་པས། །ཚིག་ཁ་མང་པོའི་གླུ་དབྱངས་ལེན་པ་ལ། །སྣང་བ་མ་སུན་དགའ་བའི་སེམས་ཀྱིས་ཉོན། །སྣང་བ་ཐམས་ཅད་སེམས་སུ་མ་ཤེས་ན། །སྟོང་ཉིད་དོན་དེ་ནམ་ཡང་མི་རྟོགས་པས། །སྣང་བ་འདི་དག་དང་པོ་གང་ལས་བྱུང་། །བར་དུ་གར་གནས་ཐ་མ་གང་དུ་འགྲོ། །སྐལ་ལྡན་བུ་ཀུན་ལེགས་པར་རྟོག་དཔྱོད་ཐོངས། །བརྟགས་ཚེ་དཔེར་ན་ནམ་མཁའི་ན་བུན་དེ། །མཁའ་ལས་བྱུང་ཞིང་སླར་ཡང་མཁའ་ལ་འགྲོ། །དེ་བཞིན་སྣང་བ་སེམས་ཀྱི་ཆོ་འཕྲུལ་ཏེ། །རང་གི་སེམས་སུ་ཤར་ཞིང་སེམས་སུ་འགྲོ། །དཔེར་ན་མིག་གི་དབང་པོ་བསླད་པའི་
མིས། །བར་སྣང་ཁམས་བལྟས་རབ་རིབ་སྣང་བ་དེ། །ནམ་མཁར་ཡོད་ཡོད་འདྲ་བར་སྣང་ན་ཡང་། །མཁའ་ལ་མེད་དེ་མིག་གི་ཆོ་འཕྲུལ་ཡིན། །དེ་བཞིན་དངོས་འཛིན་བག་ཆགས་ངན་པ་ཡིས། །སེམས་ཀྱི་དབང་པོ་བསླད་པའི་མཐུ་ཡིས་ནི། །ཀུན་རྫོབ་སྣང་གྲག་ཆོས་རྣམས་ཐམས་ཅད་ཀུན། །བདེན་པར་ཡོད་ཡོད་འདྲ་བར་སྣང་ན་ཡང་། །གདོད་ནས་དངོས་པོར་གྲུབ་པ་རྡུལ་ཙམ་ཡང་། །མེད་དེ་རང་གི་སེམས་ཀྱི་ཆོ་འཕྲུལ་ཡིན། །ཆོ་འཕྲུལ་ཐམས་ཅད་གཞི་མེད་སྟོང་པ་ཡིན། །མེད་པ་གསལ་སྣང་སྒྱུ་མ་ཆུ་ཟླ་འདྲ། །སྣང་སྟོང་དབྱེར་མེད་དོན་ལ་མཉམ་པར་ཞོག །ད་ལྟ་རང་ཅག་གཉིད་ཀྱི་རྨི་ལམ་ན། །ཕ་ཡུལ་གནས་ཁང་ཉེ་འབྲེལ་ལ་སོགས་པ། །མངོན་སུམ་སྣང་ནས་བདེ་སྡུག་མྱོང་བའི་ཚེ། །རང་གི་ཉེ་དུ་འབྲེལ་པ་གཅིག་ཀྱང་མེད། །རང་ཉིད་མལ་ནས་ཅུང་ཟད་མ་གཡོས་ཀྱང་། །ཉིན་པར་ཇི་བཞིན་ཉམས་སུ་མངོན་སུམ་མྱོང་། །དེ་བཞིན་ཚེ་འདིའི་སྣང་བ་ཐམས་ཅད་ཀུན། །མདང་གི་རྨི་ལམ་ཉམས་སུ་མྱངས་པ་བཞིན། །རང་གི་སེམས་ཀྱིས་དེར་བཏགས་དེར་བཟུང་ནས། །དེ་ལྟར་སྣང་སྟེ་
སེམས་ཀྱིས་མྱོང་བ་ཡིན། །རྨི་ལམ་གཉིད་ཀྱི་སྐབས་སུའང་རང་བཞིན་མེད། །དེ་བཞིན་ཇི་ལྟར་སྣང་ཡང་སྟོང་པ་འོ།། །། ༈ ཨེ་མ་ཧོ། སྐལ་པར་ལྡན་པའི་སེམས་ཀྱི་བུ་གཅིག་པོ། །སྣང་བ་ཐམས་ཅད་ངེས་པ་མ་ཡིན་ཏེ། །ལ་ལས་སྣང་བ་ལ་ལས་མུན་པ་འོ། །དེ་ཡང་སེམས་ཅན་འགའ་ཞིག་ས་གཞི་ལ། །ས་ལ་ས་ཡི་འདུ་ཤེས་སེམས་ཅན་ཡོད། །ས་ལ་མེ་ཡི་འདུ་ཤེས་སེམས་ཅན་ཡོད། །ས་ལ་ལོངས་སྤྱོད་འདུ་ཤེས་སེམས་ཅན་ཡོད། །ས་ལ་སྡུག་བསྔལ་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་ཆུ་ཡི་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་མེ་ཡི་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་བདུད་རྩིར་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་གནས་ཁང་འདུ་ཤེས་སེམས་ཅན་ཡོད། །ཆུ་ལ་ས་རུ་འདུ་ཤེས་སེམས་ཅན་ཡོད། །མེ་ལ་མེ་ཡི་འདུ་ཤེས་སེམས་ཅན་ཡོད། །མེ་ལ་ལོངས་སྤྱོད་འདུ་ཤེས་སེམས་ཅན་ཡོད། །མེ་ལ་གནས་སུ་འདུ་ཤེས་སེམས་ཅན་ཡོད། །མེ་ལ་ཟས་སུ་འདུ་ཤེས་སེམས་ཅན་ཡོད། །ནམ་མཁའ་ནམ་མཁར་འདུ་ཤེས་སེམས་ཅན་ཡོད། །ནམ་མཁའ་གནས་སུ་འདུ་ཤེས་སེམས་ཅན་ཡོད། །ནམ་མཁའ་ས་རུ་འདུ་ཤེས་
སེམས་ཅན་ཡོད། །དེས་ན་སྣང་བ་ངེས་པ་མེད་པའི་ཕྱིར། །བག་ཆགས་དབང་གིས་གང་ལྟར་སྣང་བ་ཡིན། །དེ་ལྟར་འབྱུང་བ་བཞི་པོ་རང་རང་དུ། །འདུ་ཤེས་པ་ནི་མི་ཡི་སྣང་ངོ་ཡིན། །འགྲོ་བ་གཞན་གྱིས་ས་གཞི་འདི་ལ་ཡང་། །དམྱལ་བའི་མེ་དང་ཞིང་པའི་ལོངས་སྤྱོད་དང་། །རྒྱུད་ཀྱིས་ནོན་པས་སྡུག་བསྔལ་འདུ་ཤེས་པའོ། །དེ་བཞིན་མེ་ལ་མེ་ལྷས་ལོངས་སྤྱོད་དང་། །ཡི་དྭགས་མེ་ལུས་ཅན་གྱིས་གནས་ཁང་དང་། །མེ་ཡི་སྲིན་བུས་ཟས་སུ་འདུ་ཤེས་པའོ། །དེ་བཞིན་ཆུ་ལ་དམྱལ་བའི་འགྲོ་བས་མེ། །ཡི་དྭགས་སེམས་ཅན་རྣམས་ལ་རྣག་ཁྲག་དང་། །ཧསྟི་གླང་པོས་ས་དང་ལྷས་བདུད་རྩི། །གཞན་འཕྲུལ་དབང་བྱེད་ལྷ་ལ་རིན་ཆེན་དང་། །མེ་ཏོག་ཆར་དང་ཀླུ་ཡིས་གནས་ཁང་ངོ་། །ནམ་མཁའ་ལ་ཡང་དེ་ལྟར་བྱས་ནས་གནས། །ལྷ་རྣམས་ཀུན་གྱིས་ས་ཡི་འདུ་ཤེས་སོ། །དེས་ན་ཐམས་ཅད་རང་གི་གང་ལྟར་དུ། །བཏགས་པ་དེ་ལྟར་བཞིན་དུ་སྣང་བ་འོ། །དེ་ཡང་ལྷ་ཡི་བུ་ཡིས་སངས་རྒྱས་ལ། །རི་རབ་ཉི་ཟླ་ལ་སོགས་སུ་ཡིས་བྱས། །ཞུས་ཚེ་སངས་རྒྱས་ཉིད་ཀྱི་ཞལ་ནས་ཀྱང་། །འདི་
ལ་བྱེད་མཁན་གཞན་ནི་སུ་ཡང་མེད། །རང་གི་རྟོག་པའི་བག་ཆགས་ཨ་འཐས་ཀྱིས། །དེར་བཏགས་དེར་བཟུང་དེ་ལྟར་སྣང་བ་ཡིན། །ཐམས་ཅད་རང་གི་སེམས་ཀྱིས་བྱས་པར་གསུངས། །ལྷ་ཡི་བུ་ཡིས་སངས་རྒྱས་ཡང་ཞུས་ཏེ། །རང་གི་རྟོག་པ་ཇི་ལྟར་ཨ་འཐས་ཀྱང་། །རི་རབ་ཉི་མ་ཟླ་བ་ལ་སོགས་པའི། །སྲ་ཞིང་བརྟན་པ་འདི་འདྲ་ག་ན་འོངས། །ཞུས་ཚེ་སངས་རྒྱས་ཉིད་ཀྱི་ཞལ་ནས་ཀྱང་། །ཝཱ་ར་ཎ་སིར་རྒན་མོས་རང་ལུས་ནི། །སྟག་ཏུ་བསྒོམས་པས་གྲོང་ཁྱེར་དེ་ཡིས་ཀྱང་། །སྟག་ཏུ་མཐོང་ནས་གྲོང་ཁྱེར་སྟོངས་པས་ན། །ཡུན་ནི་ཐུང་ངུས་དེ་ལྟར་སྣང་ནུས་ན། །སྐྱེ་བ་ཐོག་མ་མེད་ནས་བག་ཆགས་སེམས། །གོམས་ན་འདི་འདྲ་ལོས་སྣང་ཐུབ་པས་གསུངས། །དེས་ན་ཐམས་ཅད་སེམས་ཀྱིས་བྱས་པ་འོ། །དེ་ཡང་ཕྱི་རོལ་མུ་སྟེགས་ཁ་ཅིག་གིས། །འཇིག་རྟེན་འདུ་འཛིའི་གཡེང་བ་འགོག་པའི་ཕྱིར། །དབེན་གནས་བསྒོམས་པས་དབེན་གནས་མངོན་སུམ་དུ། །གྲུབ་ནས་གཞན་གྱི་མིས་ཀྱང་མཐོང་བ་བྱུང་། །གཅིག་གིས་ནམ་མཁའ་བྲག་ཏུ་བསྒོམས་ནས་ཀྱང་། །བྲག་ཏུ་གྱུར་ནས་ཕུང་པོ་ཐོགས་པ་སྐད། །
དེས་ན་ཐམས་ཅད་སེམས་ཀྱི་རྟོག་པ་ཡིས། །བྱས་པ་ཡིན་པའི་སེམས་ཀྱི་རང་སྣང་སྟེ། །རང་སྣང་ཐམས་ཅད་དོན་ལ་སྟོང་པའོ། །དེ་ཡང་དམྱལ་བ་ཉི་ཚེའི་སེམས་ཅན་གྱིས། །སྒོ་དང་ཀ་བ་ཐབ་དང་ཐག་པ་སོགས། །གཟུགས་སུ་འདུ་ཤེས་སྡུག་བསྔལ་མྱོང་བ་འོ། །དེས་ན་སེམས་ཀྱི་རྟོག་པས་གང་ལྟར་དུ། །བཏགས་པ་དེ་ལྟར་བཞིན་དུ་སྣང་བ་འོ། །འགྲོ་དྲུག་སེམས་ཀྱི་བདེ་སྡུག་ཐམས་ཅད་ནི། །རང་གི་སེམས་ཉིད་གཅིག་པུས་བྱས་པའི་ཕྱིར། །ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་གྱིས། །མེད་སྣང་སྟོང་པ་ཉིད་ཀྱི་རང་གཟུགས་སུ། །བློ་ཐག་རྦད་ཀྱིས་ཆོད་ལ་ཕྱམ་གྱིས་ཞོག །དེ་ཡང་ཐུབ་པ་གང་ཆེན་མཚོ་ཡི་ནི། །ཕྱག་གི་པདྨའི་རྡུལ་གཅིག་སྟེང་ཉིད་ན། །སྟོང་གསུམ་མི་མཇེད་འཇིག་རྟེན་ཡོད་པར་གསུངས། །ཐོད་རྒལ་རིག་པ་ཚད་ལ་ཕེབས་པའི་ཚེ། །རང་ལུས་བ་སྤུའི་ཁུང་བུ་རེ་རེ་ན། །སངས་རྒྱས་ཞིང་ཁམས་ཚད་མེད་མཐོང་བ་དང་། །འགྲོ་དྲུག་སེམས་ཅན་གནས་ཀྱང་ཚད་མེད་མཐོང་། །དེ་ལ་འགྲོ་འདུལ་སྤྲུལ་པ་བཀྱེ་ནས་ཀྱང་། །རྨི་ལམ་ཇི་བཞིན་འགྲོ་དོན་བྱེད་པར་
གསུངས། །དེས་ན་འཁོར་འདས་ཆོས་རྣམས་རང་སྣང་ཡིན། །རང་སྣང་ཐམས་ཅད་གཞི་མེད་སྟོང་པ་ཡིན། །སྟོང་གསལ་འཛིན་མེད་ངང་ལ་བློ་གདེང་འཆོས། །གཞན་ཡང་རྡུལ་གཅིག་སྟེང་ན་རྡུལ་སྙེད་ཀྱི། །སངས་རྒྱས་ཞིང་ཁམས་དཔག་ཏུ་མེད་པ་དང་། །འགྲོ་དྲུག་གནས་ཀྱང་གྲངས་མེད་ཡོད་པར་གསུངས། །དེ་རྣམས་ཐམས་ཅད་འདྲེས་མེད་རྙོག་པ་མེད། །གནོད་པར་གྱུར་པ་མེད་པར་རྒྱལ་བས་གསུངས། །གཞན་ཡང་སྲིན་འབུ་རེ་རེའི་ཁོག་ན་ཡང་། །སྲིན་འབུའི་གྲོང་ཁྱེར་དཔག་མེད་ཡོད་པར་གསུངས། །ནམ་མཁའི་ཁམས་ན་གྲོང་ཁྱེར་མང་པོ་ཡི། །མགོ་བོ་ཐུར་དུ་བསྟན་ནས་ཆགས་པ་དང་། །དེ་བཞིན་འཕྲེད་དང་གྱེན་དུ་ཆགས་པ་ཡི། །གྲོང་ཁྱེར་དཔག་ཏུ་མེད་པར་ཡོད་པར་གསུངས། །འདི་འདྲ་འདི་དག་སུ་ཡིས་བྱས་སྙམ་ན། །ཐམས་ཅད་སེམས་ཀྱིས་བྱས་པར་རྒྱལ་བས་གསུངས། །སེམས་ཀྱི་རང་བཞིན་གདོད་ནས་ནམ་མཁའ་འདྲ། །ཆོས་རྣམས་ཐམས་ཅད་དེ་བཞིན་ཤེས་པར་གྱིས། །ཀུན་རྫོབ་སྣང་གྲག་ཆོས་རྣམས་ཐམས་ཅད་ཀུན། །རང་གི་སེམས་ཉིད་གཅིག་པུའི་རང་སྣང་སྟེ། །འཆི་ཚེ་རང་གི་
སེམས་རྒྱུད་འགྱུར་བས་ན། །ཕྱི་རོལ་འགྱུར་བ་མེད་ཀྱང་རང་སྣང་འགྱུར། །དེས་ན་ཐམས་ཅད་སེམས་ཀྱི་རང་སྣང་སྟེ། །རང་སྣང་ཐམས་ཅད་གཞི་མེད་སྟོང་པ་ཡིན། །མེད་པ་གསལ་སྣང་གཟུགས་བརྙན་ཆུ་ཟླ་འདྲ། །གསལ་སྟོང་གཉིས་མེད་རིག་པའི་ངང་ཉམས་སྐྱོངས། །མཐོང་སྣང་ཐམས་ཅད་སེམས་ཀྱི་རང་སྣང་ཡིན། །སྣོད་ཀྱི་འཇིག་རྟེན་བེམ་པོར་སྣང་བ་སེམས། །བཅུད་ཀྱི་སེམས་ཅན་རིགས་དྲུག་སྣང་བའང་སེམས། །མཐོ་རིས་ལྷ་མིའི་བདེ་བ་སྣང་བའང་སེམས། །ངན་སོང་གསུམ་གྱི་སྡུག་བསྔལ་སྣང་བའང་སེམས། །མ་རིག་ཉོན་མོངས་དུག་ལྔར་སྣང་བ་སེམས། །རང་བྱུང་ཡེ་ཤེས་རིག་པ་སྣང་བའང་སེམས། །ངན་རྟོག་འཁོར་བའི་བག་ཆགས་སྣང་བའང་སེམས། །བཟང་རྟོག་སངས་རྒྱས་ཞིང་ཁམས་སྣང་བའང་སེམས། །བདུད་དང་འདྲེ་ཡིས་བར་ཆད་སྣང་བའང་སེམས། །ལྷ་དང་དངོས་གྲུབ་ལེགས་པར་སྣང་བའང་སེམས། །རྣམ་པར་རྟོག་པ་སྣ་ཚོགས་སྣང་བའང་སེམས། །མི་རྟོག་རྩེ་གཅིག་སྒོམ་པར་སྣང་བའང་སེམས། །དངོས་པོ་མཚན་མ་ཁ་དོག་སྣང་བའང་སེམས། །
མཚན་མ་མེད་ཅིང་སྤྲོས་པ་མེད་པའང་སེམས། །གཅིག་དང་དུ་མ་གཉིས་མེད་སྣང་བའང་སེམས། །ཡོད་མེད་གང་ཡང་མ་གྲུབ་སྣང་བའང་སེམས། །སེམས་ལས་མ་གཏོགས་སྣང་བ་གང་ཡང་མེད། །སེམས་ནི་དཔེར་ན་རི་མོ་མཁན་དང་འདྲ། །རང་གི་ལུས་ཀྱང་སེམས་ཀྱིས་བྱས་པ་སྟེ། །སྟོང་གསུམ་འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་ཐམས་ཅད་སེམས་ཀྱིས་བྲིས་པ་སྟེ། །རང་གི་རྟོག་པས་བྲིས་པའི་རི་མོ་ཡིས། །བྱིས་པའི་བློ་ཅན་འགྲོ་ཀུན་བསླུས་པ་ཡིན། །དེས་ན་ཐམས་ཅད་སེམས་ཀྱི་ཆོ་འཕྲུལ་དུ། །ཐག་ཆོད་ངེས་ཤེས་བསྐྱེད་པ་གལ་ཆེ་འོ། །འདི་ནི་རྣམ་རྟོག་སེམས་སུ་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། ད་ཡང་སེམས་ཀྱི་བུ་མཆོག་ཐམས་ཅད་ཉོན། །དེ་ལྟར་བྱེད་མཁན་རང་གི་སེམས་ཉིད་ལ། །ངོ་བོ་ངོས་གཟུང་དབྱིབས་དང་ཁ་དོག་སོགས། །སངས་རྒྱས་ཀྱིས་ཀྱང་བསྟན་དུ་མེད་པ་སྟེ། །ཡེ་ནས་སྟོང་པ་འཛིན་མེད་ནམ་མཁའ་འདྲ། །སེམས་ཉིད་སྟོང་པ་གཞི་མེད་ཡིན་པར་ངེས། །སེམས་ཉིད་མཚོན་དོན་ནམ་མཁའ་དཔེར་བཞག་ཀྱང་། །རེ་ཞིག་སྟོང་ཕྱོགས་ཙམ་གྱི་མཚོན་དཔེ་སྟེ། །སེམས་ཉིད་རིག་བཅས་སྟོང་
པ་ཅིར་ཡང་འཆར། །ནམ་མཁའ་རིག་མེད་སྟོང་ཆད་ཧད་པོ་སྟེ། །དེའི་ཕྱིར་སེམས་དོན་ནམ་མཁས་མཚོན་དུ་མེད། །འདི་ནི་སེམས་ཉིད་སྟོང་པར་ངོ་སྤྲོད་དོ། །སེམས་ཉིད་གསལ་སྟོང་དེ་ཡི་རང་རྩལ་ལས། །སྣང་བ་སྣ་ཚོགས་གང་ཡང་འཆར་བ་ཡིན། །ཤར་ཡང་མེ་ལོང་ནང་གི་གཟུགས་བརྙན་བཞིན། །གཉིས་སུ་མེད་དེ་སྟོང་པའི་ངང་དུ་གཅིག །འདི་ནི་སྟོང་པ་སྣང་བར་ངོ་སྤྲོད་དོ། །ཡེ་ནས་སྣང་སྟོང་གཉིས་སུ་མེད་པ་སྟེ། །རང་སེམས་སྟོང་པས་སྣང་བ་མི་འགག་ཅིང་། །སྟོང་པའི་ངང་ལས་སྣང་བ་འཛིན་མེད་བཀྲ། །སྣང་བ་རྣམས་ཀྱིས་སྟོང་པ་མི་འགག་ཅིང་། །སྣང་ཡང་རང་བཞིན་ཡེ་ནས་སྟོང་པ་འོ། །ནམ་མཁའི་འཇའ་ཚོན་ཆུ་ནང་ཟླ་གཟུགས་ལྟར། །སྣང་སྟོང་གཉིས་མེད་རྟོགས་པའི་རྣལ་འབྱོར་ལ། །འཁོར་འདས་ཆོས་རྣམས་སྒྱུ་མའི་ལྟད་མོ་ཡིན། །སྣང་སྟོང་གཉིས་མེད་ལྟད་མོར་བལྟས་པའི་ཚེ། །བློ་སེམས་འགྱུར་བ་མེད་པའི་རྣལ་འབྱོར་བདེ། །དེ་ལྟར་ཡིན་མིན་སྐལ་ལྡན་བུ་རྣམས་ཀུན། །རང་སེམས་སྟོང་པ་ཉིད་དང་སྣང་བ་གཉིས། །སོ་སོར་དབྱེ་རྒྱུ་ཨེ་ཡོད་ལྟོས་དང་ཤེས། །
ཡེ་ནས་སྣང་སྟོང་གཉིས་སུ་མེད་པ་འོ། །འདི་ནི་སྣང་སྟོང་གཉིས་མེད་ངོ་སྤྲོད་དོ། །དེ་ལྟར་སྣང་སྟོང་གཉིས་མེད་རང་བྱུང་གི །རིག་པ་རང་གསལ་ས་ལེ་ཧྲིག་གེ་བ། །སྐུ་གསུམ་ལྷུན་གྱིས་གྲུབ་པའི་དགོངས་པ་སྟེ། །ཐུན་མཚམས་མེད་པར་ཁོར་ཡུག་ཉམས་ལེན་ལ། །ཉིན་མཚན་མེད་པར་སྐྱོངས་ཤིག་སེམས་ཀྱི་བུ། །འདི་ནི་གཉིས་མེད་རང་གྲོལ་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། ད་ཡང་བྱ་བཏང་བདག་གི་གླུ་ལ་ཉོན། །གཞི་ཡི་རིག་པར་སྐུ་གསུམ་ཚང་ཚུལ་དང་། །གཞི་སྣང་དུས་ཀྱི་སྐུ་གསུམ་ཚང་ཚུལ་གྱི། །རྣམ་དབྱེ་འདི་གཉིས་ལེགས་པར་ཤེས་བྱས་ནས། །འཁོར་འདས་སྐུ་གསུམ་ཞིང་དུ་རྟོགས་པར་བྱ། །གཞི་ཡི་རིག་པར་སྐུ་གསུམ་ཚང་ཚུལ་ནི། །སྔོན་དུའང་བཤད་ཀྱང་ད་དུང་འདིར་ཡང་འཆད། །རང་རིག་གཞི་ནི་ཤེལ་གྱི་གོང་བུ་འདྲ། །དེ་ཡི་སྟོང་པ་ཆོས་སྐུའི་རང་བཞིན་དང་། །གསལ་བའི་རང་གདངས་ལོངས་སྤྱོད་རྫོགས་པ་དང་། །འཆར་གཞི་མ་འགག་སྒོ་ནི་སྤྲུལ་པའི་སྐུ། །གཞི་ཡི་རིག་པར་སྐུ་གསུམ་ཚང་ཚུལ་ཡིན། །འདི་ལ་ནམ་ཡང་འདུ་འབྲལ་མེད་པ་འོ། །དཔེར་ན་ཤེལ་ལས་འོད་ལྔ་ཤར་བ་བཞིན། །
དེ་ལས་ཤར་བ་གཞི་སྣང་དུས་ན་ཡང་། །དག་པ་རྒྱལ་བའི་ཞིང་ཁམས་སྣང་བ་དང་། །མ་དག་སྣོད་བཅུད་སྣང་བ་གང་སྣང་ཡང་། །ཐམས་ཅད་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །རང་བཞིན་སྣང་བ་ལོངས་སྤྱོད་རྫོགས་པའི་སྐུ། །སྣ་ཚོགས་མ་འགག་ཤར་བ་སྤྲུལ་པའི་སྐུ། །གཞི་སྣང་དུས་ཀྱི་སྐུ་གསུམ་ཚང་ཚུལ་ལོ། །གཞན་དུ་འདི་ཡི་རྣམ་དབྱེ་ཕྱེ་བ་ཉུང་། །གནད་འདི་ལེགས་པར་རྟོགས་དགོས་པ་ཞིག་ཡིན། །ངས་ཀྱང་ཀུན་མཁྱེན་ལེགས་བཤད་དྲིན་ལས་ཤེས། །དེ་ལྟར་ཤེས་ན་སྣང་སྲིད་ཐམས་ཅད་ཀྱང་། །སྐུ་གསུམ་ལྷུན་གྲུབ་དཀྱིལ་འཁོར་ཡེ་ནས་ཡིན། །སྐུ་གསུམ་ཞིང་ཁམས་གཞན་ནས་བཙལ་དུ་མེད། །འགྲོ་དྲུག་སེམས་ཅན་རྣམས་ཀྱང་སྐུ་གསུམ་དུ། །གནས་པ་ཡིན་ཏེ་རང་ངོ་ཤེས་ནུས་ན། །འགྲོ་བ་རྣམས་ཀྱིས་སྒོམ་པ་རྡུལ་ཙམ་ཡང་། །བྱ་མི་དགོས་པར་ཐམས་ཅད་འཚང་རྒྱ་འོ། །དེ་ཡང་དོན་ལ་གཞི་ཡི་སྐུ་གསུམ་ཡང་། །ཆོས་སྐུ་ཡིན་པས་སོ་སོར་མ་འཛིན་ཅིག །གཞི་སྣང་དུས་ཀྱི་སྐུ་གསུམ་དེ་ཉིད་ཀྱང་། །གཟུགས་སྐུ་ཡིན་པས་སོ་སོར་མ་འཛིན་ཅིག །ཆོས་གཟུགས་གཉིས་ཀྱང་དོན་ལ་སོ་
སོར་མིན། །སྟོང་པ་ཆོས་སྐུའི་ངང་དུ་རོ་གཅིག་གོ །མཐར་ཐུག་གཞི་སྣང་གཞི་ལ་རང་ཐིམ་ནས། །གཞི་ཡི་ཆོས་སྐུའི་དགོངས་པ་མངོན་གྱུར་ཚེ། །དོན་གྱི་འབྲས་བུ་མངོན་དུ་གྱུར་པ་ཡིན། །དེ་ནས་ཆོས་སྐུའི་མཁའ་ལས་མ་གཡོས་བཞིན། །གཟུགས་སྐུ་རྣམ་གཉིས་འཇའ་ཚོན་ཇི་བཞིན་དུ། །བསྟན་ནས་འགྲོ་དོན་རྒྱུན་མི་འཆད་པ་འོ།། །། ༈ ཨེ་མ་ཧོ། ད་ཡང་བྱ་བཏང་བདག་གི་གླུ་ལ་ཉོན། །ཁྱེད་རང་རྣམས་ལ་སྔོན་ལ་གནོད་པ་བསྐྱལ། །སུན་ནི་དབྱུང་དང་བརྡུང་བཙོག་བྱས་པ་དང་། །ངོ་ཚ་གཏད་དང་སེམས་ལ་གནོད་པའི་ལས། །ཇི་ལྟར་གཞན་གྱིས་བྱས་པའི་ཚུལ་རྣམས་ཀུན། །རང་གི་ཡིད་ལ་ཚུལ་བཞིན་བསམ་བྱས་ནས། །ཞེ་སྡང་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་ཞེ་སྡང་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཞེ་སྡང་མ་སྤངས་མེ་ལོང་ཡེ་ཤེས་སོ། །ཁྱེད་རྣམས་སྙིང་ལ་སྡུག་པའི་བུད་མེད་དང་། །ཤ་སོགས་རང་ཉིད་ཟ་མ་གང་འདོད་
དང་། །གོས་སོགས་རང་གི་གོན་པ་གང་འདོད་དང་། །རྟ་སོགས་རང་གི་ཕྱུགས་རྣམས་གང་འདོད་རྣམས། །ཚུལ་བཞིན་རང་གི་ཡིད་ལ་བསམ་བྱས་ནས། །འདོད་ཆགས་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་འདོད་ཆགས་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །འདོད་ཆགས་མ་སྤངས་སོར་རྟོག་ཡེ་ཤེས་སོ། །ཁྱེད་རྣམས་གཉིད་དང་བྱིང་རྨུགས་ལ་སོགས་པའི། །གཏི་མུག་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་གཏི་མུག་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །གཏི་མུག་མ་སྤངས་ཆོས་དབྱིངས་ཡེ་ཤེས་སོ། །ཁྱེད་རྣམས་རང་གི་རིགས་རུས་སྟོབས་འབྱོར་དང་། །གཟུགས་བྱད་ལེགས་དང་ངག་གི་དབྱངས་སྙན་དང་། །ཐོས་བསམ་སྒོམ་གསུམ་ཡི་གེ་འབྲི་
ཀློག་དང་། །རིག་གནས་མཁས་དང་གྲོང་ཆོག་གདུལ་བྱ་སོགས། །རང་ལ་ཡོད་ཚད་ཡོན་ཏན་བསམ་བྱས་ནས། །གཞན་ལས་ཅུང་ཟད་ང་བཟང་སྙམ་པ་ཡི། །ང་རྒྱལ་སྐྱེར་ཆུག་སྐྱེས་ཚེ་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་ང་རྒྱལ་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ང་རྒྱལ་མ་སྤངས་མཉམ་ཉིད་ཡེ་ཤེས་སོ། །རང་ལས་ཆེ་བའི་གཞན་གྱི་སྟོབས་འབྱོར་དང་། །ཡོན་ཏན་མཁན་དང་གདུལ་བྱ་མང་བ་དང་། །རིག་གནས་མཁས་དང་འདོན་བཟང་སྐད་བཟང་དང་། །ཆོས་ཀྱི་གོ་བ་འཇིག་རྟེན་གཏམ་ལ་སོགས། །གཞན་གྱི་ཡོན་ཏན་ཐམས་ཅད་བསམ་བྱས་ནས། །རང་ལས་མཐོ་བར་དོགས་པའི་ཕྲག་དོག་སེམས། །སྐྱེར་ཆུག་སྐྱེས་ཚེ་ཕྲག་དོག་ངོ་བོ་ལ། །ཅེར་གྱིས་ལྟོས་ལ་ཕྲག་དོག་མཁན་པོ་དེ། །དང་པོ་གང་ནས་བྱུང་དང་ད་ལྟའི་དུས། །གང་དུ་གནས་དང་ཐ་མ་གང་དུ་འགྲོ། །དབྱིབས་དང་ཁ་དོག་ལ་སོགས་ཨེ་འདུག་ལྟོས། །བལྟས་ཚེ་ཡེ་ནས་སྟོང་པ་འཛིན་མེད་ཡིན། །ཕྲག་
དོག་མ་སྤངས་བྱ་གྲུབ་ཡེ་ཤེས་སོ། །དེ་ལྟར་རྟོགས་ན་ཉོན་མོངས་ཡེ་ཤེས་ཡིན། །ཉོན་མོངས་རྟོག་པ་སྤངས་པའི་ཕ་རོལ་ནས། །སྟོང་ཉིད་ཡེ་ཤེས་འཚོལ་བ་དགོད་རེ་བྲོ། །བཙལ་བས་མ་རྙེད་ཚེ་ན་སྙིང་རེ་རྗེ། །འདི་ལྟར་དུག་ལྔ་སྟོང་པར་ཤེས་ནས་ཀྱང་། །ཕྱིན་ཆད་དུག་ལྔའི་རྟོག་པ་གང་ཤར་ཡང་། །ངོ་སྤྲོད་འདི་བཞིན་སྐྱེ་ས་གནས་ས་དང་། །འགྲོ་ས་དབྱིབས་དང་ཁ་དོག་དཔྱད་མི་དགོས། །སྔོན་དུ་དུག་ལྔ་སྟོང་པར་ཤེས་པའི་ཕྱིར། །ཤར་མ་ཐག་ཏུ་རྗེས་སུ་མི་འབྲང་བར། །སེམས་ཉིད་ངང་དུ་རང་སར་གློད་ལ་ཞོག །རང་ཡལ་ཉིད་དུ་འགྲོ་བར་ཐེ་ཚོམ་མེད། །འདི་ནི་ངོ་སྤྲོད་རྩལ་སྦྱོང་གཉིས་ཀ་ཡིན། །འདི་ལྟར་སྔོན་ལ་རྩལ་སྦྱོང་བྱས་གྱུར་ན། །ཕྱིན་ཆད་ཉོན་མོངས་དུག་ལྔ་ནམ་ཤར་ཚེ། །ཉོན་མོངས་རང་མཚང་སྔོན་ལ་ཤེས་སྟབས་ཀྱིས། །སྟོང་ཉིད་ཡེ་ཤེས་གཉིས་ཀ་མཉམ་ཤར་ནས། །ཤར་གྲོལ་དུས་མཉམ་ཤར་གྲོལ་དུས་མཉམ་མོ། །བླ་མ་གོང་མའི་རྣམ་ཐར་གསུང་རྒྱུན་དུ། །ཉོན་མོངས་རྟོག་པ་མང་ན་ཆོས་སྐུ་མང་། །གསུངས་པ་ཇི་བཞིན་ཡིན་པས་ཤེས་པར་གྱིས། །ལས་ནི་དང་པོ་བ་
ལ་ཉོན་མོངས་སེམས། །ཤུག་དྲག་ཤར་ཚེ་དཔྱད་འཇོག་བྱས་ན་བཟང་། །འདི་ནི་ཞལ་ཤེས་ཡིན་པས་ཐུགས་ལ་ཞོག །འདི་ནི་དུག་ལྔ་རང་གྲོལ་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། ད་ཡང་སྙིང་དང་འདྲ་བའི་བུ་རྣམས་ཉོན། །གོས་ལ་སོགས་པའི་འཇམ་པོ་ལུས་ལ་དྲིལ། །འཇམ་མོ་སྙམ་པའི་རང་གི་སེམས་ལ་ལྟོས། །རེ་བ་ལ་སོགས་རྩུབ་མོ་ལུས་ལ་དྲིལ། །རྩུབ་བོ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །གསེར་སྐུ་ལ་སོགས་མཛེས་པའི་གཟུགས་ལ་ལྟོས། །མཛེས་སོ་སྙམ་པའི་རང་གི་སེམས་ལ་ལྟོས། །སྦལ་པ་ལ་སོགས་མི་མཛེས་གཟུགས་ལ་ལྟོས། །མི་མཛེས་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །བུ་རམ་ལ་སོགས་ཞིམ་པོ་ཁ་རུ་ཟོ། །མངར་རོ་སྙམ་པའི་རང་གི་སེམས་ལ་ལྟོས། །བཅའ་ལྒ་ལ་སོགས་ཁ་རུ་མྱངས་ནས་ཀྱང་། །ཁ་ཁ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ཙན་དན་སྤོས་སོགས་དྲི་ནི་ཞིམ་པོར་སྣོམས། །ཞིམ་མོ་སྙམ་པའི་རང་གི་སེམས་ལ་ལྟོས། །ཤིང་ཀུན་སྒོག་པ་ལ་
སོགས་དྲི་ངན་སྣོམས། །མི་ཞིམ་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །དྲིལ་བུ་པི་ཝང་གླིང་བུའི་སྒྲ་ལ་ཉོན། །སྙན་ནོ་སྙམ་པའི་རང་གི་སེམས་ལ་ལྟོས། །རྡོ་དང་ཐལ་མོ་རྡོབ་ལ་སྒྲ་ལ་ཉོན། །མི་སྙན་སྙམ་པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་གཉིས་ཀ་སྟོང་པར་རོ་མཉམ་མོ། །ཁྱེད་རྣམས་གླིང་བཞིའི་ཁམས་ལ་དབང་བསྒྱུར་བའི། །འཁོར་ལོས་བསྒྱུར་རྒྱལ་ཞིག་ཏུ་སྐྱེས་ནས་ཀྱང་། །བཙུན་མོ་བློན་པོ་མང་པོའི་འཁོར་གྱིས་བསྐོར། །རིན་ཆེན་སྣ་ལྔ་ལས་གྲུབ་ཁང་པ་ན། །རོ་བརྒྱ་ལྡན་པའི་ཁ་ཟས་ཟ་བར་སྒོམས། །དེ་འདྲའི་སྣང་བ་སེམས་ལ་ཤར་བའི་ཚེ། །བདེ་འོ་སྙམ་པའི་རང་གི་སེམས་ལ་ལྟོས། །ཁྱེད་རྣམས་དབུལ་པོ་འཁོར་གཡོག་གཅིག་ཀྱང་མེད། །གྱང་ར་ཞིག་པོ་ཞིག་ཏུ་མལ་བཅས་ནས། །སྟེང་ནས་ཆར་བབ་འོག་ནས་སས་བརླན་ཅིང་། །ལུས་ལ་མཛེ་སོགས་ནད་སྣ་མང་པོས་བཏབ། །རྐང་ལག་ཆད་ནས་སྡུག་བསྔལ་དུ་མ་ཡིས། །མནར་ནས་སྡུག་བསྔལ་མྱོང་བ་ཞིག་ཏུ་སྒོམས། །དེ་འདྲའི་སྣང་བ་ཡིད་ལ་ཤར་བའི་ཚེ། །སྡུག་གོ་སྙམ་
པའི་རང་གི་སེམས་ལ་ལྟོས། །བལྟས་ཚེ་བདེ་སྡུག་སྟོང་པར་རོ་མཉམ་མོ། །འདི་ལྟར་ཚོགས་དྲུག་སྟོང་པར་ཤེས་ནས་ཀྱང་། །ཕྱིན་ཆད་ཚོགས་དྲུག་བཟང་ངན་གང་ཤར་ཚེ། །ངོ་སྤྲོད་འདི་བཞིན་དཔྱད་པ་མི་དགོས་ཏེ། །གཞི་མེད་ཡེ་གྲོལ་སྟོང་པ་ཡིན་པའི་ཕྱིར། །ཤར་ཙམ་ཉིད་ནས་རྗེས་སུ་མི་འབྲང་བར། །སེམས་ཉིད་ངང་དུ་རང་སར་གློད་ལ་ཞོག །རང་གྲོལ་ཉིད་དུ་འགྲོ་བར་ཐེ་ཚོམ་མེད། །འདི་ནི་ཚོགས་དྲུག་རང་གྲོལ་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །ཁྱེད་རྣམས་རང་སེམས་གློད་ལ་རང་བབས་སུ། །ཞོག་ལ་ཇི་ལྟར་གནས་པའི་ཚུལ་ལ་ལྟོས། །བལྟས་ཚེ་རིག་པའི་ངང་ལ་གནས་པའི་ཕྱིར། །གནས་ཀྱང་སྟོང་པ་རིག་པའི་ངང་ཡིན་པས། །སྐལ་ལྡན་སེམས་ཀྱི་བུ་རྣམས་ཤེས་པར་གྱིས། །གནས་པ་སེམས་ཀྱི་རྒྱན་དུ་ངོ་སྤྲོད་དོ། །རྣམ་རྟོག་སྤྲོས་ལ་ཇི་ལྟར་འཕྲོ་ཚུལ་ལ། །ལྟོས་དང་སྟོང་གསལ་རིག་པའི་ངང་ཉིད་ལས། །ཅུང་ཟད་ཙམ་ཡང་གཡོ་བ་མེད་པའི་ཕྱིར། །འཕྲོ་ཡང་སྟོང་པ་རིག་པའི་ངང་ཡིན་པས། །སྐལ་ལྡན་རིགས་ཀྱི་བུ་རྣམས་ཤེས་པར་གྱིས། །འཕྲོ་བ་
སེམས་ཀྱི་རོལ་པར་ངོ་སྤྲོད་དོ། །དཔེར་ན་རྒྱ་མཚོར་རྦ་རླབས་ཅི་ཤར་ཡང་། །རྒྱ་མཚོ་ཉིད་ལས་ཅུང་ཟད་མ་གཡོས་ལྟར། །སེམས་ནི་གནས་སམ་འགྱུ་ཡང་རིག་སྟོང་དང་། །ཅུང་ཟད་ཙམ་ཡང་གཡོ་བ་མེད་པའི་ཕྱིར། །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །གང་ལྟར་ཤར་ཡང་རིག་པའི་གདངས་ཡིན་ཞོག །སེམས་ནི་གནས་ན་སྒོམ་ནི་ཡིན་པར་འདོད། །འཕྲོ་ན་སྒོམ་ནི་མིན་པར་འདོད་པ་དེ། །གནས་འགྱུ་གཉིས་ཀྱི་རང་མཚང་མ་ཤེས་པར། །གནས་འགྱུ་རིག་གསུམ་གཅིག་ཏུ་མ་འདྲེས་རྟགས། །དེ་ཕྱིར་སྐལ་ལྡན་སེམས་ཀྱི་བུ་མཆོག་ཀུན། །གནས་རུང་འགྱུ་རུང་རིག་པའི་ངང་ཡིན་པས། །འདི་རྣམས་སྔོན་ལ་ཐུགས་སུ་ཆུད་ནས་ཀྱང་། །གནས་འགྱུ་རིག་གསུམ་གཅིག་ཏུ་ཉམས་སུ་ལོངས། །འཕྲོ་གནས་གཉིས་སུ་མེད་པར་ངོ་སྤྲོད་དོ།། །། ༈ ཨེ་མ་ཧོ། སྐལ་བར་ལྡན་པའི་སེམས་ཀྱི་བུ་གཅིག་པོ། །ཁྱེད་རྣམས་མ་ཡེངས་དལ་ལེ་རྣ་བས་ཉོན། །གླུ་པ་བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །གླུ་དབྱངས་སྙན་མོ་གངས་དཀར་སེམས་ལ་འཇོག །ཆོས་རྣམས་ཐམས་ཅད་རོ་གཅིག་
སྟོང་པ་རུ། །གཏན་ལ་ཕེབས་ན་འཁོར་འདས་སྤང་བླང་བྲལ། །དགྲ་དང་གཉེན་དུ་འཛིན་པའི་འཁྲུལ་པ་འཇིག །བདག་གཞན་གཉིས་སུ་འཛིན་པའི་སྣང་བ་མེད། །ཐམས་ཅད་རོ་གཅིག་སྟོང་པར་རྟོགས་ཕྱིར་རོ། །རྒྱས་བཤད་མདོ་འགག་བསྡུ་ན་འདི་ཡིན་ཏེ། །ཐེག་པའི་ཡང་རྩེ་རྫོགས་པ་ཆེན་པོ་རུ། །འཁོར་བ་མྱང་འདས་ཐམས་ཅད་གཞི་རྩ་བྲལ། །ཡེ་ནས་སངས་རྒྱས་ཆོས་སྐུར་རོ་གཅིག་གོ །རྫོགས་ཆེན་ངང་ལ་ལྷ་འདྲེ་གཉིས་སུ་མེད། །རྫོགས་ཆེན་ཡུལ་ལ་སངས་རྒྱས་སེམས་ཅན་མེད། །རྫོགས་ཆེན་གཞི་ལ་བཟང་དང་ངན་པ་མེད། །རྫོགས་ཆེན་ལམ་ལ་ཉེ་དང་རིང་བ་མེད། །རྫོགས་ཆེན་འབྲས་བུར་ཐོབ་དང་མ་ཐོབ་མེད། །རྫོགས་ཆེན་ཆོས་ལ་སྤྱོད་དང་མི་སྤྱོད་མེད། །རྫོགས་ཆེན་དོན་ལ་སྒོམ་དང་མི་སྒོམ་མེད། །རྫོགས་ཆེན་རྒྱལ་པོའི་ལྟ་བ་དེ་བཞིན་གནས། །དེ་འདྲའི་རྫོགས་ཆེན་ལྟ་བ་རྟོགས་པའི་ཚེ། །སྒོ་གསུམ་ཕྲ་རགས་རྟོགས་པ་ཀུན་ཞི་ནས། །དཔེར་ན་བལ་ལ་ཆུ་བཏབ་ཇི་བཞིན་དུ། །སྒོ་གསུམ་ཞི་ཞིང་དུལ་བའི་ངང་ལ་གནས། །བདེ་གསལ་མི་རྟོགས་ཏིང་འཛིན་སྐྱེ་བ་དང་། །དེ་ལྟར་མ་རྟོགས་འཁོར་འཁྱམས་འགྲོ་
ཀུན་ལ། །མ་ཡིས་བུ་གཅིག་དག་ལ་བརྩེ་བ་ལྟར། །བཅོས་མིན་སྙིང་རྗེ་སྐྱེ་བ་རྫོགས་ཆེན་གྱི། །ལྟ་བའི་ཁྱད་ཆོས་ཡིན་པའང་ཤེས་པར་གྱིས། །ཐམས་ཅད་སྟོང་པ་ཉིད་དུ་ཐག་བཅད་ནས། །དགེ་སྤང་སྡིག་ལ་འཛེམ་མེད་སྤྱད་གྱུར་ན། །ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་སྟེ། །དེ་འདྲའི་བདུད་ལྟའི་དབང་དུ་མ་ཤོར་གཅེས། །འདི་རྣམས་རྫོགས་པ་ཆེན་པོའི་ངོ་སྤྲོད་དོ། །ངོ་སྤྲོད་འདི་རྣམས་ཤིན་ཏུ་གལ་ཆེ་སྟེ། །ཕྱི་རོལ་ཀུན་རྫོབ་སྣང་གྲག་ཆོས་རྣམས་ཀུན། །ཐམས་ཅད་སྟོང་པ་ཉིད་དུ་མ་རྟོགས་པར། །ལྟ་བ་བསྒོམ་ན་སྙམ་ཡང་ཅི་ཞིག་སྒོམ། །དེ་ཡི་ཕྱིར་ན་དང་པོ་འདི་ལྟར་དུ། །རེ་འགའ་བླ་མར་གསོལ་བ་འདེབས་ཀྱིན་ལྟོས། །རེ་འགའ་གློད་ཀྱིན་སྒྲིམ་ཀྱིན་ལེགས་པར་ལྟོས། །དེ་ལྟར་བལྟས་ཚེ་སེམས་ལ་དགའ་བ་དང་། །ཐམས་ཅད་སྟོང་པ་ཉིད་དུ་ལམ་ལམ་དུ། །ཤར་ནས་ཕྱི་རོལ་སྣང་བའི་ཡུལ་རྣམས་ལ། །ལག་པས་རེག་ཀྱང་འཛིན་རྒྱུ་མེད་སྙམ་དང་། །ལྟ་བ་འདི་ཉིད་ངེས་པར་ཡིན་པར་འདུག །སྙམ་པའི་ངེས་ཤེས་གཏིང་ཚུགས་སྐྱེ་བར་ངེས། །དེ་དུས་ལྟ་བའི་ངེས་ཤེས་རྙེད་པ་ཡིན། །འཛིན་
པས་མ་བསླད་འཛིན་མེད་ངང་ལ་གློད། །ངོ་སྤྲོད་ཐེབས་ནས་ཉམས་སུ་མ་ལོན་ཀྱང་། །འཆི་ཚེ་བར་དོར་འཇིགས་སྐྲག་ཅི་བྱུང་ཡང་། །ཐམས་ཅད་རང་སྣང་སྟོང་པའི་རང་གཟུགས་སུ། །ཤེས་ནས་ཀ་དག་གཞི་ལ་འཚང་རྒྱ་འོ། །ངོ་སྤྲོད་མ་ཐེབས་ཉམས་སུ་ལེན་པ་དེ། །དཔེར་ན་ཚེས་པ་གཅིག་ནས་འཕྱུགས་པ་ན། །བཅོ་ལྔའི་བར་དུ་འཕྱུག་པ་ཇི་བཞིན་ནོ། །ཀུན་རྫོབ་ཆོས་རྣམས་ཐམས་ཅད་བདེན་མེད་དུ། །མ་རྟོགས་སྟོང་ཉིད་རྟོགས་ཟེར་རྫུན་ཆེན་ཡིན། །དེས་ན་ངོ་སྤྲོད་འདི་བཞིན་དང་པོའི་དུས། །བླ་མའི་དྲུང་དུ་སྡོད་ལ་གནས་ལུགས་ཀྱི། །སྟེང་དུ་གཏན་ལ་ཕོབ་དང་གོལ་ས་མེད། །དེའི་ཕྱིར་སྐལ་ལྡན་བུ་རྣམས་སྙིང་ལ་ཆོངས།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་རིགས་ཀྱི་བུ་རྣམས་ཉོན། །དེ་ལྟར་ལྟ་བའི་གནས་ལུགས་ཁོང་ཆུད་ནས། །འཁོར་ཡུལ་ཆགས་སྡང་འབྲེལ་ཐག་རྦད་ཀྱིས་ཆོད། །གཅིག་པུར་ནགས་ཀྱི་གསེབ་དང་རི་སུལ་དུ། །ལུས་ཀྱིས་བྱ་རྩོལ་ཐོངས་ལ་རྣལ་མར་སྡོད། །ངག་གིས་སྨྲ་བརྗོད་ཆོད་ལ་བརྗོད་མེད་གྱིས། །སེམས་ནི་ནམ་མཁའ་བསམ་པའི་ཡུལ་ལས་འདས། །དེ་ཡི་ངང་ལ་བཏང་བཞག་
མེད་པར་གློད། །སེམས་ལ་གཏད་སོ་མེད་ན་ལྟ་བ་ཡིན། །བསྒོམ་དུ་མེད་པའི་ངང་ལ་གནས་པར་གྱིས། །ཐོབ་མེད་རྫོགས་ཆེན་འབྲས་བུ་ཐོབ་པར་མཛོད། །དེ་ཡང་ལྟ་བར་མཉམ་པར་འཇོག་པའི་ཚེ། །འདི་ལྟར་རིག་པའི་ངང་ལ་འཇོག་སྙམ་དང་། །བྱིང་རྒོད་དབང་དུ་ཤོར་འགྲོ་སྙམ་བྱེད་ཀྱི། །རྟོག་པའི་དྲྭ་བ་གང་གིས་མི་བཅིངས་པར། །དམིགས་གཏད་ཆོས་མེད་ཧར་སང་རྒྱ་ཡན་ངང་། །ཟང་ཐལ་ཁ་ཡན་ཉིད་དུ་གློད་ལ་ཞོག །བློ་ཡི་ཆོས་ཀྱིས་བློ་འདས་དོན་མི་མཐོང་། །བྱས་པའི་ཆོས་ཀྱིས་བྱར་མེད་སར་མི་སླེབ། །བློ་འདས་བྱར་མེད་དོན་དེ་ཐོབ་འདོད་ན། །བཅོས་བསླད་མ་བྱེད་རིག་པ་གཅེར་བུར་ཞོག །གཟུང་འཛིན་ཀུན་བྲལ་ལྟ་བའི་མཆོག་ཡིན་ནོ། །སྤང་བླང་མེད་པ་སྒོམ་པའི་མཆོག་ཡིན་ནོ། །བྱ་རྩོལ་ལས་འདས་སྤྱོད་པའི་མཆོག་ཡིན་ནོ། །རེ་མེད་རང་གནས་འབྲས་བུའི་མཆོག་ཡིན་ནོ། །བལྟས་པས་མི་མཐོང་ལྟ་བའི་འཚོལ་འཕྲོ་ཞོག །བསྒོམས་པས་མི་རྙེད་དྲན་འཛིན་དམིགས་གཏད་དོར། །སྤྱོད་པས་མི་འགྲུབ་སྒྱུ་མར་འཛིན་པ་ཐོངས། །བཙལ་བས་མི་རྙེད་འབྲས་བུའི་རེ་བ་བོར། །
ད་ལྟའི་ཤེས་པ་བཟོ་མེད་ལྷུག་པ་ལ། །ཕྱོགས་རིས་མ་བྱེད་འཛིན་པས་མ་བསླད་ཅིག །ད་ལྟའི་རིག་པ་དངོས་མེད་གསལ་བ་འདི། །འདི་ག་ལྟ་བ་ཀུན་གྱི་ཡང་རྩེ་ཡིན། །དམིགས་གཏད་ཁྱབ་གདལ་བློ་དང་བྲལ་བ་འདི། །འདི་ག་སྒོམ་པ་ཀུན་གྱི་ཡང་རྩེ་ཡིན། །མ་བཅོས་འཛིན་མེད་ལྷུག་པར་བཞག་པ་འདི། །འདི་ག་སྤྱོད་པ་ཀུན་གྱི་ཡང་རྩེ་ཡིན། །མ་བཙལ་ཡེ་ནས་ལྷུན་གྱིས་གྲུབ་པ་འདི། །འདི་ག་འབྲས་བུ་ཀུན་གྱི་ཡང་རྩེ་ཡིན། །ལྟ་བའི་སྙིང་པོ་སྟོང་གསལ་འཛིན་མེད་ལྟོས། །སྒོམ་པའི་སྙིང་པོ་རང་གྲོལ་འཛིན་མེད་སྐྱོངས། །སྤྱོད་པའི་སྙིང་པོ་ཚོགས་དྲུག་ལྷུག་པར་ཞོག །འབྲས་བུའི་སྙིང་པོ་རེ་དོགས་ཞིག་པ་ཡིན། །མུ་མཐའ་བྲལ་ན་ལྟ་བའི་རྒྱལ་པོ་མཆོག །གཟའ་གཏད་བྲལ་ན་སྒོམ་པའི་རྒྱལ་པོ་མཆོག །བླང་དོར་བྲལ་ན་སྤྱོད་པའི་རྒྱལ་པོ་མཆོག །རེ་དོགས་བྲལ་ན་འབྲས་བུའི་རྒྱལ་པོ་མཆོག །བལྟ་རུ་མེད་ཀྱིས་ལྟ་བའི་དམིགས་གཏད་དོར། །བསྒོམ་དུ་མེད་ཀྱིས་གང་བྱུང་གང་བདེར་ཐོངས། །སྤྱད་དུ་མེད་ཀྱིས་དགག་སྒྲུབ་སྤང་བླང་ཁྲོལ། །འཐོབ་རྒྱུ་མེད་ཀྱིས་འབྲས་བུའི་རེ་བ་བོར། །གང་ཡིན་ཡིན་གྱིས་ཆེད་
འཛིན་མ་བྱེད་ཅིག །འདི་ཡིན་མེད་ཀྱིས་དགག་སྒྲུབ་མ་བྱེད་ཅིག །གཟའ་གཏད་མེད་ཀྱིས་ཕྱོགས་རིས་མ་བྱེད་ཅིག །གདོད་ནས་དག་པའི་རང་རིག་རང་གསལ་ལ། །བསམ་ཡུལ་བློ་ལས་འདས་པས་ལྟ་རུ་མེད། །ངོ་བོ་གཞི་ནས་བྲལ་བས་བསྒོམ་དུ་མེད། །རང་གྲོལ་མཐའ་ལས་འདས་པས་སྤྱད་དུ་མེད། །རྩོལ་སྒྲུབ་ཞེན་པ་ལས་འདས་འབྲས་བུ་མེད། །ངོ་བོ་སྟོང་ཉིད་ཡིན་པས་སྤང་ཐོབ་མེད། །རང་བཞིན་གསལ་སྟོང་ཡིན་པས་རྩོལ་སྒྲུབ་ཞིག །ཐམས་ཅད་འགག་མེད་ཡིན་པས་ཕྱོགས་རིས་མེད། །གང་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཅིག །རྣལ་འབྱོར་ཤེས་པ་ནམ་མཁའི་བྱ་ལམ་འདྲ། །བྱ་རྗེས་སྔ་མ་འགག་ནས་མི་མཐོང་ལྟར། །དྲན་བསམ་སྔ་མ་འགག་ཅིང་མཐོང་བ་མེད། །དེ་ལ་རྗེས་བསྙེགས་འཛིན་པས་མ་མཐུད་ཅིག །བྱ་རྗེས་ཕྱི་མ་མ་འོངས་དངོས་མེད་ལྟར། །དྲན་བསམ་ཕྱི་མས་བསུ་མ་མ་བྱེད་ཅིག །བྱ་རྗེས་ད་ལྟ་ཁ་དོག་དབྱིབས་མེད་ལྟར། །ད་ལྟའི་དྲན་བསམ་ཐ་མལ་རང་འགྲོས་ལ། །འདི་ཞེས་གཉེན་པོས་བཅོས་བསླད་མ་བྱེད་ཅིག །ཇི་ལྟར་ཤར་ཡང་དེ་ལྟར་མ་འཛིན་ཅིག །འདི་
ནི་མཐར་ཐུག་སྙིང་པོའི་ལམ་འཁྱེར་ཡིན། །གང་ལྟར་ཤར་ཡང་དེ་ལྟར་མ་བཟུང་ན། །ཉོན་མོངས་རང་ཡལ་ཡེ་ཤེས་ཆེན་པོ་ཡིན། །སྐྱེ་མེད་བསམ་འདས་ཡེ་གྲོལ་ལྟ་བ་སྟེ། །ནན་ཏན་བྱས་ན་བལྟ་རྒྱུ་མེད་པ་ལགས། །རང་བབས་ལྷོད་ཆགས་རང་གནས་སྒོམ་པ་སྟེ། །ནན་ཏན་བྱས་ན་བསྒོམ་རྒྱུ་མེད་པ་ལགས། །སྤང་བླང་གཉིས་མེད་སྒྱུ་མའི་སྤྱོད་པ་སྟེ། །ནན་ཏན་བྱས་ན་སྤྱད་རྒྱུ་མེད་པ་ལགས། །རེ་དོགས་གཉིས་མེད་འབྲས་བུའི་རང་བཞིན་སྟེ། །ནན་ཏན་བྱས་ན་འབྲས་བུ་མེད་པ་ལགས། །དུས་གསུམ་རྩ་བ་བྲལ་བའི་སེམས་ཉིད་འདི། །མ་བསྒོམ་མངོན་སུམ་སྣང་བ་བློ་རེ་བདེ། །ཐོག་མ་ཐ་མ་རང་བཞིན་དག་པའི་ཆོས། །ཡེ་གྲོལ་ཡོངས་གྲོལ་འབད་རྩོལ་ཞིག་པ་མཚར། །ཐ་མལ་ཤེས་པ་བཟོ་མེད་ལྷུག་པ་འདི། །རྒྱལ་བའི་དགོངས་པ་མཐའ་བྲལ་ཀློང་ཡངས་ཡིན། །དེ་ཡང་འབད་པས་དཔྱད་ཅིང་བསྒོམས་པ་ཡིས། །སེམས་ཉིད་གནས་ལུགས་གཉུག་མ་མཐོང་མི་འགྱུར། །མ་བསམས་མ་དཔྱད་ཐ་མལ་ཆོས་ཉིད་ལ། །བསྒོམས་དང་མི་བསྒོམ་ཡེངས་དང་མ་ཡེངས་མེད། །མ་བསྒོམ་ལྷུག་པས་མང་པོ་གྲོལ་བ་ཡིན། །གྲོལ་
དང་མ་གྲོལ་དོན་ལ་གཉིས་སུ་མེད། །གནས་ལུགས་ཤེས་ན་རྩོལ་མེད་བློ་བདེ་འོ། །རྟོག་མེད་འདོད་པའི་རྟོག་པས་བཅིངས་པ་ན། །རྣམ་རྟོག་ལངས་ནས་ཕྱོགས་བཅུར་འགྲོ་བར་བརྩོན། །འགྲོ་འོང་མེད་པ་རིག་པའི་གཤིས་ཐོག་ཏུ། །ཁ་ཡན་གློད་ནས་རང་ཡན་བཞག་པ་ན། །མི་གཡོ་རི་བོ་བཞིན་དུ་བརྟན་པར་གནས། །གོ་ལྡོག་འགྲོས་འདི་བུ་རྣམས་ཤེས་པར་གྱིས། །འདི་ལ་བསྒོམ་རྒྱུ་རྡུལ་ཙམ་མི་དམིགས་ཀྱང་། །ཡེངས་མེད་དྲན་པས་ཟིན་པ་རབ་ཏུ་གཅེས།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་བུ་རྣམས་ཚུར་ཉོན་དང་། །ཕྱི་ཡུལ་མེད་སྣང་སྟོང་པའི་རང་གཟུགས་འདི། །ཡེ་སྟོང་ཆུ་ཟླ་འདྲ་བས་སྦྱང་མི་དགོས། །ནང་གི་དྲན་རྟོག་རང་ཡལ་རྗེས་མེད་པས། །འབད་རྩོལ་གཉེན་པོ་དེ་ལ་འཇུག་མི་དགོས། །སྣང་སེམས་ཡེ་གྲོལ་ལྷུག་པའི་ཡེ་ཤེས་ལ། །སྤང་བླང་རེ་དོགས་གང་གིའང་སྒྲོ་མི་འདོགས། །རིག་པ་ཟང་ཀ་གཅེར་བུ་འདི་ཉིད་ལ། །ཡིད་དཔྱོད་སྤྲོས་པའི་གོན་པ་མ་བསྐོན་པར། །ཤིགས་སེ་ཁྲེས་སེ་བུན་ནེ་རྗེས་མེད་དུ། །རིས་མེད་མཉམ་པ་ཆེན་པོར་གློད་ལ་ཞོག །དེ་ཡི་ངང་ལ་
དྲན་བསམ་ཅི་ཤར་ཡང་། །རིས་མེད་རང་བྱུང་རིག་པའི་རང་གདངས་སུ། །ཤེས་པར་གྱིས་ལ་རྗེས་ནི་མི་སྙེགས་པར། །སྣང་སེམས་ཁྲལ་མ་ཁྲོལ་དང་སངས་མ་སངས། །འལ་མ་འོལ་གྱི་ཆོས་ཉིད་ཡོ་ལང་དུ། །རྒྱ་ཕྱམ་ཉིད་དུ་བཏང་ན་ཀུན་བཟང་གི །དགོངས་པའི་ཀློང་དུ་ད་ལྟ་བསླེབས་པ་ཡིན། །རྫོགས་པ་ཆེན་པོ་ཡེ་གྲོལ་ལྷུན་གྲུབ་ཀྱི། །སྣ་ཚོགས་རང་གྲོལ་རྣལ་འབྱོར་དེ་ལ་ཟེར། །མ་ཕྱིན་ན་ཡང་སངས་རྒྱས་ས་རུ་བསླེབས། །མ་བསྒྲུབས་ན་ཡང་འབྲས་བུ་ལྷུན་གྱིས་གྲུབ། །མ་སྤངས་བཞིན་དུ་ཉོན་མོངས་རང་སར་དག །བླ་མ་དམ་པའི་དགོངས་པ་དང་མཉམ་མོ། །རྗེས་སུ་བསྙེགས་སོ་ལས་རྣམས་ཟིན་པ་འོ། །གནད་འདི་ཡིན་པས་བུ་རྣམས་ཤེས་པར་གྱིས། །ཕ་རྒན་ཆོས་ཀྱི་རྒྱལ་པོའི་བཀའ་དྲིན་གྱིས། །བྱ་བྲལ་ལྷུན་གྱིས་གྲུབ་པའི་དགོངས་པ་རུ། །ཚོགས་དྲུག་རང་གྲོལ་ད་རེས་བསླེབས་པ་འོ། །གནད་འདི་ཡིན་ཀྱང་ལ་ལས་མ་གོ་འདུག །ཐམས་ཅད་ཡེ་ཟིན་འདུག་སྟེ་ཡང་བྱེད་དོ། །ཡེ་གྲོལ་ཉིད་དུ་འདུག་སྟེ་ཡང་དགྲོལ་ལོ། །ཡེ་བཞག་ཉིད་དུ་འདུག་སྟེ་ཡང་འཇོག་གོ །ཡེ་བསྒོམས་ཉིད་དུ་འདུག་སྟེ་ཡང་བསྒོམ་
མོ། །ཡེ་བལྟས་ཉིད་དུ་འདུག་སྟེ་ཡང་བལྟ་འོ། །ཡེ་བགྲོད་ཉིད་དུ་འདུག་སྟེ་ཡང་བགྲོད་དོ། །ཟེར་ནས་ཡིད་དཔྱོད་ལྟ་བར་རེ་བའི་མིས། །ཐོས་ཀྱང་ཚིག་རོ་གོ་ཡང་རྣམ་རྟོག་གོ །རྟོགས་ཀྱང་ཕོ་ཚོད་བསྒོམས་ཀྱང་བློས་བྱས་སོ། །དཔྱད་ཀྱང་གཉིས་འཛིན་བསྒྲུབས་ཀྱང་འཁོར་བ་འོ། །ཆོས་ཉིད་ཡིད་དཔྱོད་མཁན་གྱི་མི་དེ་ལ། །རྫོགས་ཆེན་སྙིང་ཐིག་ལས་འབྲེལ་མེད་པར་ངེས། །བྱ་བྱེད་མི་དགོས་བྱས་པས་ཟིན་པ་མེད། །བྱ་དང་མི་བྱའི་རྩིས་ལས་འདས་པ་འོ། །བསྒོམ་མེད་སྒོམ་པ་ལས་འདས་བསྒོམས་ཀྱང་འཕུང་། །བལྟར་མེད་ལྟ་བ་ལས་འདས་གང་ལ་བལྟ། །བཙལ་མེད་བཙལ་བ་ལས་འདས་རྙེད་པ་མེད། །འདི་ལྟར་རིག་པ་ཟང་མ་ཐལ་བྱུང་དུ། །འདུག་སྟེ་བཤད་ཀྱང་མི་ཉན་མི་དེ་ལ། །རྫོགས་ཆེན་ལས་འབྲེལ་མེད་པ་དགོད་རེ་བྲོ། །གང་ལ་བལྟས་ཀྱང་ཀ་དག་ཀློང་ཆེན་གྱི། །དགོངས་པར་ཤར་བས་འཁོར་འདས་གཉིས་སུ་མེད། །དེ་འདྲའི་དགོངས་པ་གླུ་རུ་བླངས་པ་ལ། །དུས་གསུམ་རྒྱལ་བ་དགྱེས་པར་གདོན་མི་ཟ། །འོ་ན་ཕྱི་རོལ་འཁྲུལ་པའི་སྣང་ཡུལ་དུ། །རང་སར་ཡན་དུ་བཅུག་ན་སླར་
ལ་ཡང་། །འཁྲུལ་པར་མི་འགྲོ་འམ་ཞེས་བརྗོད་གྱུར་ན། །ཐ་མལ་མི་ཡིས་བདག་ཏུ་བཟུང་པས་འཁྲུལ། །རྣལ་འབྱོར་པ་ཡིས་གཞི་མེད་རྩ་བྲལ་དུ། །ཤེས་པས་བཅོས་བསླད་བླང་དོར་མི་བྱེད་པར། །རང་བབ་འཛིན་མེད་བཞག་པས་མི་འཁྲུལ་ལོ། །འདི་ལ་གོལ་ས་ཨེ་ཡོད་བརྗོད་གྱུར་ན། །འདི་ལ་གོལ་ས་ནོར་ས་གཅིག་ཀྱང་མེད། །གོལ་ས་ཞེན་ཅིང་ཆགས་ན་ཡོད་པ་ཡིན། །གང་ཤར་ཉིད་ལ་འཛིན་པ་མེད་པ་ན། །གོལ་སར་ལྟུང་རྒྱུ་ཞིག་ནི་ག་ལ་འོངས། །འོན་ཀྱང་རིག་པ་ཡུལ་ལ་འཆར་དུས་སུ། །གང་ཤར་རྣམ་པར་རྟོག་པའི་ངོ་བོ་ལ། །ལྟ་བ་དེ་ཉིད་བསྒོམ་དུ་འདོད་པ་མིན། །དེ་ཡི་དུས་ཀྱི་རིག་པ་ས་ལེ་བ། །རྗེན་པའི་ཆ་དེ་ཕྱལ་ལེ་སྐྱོང་བ་འོ། །དེ་ཡང་རིག་པ་འཕྲོ་འདུ་མེད་པ་རུ། །གནས་པའི་དུས་ཀྱི་གནས་ཆའི་མི་རྟོག་པ། །དེ་ཉིད་བསྒོམ་གྱི་དངོས་གཞི་མ་ཡིན་ཏེ། །དེ་ཡི་དུས་ཀྱི་ཧྲིག་གེ་སང་ངེ་བའི། །གསལ་དྭངས་ངར་ཆ་དེ་ཉིད་སྐྱོང་བ་འོ། །གནད་འདི་མ་གོ་འཆར་གནས་གཉིས་ཀ་ལ། །བལྟ་བ་དེ་ཉིད་སྒོམ་པའི་ངོ་བོ་ཡིན། །སྙམ་ན་འཁྲུལ་པར་འགྱུར་རོ་སྙིང་གི་བུ། །གནས་པ་ཙམ་ནི་བསམ་གཏན་ལྷ་དང་
འདྲ། །འཆར་བ་ཙམ་ནི་ཐ་མལ་རྟོག་པ་འདྲ། །དེ་ལ་བསྒོམས་ཀྱང་སངས་རྒྱས་འཐོབ་མི་འགྱུར། །མདོར་ན་གང་གི་དུས་སུའང་རིག་པའི་ཆ། །རྗེན་པ་ཟང་ཐལ་ཤེལ་གོང་འདྲ་བ་དེ། །ཀློང་དུ་མ་གྱུར་བར་དུ་ས་ལེར་སྐྱོངས། །གྱུར་ནས་དེ་ཡི་ངང་ལ་འབྲལ་མེད་གྱིས། །ཁྲེགས་ཆོད་ལྟ་བའི་གནད་འགག་རིག་པ་ནི། །རྗེན་ལ་ཕུད་ནས་ས་ལེར་སྐྱོང་བ་ལ། །ཟེར་བས་གནད་འདི་ཁོ་ན་གལ་ཆེ་སྟེ། །འདི་ནི་ཚིག་བརྒྱའི་མདོ་འགག་ཡིན་པས་ན། །སྐལ་ལྡན་སྙིང་གི་བུ་རྣམས་ཤེས་པར་གྱིས།། །། ༈ ཨེ་མ་ཧོ། ད་ཡང་སེམས་ཀྱི་བུ་རྣམས་གུས་པས་ཉོན། །ནོར་ས་མེད་པའི་ཐིག་ཆེན་བཞི་བསྟན་པ། །ལྟ་བ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །སྒོམ་པ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །སྤྱོད་པ་ནོར་ས་མེད་པའི་ཐིག་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །འབྲས་བུ་ནོར་ས་མེད་པའི་ཐིག་ཆེན་
ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །གསལ་ལ་མི་ནོར་བས་ན་ཐིག་ཅེས་བྱ། །མི་འགྱུར་བ་ཡི་གཟེར་ཆེན་བཞི་བསྟན་པ། །ལྟ་བ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །སྒོམ་པ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །སྤྱོད་པ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ག་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །འབྲས་བུ་འགྱུར་བ་མེད་པའི་གཟེར་ཆེན་ནི། །ད་ལྟའི་ཤེས་པ་ས་ལེ་འདི་ཀ་ཡིན། །དུས་གསུམ་བརྟན་པའི་ཕྱིར་ན་གཟེར་ཞེས་བྱ། །ལྟ་བ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །ད་ལྟའི་རང་རིག་རང་བྱུང་ཡེ་ཤེས་ལ། །བལྟ་བྱ་དང་ནི་ལྟ་བྱེད་གཉིས་སུ་མེད། །ལྟ་བ་མ་བལྟ་ལྟ་བའི་མཁན་པོ་ཚོལ། །ལྟ་བའི་མཁན་པོ་བཙལ་བས་མ་རྙེད་ན། །དེའི་ཚེ་ལྟ་བ་ཟད་སར་འཁྱོལ་བ་ཡིན། །ལྟ་བ་བལྟ་རྒྱུ་ཅི་ཡང་མེད་པ་ལ། །ཡེ་མེད་སྟོང་ཆད་ཧད་པོར་མ་སོང་བར། །ད་ལྟའི་ཤེས་པ་མ་བཅོས་ས་ལེ་བ། །རྫོགས་པ་ཆེན་པོའི་ལྟ་བ་
དེ་ག་ཡིན། །སྒོམ་པ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །ད་ལྟའི་ཐ་མལ་ཤེས་པ་ཟང་ཐལ་ལ། །བསྒོམ་བྱ་དང་ནི་སྒོམ་བྱེད་གཉིས་སུ་མེད། །སྒོམ་པ་མ་སྒོམས་སྒོམ་པའི་མཁན་པོ་ཚོལ། །སྒོམ་པའི་མཁན་པོ་བཙལ་བས་མ་རྙེད་ན། །དེའི་ཚེ་སྒོམ་པ་ཟད་སར་འཁྱོལ་བ་ཡིན། །སྒོམ་པ་བསྒོམ་རྒྱུ་ཅི་ཡང་མེད་པ་ལ། །བྱིང་རྒོད་འཐིབས་རྨུགས་དབང་དུ་མ་སོང་བར། །ད་ལྟའི་ཤེས་པ་མ་བཅོས་རང་གསལ་ལ། །མ་བཅོས་མཉམ་པར་འཇོག་པ་སྒོམ་པ་ཡིན། །སྤྱོད་པ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །རང་རིག་ཡེ་ཤེས་ཐིག་ལེ་ཉག་གཅིག་ལ། །སྤྱད་བྱ་དང་ནི་སྤྱོད་བྱེད་གཉིས་སུ་མེད། །སྤྱོད་པ་མ་སྤྱད་སྤྱོད་པའི་མཁན་པོ་ཚོལ། །སྤྱོད་པའི་མཁན་པོ་བཙལ་བས་མ་རྙེད་ན། །དེའི་ཚེ་སྤྱོད་པ་ཟད་སར་འཁྱོལ་བ་ཡིན། །སྤྱོད་པ་སྤྱད་རྒྱུ་ཅི་ཡང་མེད་པ་ལ། །བག་ཆགས་འཁྲུལ་པའི་དབང་དུ་མ་སོང་བར། །ད་ལྟའི་ཤེས་པ་མ་བཅོས་རང་གསལ་ལ། །བཅོས་བསླད་བླང་དོར་གང་ཡང་མི་བྱེད་པ། །དེ་ག་རྣམ་པར་དག་པའི་སྤྱོད་པ་ཡིན། །འབྲས་བུ་མི་མཐུན་རྒྱ་ཆེ་གྲངས་མང་ཡང་། །རང་རིག་སྐུ་གསུམ་
རྩོལ་མེད་ལྷུན་གྲུབ་ལ། །བསྒྲུབ་བྱ་དང་ནི་སྒྲུབ་བྱེད་གཉིས་སུ་མེད། །འབྲས་བུ་མ་སྒྲུབས་སྒྲུབ་པའི་མཁན་པོ་ཚོལ། །འབྲས་བུ་སྒྲུབ་མཁན་བཙལ་བས་མ་རྙེད་ན། །དེའི་ཚེ་འབྲས་བུ་ཟད་སར་འཁྱོལ་བ་ཡིན། །འབྲས་བུ་བསྒྲུབ་རྒྱུ་ཅི་ཡང་མེད་པ་ལ། །བླང་དོར་རེ་དོགས་དབང་དུ་མ་སོང་བར། །ད་ལྟའི་ཤེས་རིག་རང་གསལ་ལྷུན་གྲུབ་ཉིད། །མངོན་གྱུར་སྐུ་གསུམ་རང་གསལ་སྟོང་པ་ཉིད། །ཡེ་སངས་རྒྱས་པའི་འབྲས་བུ་དེ་ཉིད་དོ།། །། ༈ ཨེ་མ་ཧོ། ད་ཡང་རིགས་ཀྱི་བུ་རྣམས་ལེགས་པར་ཉོན། །དེ་ལྟར་དང་པོ་ཡེངས་མེད་བསྐྱངས་པ་ན། །བར་དུ་ཡན་པར་བཏང་ཡང་དོན་ཐོག་ནས། །ཐ་མལ་བཏང་ཡང་འགྲོ་འོང་མེད་པ་འོ། །སྣང་དང་སྟོང་པ་གཉིས་ཀ་དབྱེར་མེད་ན། །དེའི་ཚེ་ལྟ་བ་ཀློང་དུ་གྱུར་པ་ཡིན། །རྨི་ལམ་ཉིན་པར་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་སྒོམ་པ་ཀློང་དུ་གྱུར་པ་ཡིན། །བདེ་དང་སྡུག་བསྔལ་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་སྤྱོད་པ་ཀློང་དུ་གྱུར་པ་ཡིན། །འདི་དང་ཕྱི་མ་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་གནས་ལུགས་ཀློང་དུ་གྱུར་པ་ཡིན། །སེམས་དང་ནམ་མཁའ་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་ཆོས་
སྐུ་ཀློང་དུ་གྱུར་པ་ཡིན། །རང་སེམས་སངས་རྒྱས་གཉིས་ཀ་ཁྱད་མེད་ན། །དེའི་ཚེ་འབྲས་བུ་ཀློང་དུ་གྱུར་པ་ཡིན།། །། ༈ ཨེ་མ་ཧོ། ད་དུང་རིགས་ཀྱི་བུ་རྣམས་བདག་ལ་གསོན། །གདོས་བཅས་ལུས་འདི་ཆུ་ཟླ་ལྟར་དུ་ལྟོས། །ངག་གི་སྨྲ་བརྗོད་བྲག་ཆ་བཞིན་དུ་ཟློས། །སེམས་ཀྱི་རྟོག་ཚོགས་རང་སར་སངས་སུ་ཆུག །སྣང་གྲགས་ཆོས་རྣམས་ཐམས་ཅད་སྒྱུ་མ་དང་། །སྨིག་རྒྱུ་རྨི་ལམ་གཟུགས་བརྙན་ཆུ་ཟླ་དང་། །དྲི་ཟའི་གྲོང་ཁྱེར་མིག་ཡོར་སྤྲུལ་པ་དང་། །ཆུ་བུར་བྲག་ཆ་བཞིན་དུ་འཛིན་མེད་སྤྱོད། །སྤྱོད་ལམ་ཐམས་ཅད་དེ་ཡི་ངང་ནས་གྱིས། །ཐུན་མཚམས་མ་གཅོད་ཉིན་མཚན་ཁོར་ཡུག་སྤྲོད། །དྲན་བསམ་བཅོས་བསླད་མ་བྱེད་རང་བབ་ངང་། །རང་མདངས་རང་གྲོལ་འཛིན་མེད་གསལ་སྟོང་དུ། །བདེན་མེད་སྒོམ་མེད་རྩོལ་མེད་རྗེས་མེད་ཞོག །སྔར་འདས་རྣམ་པར་རྟོག་པ་ཐམས་ཅད་ཀྱང་། །བྱ་ལམ་ནམ་མཁར་རྗེས་མེད་ལྟར་དུ་ཞོག །ད་ལྟའི་ཤེས་པ་རྡུལ་བྲལ་བར་སྣང་ལྟར། །མ་འོངས་རྟོག་པ་རང་འཐག་ཆུ་བཅད་ལྟར། །ཁྲིག་གེར་གློད་ལ་བཟོ་བཅོས་མི་བྱེད་པར། །རང་
བབ་རྒྱ་ཡན་ངང་དུ་ལྷུག་པར་ཞོག །ཕྲ་རགས་རྟོག་པ་དུག་གསུམ་དུག་ལྔ་སོགས། །ཁང་སྟོང་རྐུན་མ་སླེབས་པ་ལྟར་དུ་ཞོག །ཚོགས་དྲུག་ཡུལ་སྣང་ཐམས་ཅད་རྗེས་མེད་དུ། །སྒྱུ་མའི་གྲོང་ཁྱེར་ཞིག་པ་ལྟར་དུ་ཞོག །མདོར་ན་སྐྱེ་འགག་གནས་གསུམ་གཞི་ལམ་འབྲས། །ལྟ་སྒོམ་སྤྱོད་འབྲས་དུས་གནས་བརྗོད་ཚིག་དང་། །གཞག་བྱ་འཇོག་བྱེད་དགྲོལ་བྱ་འགྲོལ་བྱེད་སོགས། །རང་གསལ་རིས་མེད་འཛིན་རྩོལ་སྤང་བླང་མེད། །རྒྱ་མཚོ་ཆེན་པོར་ཆུ་ཕྲན་ཐིམ་པ་ལྟར། །ཆོས་ཀུན་སེམས་ཀྱི་དབྱིངས་སུ་ཀ་དག་པར། །བློ་གདེང་བཅའ་ཞིང་འཛིན་མེད་ལ་བཟླ་འོ། །དེ་ལྟར་སྒོམ་ཚེ་རྣམ་རྟོག་མང་འཕྲོས་ཀྱང་། །སྒོམ་ནི་མ་འོངས་སྙམ་ནས་སྡུག་མི་དགོས། །སེམས་ནི་འཕྲོ་ཡང་སྟོང་ལ་གནས་ཀྱང་སྟོང་། །གང་ལྟར་ཤར་ཡང་རིག་པའི་ངང་ཡིན་པས། །དགག་སྒྲུབ་བླང་དོར་གང་ཡང་མི་བྱེད་པར། །མ་བཅོས་གཉུག་མའི་ངང་དུ་གློད་ལ་ཞོག །དེ་ཡིས་རྣམ་རྟོག་རང་སར་གྲོལ་བར་ངེས། །བློ་དམན་སྐྱེ་བོ་ངང་ལ་མི་གནས་ན། །ངོ་སྤྲོད་སྐབས་བཞིན་དཔྱད་འཇོག་སྤེལ་མ་གྱིས། །ཡང་ན་འདི་བཞིན་རྣམ་རྟོག་ཨར་ལ་གཏོད། །
དགོས་སམ་མི་དགོས་རྣམ་རྟོག་བསླད་ནས་ཀྱང་། །གཅིག་རྗེས་གཅིག་མཐུད་རྣམ་པ་སྣ་ཚོགས་པ། །རང་སེམས་སུན་རག་བར་དུ་སྤྲོས་ནས་ཀྱང་། །དེ་ནས་མི་འདོད་ཚེ་ན་གློད་ལ་ཞོག །ཡང་ན་སྙིང་དབུས་མཚན་ལྡན་བླ་མ་བསྒོམས། །དེ་ལ་སེམས་ནི་ཡུན་རིང་བཟུང་ནས་ཀྱང་། །དེ་རྗེས་འཛིན་མེད་རིག་པའི་ངང་ལ་ཞོག །ཡང་ན་སྙིང་གི་དབུས་སུ་ཐིག་ལེ་སྒོམས། །དེ་ཉིད་མར་ལ་བབས་ནས་དབང་ཆེན་གྱི། །ས་གཞིར་ཐུག་རག་བར་དུ་སོང་བར་བསམ། །དེ་ཡིས་འཕྲོ་རྒོད་རྦད་ཀྱིས་ཆོད་པར་ངེས། །རྒོད་པ་ཆོད་ཚེ་རིག་པའི་ངང་ལ་ཞོག །བྱིང་བ་ཆེ་ན་ལྟ་སྟངས་ངར་བསྐྱེད་ལ། །རིག་པ་རྗེན་ལ་ཕུད་ནས་ས་ལེར་སྐྱོངས། །ཡང་ན་རང་གི་སེམས་ཉིད་ཐིག་ལེ་རུ། །དམིགས་ལ་ངག་ནས་ཕཊ་སྒྲ་བརྗོད་མ་ཐག །ཚངས་བུག་ནས་ཐོན་དཔག་ཆེན་མདའ་འཕངས་ལྟར། །སོང་ནས་མཁའ་ལ་ཁྲུག་གིས་འདྲེས་པར་བསམ། །དེ་ནས་ནམ་མཁའི་མཚན་ཉིད་ཡིད་ལ་གྱིས། །དེ་ཡིས་བྱིང་བ་མི་སངས་མི་སྲིད་དོ། །བྱིང་བ་སངས་ཚེ་འཛིན་མེད་ངང་ལ་ཞོག །འདི་རྣམས་ཞལ་ཤེས་ཡིན་པས་ཤེས་པར་
གྱིས། །རྟོག་མེད་འདོད་པ་རྟོག་པས་མ་བཅིངས་པར། །རིག་པ་རྒྱ་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ། །ཐོངས་ལ་གུ་ཡངས་ཡན་པ་བློ་བདེ་གྱིས། །དང་པོ་རྣམ་རྟོག་གཅོང་རོང་ཆུ་དང་འདྲ། །བར་དུ་ཆུ་བོ་གཱངྒ་དལ་འབབ་འདྲ། །ཐ་མ་ཆུ་རྣམས་རྒྱ་མཚོར་རོ་གཅིག་ལྟར། །འོད་གསལ་མ་བུ་མཇལ་བའི་ངང་ལ་གནས། །ཁྱད་པར་ནད་གདོན་ཆོ་འཕྲུལ་ཅི་བྱུང་ཡང་། །བཅས་བཅོས་རིམ་གྲོ་གང་ཡང་མི་བྱེད་པར། །འདི་ལྟར་རོ་སྙོམས་ཐོག་བརྫིས་སྤྱོད་པ་གྱིས། །ནགས་དང་དུར་ཁྲོད་མཚོ་གླིང་སྐྱེད་མོའི་ཚལ། །བྲག་ཕུག་ཁང་སྟོང་ཤིང་གཅིག་དྲུང་ལ་སོགས། །འཇིགས་ཤིང་ཉམ་ངའི་གནས་སུ་སོང་ནས་ཀྱང་། །རང་ལུས་སྣོད་བཅུད་སྣང་སྲིད་བདུད་རྩིར་བསྒྱུར། །ཕྱོགས་བཅུའི་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །དེ་རྣམས་མཉེས་ནས་བརྩེ་བའི་རྣམ་འགྱུར་གྱིས། །འོད་དུ་ཞུ་ནས་འཁོར་འདས་ཐམས་ཅད་ཀུན། །འོད་གསལ་བདུད་རྩིས་ཡོངས་སུ་གང་བར་དམིགས། །ཡོན་ཏན་མགྲོན་གྱུར་དམ་ཅན་ཆོས་སྐྱོང་དང་། །སྙིང་རྗེའི་ཞིང་མཆོག་རིགས་དྲུག་སེམས་ཅན་དང་། །ལན་ཆགས་གདོན་བགེགས་འབྱུང་པོ་
ཐམས་ཅད་དང་། །ནམ་མཁའི་མཐའ་དང་མཉམ་པའི་འགྲོ་བ་ཀུན། །མྱོང་གྲོལ་བདུད་རྩིས་ཚིམས་པར་བྱས་ནས་ཀྱང་། །འཁོར་འདས་རོ་གཅིག་སེམས་སུ་ཐག་བཅད་ལ། །སེམས་ཉིད་མ་བཅོས་ཆོས་སྐུའི་ངང་ཉིད་ནས། །འགྲོ་དང་འདུག་དང་མཆོངས་དང་རྒྱུག་པ་དང་། །སྨྲ་དང་དགོད་དང་ངུ་དང་གླུ་ལེན་དང་། །བཅགས་དང་དཀྲུག་ལོག་སྨྱོན་པའི་སྤྱོད་པ་བྱ། །མཐར་ནི་ཞི་ཞིང་བདེ་བའི་ངང་ལ་འདུག །མཚན་དུས་རང་བབ་བདེ་བར་ཉལ་ནས་ཀྱང་། །དྲན་བསམ་འཕྲོ་འདུའི་རྣམ་རྟོག་ཀུན་བྲལ་ཏེ། །སྐྱེ་མེད་དྲན་རྫོགས་གཉུག་མའི་ངང་ལ་ཉལ། །དེ་ལྟར་བྱས་ན་ནད་གདོན་རང་ཞི་ནས། །ལྟ་སྒོམ་བོགས་འབྱིན་རྟོགས་པ་ནམ་མཁའ་འདྲ། །སྒོམ་པ་རང་གསལ་སྤྱོད་པ་བུ་ཆུང་འདྲ། །གཟའ་གཏད་ཀུན་བྲལ་ངང་གིས་སྨྱོན་པ་འདྲ། །བདག་གཞན་གཉིས་མེད་འཕགས་པའི་གང་ཟག་འདྲ། །ཅི་སྨྲ་འཛིན་མེད་བྲག་ཆའི་སྒྲ་དབྱངས་འདྲ། །གང་ལའང་ཆགས་མེད་འདབ་ཆགས་མཁའ་ལྡིང་འདྲ། །ཡ་ང་བག་ཚ་མེད་པ་སེང་གེ་འདྲ། །ཐམས་ཅད་ཡེ་གྲོལ་མཁའ་ལ་སྤྲིན་དྭངས་འདྲ། །དེ་འདྲའི་
རྣལ་འབྱོར་བདེ་གཤེགས་རིག་འཛིན་དངོས། །དད་བརྒྱའི་སྤྱི་བོས་བཏུད་ནས་ཕྱག་བྱའི་འོས། །ཡིད་བཞིན་ནོར་བུ་བས་ཀྱང་ཆེས་ལྷག་གོ། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་བྱ་བཏང་གླུ་ལ་ཉོན། །རྣམ་སྣང་ཕྱི་ན་མེད་དེ་ནང་ན་ཡོད། །སེམས་ཉིད་སྤྲོས་དང་བྲལ་བ་ཆོས་དབྱིངས་ངང་། །གཏི་མུག་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་རྣམ་པར་སྣང་མཛད་དངོས་ཡིན་ནོ། །རྡོར་སེམས་ཕྱི་ན་མེད་དེ་ནང་ན་ཡོད། །རིག་རྩལ་འཆར་གཞི་མ་འགག་མེ་ལོང་དང་། །ཞེ་སྡང་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་དངོས་ཡིན་ནོ། །རིན་འབྱུང་ཕྱི་ན་མེད་དེ་ནང་ན་ཡོད། །བླང་དོར་དགག་སྒྲུབ་མེད་པ་མཉམ་ཉིད་ངང་། །ང་རྒྱལ་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་དངོས་ཡིན་ནོ། །འོད་དཔག་ཕྱི་ན་མེད་དེ་ནང་ན་ཡོད། །བདེ་སྟོང་དབྱིངས་སུ་ནུབ་པ་སོར་རྟོག་ངང་། །འདོད་ཆགས་རང་སར་དག་པའི་ངོ་བོ་ཉིད། །བཅོམ་ལྡན་འོད་དཔག་མེད་པ་དངོས་ཡིན་ནོ། །དོན་གྲུབ་ཕྱི་ན་མེད་དེ་ནང་ན་ཡོད། །རིག་པ་ཐལ་བྱུང་རང་གྲོལ་བྱ་གྲུབ་ངང་། །ཕྲག་དོག་རང་སར་དག་
པའི་ངོ་བོ་ཉིད། །བཅོམ་ལྡན་དོན་ཡོད་གྲུབ་པ་དངོས་ཡིན་ནོ།། །། ༈ ཨེ་མ་ཧོ། ད་ཡང་སྐལ་ལྡན་སེམས་ཀྱི་བུ་གཅིག་པོ། །དགའ་ཞིང་སྤྲོ་བས་རྡོ་རྗེའི་གླུ་ལ་ཉོན། །དེ་ལྟར་རྟོགས་ན་སྣང་སྲིད་ཐམས་ཅད་ཀུན། །གདམས་ངག་དཔེ་ཆ་དོན་གྱི་དཀྱིལ་འཁོར་ཡིན། །སྣང་བ་དཀར་དམར་སྣ་ཚོགས་ཤོག་གུ་ལ། །རང་བྱུང་ཡེ་ཤེས་རིག་པའི་སྨྱུ་གུ་ཡིས། །གཞི་མེད་ཡེ་གྲོལ་འཛིན་མེད་ཡི་གེ་བྲིས། །སྣང་སྟོང་གཉིས་མེད་ངང་དུ་དཔེ་བལྟས་བྱས། །སྟོང་གསུམ་ཐམས་ཅད་ལྷུན་གྲུབ་དཀྱིལ་འཁོར་ལ། །ཆར་ཆུ་རང་བབ་ཆུ་ཡིས་ཆག་ཆག་གདབ། །ལམ་སྲང་རང་བཞིན་ཐིག་ཆེན་གདབ་པ་དང་། །རྐང་པའི་རྗེས་ནི་ཁ་དོག་རྡུལ་ཚོན་རིས། །རང་ལུས་སྣང་སྟོང་ཡི་དམ་ལྷ་ཡི་སྐུ། །སྨྲ་བརྗོད་གྲགས་སྟོང་རྡོ་རྗེའི་བཟླས་པ་དང་། །དྲན་བསམ་འཛིན་མེད་རང་གྲོལ་ལྷ་ཡི་ཐུགས། །ཡན་ལག་འགུལ་བསྐྱོད་ཐམས་ཅད་ཕྱག་རྒྱ་འོ། །བཟའ་དང་བཏུང་བ་ཆོས་ཉིད་མཆོད་པ་དང་། །གཟུགས་སུ་སྣང་བ་ཐམས་ཅད་ལྷ་ཡི་སྐུ། །སྒྲ་ཆེན་བརྗོད་པ་ཐམས་ཅད་རོལ་མོ་ཉིད། །བསྲུང་མེད་ཉམས་མེད་རང་བབ་དམ་
ཚིག་གོ །དེ་འདྲའི་རྣལ་འབྱོར་པ་ཡིས་ཅི་བྱས་ཀྱང་། །འོད་གསལ་ཆོས་ཉིད་ངང་ལ་གདམས་ངག་དང་། །བསྐྱེད་རིམ་དམ་ཚིག་དང་བཅས་རྫོགས་པས་ན། །འབད་རྩོལ་རྒྱུ་འབྲས་ཆོས་ལ་བརྟེན་མི་དགོས། །འབད་མེད་དངོས་གྲུབ་ཡ་མཚན་རྨད་པོ་ཆེ། །མྱུར་དུ་འཐོབ་པ་རྫོགས་པ་ཆེན་པོ་ཡི། །ཁྱད་ཆོས་ཡིན་ནོ་སྐལ་ལྡན་སྙིང་གི་བུ། །དེ་ལྟར་ངེས་པར་ཉམས་སུ་བླང་གྱུར་ན། །སྤྲིན་རྣམས་ནམ་མཁའི་ངང་ལ་ཡལ་བ་བཞིན། །འཁོར་འདས་རྟོགས་ཚོགས་གདོད་མའི་གཞི་ལ་དག །ཉི་མའི་དཀྱིལ་འཁོར་སྒྲིབ་མེད་གསལ་བ་བཞིན། །རང་རིག་འོད་གསལ་ཆོས་སྐུ་མངོན་གྱུར་ནས། །བསད་པ་གསོ་ནུས་གསང་བ་གོ་ནུས་ཤིང་། །རྫུ་འཕྲུལ་སྣ་ཚོགས་བསྟན་ནས་འགྲོ་བ་འདུལ། །ས་ལམ་ཡོན་ཏན་མ་ལུས་རབ་རྫོགས་ནས། །གང་ཟག་དབང་པོ་རབ་རྣམས་ཚེ་འདིར་གྲོལ། །འབྲིང་ནི་འཆི་ཁ་ཐ་མ་བར་དོ་རུ། །ཀ་དག་གཞི་ལ་གྲོལ་ནས་ནང་དབྱིངས་སུ། །སྐུ་གསུམ་ཡེ་ཤེས་འབྲལ་མེད་རྟག་བཞུགས་ནས། །གང་ལ་གང་འདུལ་སྤྲུལ་པ་བཀྱེ་ནས་ཀྱང་། །འགྲོ་དོན་རྒྱུན་མི་འཆད་པར་མཛད་པ་འོ། །ཚིག་དོན་འདི་རྣམས་ཡིད་ལ་
ཟུངས་ཤིག་དང་། །སྐྱིད་པའི་ཉི་མ་ནང་ནས་འཆར་བར་ངེས། །དེ་འདྲའི་དགོངས་པ་གླུ་རུ་ལེན་མཁན་དེ། །བྱ་བཏང་ཚོགས་དྲུག་རང་གྲོལ་ཡིན་པར་སྣང་། །དགེ་འདིས་སྐལ་ལྡན་གདུལ་བྱ་མང་པོ་ཡི། །མ་རིག་ཉོན་མོངས་རྟོག་པའི་དྲི་མ་ཀུན། །ཀ་དག་གདོད་མའི་དབྱིངས་སུ་མྱུར་དག་ནས། །འབྲས་བུ་ཚེ་འདི་ཉིད་ལ་འཐོབ་པར་ཤོག །ཅེས་འོད་གསལ་རྫོགས་པ་ཆེན་པོའི་ཁྲེགས་ཆོད་ལྟ་བའི་གླུ་དབྱངས་ས་ལམ་མྱུར་དུ་བགྲོད་པའི་རྩལ་ལྡན་མཁའ་ལྡིང་གཤོག་རླབས་ཞེས་བྱ་བ་འདི་ནི། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རིག་པ་གཅེར་མཐོང་གི་ངོ་སྤྲོད། ཀུན་མཁྱེན་མཛོད་བདུན་དང་ཤིང་རྟ་གསུམ། རྫོགས་ཆེན་རྒྱབ་ཆོས་ནམ་མཁའ་སྐོར་གསུམ། ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། རྫོགས་ཆེན་མཁའ་འགྲོའི་སྙིང་ཐིག །སངས་རྒྱས་ལག་བཅང་སོགས་གཏེར་ཁ་དུ་མའི་རྫོགས་ཆེན་མང་པོ་ལ་གཞི་བྱས། བླ་མའི་མན་ངག་དང་རང་གི་ཉམས་མྱོང་གིས་ཟུར་བརྒྱན་ཏེ་དད་ལྡན་གྱི་སློབ་མ་མང་པོ་ལ་ཕན་ཕྱིར་༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པའི་རྒྱུར་གྱུར་ཅིག །རྡོ་རྗེའི་གླུ་འདི་ནི་ཐར་པ་དོན་དུ་གཉེར་བའི་སྐལ་ལྡན་ཀུན་ལ་ཕན་ཕྱིར་བླངས་པ་ཡིན་པས། ལེན་པའི་དུས་ནི་རྣལ་འབྱོར་པས་ལྟ་བ་སྐྱོང་བའི་དུས་སུ་ལེན་པའོ། །ལེན་ལུགས་ནི་རིག་
འཛིན་ཤྲཱི་སིང་ཧའི་ཞལ་ནས། སངས་རྒྱས་ཀྱི་ཐུགས་ཁྱབ་གདལ་དུ་གནས། སེམས་ཅན་གྱི་རིག་པ་དུམ་བུར་གནས། ནམ་མཁའ་ལྟར་རྒྱ་བསྐྱེད་པ་བོགས་ཆེའོ། །ཞེས་གསུངས་པ་ལྟར་རིག་པ་ནམ་མཁའ་ལྟར་རྒྱ་ཆེར་བསྐྱེད་དཔངས་བསྟོད་ཕྱལ་ཡས་སུ་བཏང་ནས་སེམས་ཉིད་ཁྱབ་གདལ་ཡངས་པའི་ངང་ནས་རྡོ་རྗེའི་གླུ་འདི་འཐེན་དང་ལྟ་སྒོམ་བོགས་འཐོན་པའོ།། །།
འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་གཅིག་ཆར་འབྱེད་པའི་ལྡེའུ་མིག
༄༅། །འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་གཅིག་ཆར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ།།
དུས་གསུམ་རྒྱལ་བའི་མེས་པོ་ཀུན་ཏུ་བཟང་། །རྡོར་སེམས་དགའ་རབ་འཇམ་དཔལ་བཤེས་གཉེན་དང་། །ཤྲཱི་སིང་ཧ་སློབ་དཔོན་པད་འབྱུང་སོགས། །དངོས་དང་བརྒྱུད་པའི་བླ་མར་སྙིང་ནས་འདུད། །མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ། །སྩོལ་མཛད་ཡི་དམ་ཞི་ཁྲོའི་ལྷ་ཚོགས་དང་། །ཕྲིན་ལས་ཐོགས་མེད་སྒྲུབ་པའི་མཐུ་ལྡན་པ། །མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གུས་པས་འདུད། །འོད་གསལ་རྫོགས་ཆེན་ལྷུན་གྲུབ་ཐོད་རྒལ་གྱི། །ཟབ་ལམ་འཆད་པའི་གནང་བ་སྩོལ་བ་དང་། །
སྐལ་ལྡན་སློབ་མ་རྣམས་ཀྱི་ཤེས་རྒྱུད་ལ། །སྣང་བཞིའི་ཡེ་ཤེས་སྐྱེ་བར་བྱིན་གྱིས་རློབས། །འོད་གསལ་ལྷུན་གྲུབ་སྣང་བཞིའི་ཏིང་འཛིན་གྱི། །སྒོ་འཕར་བརྒྱ་ཕྲག་གཅིག་ཆར་འབྱེད་མཛད་པའི། །གནད་ཀྱི་ཞལ་གདམས་རྡོ་རྗེའི་གླུ་དབྱངས་ལེན། །སྐལ་ལྡན་ལས་འཕྲོ་ཅན་རྣམས་གུས་པས་ཉོན།། ༈ །།ཨེ་མ་ཧོ། ཤིན་ཏུ་སྤྲོས་མེད་གསང་བ་ཆེན་པོ་ཡི། །ལྷུན་གྲུབ་ཐོད་རྒལ་གནད་ལ་བརྩོན་འགྲུས་ཅན། །ཚེ་འདི་ཉིད་ལ་གདོས་བཅས་འོད་ལུས་སུ། །དག་ནས་འཚང་རྒྱ་བྱེད་པའི་
གདམས་པ་འདི། །ཐེག་པ་གཞན་ལ་མིང་ཙམ་མ་གྲགས་པའི། །ཐེག་དགུའི་ཡང་རྩེ་རྫོགས་ཆེན་ཁྱད་ཆོས་ཡིན། །གནད་རྣམ་བདུན་གྱིས་ཐེག་པ་གཞན་ལས་འཕགས། །རིག་པ་གཅེར་མཐོང་ཉིད་དུ་རྟོགས་པའི་ཕྱིར། །དབང་པོ་རྣམས་ལ་རྣོ་རྟུལ་མེད་པའི་གནད། །ཆོས་ཉིད་དབང་པོས་བལྟ་རུ་ཡོད་པས་ན། །བློ་ཡི་ཡིད་དཔྱོད་ཙམ་ལ་མི་ལྟོས་གནད། །བླང་དོར་འབད་པའི་རྩོལ་སྒྲུབ་ལས་འདས་པས། །ན་སོ་ལ་ཡང་རྒན་གཞོན་མེད་པའི་གནད། །རང་རིག་ཡེ་ནས་དྲི་མ་དང་བྲལ་བས། །དཀར་ནག་ལས་ལ་
བཟང་ངན་མེད་པའི་གནད། །ཆོས་ཉིད་འོད་གསལ་མངོན་སུམ་མཐོང་བས་ན། །ཐ་སྙད་ཚིག་ལ་ཅུང་ཟད་མི་ལྟོས་གནད། །ཆོས་ཉིད་བསམ་བརྗོད་ཡུལ་ལས་འདས་པས་ན། །ལྟ་སྒོམ་གཞི་ལམ་འབྲས་བུར་མི་ལྟོས་གནད། །སྐུ་གསུམ་ལམ་སྣང་ཉིད་དུ་ཤེས་ནས་ཀྱང་། །ཁམས་གསུམ་འཁོར་བར་ཕྱིར་མི་ལྡོག་པའི་གནད། །མདོར་ན་ཐུན་མོང་ཐེག་པ་གཞན་དག་ལས། །གནད་ནི་བསམ་གྱིས་མི་ཁྱབ་འཕགས་ན་ཡང་། །བརྗོད་ཀྱིས་མི་ལངས་པས་ན་འདིར་མ་སྤྲོས། །ཁྲེགས་ཆོད་ལས་
ཀྱང་ཁྱད་པར་བདུན་གྱིས་འཕགས། །ཉམས་ལེན་ལག་ལེན་འདྲིལ་བའི་ཁྱད་པར་དང་། །ལུས་གནད་རྩ་ཡི་ཁྱད་པར་སྣང་བྱེད་སྒོའི། །ཁྱད་པར་མཐོང་བ་དབང་པོའི་ཁྱད་པར་དང་། །རང་སྣང་མངོན་སུམ་གཟིགས་པའི་ཁྱད་པར་དང་། །སྣང་བ་འོད་ཀྱི་ཁྱད་པར་ཉམས་སྣང་ཉིད། །གོང་འཕེལ་ཁྱད་པར་དང་བཅས་བདུན་གྱིས་འཕགས། །འགྲེལ་བཤད་ཀུན་མཁྱེན་དགོངས་པས་ཐེག་མཆོག་མཛོད། །ཚིག་དོན་མཛོད་ནས་རྒྱས་པར་བཤད་པའོ། །དེ་འདྲའི་གདམས་པ་ཉམས་སུ་ལེན་འདོད་ན། །དང་པོ་ཚེ་འདི་ཉིད་ལ་མ་ཆགས་པར། །འཇིག་རྟེན་བྱ་བ་ཐམས་ཅད་བློས་བཏངནས། །ཐེག་པ་འདི་ལ་ཉམས་ལེན་མི་ཞན་པའི། །མཚན་ལྡན་བླ་མ་བསམ་དང་སྦྱོར་བ་ཡིས། །ལོ་དང་ཟླ་བའི་བར་དུ་བསྟེན་པ་གནད། །སྨིན་བྱེད་དབང་ཞུས་གྲོལ་བྱེད་ཁྲིད་རིམ་རྣམས། །ཡང་ཡང་ཁྲིད་ནས་ཡིད་ལ་འབྱོར་པ་དགོས། །དེ་ནས་རྣམ་གཡེང་འདུ་འཛི་མེད་ས་རུ། །ཐུན་མོང་སྔོན་འགྲོ་ཚད་ལྡན་ཁྲིད་གཞུང་ལྟར། །སྔོན་དུ་བཏང་ནས་ཐོད་རྒལ་གཞི་མ་ལ། །ཁྲེགས་ཆོད་ལྟ་བ་གདེངས་སུ་གྱུར་པ་དགོས། །དེའི་ཕྱིར་ཁྲེགས་ཆོད་ལྟ་བ་གནད་
བསྣུན་ནས། །བརྟན་པ་ཐོབ་ནས་ཐོད་རྒལ་བསྒོམ་པ་གནད།། ༈ །།ཨེ་མ་ཧོ། སུས་ཐོབ་འཚེངས་པའི་ནོར་བུ་ལྟ་བུ་ཡི། །ཐོད་རྒལ་ཉམས་ལེན་འཁྲིད་རིམ་འདི་ལྟ་སྟེ། །སྒོ་གསུམ་བྱ་བ་དགུ་ཕྲུག་གཏོང་ཚུལ་དང་། །སྒོ་གསུམ་གནད་རྣམས་གཟིར་ཚུལ་གནད་གསུམ་གྱིས། །ཡེ་ཤེས་མངོན་སུམ་གཏན་ལ་འབེབས་ཚུལ་དང་། །གཏན་ལ་ཕབ་ནས་དངོས་གཞིའི་ངོ་སྤྲོད་དང་། །རྗེས་སུ་རྣལ་འབྱོར་བཞི་ཡིས་ཉམས་བླང་ཚུལ། །ཉམས་སུ་བླངས་ནས་སྣང་བཞི་འཆར་ཚུལ་དང་། །མཐའ་བརྟེན་མན་ངག་དང་བཅས་བདུན་ཡིན་ནོ།། ༈ །།ཨེ་མ་ཧོ། དང་པོ་སྒོ་གསུམ་བྱ་བ་གཏོང་ཚུལ་ནི། །ཆོས་ཉིད་ཡིད་བྱེད་ཙམ་དུ་མ་ལུས་པར། །མངོན་སུམ་རང་ཐོག་ཕབ་ནས་ཉམས་ལེན་ཚེ། །སྒོ་གསུམ་བྱ་བ་དགུ་ཕྲུག་གཏོང་དགོས་པས། །ལུས་ཀྱི་ཕྱི་ཡི་བྱ་བ་ཚེ་འདི་ཡི། །དགྲ་འདུལ་གཉེན་སྐྱོང་སོ་ནམ་ཐམས་ཅད་དང་། །ནང་གི་བྱ་བ་ཕྱག་དང་བསྐོར་བ་དང་། །གསང་བ་ལྷ་ཡི་གར་དང་ཕྱག་རྒྱ་སོགས། །སྤངས་ནས་གྲོགས་མེད་གཅིག་པུར་གནས་པར་བྱ། །ངག་གི་ཕྱི་ཡི་འཇིག་རྟེན་འཁྲུལ་གཏམ་
དང་། །ནང་གི་བྱ་བ་ཁ་ཏོན་བཟླས་བརྗོད་དང་། །གསང་བའི་བྱ་བ་རྩ་རླུང་བཟླས་པ་སོགས། །སྤངས་ཏེ་སྨྲ་མེད་ཉིད་དུ་གནས་པར་བྱ། །སེམས་ཀྱི་ཕྱི་ཡི་ཐ་མལ་འཁྲུལ་རྟོག་དང་། །ནང་གི་བྱ་བ་དད་དང་སྙིང་རྗེ་དང་། །གསང་བའི་བྱ་བ་བསྐྱེད་རྫོགས་སེམས་འཛིན་སོགས། །སྤངས་ཏེ་རྟོག་མེད་ལྷན་ནེར་གནས་པར་བྱ། །དེ་ལྟར་བྱ་བ་བཏང་བའི་དགོས་པ་ནི། །ལུས་ཀྱི་བྱ་བ་བཏང་བས་རང་ལུས་དལ། །རང་ལུས་དལ་བས་རྩ་རྣམས་ཤིན་ཏུ་དལ། །རྩ་རྣམས་དལ་བས་རླུང་སེམས་ཤིན་ཏུ་དལ། །རླུང་སེམས་དལ་བས་རྣམ་རྟོག་རང་ཤུགས་ཀྱིས། །འགག་ནས་འོད་གསལ་ཡེ་ཤེས་མྱུར་དུ་འཆར། །ལུས་ཀྱི་འབྱུང་བ་རྣམས་ནི་མ་འཁྲུགས་པས། །རྣལ་འབྱོར་ལུས་ལ་ན་ཚ་མི་འབྱུང་ངོ་། །ངག་གི་བྱ་བ་བཏང་བས་བརྗོད་མེད་ཀྱི། །ཏིང་འཛིན་སྐྱེ་ཞིང་ཀ་ཏི་ཤེལ་སྦུག་གི །རྩ་ཡི་ནང་དུ་རླུང་གི་རྒྱུ་བ་ནི། །རན་པར་རྒྱུ་བས་འོད་གསལ་འཕེལ་ཆེ་ཞིང་། །རླུང་ཀྱང་དལ་བར་རྒྱུ་བའི་སྟབས་ཀྱིས་ནི། །རྣལ་འབྱོར་པ་དེ་ཚེ་ཡང་རིང་བ་ཡིན། །སེམས་ཀྱི་བྱ་བ་བཏང་བས་རྣམ་རྟོག་གི །འཕྲོ་འདུ་དུས་གཅིག་ཉིད་ལ་འགག་པ་དང་། །
ཁྲེགས་ཆོད་རང་བབ་རྒྱུད་ལ་སྐྱེ་བ་ཡིན།། ༈ །།ཨེ་མ་ཧོ། གཉིས་པ་སྒོ་གསུམ་གནད་རྣམས་གཟིར་ཚུལ་ལ། །དང་པོ་ལུས་གནད་སྐུ་གསུམ་བཞུགས་སྟངས་ཀྱི། །ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། །འབོལ་སྟན་སྟེང་དུ་རྐང་མཐིལ་གཉིས་སྤྲད་པས། །ལུས་ཀྱི་འབྱུང་བ་ཐམས་ཅད་ཆ་སྙོམས་ཤིང་། །ལུས་ཉམས་འགྱིང་ཚུལ་ལྟ་བུར་བསྡད་པ་ཡིས། །ལས་རླུང་གནོན་ཅིང་ཡེ་ཤེས་རླུང་རྣམས་འཕེལ། །ལག་སོར་ཚིགས་བསྐུམས་བརླ་ཡི་ཕྱིའམ་ནང་། །ས་ལ་བཙུགས་པས་འཕྲོ་བ་ལས་ཀྱི་རླུང་། །ལྡོག་ཅིང་རོ་སྟོད་དྲང་པོར་བསྲངས་པ་ཡིས། །ཉམས་སྣང་མྱུར་དུ་འཆར་བའི་དགོས་པ་ཡོད། །མཇིང་པ་ཡིད་ཙམ་གྱེན་ལ་བོར་བ་ཡིས། །དབྱིངས་རིག་གཉིས་དང་འདུ་འབྲལ་མེད་པའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། །འབོལ་སྟན་སྟེང་དུ་ཁ་སྦུབས་ཉལ་བ་ཡིས། །ལུས་ཀྱི་འཚོགས་པའི་ཆོས་རྣམས་བཅར་ལ་གནོན། །པུས་མོ་གཉིས་ཀ་བྲང་ལ་སྦྱར་བ་ཡིས། །བདེ་དྲོད་སྐྱེ་ཞིང་ཁམས་རྣམས་རྒྱས་པ་དང་། །རྐང་པའི་སོར་མོ་འཕོངས་ཀྱི་ཕྱི་རོལ་
དུ། །ཕུལ་ཏེ་བསྐུམས་པས་བྱིང་རྒོད་ཆ་སྙོམ་མོ། །ལག་གཉིས་གྲུ་མོ་སར་བཙུགས་ལག་མཐིལ་གཉིས། །ཨོལ་ཀོ་བརྟེན་ཅིང་སོར་མོ་འགྲམ་སྦྱར་བས། །དབྱིངས་ལ་རིག་པ་འདྲེན་ཅིང་མཇིང་པ་ཉིད། །གྱེན་ལ་བཏེག་པས་དབྱིངས་རིག་འདུ་འབྲལ་མེད། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། །འབོལ་སྟན་སྟེང་དུ་ཙོག་པུར་བསྡད་ནས་ཀྱང་། །རྐང་པའི་ལོང་བུ་གཉིས་ནི་གཤིབས་པ་ཡིས། །ཐབས་དང་ཤེས་རབ་འབྲེལ་བ་འབྱུང་བར་བྱེད། །རྐང་པའི་མཐིལ་གཉིས་ས་ལ་ཕབ་པ་ཡིས། །གཟུང་འཛིན་ལས་ཀྱི་རླུང་གཉིས་གནོན་པར་བྱེད། །པུས་བྲང་སྦྱར་བས་ལུས་ཀྱི་འབྱུང་བ་རྣམས། །ཆ་སྙོམ་ལུས་སྤྱི་དྲང་པོར་བསྲངས་པ་ཡིས། །རྩ་མི་འཆུས་ཤིང་རླུང་ཀྱང་ངང་གིས་དལ། །ལག་གཉིས་བསྣོལ་བས་པུས་མོར་བསྐོར་བ་ཡིས། །དབྱིངས་དང་རིག་པ་འདྲེས་པར་བྱེད་པའོ། །དེ་ལྟར་བཞུགས་སྟངས་བྱས་པའི་དགོས་པ་ནི། །ཆོས་སྐུའི་བཞུགས་སྟངས་བྱས་པས་གནས་སྐབས་སུ། །ནང་གི་ལུས་ཀྱི་འབྱུང་བ་ཆ་སྙོམས་ཤིང་། །མཐར་ཐུག་གནས་ལུགས་རིག་པའི་དོན་རྟོགས་སོ། །ལོངས་སྐུའི་བཞུགས་
སྟངས་བྱས་པས་གནས་སྐབས་སུ། །གཡོ་བྱེད་རླུང་ཟིན་མཐར་ཐུག་ལྷུན་གྲུབ་ཀྱི། །འོད་ལྔའི་ཡེ་ཤེས་མྱུར་དུ་འཆར་བར་བྱེད། །སྤྲུལ་སྐུའི་བཞུགས་སྟངས་བྱས་པས་གནས་སྐབས་སུ། །ལུས་ལ་དྲོད་སྐྱེས་མཐར་ཐུག་མ་དག་པའི། །འཁྲུལ་སྣང་ཞིང་ཁམས་ཉིད་དུ་འཆར་བར་བྱེད། །གཞན་ཡང་ཆོས་སྐུའི་བཞུགས་སྟངས་བྱས་པ་ཡིས། །སངས་རྒྱས་མཁྱེན་པ་ཚེ་འདིར་རྫོགས་པར་བྱེད། །ལོངས་སྐུའི་བཞུགས་སྟངས་བྱས་པས་འདི་ཉིད་ལ། །སངས་རྒྱས་ཞིང་ཁམས་མངོན་སུམ་མཐོང་བར་འགྱུར། །སྤྲུལ་སྐུའི་བཞུགས་སྟངས་བྱས་པས་ཚེ་འདི་རུ། །འགྲོ་དོན་ཐོགས་པ་མེད་པར་འགྲུབ་པར་གསུངས། །བཞུགས་སྟངས་གསུམ་ལས་གཡོ་བར་མ་བྱས་ན། །སངས་རྒྱས་སུམ་སྟོང་ཉིད་དང་སྐལ་མཉམ་ཞེས། །གསང་བ་སྤྱོད་པའི་རྒྱུད་ལས་གསུངས་པའོ། །གཉིས་པ་ངག་གི་གནད་ནི་སྨྲ་བ་རྣམས། །ཇེ་ཉུང་ཇེ་ཉུང་བཏང་ནས་ཐ་མལ་གྱི། །གཏམ་རྣམས་བཅད་ལ་ཐུན་ནི་ཆུང་ངུར་བསླབ། །དེ་ནས་རིམ་བཞིན་ཐུན་ནི་ཇེ་རིང་གཏོང་། །སྔགས་དང་བཟླས་བརྗོད་ལ་སོགས་མི་དགག་ཅིང་། །
གཞན་ལ་ཚིག་འབྲུ་གཅིག་ཀྱང་མི་བཤད་དོ། །འདི་ཡི་དུས་སུ་དཔེ་དང་བརྡ་ཙམ་གྱིས། །སྟོན་པར་བྱེད་པ་དག་ལ་གནས་པའོ། །དེ་ནས་རིམ་བཞིན་བཟླས་བརྗོད་ཇེ་ཉུང་གཏོང་། །ཐ་མ་བཟླས་བརྗོད་ཐམས་ཅད་ཅམ་གྱིས་བསྐྱུར། །བརྗོད་དུ་མེད་པའི་ངང་ལས་མི་འདའ་ཞིང་། །ལུས་ཀྱི་དཔེ་བརྡ་ཙམ་ཡང་མི་བྱའོ། །དེ་ལྟར་བྱས་པའི་དགོས་པ་ཕ་རོལ་གྱི། །གཞན་ལ་ངག་མ་འདྲེས་པས་ལུས་འབྱོངས་ཏེ། །ལུས་འབྱོངས་རྟགས་སུ་སངས་རྒྱས་བྱང་སེམས་དང་། །མཁའ་སྤྱོད་མཁའ་འགྲོ་རྣམས་ཀྱི་བྱིན་གྱིས་རློབས། །ལུས་ནི་སྒྱུ་མའི་སྐུ་རུ་གྲོལ་བའོ། །དེ་ནས་བཟླས་བརྗོད་བཀག་པས་ངག་འབྱོངས་ཏེ། །དེ་ཡི་རྟགས་སུ་མི་མ་ཡིན་རྣམས་ཀྱིས། །བརྡ་དང་གཏམ་རྣམས་ཟེར་བ་དག་ཀྱང་འོང་། །བརྗོད་པ་ཐམས་ཅད་བཀག་པས་ཡིད་འབྱོངས་ཏེ། །དེ་ཡི་རྟགས་སུ་སྔོན་དུ་མི་མ་ཡིན། །གཟུགས་མཐོང་དེ་ནས་མངོན་ཤེས་དམ་དུམ་འཆར། །ཁྱད་པར་གནས་སྐབས་འཁྲུལ་གཏམ་ཉོན་མོངས་རྣམས། །མི་འཕེལ་མཐར་ཐུག་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་ཀློང་དུ་མྱ་ངན་འདའ་བའོ། །གསུམ་པ་སེམས་གནད་ནམ་
མཁའ་སྟོང་སང་ལ། །མིག་ཤས་འགྱུར་བ་མེད་པར་གཏད་ནས་ཀྱང་། །ནམ་མཁའ་རང་སེམས་འདྲེས་པ་ལྟ་བུ་ཡི། །ཤེས་པ་དྲག་ཏུ་གཅུན་པས་རང་རིག་ཉིད། །གསལ་སྟོང་ལྷག་གེར་འཆར་བར་འགྱུར་བའོ། །དེ་ཡི་གནས་སྐབས་རང་རིག་མངོན་སུམ་དུ། །གསལ་བར་མཐོང་བས་མཐར་ཐུག་ལྷག་མེད་དུ། །འཚང་རྒྱའི་དགོས་པ་ཡོད་དོ་སྐལ་ལྡན་ཀུན།། ༈ །།ཨེ་མ་ཧོ། གསུམ་པ་སྒོ་ཡུལ་རླུང་རིག་གནད་གསུམ་གྱིས། །ཡེ་ཤེས་མངོན་སུམ་གནད་ལ་འབེབས་ཚུལ་ནི། །དེ་ཡང་དཔེར་ན་དོན་སྙིང་ལ་སོགས་ལ། །མཚོན་གྱིས་ཕོག་ན་ཅིས་ཀྱང་མི་འཚོ་ལྟར། །སྒོ་ཡུལ་རླུང་རིག་གནད་གསུམ་མན་ངག་གིས། །ཆོས་ཉིད་འོད་གསལ་འགྱུར་བའི་ས་མེད་དེ། །སྒོ་ཡི་གནད་ཀྱིས་མངོན་སུམ་མཐོང་བར་བྱེད། །ཡུལ་གྱི་གནད་ཀྱིས་འགྱུར་བ་མེད་པར་བྱེད། །རླུང་རིག་གནད་ཀྱིས་ཚད་ལ་ཕེབས་པར་བྱེད། །དེ་ཡང་སྒོའི་གནད་དཔེར་ན་སོ་པ་འདྲ། །ཡུལ་གྱི་གནད་ནི་མགྲོན་ཁང་མགྲོན་པོ་འདྲ། །རླུང་གི་གནད་ནི་ཇག་པ་འདྲ་བ་ཡིན། །སོ་པས་ཐེབ་ཚེ་ཇག་པ་མི་འཁྱུ་ལྟར། །དབང་པོའི་སྒོ་
རྣམས་མ་འགུལ་རླུང་དལ་ཏེ། །མགྲོན་པོ་མགྲོན་ཁང་ཕྱིན་ནས་སྡོད་པ་ལྟར། །ཡེ་ཤེས་ཡུལ་དུ་མངོན་སུམ་མཐོང་བའོ། །དང་པོ་འཆར་བྱེད་སྒོ་ཡི་གནད་ཉིད་ནི། །ཐ་མལ་པ་ལྟར་བལྟས་པས་འོད་གསལ་གྱི། །ཡེ་ཤེས་མི་འཆར་ཅུང་ཟད་འཆར་ན་ཡང་། །གོང་ནས་གོང་དུ་འཕེལ་བར་མི་འགྱུར་བས། །སྒོ་གནད་གཟིགས་སྟངས་གསུམ་ལ་བསླབ་པ་གནད། །དེ་ཡང་རིག་པའི་ཡེ་ཤེས་ཙིཏྟ་ཡི། །སྦུབས་ན་བུམ་ནང་མར་མེ་ལྟར་གསལ་བའི། །རང་གདངས་ཀ་ཏི་ཤེལ་སྦུག་འོད་ཀྱི་རྩ། །དར་སྐུད་བརྐྱངས་པ་ལྟ་བུའི་ལམ་བརྒྱུད་ནས། །མིག་གི་སྒོ་རུ་འཆར་བས་ཆོས་སྐུ་ཡི། །གཟིགས་སྟངས་གྱེན་དུ་ལྡོག་ནས་གཙུག་ཏོར་གྱི། །རྣམ་པར་བལྟ་ཞིང་ལོངས་སྐུའི་གཟིགས་སྟངས་ཀྱིས། །གཡས་གཡོན་ཟུར་འཁྲིད་མདའ་སྨྱུག་སྲོང་ལྟར་བལྟ། །སྤྲུལ་སྐུའི་གཟིགས་སྟངས་མིག་གཉིས་ཕྱེད་བཙུམས་ཏེ། །ཅུང་ཟད་ཐུར་ལ་ཕབ་ནས་དྲང་སྲོང་གི །བསམ་གཏན་བསྒོམ་པ་བཞིན་དུ་བལྟ་བར་བྱ། །ཆོས་སྐུ་གྱེན་ལ་ལྡོག་ནས་བལྟས་པ་ཡིས། །བག་ཆགས་ཐུར་ལ་སེལ་བའི་དགོས་པ་ཡོད། །ལོངས་སྐུའི་ཟུར་ལ་མཉམ་པོར་བལྟས་པ་
ཡིས། །འཁོར་འདས་རོ་མཉམ་ཉིད་དུ་བསྲེ་བར་བྱེད། །སྤྲུལ་སྐུའི་ཐུར་ལ་ཕབ་ནས་བལྟས་པ་ཡིས། །ཡེ་ཤེས་སྣང་བ་དངོས་སུ་འཕེལ་བའོ། །གཉིས་པ་ཡུལ་གྱི་གནད་ནི་རང་རིག་གི །རང་གདངས་ནང་ནས་ཕྱི་རོལ་འཆར་བ་ལ། །ཕྱི་ཡི་དངོས་པོ་རགས་པ་ས་དང་ཆུ། །མེ་དང་རླུང་ལ་གཏད་པས་མི་འོང་བས། །གནས་ནི་རྐྱེན་བྲལ་དྭངས་ཤིང་མཐོ་བའི་སར། །ཡུལ་རྐྱེན་བྲལ་བ་ནམ་མཁའ་གཡའ་དག་དུས། །དབང་པོ་རྐྱེན་དང་བྲལ་བ་མིག་གཉིས་ཀྱིས། །སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུའམ། །འོད་གསལ་འཆར་སྣང་བདེ་ཕྱིར་ཟེར་གཉིས་སྦྱར། །སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ། །དེ་ཡང་ཉི་མ་ལས་ནི་ཁྲུ་གང་གི །འོག་གི་ནམ་མཁའ་སྟོང་སང་དེ་ལ་བལྟ། །དེ་ལྟར་ཕྱི་ཡི་ནམ་མཁའ་སྟོང་པ་ལ། །རིག་པ་སྟོང་པས་གཏད་པས་སྟོང་གསལ་ཉམས། །འཕྲོ་འདུ་དང་བཅས་ཕྱལ་ཡས་པ་ཞིག་འཆར། །དངོས་པོ་མཚན་མ་བྲལ་བའི་དགོས་པ་ཡོད། །གསུམ་པ་རླུང་རིག་གནད་ནི་དལ་བ་ལ། །བརྟེན་ནས་རིག་པ་བཙོན་དུ་གཟུང་བར་བྱ། །རླུང་གནད་སྣ་ནས་མི་གཏོང་ཁ་ནས་གཏོང་། །སོ་དང་
མཆུ་གཉིས་བག་ཙམ་མ་རེག་པར། །ཤིན་ཏུ་དལ་བུས་འབྱུང་འཇུག་བྱེད་པ་ནི། །ཐེག་པ་འདི་ཡི་རང་ལུགས་ཡིན་པའི་ཕྱིར། །འདི་ཉིད་རླུང་གནད་གལ་པོ་ཆེ་ཞིག་ཡིན། །དེ་ལྟར་བྱས་པས་རླུང་ཡང་རབ་ཏུ་དལ། །ཕྱི་ལྟར་རྣལ་འབྱོར་ཚེ་རྒྱས་གྲོགས་སུ་འགྲོ། །ནང་དུ་རྣམ་རྟོག་ནུབ་པའི་རྐྱེན་བྱེད་ཅིང་། །གསང་བ་ཉམས་སྣང་འཕེལ་བའི་གཞི་བྱས་ནས། །ཟག་བཅས་མི་སྣང་འཚང་རྒྱ་ནུས་པར་བྱེད། །རིག་པའི་གནད་ནི་རྡོ་རྗེ་ལུ་གུ་རྒྱུད། །དབྱིངས་ཀྱི་རྭ་བར་བཞག་ནས་འབྲལ་མི་བྱ། །དེ་ལྟར་ལུག་རྒྱུད་ཨར་ལ་གཏད་པ་ཡིས། །རྣམ་རྟོག་ཟད་ནས་འཁྲུལ་པ་གཞི་ལ་སངས། །ཡེ་ཤེས་མ་བུ་འཕྲད་ཅིང་རིག་པ་ཉིད། །རླུང་དང་བྲལ་ནས་འགྲོ་འོང་མེད་པ་ཡི། །རིག་པ་རང་བྱན་ཚུད་པའི་དགོས་པ་ཡོད། །དེ་ལྟར་བཞུགས་སྟངས་སྒོ་ཡུལ་རླུང་རིག་གནད། །བཅིངས་ནས་ཉི་འོག་ཁྲུ་གང་མཚམས་བལྟས་པས། །ཕྱི་ཡི་དབྱིངས་ནི་ནམ་མཁའ་སྟོང་པ་ལ། །ནང་དབྱིངས་རྣམ་དག་སྒྲོན་མ་ཞེས་བྱ་བ། །སྨིན་མཚམས་ལས་ཀྱང་མཆེད་དེ་ལྔ་ལྡན་གྱི། །འཇའ་ཚོན་ལྟ་བུར་ཤིན་ཏུ་གསལ་བར་འཆར། །དེའི་ནང་ཐིག་ལེ་སྟོང་པའི་སྒྲོན་མ་ནི།
དཔེར་ན་རྫིང་ནང་རྡོ་འཕངས་རི་མོ་བཞིན། །ཐོག་མར་འལ་འོལ་དག་ཏུ་སྣང་བ་ལས། །ཐ་མར་ཐིག་ལེ་གསལ་མདངས་ཅན་དུ་འཆར། །རིག་པ་རྡོ་རྗེ་ལུག་རྒྱུད་ཅེས་བྱ་བ། །རྟ་རྔ་མདུད་པ་བཏབ་འདྲ་གསེར་སྐུད་དང་། །མུ་ཏིག་ཕྲེང་བ་མེ་ཏོག་ཆུན་པོ་དང་། །ལྕགས་ཐག་ལྟ་བུ་ཐོག་མར་སྨིག་རྒྱུ་ལྟར། །འལ་འོལ་འགུལ་འཁྲིགས་བྱེད་ཅིང་འཆར་བའོ། །ལྟ་སྟངས་ཀྱིས་འཁྲིད་དབྱིངས་ཀྱི་ར་བ་རུ། །བཅུག་ནས་གཡོ་མེད་བལྟ་བ་གནད་ཡིན་ནོ། །ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་བ། །ཀ་དག་ལྷུན་གྲུབ་གཉིས་མེད་ཡེ་ཤེས་ཀྱི། །ཤེས་པ་གསལ་སྟོང་འཛིན་མེད་དེ་ལ་ཟེར། །དེ་ལྟར་སྒྲོན་མ་བཞི་ཡི་ཉམས་བླངས་པས། །དབྱིངས་རིག་སྨིན་མཚམས་དག་ལས་བྲལ་ནས་ཀྱང་། །གསལ་འགྲིབ་མེད་པར་འཆར་བའི་ཉམས་སྣང་ནི། །རིམ་གྱིས་སྐྱེ་བར་འགྱུར་རོ་སྐལ་ལྡན་ཀུན། །དེ་ཡི་གནས་སྐབས་རིག་པའི་ཡེ་ཤེས་ཉིད། །མངོན་སུམ་མཐོང་བས་མ་རིག་པ་དང་བྲལ། །ཚེ་དུས་བྱས་ཀྱང་བདེན་པ་མཐོང་བ་ཡིས། །རང་བཞིན་སྤྲུལ་སྐུའི་ཞིང་དུ་སྐྱེ་བ་ལེན། །ཉམས་སུ་བླངས་ན་སྣང་བཞི་མཐར་ཕྱིན་
ནས། །ལྷག་མ་མེད་པར་འཚང་རྒྱའི་དགོས་པ་ཡོད།། ༈ །།ཨེ་མ་ཧོ། བཞི་པ་དངོས་གཞི་ངོ་སྤྲོད་ཚུལ་ལ་གཉིས། །དང་པོ་རིག་པའི་རྩལ་དབང་བསྐུར་བ་ནི། །དེ་ཡང་ཡར་ངོའི་ཚེས་བཅུ་དགེ་བ་ལ། །རི་རྩེ་དབེན་ཞིང་ནམ་མཁའ་མཐོང་རྒྱ་ཆེ། །སྤྲིན་དང་ན་བུན་མེད་ཅིང་ཤིན་ཏུ་དྭངས། །མངོན་སུམ་འོད་གསལ་འཆར་སྣང་བདེ་གནས་སུ། །སྔ་དྲོ་ཉི་མ་རྩེ་ཤར་ཟེར་གྱི་དུས། །ཕུན་སུམ་ཚོགས་པའི་ཚོགས་ཀྱི་འཁོར་ལོ་བསྐོར། །བླ་མ་མཐོ་བའི་ཁྲི་ལ་ལེགས་པར་འཁོད། །གསེར་གྱི་མཎྜལ་ལ་སོགས་ཕུལ་ནས་ཀྱང་། །སློབ་མས་བླ་མར་གསོལ་བ་འདི་ལྟར་གདབ། །ཨེ་མ་བླ་མ་རྡོ་རྗེ་འཛིན་པ་ཆེ། །བདག་ནི་འཁོར་བའི་མཚོ་ལས་བསྒྲལ་བའི་ཕྱིར། །བླ་མེད་རྡོ་རྗེ་ཐེག་པའི་གསང་ལམ་ཆེ། །དོན་དམ་རིག་པའི་རྩལ་དབང་བསྐུར་དུ་གསོལ། །ཞེས་པ་ལན་གསུམ་གསོལ་བ་འདེབས་སུ་གཞུག །དེ་ནས་སློབ་དཔོན་ཐུགས་ཀར་ཡི་གེ་ཨ། །མཐིང་ག་ཤིན་ཏུ་གསལ་བ་གཅིག་བཀོད་ལ། །སློབ་མ་རྣམས་ལ་སེམས་ནི་མ་ཡེངས་པར། །མིག་གིས་འདི་ལ་ལྟོས་ཞེས་བརྡ་སྤྲད་ལ། །བླ་མས་ཌཱ་མ་རུ་ཡི་སྒྲ་དང་བཅས། །
བརྒྱུད་པའི་གསོལ་འདེབས་སྙན་པའི་གསུང་དབྱངས་ཀྱིས། །སློབ་མའི་སྣང་བ་མ་འགྱུར་བར་དུ་བརྗོད། །བརྒྱུད་པའི་གསོལ་འདེབས་བྱིན་ནི་ཕབ་པའི་མཐར། །དཔོན་སློབ་ཀུན་གྱི་ཤེས་པ་གློད་ལ་བཞག །ཡིད་ལ་མེད་པ་ཞིག་ཏུ་ཕཊ་ཀྱི་སྒྲ། །དྲག་པོ་བརྗོད་དེ་སེམས་ཉིད་གང་ཡིན་ཞེས། །ལན་གསུམ་བར་དུ་བླ་མས་བརྗོད་པ་ཡིས། །སློབ་མ་རྣམས་ཀྱང་ཅི་ཟེར་གཏད་པ་དང་། །བྲལ་ནས་ཧད་དེ་ཕྱད་དེ་ལུས་པའི་ཚེ། །རིག་པ་མ་བཅོས་ལྷག་གེར་ཤར་བ་ནི། །མ་མཐོང་བ་ཡི་མཐོང་བ་ཆེན་པོ་སྟེ། །ཆོས་སྐུའི་ངང་དུ་ཡེ་ཤེས་ཕབ་པ་ཡིན། །དེ་ནས་འཇུག་པ་དངོས་ནི་སློབ་མ་རྣམས། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ཙོག་པུར་འདུག །མིག་གིས་རིམ་པ་བཞིན་དུ་ཕྱོགས་བཞིར་བལྟ། །སངས་རྒྱས་ཞིང་ཁམས་ཡིད་ལ་བྱར་གཞུག་ཅིང་། །བླ་མས་སློབ་མ་ཉིད་ལ་འདི་སྐད་བརྗོད། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན། །འདི་ནས་ཤར་གྱི་ཕྱོགས་ཀྱི་འཇིག་རྟེན་ཁམས། །གྲངས་མེད་མང་པོ་འདས་པའི་ཕ་རོལ་གྱི། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །མངོན་པར་དགའ་བའི་ཞིང་
ཁམས་ཞེས་བྱ་བ། །བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མས་བརྒྱན། །མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས། །ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད། །སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན། །བཅོམ་ལྡན་རྡོ་རྗེ་སེམས་དཔའ་ཞེས་བྱ་བ། །སྐུ་མདོག་དཀར་པོ་དར་དང་རིན་པོ་ཆེ། །ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཞིག་བཞུགས་སོ། །འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས། །དེ་རྣམས་སྟོན་པ་ཉིད་ལ་ཆོས་གསན་ཅིང་། །རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ། །ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན། །ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད། །རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད། །སྐལ་ལྡན་བུ་ཁྱོད་ཤར་ཕྱོགས་ཞིང་ཁམས་དེར། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས་ལྟོས་ལ། །སེང་གེའི་མཆོངས་སྟངས་བཟང་པོས་མཆོངས་ཤིག་བུ། །མངོན་པར་དགའ་བའི་ཞིང་ཁམས་བསྟན་པ་ཡིན། །སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས། །སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག །ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས། །མཇུག་ཏུ་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །ཨེ་མ་སྐལ་
ལྡན་སེམས་ཀྱི་བུ་ཁྱོད་ཉོན། །འདི་ནས་ལྷོ་ཡི་ཕྱོགས་ཀྱི་འཇིག་རྟེན་ཁམས། །གྲངས་མེད་མང་པོ་འདས་པའི་ཕ་རོལ་གྱི། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བྱ་བ། །བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མ་ལྡན། །མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས། །ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད། །སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན། །བཅོམ་ལྡན་རིན་ཆེན་འབྱུང་ལྡན་ཞེས་བྱ་བ། །སྐུ་མདོག་སེར་པོ་དར་དང་རིན་པོ་ཆེ། །ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཞིག་བཞུགས་སོ། །འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས། །དེ་རྣམས་སྟོན་པ་ཉིད་ལ་ཆོས་ཉན་ཅིང་། །རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ། །ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན། །ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད། །རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད། །སྐལ་ལྡན་བུ་ཁྱོད་ལྷོ་ཕྱོགས་ཞིང་ཁམས་དེར། །སེང་གེའི་ལྟ་སྟངས་ཉིད་ཀྱིས་བལྟས་ནས་ཀྱང་། །སྟག་མོའི་མཆོངས་སྟངས་བཟང་པོས་མཆོངས་ཤིག་བུ། །དཔལ་དང་
ལྡན་པའི་ཞིང་ཁམས་བསྟན་པ་ཡིན། །སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས། །སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག །ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས། །མཇུག་ཏུ་སྟོང་པ་ཉིད་ཀྱི་རྒྱས་བཏབ་བོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན། །འདི་ནས་ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་ཁམས། །གྲངས་མེད་མང་པོ་འདས་པའི་ཕ་རོལ་ན། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །བདེ་བ་ཅན་གྱི་ཞིང་ཁམས་ཞེས་བྱ་བ། །བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མ་ལྡན། །མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས། །ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད། །སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན། །བཅོམ་ལྡན་སྣང་བ་མཐའ་ཡས་ཞེས་བྱ་བ། །སྐུ་མདོག་དམར་པོ་དར་དང་རིན་པོ་ཆེ། །ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཞིག་བཞུགས་སོ། །འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས། །དེ་རྣམས་སྟོན་པ་ཉིད་ལ་ཆོས་ཉན་ཅིང་། །རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་ཏེ། །ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན། །ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད། །རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་
ཁམས་ཡོད། །སྐལ་ལྡན་བུ་ཁྱོད་ནུབ་ཕྱོགས་ཞིང་ཁམས་དེར། །དཔལ་གྱི་རྔམ་སྟབས་ཉིད་ཀྱིས་བལྟས་ནས་ཀྱང་། །ཁྱུང་གི་འཕུར་ལྡིང་བཟང་པོས་འཕུར་ཅིག་བུ། །བདེ་བ་ཅན་གྱི་ཞིང་ཁམས་བསྟན་པ་ཡིན། །སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས། །སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག །ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས། །མཇུག་ཏུ་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན། །འདི་ནས་བྱང་གི་ཕྱོགས་ཀྱི་འཇིག་རྟེན་ཁམས། །གྲངས་མེད་མང་པོ་འདས་པའི་ཕ་རོལ་གྱི། །ཅུང་ཟད་སྟེང་དུ་འཕགས་པའི་ཡུལ་ས་ན། །ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བྱ་བ། །བདེ་འཇམ་ཡངས་ཤིང་ཡོན་ཏན་དུ་མ་ལྡན། །མཛེས་ཤིང་ཡིད་འོང་བལྟ་བས་ཆོག་མི་ཤེས། །ཤིན་ཏུ་ཉམས་དགའ་སངས་རྒྱས་ཞིང་ཁམས་ཡོད། །སྤྲུལ་པ་སྐུ་ཡི་ཞིང་ཁམས་དེ་ཉིད་ན། །བཅོམ་ལྡན་དོན་ཡོད་གྲུབ་པ་ཞེས་བྱ་བ། །སྐུ་མདོག་ལྗང་གུ་དར་དང་རིན་པོ་ཆེ། །ལོངས་སྐུའི་རྒྱན་གྱིས་བརྒྱན་པ་ཞིག་བཞུགས་སོ། །འཁོར་ཡང་བྱང་ཆུབ་སེམས་དཔའ་གྲངས་མེད་བཞུགས། །དེ་
རྣམས་སྟོན་པ་ཉིད་ལ་ཆོས་ཉན་ཅིང་། །རང་གི་ཉེ་འཁོར་རྣམས་ལ་ཆོས་སྟོན་སྟེ། །ཕུན་སུམ་ཚོགས་པའི་ཞིང་ཁམས་དེ་ཉིད་ན། །ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད། །རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད། །སྐལ་ལྡན་བུ་ཁྱོད་བྱང་ཕྱོགས་ཞིང་ཁམས་དེར། །རྡོ་རྗེ་འཆང་གི་ལྟ་སྟངས་ཀྱིས་ལྟོས་ལ། །གློག་དམར་འཁྱུག་སྟངས་བཟང་པོས་སོང་ཞིག་བུ། །ལས་རབ་གྲུབ་པའི་ཞིང་ཁམས་བསྟན་པ་ཡིན། །སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས། །སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག །ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས། །མཇུག་ཏུ་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །དེ་ནས་སློབ་མ་སྐྱིལ་མོ་ཀྲུང་གིས་འདུག །མིག་གཉིས་གྱེན་དུ་ལྡོག་ནས་མཁའ་ལ་བལྟ། །དབུས་ཕྱོགས་དུར་ཁྲོད་མེ་རི་འབར་བའི་ཞིང་། །ཡིད་ལ་བྱར་གཞུག་བླ་མས་འདི་སྐད་བརྗོད། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་ཁྱོད་ཉོན། །འདི་ནས་སྟེང་གི་ཕྱོགས་ཀྱི་འཇིག་རྟེན་ན། །དུར་ཁྲོད་མེ་རི་འབར་བའི་ཞིང་ཁམས་ཞེས། །ཉིན་པར་རླུང་འཚུབ་མཚན་མོ་མེ་འབར་ཞིང་། །མི་མགོ་སྐམ་རློན་རྙིང་པའི་གཞལ་ཡས་བརྩེགས། །ཞིང་པགས་
སྒོ་ཁེབ་ཉི་ཟླའི་སྐར་ཁུང་གསལ། །ཞིང་ཆེན་ཞིང་ཆུང་འཕན་གདུགས་རྒྱལ་མཚན་འཕྱར། །ཤིན་ཏུ་འཇིགས་རུང་སྐྱི་གཡའི་ཞིང་ཁམས་ཡོད། །རབ་འཇིགས་ཞིང་ཁམས་དེ་ན་རིགས་ཀྱི་བདག །བཅོམ་ལྡན་གཞོན་ནུ་དཔའ་བོ་སྟོབས་ལྡན་ཞེས། །ཐུགས་ནི་ཞི་བའི་ངང་ལས་མ་གཡོས་ཀྱང་། །ཁྲོ་བོའི་ཆ་བྱད་བསྟན་པ་ཞིག་བཞུགས་སོ། །འཁོར་ཡང་རིག་འཛིན་དཔའ་བོ་མཁའ་འགྲོ་མ། །བསམ་གྱིས་མི་ཁྱབ་བཞུགས་ཤིང་ཐམས་ཅད་ནི། །ཁྲོ་བོའི་གཉེར་མ་ལྡན་པ་ཤ་སྟག་གོ །དེ་རྣམས་རིགས་ཀྱི་བདག་པོར་ཆོས་ཉན་ཅིང་། །རང་གི་ཉེ་འཁོར་རྣམས་ལ་གསང་སྔགས་ཀྱི། །ཆོས་ཉིད་རྣམ་པར་དག་པའི་ཆོས་སྟོན་ཏེ། །འཇིགས་རུང་བཟོད་པར་དཀའ་བའི་གཞལ་ཡས་ན། །ངོ་མཚར་མ་བྲིས་པ་ཡི་དཀྱིལ་འཁོར་ཡོད། །རྫོགས་ཆེན་ལྷ་ཡི་དཀྱིལ་འཁོར་ཞིང་ཁམས་ཡོད། །བུ་ཁྱོད་འཇིགས་སྣང་རྣམ་རྟོག་མི་སྐྱེད་པར། །དབུས་ཕྱོགས་མེ་རི་འབར་བའི་ཞིང་ཁམས་དེར། །གླང་པོ་ཆེ་ཡི་ལྟ་སྟངས་ཀྱིས་ལྟོས་ལ། །སེང་གེའི་མཆོངས་སྟངས་བཟང་པོས་མཆོངས་ཤིག་བུ། །མེ་རི་འབར་བའི་ཞིང་
ཁམས་བསྟན་པ་ཡིན། །སྐལ་ལྡན་བུ་ཁྱོད་སངས་རྒྱས་ས་དེ་ཟུངས། །སེམས་ཉིད་འགྱུ་བ་སླར་ལ་མ་ལྡོག་ཅིག །ཕཊ་དང་པྲ་བེ་ཤ་ཡ་ཨ་ཨ་ཞེས། །མཇུག་ཏུ་སྟོང་པ་ཉིད་ཀྱི་རྒྱས་གདབ་བོ། །དེ་ལྟར་རང་སྣང་རིག་པའི་དཀྱིལ་འཁོར་དུ། །སྒོ་ལྔ་སོ་སོར་བཅུག་པའི་དགོས་པ་ནི། །སློབ་དཔོན་ལྟ་དགོངས་ཅན་དང་སློབ་མ་ཉིད། །དད་པ་དམ་ཚིག་ཅན་གཉིས་འཛོམ་པ་ན། །ཚེ་འདི་ཉིད་ལ་ཉམས་སུ་མ་ལོན་ཀྱང་། །རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་པ། །འོད་གསལ་རྫོགས་པ་ཆེན་པོའི་ཁྱད་ཆོས་སོ། །དེ་ནས་སློབ་མ་སེང་གེའི་འདུག་སྟངས་བྱ། །སངས་རྒྱས་ས་ན་ཡོད་པའི་ཡེ་ཤེས་ཀྱི། །སྤྱན་ལྔ་ཚེ་འདིར་འཐོབ་པའི་རྟེན་འབྲེལ་དུ། །མིག་གིས་གྱེན་ཐུར་གཡས་གཡོན་ཐད་དྲང་བལྟ། །རིག་སྟོང་རྗེན་པའི་ཡེ་ཤེས་གསལ་གདབ་ལ། །ཨེ་མ་སྐལ་ལྡན་སེམས་ཀྱི་བུ་གཅིག་ཉོན། །ཞིང་ཁམས་དེ་རྣམས་འཆར་གཞིར་གྱུར་པ་ཡི། །རང་གི་རིག་པ་བསམ་ངོ་དང་བྲལ་བའི། །ངོ་བོ་ཡེ་ཤེས་ཐིམ་ལ་མ་རྨུགས་པ། །གང་དུའང་མ་ཕྱེ་ཆོས་ཉིད་ཚད་མེད་ཅིང་། །དཔག་མེད་དམིགས་མེད་རང་རིག་ཁྱབ་གདལ་ཞིང་། །སྐྱེ་
མེད་ཀློང་ཡངས་ཀ་དག་ཆོས་ཀྱི་སྐུ། །ནམ་མཁའ་ལྟ་བུའི་འགྲོ་འོང་མེད་གཤིས་ལ། །འགྲོ་མཁན་སེམས་ཉིད་རྩད་བརྡར་ཆོད་ལ་ཞོག །ཞིང་ཁམས་དེ་རྣམས་རང་གི་རིག་རྩལ་ལས། །ལོགས་ནས་གྲུབ་པ་རྡུལ་ཙམ་མེད་པའོ། །དེ་བཞིན་སངས་རྒྱས་ཞིང་ཁམས་གྲངས་མེད་ཀྱང་། །རང་གི་རིག་པའི་རྩལ་ལས་ལོགས་ན་མེད། །རིག་སྟོང་ཉིད་དུ་ཤེས་པས་གནས་ཚུགས་ཤིག །ཡེ་ཤེས་གསལ་བ་ཉིད་ལ་ལམ་སྦྱོངས་ཤིག །སྣ་ཚོགས་འཆར་བ་ཉིད་ལ་མ་ཞེན་ཅིག །ཆོས་ཉིད་བསམ་གྱིས་མི་ཁྱབ་ཀློང་དུ་ཨ། །ཞེས་པས་སྟོང་པ་ཉིད་ཀྱི་ངང་ལ་བཞག །འདི་ལྟར་རིག་པའི་རྩལ་དབང་ཐོབ་པ་ཡིས། །མ་རིག་ཉོན་མོངས་ཐམས་ཅད་གཞི་ལ་སངས། །རིག་པའི་ཡེ་ཤེས་རྒྱས་ཤིང་མངོན་སུམ་གྱི། །ཆོས་ཉིད་འོད་གསལ་བསྒོམ་ལ་དབང་བ་དང་། །གང་ཟག་མཆོག་རྣམས་ཚེ་འདིར་གྲོལ་བ་ཐོབ། །གོམས་ཤུགས་ཆུང་རྣམས་བར་དོར་གྲོལ་བའོ།། ༈ །།ཨེ་མ་ཧོ། གཉིས་པ་དངོས་གཞི་ངོ་སྤྲོད་ཚུལ་ལ་བརྒྱད། །དང་པོ་སློབ་མའི་བཞུགས་སྟངས་གཟིགས་སྟངས་ཀྱིས། །འོད་གསལ་ཐོད་
རྒལ་སྣང་བར་བལྟ་བར་བྱ། །དེ་ནས་བླ་མས་ངོ་སྤྲོད་འདི་ལྟར་གདབ། །ཀྱཻ། སྐལ་ལྡན་རིགས་ཀྱི་བུ་རྣམས་ཚུར་ཉོན་དང་། །དེ་ཡང་འོ་སྐོལ་རྣམས་ཀྱི་ཙིཏྟ་ཡི། །གསང་བའི་སྦུབས་ན་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་དང་དབྱེར་མེད་རིག་པའི་ཡེ་ཤེས་ཉིད། །འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ཡི། །གདོད་མའི་མགོན་པོ་འོད་མི་འགྱུར་བ་ཞེས། །ངོ་བོའི་ཆ་ནས་སྟོང་ཞིང་བདག་མེད་པ། །རང་བཞིན་ཆ་ནས་འགག་པ་མེད་པར་གསལ། །ཐུགས་རྗེའི་རྩལ་ལས་སྐུ་དང་ཡེ་ཤེས་སུ། །དབྱེར་མེད་ནང་གསལ་བུམ་ནང་མར་མེ་ལྟར། །གསལ་བའི་འོད་གདངས་ཀ་ཏི་ཤེལ་སྦུག་གི །འོད་རྩའི་ནང་བརྒྱུད་རྒྱང་ཞགས་ཆུའི་སྒྲོན་མ། །མིག་གཉིས་སྒོ་རུ་ཐོན་ནས་ནམ་མཁའ་ལ། །འཇའ་ཚོན་ལྟ་བུར་ཤར་བ་དེ་ཉིད་ནི། །དབྱིངས་ནི་རྣམ་པར་དག་པའི་སྒྲོན་མ་ཡིན། །དེ་ཡི་ནང་དུ་དཔེར་ན་ཀོ་མོག་གི །ཆུ་ལ་རྡོ་བསྐྱར་རི་མོ་ལྟ་བུ་འམ། །རྨ་བྱའི་མདོངས་ལྟར་ཁ་དོག་ལྔ་ལྡན་གྱི། །ཐིག་ལེ་ཟླུམ་པོ་ཐིག་ཕྲན་བཅས་པ་འཆར། །དེ་ཉིད་ཐིག་ལེ་སྟོང་པའི་སྒྲོན་མ་ཡིན། །དབྱིངས་དང་ཐིག་ལེའི་ནང་དུ་རྟ་རྔ་ལ། །མདུད་པ་བཏབ་འདྲ་མེ་
ཏོག་ཆུན་པོ་དང་། །མུ་ཏིག་དྲྭ་བ་ལྕགས་ཐག་འདྲ་བ་སོགས། །ཁ་དོག་སྔོན་པོ་སྦྲང་ཆར་འབབ་བཞིན་འཆར། །དེ་ཉིད་རྡོ་རྗེ་ལུག་རྒྱུད་ཅེས་བྱ་ཡིན། །ཀློང་ཆེན་མཛོད་བདུན་ངོ་སྤྲོད་སྐབས་ཤིག་ཏུ། །འོད་གསལ་སྤྱི་ལ་རྡོ་རྗེ་ལུག་རྒྱུད་ཅེས། །སྤྱི་སྡོམ་ཚིགས་སུ་བཤད་པའང་ཡོད་པ་ཡིན། །དེ་དག་རྣམས་ལ་མ་ཡེངས་བལྟས་པའི་ཚེ། །ཀ་དག་ལྷུན་གྲུབ་གཉིས་སུ་མེད་པ་ཡི། །ཤེས་པ་གསལ་སྟོང་མི་རྟོག་ཡེ་ཤེས་དེ། །ཤེས་རབ་རང་བྱུང་སྒྲོན་མ་ཞེས་བྱ་ཡིན།། ༈ །།ཨེ་མ་ཧོ། དང་པོ་སྐུ་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་སྣང་བ་འདི་རྣམས་ཐམས་ཅད་ནི། །སྐུ་ལྔར་མཚོན་ཏེ་རིག་པའི་ཡེ་ཤེས་ཉིད། །འོད་གསལ་ཆེན་པོར་གསལ་བས་རྣམ་སྣང་སྐུ། །འཕོ་འགྱུར་མེད་པས་མི་བསྐྱོད་རྡོ་རྗེའི་སྐུ། །དེ་ཉིད་འཕེལ་དང་བཅས་པ་རིན་འབྱུང་སྐུ། །འོད་གསལ་མཐའ་དབུས་མེད་པས་སྣང་མཐའི་སྐུ། །འོད་ལྔ་ལྷུན་གྲུབ་ཤར་བ་དོན་གྲུབ་སྐུ། །རིགས་ལྔའི་སངས་རྒྱས་ལྷ་ཞལ་མཐོང་བའོ། །དེ་ཉིད་གཟུང་འཛིན་ཞེན་པས་མ་བཅིངས་པར། །གསལ་སྟོང་འཛིན་མེད་ཉིད་དུ་སྒོམ་པ་ལམ། །རིགས་
ལྔའི་སྐུ་རྣམས་མཐོང་དུས་འབྲས་བུའོ། །གཉིས་པ་ཡེ་ཤེས་ལྔ་ཡི་ངོ་སྤྲོད་ནི། །འོད་གསལ་དེ་ཉིད་དྲི་མ་དང་བྲལ་ཞིང་། །སྐུ་རྣམས་ཀུན་གྱི་འཆར་གཞི་བྱེད་པས་ན། །མེ་ལོང་ལྟ་བུའི་ཡེ་ཤེས་ཞེས་བྱའོ། །གང་དུའང་དབྱེར་མེད་མཉམ་ཉིད་ཡེ་ཤེས་སོ། །སོ་སོར་འཆར་བས་སོར་རྟོག་ཡེ་ཤེས་སོ། །ལྷུན་གྱིས་གྲུབ་པས་བྱ་གྲུབ་ཡེ་ཤེས་སོ། །དེ་རྣམས་གཞི་མེད་ཡེ་སྟོང་རྩ་བ་དང་། །བྲལ་བས་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་སོ། །རིག་པ་ཡེ་ཤེས་ལྔ་ཡི་རང་བཞིན་དུ། །ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའོ། །དེ་ཡི་ངང་ལ་ས་ལེར་སྒོམ་པ་ལམ། །སྟོང་ཉིད་འོད་དུ་གསལ་བ་འབྲས་བུའོ། །གསུམ་པ་རིགས་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་དེ་ཉིད་དེ་བཞིན་གཤེགས་པ་རྣམས། །གཤེགས་ལམ་ཡིན་པས་དེ་བཞིན་གཤེགས་པའི་རིགས། །འོད་གསལ་འཕོ་འགྱུར་མེད་པ་རྡོ་རྗེའི་རིགས། །ཡོན་ཏན་དུ་མ་འབྱུང་བས་རིན་ཆེན་རིགས། །སྣང་བ་སྐྱོན་གྱིས་མ་གོས་པདྨའི་རིགས། །དེ་ལ་གོམས་ན་ལྷག་མེད་འགྲུབ་པས་ན། །ལས་ཀྱི་རིགས་ཏེ་ཝ་ལེར་སྒོམ་པ་ལམ། །མཐར་ཕྱིན་ཕྱིར་མི་ལྡོག་པའི་འབྲས་བུའོ། །བཞི་པ་འོད་
ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་དེ་རྣམས་དྲི་མ་མེད་པས་དཀར། །རྩལ་མ་འགག་པས་སེར་པོ་རང་བཞིན་དུ། །རང་གསལ་སྣང་བས་དམར་པོ་བྱ་བ་དང་། །བྲལ་བས་ལྗང་གུ་འགྱུར་བ་མེད་པས་མཐིང་། །ཁ་དོག་སྣང་འཛིན་བྲལ་བར་སྒོམ་པ་ལམ། །འབྱུང་ཁམས་དབྱིངས་སུ་དག་པ་འབྲས་བུའོ། །ལྔ་པ་རླུང་ལྔའི་ངོ་སྤྲོད་རིམ་པ་ནི། །འོད་གསལ་སྣང་བ་འདི་རྣམས་ཐམས་ཅད་ནི། །ཡེ་ཤེས་དྲོད་དང་མ་བྲལ་མེ་མཉམ་རླུང་། །འཁོར་འདས་སྣང་ཆ་འཛིན་པ་སྲོག་འཛིན་རླུང་། །དེ་ལ་གོམས་པས་འཁོར་བ་མྱང་འདས་གཉིས། །སོ་སོར་འབྱེད་པས་དྭངས་སྙིགས་འབྱེད་པའི་རླུང་། །དག་དང་མ་དག་ཀུན་ལ་ཡེ་ཤེས་ཀྱི། །འོད་ལྔ་དེ་ཡིས་ཁྱབ་པས་ཁྱབ་བྱེད་རླུང་། །དེ་ཉིད་ཉམས་བླངས་འཁོར་བའི་སྲོག་བཅད་ནས། །མྱ་ངན་འདས་པའི་ས་རུ་སྐྱེལ་བས་ན། །སྙིང་རྗེ་མེད་པ་བསྐལ་པ་ལས་ཀྱི་རླུང་། །དེ་ཡི་ངང་ལ་མ་བཅོས་སྒོམ་པ་ལམ། །མཐའ་རུ་ཕྱིན་དུས་མཐར་ཐུག་འབྲས་བུའོ། །དྲུག་པ་ཤེས་རབ་ལྔ་ཡི་ངོ་སྤྲོདནི། །འོད་གསལ་རྟོགས་དང་མ་རྟོགས་ཁྱད་པར་ལས། །འཁོར་བ་མྱང་
འདས་གཉིས་སུ་འབྱེད་པས་ན། །འབྱེད་པའི་ཤེས་རབ་འོད་གསལ་ཡེ་ཤེས་ཀྱི། །རྩལ་སྣང་སྡུད་པས་སྡུད་པའི་ཤེས་རབ་དང་། །འོད་སྣང་འགྲོ་འོང་དང་བཅས་བསྐྱོད་པས་ན། །སྐྱོད་པའི་ཤེས་རབ་དེ་ཉིད་དོན་རྟོགས་ན། །འཁོར་བ་ལས་སྒྲོལ་སྒྲོལ་བའི་ཤེས་རབ་སྟེ། །དེ་ཡི་ངང་ལ་རྒྱུན་དུ་སྒོམ་པ་ལམ། །མཐའ་རུ་ཕྱིན་དུས་མཐར་ཐུག་འབྲས་བུའོ། །བདུན་པ་མཁའ་འགྲོ་ལྔ་ཡི་ངོ་སྤྲོད་ནི། །འོད་གསལ་མཐིང་ག་སངས་རྒྱས་མཁའ་འགྲོ་དང་། །དཀར་པོ་རྡོ་རྗེ་མཁའ་འགྲོ་སེར་པོ་ནི། །རིན་ཆེན་མཁའ་འགྲོ་དམར་པོ་པདྨ་ཡི། །མཁའ་འགྲོ་ལྗང་གུ་ལས་ཀྱི་མཁའ་འགྲོ་སྟེ། །མཁའ་འགྲོ་ལྔ་ཡི་ལྷ་ཞལ་མཐོང་བ་ཡིན། །དེ་ཡི་ངང་ལ་མ་ཡེངས་སྒོམ་པ་ལམ། །སྣང་བ་མཐའ་རུ་ཕྱིན་དུས་འབྲས་བུའོ། །བརྒྱད་པ་མཆོག་གསུམ་སྐུ་གསུམ་ངོ་སྤྲོད་ནི། །འོད་གསལ་ངོ་བོ་སྟོང་པ་ཆོས་ཀྱི་སྐུ། །འོད་དང་ཐིག་ལེ་འཆར་བ་ལོངས་སྤྱོད་རྫོགས། །སྣ་ཚོགས་འཆར་ཞིང་འཕྲོ་བ་སྤྲུལ་པའི་སྐུ། །ཡེ་ནས་སྐུ་གསུམ་འབྲལ་མེད་རང་ཉིད་ལ། །གནས་པ་ད་ལྟ་རང་ངོ་ཤེས་པ་ཡིན། །དེ་ལ་གོམས་ནས་སྐུ་གསུམ་ལམ་སྣང་དུ། །
ཤར་ནས་མཐར་ཐུག་གཞོན་ནུ་བུམ་པའི་སྐུ། །བརྙེས་དུས་དོན་གྱི་འབྲས་བུ་ཐོབ་པའོ། །དཀོན་མཆོག་གསུམ་ཡང་རང་ལ་ཡེ་ནས་གནས། །ཆོས་ཉིད་མ་འཁྲུལ་གཞི་ཡི་སངས་རྒྱས་དང་། །སྒྲ་ཚིག་ལས་འདས་དོན་གྱི་དམ་པའི་ཆོས། །འགྱུར་མེད་གནས་པ་སྙིང་པོའི་དགེ་འདུན་ཏེ། །གནས་ལུགས་དོན་དམ་རྡོ་རྗེའི་སྐྱབས་འགྲོ་དང་། །འབྲལ་མེད་ངང་ནས་སྣང་བ་བཞི་པོ་ལ། །སྤྱོད་པ་ཡིན་ནོ་སྐལ་ལྡན་རིགས་ཀྱི་བུ། །འོད་གསལ་ཡེ་ཤེས་སྣང་ཆ་འདི་ཉིད་ནི། །བློ་ཡིས་བཏགས་ཤིང་རྩ་རླུང་འཛིན་རྩོལ་གྱི། །རྐྱེན་ལས་བྱུང་བའི་ཤེས་ཉམས་སྟོང་གཟུགས་ཀྱི། །འཁྲུལ་སྣང་རབ་རིབ་མ་དེ་མ་ཡིན་པར། །གདོད་ནས་གྲུབ་པའི་ཆོས་ཉིད་མངོན་སུམ་གྱི། །ཉམས་སྣང་མི་བསླུ་བ་དེ་མཐོང་བ་ཡིན། །དཀྱིལ་འཁོར་འདི་ཡིན་བསྐྱེད་བཟླས་རྫོགས་རིམ་འདི། །བླ་མ་ཡི་དམ་མཁའ་འགྲོ་འདི་ཡིན་ནོ། །དབང་དང་སྡོམ་པ་དམ་ཚིག་འདི་ཉིད་ཡིན། །འདི་ཉིད་ཉམས་སུ་ལེན་པ་སྐལ་པ་བཟང་། །དེ་ལྟར་སྣང་བ་དེ་རྣམས་ཀུན་རྫོབ་ཀྱི། །སྣང་ཚུལ་འཇིག་པའི་ཆོས་སུ་ཡེ་མེད་དེ། །དོན་དམ་འདུས་མ་བྱས་ཀྱི་ཆོས་ཉིད་
དོ། །འདི་ཉིད་བྱས་ཤིང་གོམས་པས་བྱུང་བ་མིན། །ཡེ་ཉིད་ནས་ནི་རང་ལ་གནས་པ་ཡིན། །རིག་གདངས་སྒྲོན་མའི་སྣང་བ་འདི་ཉིད་ལ། །ས་ཆུ་མེ་རླུང་འབྱུང་བཞིའི་དགྲ་ཡིས་ཀྱང་། །འདི་ཉིད་གཞིག་ཅིང་གཞོམ་དུ་ནུས་མ་ཡིན། །འདོད་ཆགས་ཞེ་སྡང་གཏི་མུག་ཉིད་ཀྱིས་ཀྱང་། །འདི་ཉིད་ཡེ་ནས་སྒྲིབ་པ་མ་ཡིན་ནོ། །ཡེ་ནས་མ་བྱས་རང་བྱུང་རང་ཤར་བའི། །སྐུ་གསུམ་འདུ་འབྲལ་མེད་པའི་འོད་གསལ་གྱི། །དཀྱིལ་འཁོར་མཐོང་བ་ཡིན་པས་སྒོམ་པ་ལ། །བརྩོན་པར་གྱིས་ཤིག་སྐལ་ལྡན་སྙིང་གི་བུ། །དེ་ནས་སློབ་མ་སྤྲོ་བ་བསྐྱེད་པ་ནི། །སྐལ་ལྡན་བུ་རྣམས་འདི་ལྟར་མཐོང་བ་འདི། །རང་བྱུང་རིག་པ་ཐིག་ལེ་ཉག་གཅིག་གི །ཆོས་ཉིད་མངོན་སུམ་སྣང་བ་ཞེས་བྱ་ཡིན། །བླ་མ་སངས་རྒྱས་བྱང་སེམས་ཡི་དམ་དང་། །མཁའ་འགྲོ་སོགས་ཀྱི་ལྷ་ཞལ་མངོན་སུམ་དུ། །མཐོང་བ་ཞེས་ཀྱང་བྱ་སྟེ་བསོད་ནམས་དང་། །ཡེ་ཤེས་ཚོགས་གཉིས་རྫོགས་པ་ཞེས་བྱའོ། །དུས་གསུམ་རྒྱལ་བ་མ་ལུས་ཐམས་ཅད་ཀྱི། །དབང་རྣམས་དུས་གཅིག་ཐོབ་པ་ཞེས་བྱའོ། །རིག་པའི་རྩལ་དབང་ཐོབ་པ་ཞེས་བྱའོ། །ཆོས་སྐུ་ལོངས་སྐུ་
སྤྲུལ་སྐུ་ཡེ་ཤེས་ལྔ། །མངོན་དུ་གྱུར་པ་ཞེས་ཀྱང་བྱ་བའོ། །ལས་དང་བག་ཆགས་སྡིག་སྒྲིབ་མ་རིག་པ། །ཐམས་ཅད་དག་པ་ཞེས་ཀྱང་བྱ་བའོ། །ལས་དང་སྐལ་བར་ལྡན་པ་ཞེས་བྱའོ། །དེ་རིང་ཉིད་ནས་ཀུན་བཟང་རིགས་ལྔ་དང་། །སྐལ་པ་མཉམ་པ་ཞེས་ཀྱང་བྱ་བའོ། །བུ་ཁྱོད་དེ་རིང་རྙེད་པ་ཆེན་པོ་རྙེད། །རིག་པའི་རྩལ་གྱི་དབང་ཆེན་འདི་ཐོབ་པས། །སངས་རྒྱས་སུམ་སྟོང་མང་པོའི་ཞལ་མཐོང་ངོ་། །ད་ནས་མངལ་གྱི་གྲོང་ཁྱེར་རྒྱུན་ཆད་ནས། །ཐར་པའི་ལམ་སྣ་ཟིན་པ་ཡིན་ནོ་བུ། །དེ་ལྟ་ནའང་བྱང་ཆུབ་སེམས་དཔའ་ཉིད། །ས་བཅུ་རིམ་གྱིས་བགྲོད་པ་རྣམས་ཀྱིས་ཀྱང་། །དེ་བཞིན་གཤེགས་པའི་ཁམས་ཀྱི་ཡོན་ཏན་ཀུན། །མཐའ་དག་མངོན་སུམ་མཐོང་བ་མ་ཡིན་ཕྱིར། །ཁྱོད་ཀྱིས་ད་ལྟ་མངོན་སུམ་མཐོང་བ་ཡིན། །ཉམས་སུ་བླང་ན་སྔར་གྱིས་བཤད་པ་ཡི། །ཞིང་ཁམས་ལྔ་པོ་ཚེ་འདིར་མངོན་སུམ་དུ། །མཐོང་ནས་སངས་རྒྱས་ཞིང་ལ་སྤྱོད་ནུས་པས། །དེ་རིང་ནས་བཟུང་སྣང་བཞིའི་ཡོན་ཏན་ཀུན། །མཐར་ཐུག་བར་དུ་ཉམས་ལེན་བྱས་ནས་ཀྱང་། །ཆོས་ཟད་བྱང་ཆུབ་ས་ལ་རེག་པར་
མཛོད། །ཅེས་པ་ལ་སོགས་སྤྲོ་བ་བསྐྱེད་པ་དང་། །བཀྲ་ཤིས་རིན་ཆེན་ཕྲེང་བའི་ཤིས་པ་བརྗོད།། ༈ །།ཨེ་མ་ཧོ། ལྔ་པ་རྗེས་སུ་རྣལ་འབྱོར་བཞི་ཡིས་ཀྱང་། །ཉམས་སུ་ལེན་ཚུལ་ལྟ་སྒོམ་སྤྱོད་འབྲས་བཞིའི། །དང་པོ་ལྟ་བ་ལྷུན་གྲུབ་འོད་གསལ་གྱི། །ངོ་བོ་སྟོང་པ་རང་བཞིན་གསལ་བ་དང་། །ཐུགས་རྗེ་འགག་པ་མེད་པར་འཆར་བ་ཉིད། །མཉམ་གཞག་ལྟ་བ་རྣམ་པ་སྣ་ཚོགས་སུ། །ཇི་ལྟར་སྣང་ཡང་རང་བཞིན་མ་གྲུབ་པར། །ཆུ་ཟླ་ལྟར་དུ་རྟོགས་པ་རྗེས་ཐོབ་ཀྱི། །ལྟ་བ་ཡིན་ཏེ་བསྒོམ་པའི་ཚུལ་ལ་གཉིས། །སྤྲོས་པ་ཅན་གྱིས་ཐུན་བཞིའི་རྣལ་འབྱོར་བསླབ། །ཐོ་རེངས་དང་པོ་བླ་མའི་རྣལ་འབྱོར་བསྒོམ། །བར་པ་ཁྲེགས་ཆོད་བསྐྱངས་ཤིང་ཐ་མ་ལ། །བདེ་སྟོང་གཏུམ་མོ་བསྒོམ་ཞིང་ནམ་ལངས་ནས། །ཉི་ཤར་བར་ལ་ཁ་ཏོན་བསྒོམ་བཟླས་དང་། །དཔེ་བལྟ་ལ་སོགས་བྱས་ནས་ཉི་ཤར་ནས། །དགུང་གི་བར་ལ་ཐོད་རྒལ་ཉིད་ལ་བསླབ། །གུང་ལ་ཕྱག་བསྐོར་ཆོས་སྤྱོད་ཅི་རིགས་བྱ། །ཕྱི་དྲོ་ལའང་ཐོད་རྒལ་བསྒོམ་པ་དང་། །དགོང་མོ་གཏོར་མ་རླུང་འཛིན་ལ་སོགས་བྱ། །སྲོད་ཐུན་དང་པོ་འཆི་བ་མི་རྟག་པ། །བར་པ་
བསྐྱེད་རིམ་བསྒོམ་ཞིང་བཟླས་པ་བྱ། །ནམ་གུང་ཐུན་ལ་གཉིད་ནི་འོད་གསལ་སྦ། །ཐམས་ཅད་ལའང་ཐུན་འགོར་སེམས་བསྐྱེད་བྱ། །དངོས་གཞི་དམིགས་མེད་རྗེས་སུ་བསྔོ་བ་ཡི། །རྒྱས་འདེབས་བྱེད་པ་དམ་པ་གསུམ་དང་ནི། །འབྲེལ་བ་ཞེས་བྱ་ཡིན་པས་མེད་ཐབས་མེད། །སྤྲོས་མེད་རྣམས་ཀྱིས་ཉིན་མཚན་དུས་དྲུག་ཏུ། །འོད་གསལ་ཐོད་རྒལ་ཉག་གཅིག་བསླབ་པ་ཡིན། །དེ་ལྟར་བྱས་ན་འོད་གསལ་འཕེལ་ཆེ་ཞིང་། །མྱུར་དུ་ཚད་ལ་ཕེབས་པས་ཤིན་ཏུ་ཟབ། །སྲོད་ལ་དབང་པོ་གནད་དུ་བསྡུ་བ་ནི། །བདེ་བའི་མལ་དུ་དྲང་སྲོང་འདུག་སྟངས་བྱ། །རང་ལུས་རྡོར་སེམས་སྐུར་གསལ་སྐུ་དབུས་སུ། །དབུ་མ་མཚན་ཉིད་བཞི་ལྡན་ལྟེ་བ་རུ། །པདྨ་དམར་པོ་འདབ་མ་བཞི་པའི་སྟེང་། །ཨ་ཐུང་དམར་པོ་རེག་བྱ་ཚ་བ་ལས། །མེ་འབར་དབུ་མའི་ནང་དུ་ཡར་སོང་སྟེ། །སྤྱི་བོའི་ཧཾ་ལ་ཕོག་པས་བྱང་སེམས་ཉིད། །འོ་མའི་རྒྱུན་ལྟར་དཀར་ནར་མར་བབ་པས། །དཔེར་ན་མེ་ལ་མར་ཁུ་བསྣན་པ་བཞིན། །མེ་གསོས་བྱས་ཏེ་ཆེས་ཆེར་རབ་འབར་ནས། །ལས་ཉོན་བག་ཆགས་བཅས་པ་བསྲེགས་པར་
བསམ། །བདེ་དྲོད་སྐྱེས་ཚེ་བདེ་སྟོང་ངང་ལ་བཞག །འདིའི་དུས་ཐོག་མར་རླུང་རོ་ལན་གསུམ་བསལ། །བུམ་ཅན་ཅི་མང་འཛིན་པ་ཞལ་ཤེས་སོ། །ནམ་གུང་ཤེས་བྱ་བུམ་པར་གཞུག་པ་ནི། །ལུས་ཀྱི་གནད་ནི་སེང་གེའི་ཉལ་ལུགས་བཅའ། །གཞོགས་གཡས་ཕབ་ལ་སྲིན་མཛུབ་སྣ་གཡས་བཀག །ཡིད་གཞན་མ་ཡེངས་རང་ལུས་རྡོར་སེམས་ཀྱི། །སྐུར་གསལ་སྐུ་དབུས་དབུ་མ་མདའ་སྨྱུག་ཙམ། །སྙིང་གའི་ཐད་ཀའི་དབུ་མའི་ནང་ཉིད་དུ། །པདྨ་དམར་པོ་འདབ་བཞིའི་ལྟེ་བ་རུ། །ཨ་ཡིག་དཀར་པོ་བཀྲག་མདངས་ཅན་གཅིག་དང་། །ཚངས་པའི་བུ་གར་དེ་འདྲའི་ཨ་དཀར་གཅིག །དེ་གཉིས་བར་གྱི་དབུ་མའི་ནང་ཉིད་དུ། །ཨ་དཀར་ཕྲ་མོ་ཤེལ་ཕྲེང་བརྒྱས་པ་ལྟར། །ཡོད་པར་བསམས་ལ་གཉིད་དུ་འགྲོ་ཁ་རུ། །གཅིག་ལ་གཅིག་ཐིམ་ཚུལ་དུ་སྙིང་ག་ཡི། །ཨ་ལ་ཐིམ་ནས་ཨ་དེའི་འོད་ཟེར་གྱིས། །དབུ་མའི་ནང་ཀུན་རྒྱ་སྐར་ཉི་ཞུར་ལྟར། །གསལ་བར་སྒོམ་བཞིན་ངང་དུ་གཉིད་ལོག་གོ །སད་པའི་དུས་སུ་སྔར་བཞིན་བསྒོམ་པར་བྱ། །གཉིད་ནི་འོད་གསལ་སྦུབས་སུ་སྦ་བ་ཡི། །གནད་ཀྱི་གདམས་པ་ཟབ་མོ་ཡིན་ནོ་བུ། །
དེ་ལྟར་བྱས་པས་གཉིད་ཀྱི་གནས་སྐབས་སུ། །སྟོང་པའི་འོད་གསལ་རྟོག་མེད་ཏིང་འཛིན་དང་། །སྣང་བའི་འོད་གསལ་ཐོད་རྒལ་ཉམས་ཤར་ནས། །ཉིན་པར་ཇི་བཞིན་ཉིན་མཚན་དབྱེར་མེད་འབྱུང་། །ཐོ་རངས་རིག་པ་རང་གསལ་གཏོད་པ་ནི། །ཐོ་རངས་ལངས་མ་ཐག་ཏུ་ཧ་ཞེས་པའི། །དབུགས་རིང་ལན་གསུམ་བུས་ལ་སེང་གེ་ཡི། །འདུག་སྟངས་བཅས་ཏེ་སྤྱི་བོའིནམ་མཁའ་ཡི། །གཞུ་གང་ཐད་དུ་སྙིང་གའི་ཨ་དེ་ལས། །ཨ་ཡིག་རང་འདྲ་གཉིས་པ་གཅིག་མཆེད་དེ། །ལིང་ངེར་འདུག་པར་སྒོམས་ལ་སེམས་གཟུང་ངོ་། །དེ་ནས་ཇེ་མཐོར་སོང་ནས་ཡལ་བར་བསམ། །དེ་ལྟར་བྱས་པས་གསལ་སྟོང་གཉིས་མེད་ཀྱི། །ཡེ་ཤེས་ཀ་དག་གནས་ལུགས་ཤེས་པར་འགྱུར། །དེ་དག་རྣམས་ནི་ཉིན་མཚན་ཁ་སྦྱོར་གྱི། །སྒོམ་པའི་རིམ་པ་མཐར་ཐུག་ཡིན་པར་གསུངས། །གསུམ་པ་སྤྱོད་པའི་རིམ་པ་འདི་ཡིན་གྱི། །དང་པོ་ཆོས་ཀྱི་སྒོ་མོ་ཀུན་བསྡུར་ནས། །རང་གི་ཉམས་སུ་ལེན་པའི་དོན་ཚོལ་ཕྱིར། །བུང་བ་ཚང་ཚོལ་ལྟ་བུའི་སྤྱོད་པ་དགོས། །དཔེར་ན་བུང་བའི་ཚང་དེ་འཚོལ་བའི་ཚེ། །རྩིག་
ཁུང་གར་ཡོད་དེ་ལ་འགྲོ་བ་ལྟར། །མཚན་ལྡན་བླ་མ་མང་པོའི་ཞབས་བསྟེན་ནས། །ཐོས་པས་ཆོས་དང་ཆོས་མིན་བླང་དོར་འབྱེད། །བསམ་པས་དེ་དོན་རྟོགས་ནས་ཉོན་མོངས་གནོན། །སྒོམ་པས་དོན་ཐོག་བཞག་པས་ཉོན་མོངས་རྣམས། །རྩད་ནས་འབྱིན་ཏེ་དེ་ཡི་གྲོགས་སུ་ཡང་། །ཐི་བྱ་ཚང་འཇུག་ལྟ་བུའི་སྤྱོད་པ་དགོས། །དཔེར་ན་ཐི་བྱའི་ཚང་དེ་བཅའ་བའི་ཚེ། །མི་ཡི་སྒྲོ་འདོགས་སྔོན་དུ་དཔྱད་ནས་ཀྱང་། །ཚང་དེ་བཙན་སར་བཅས་ནས་མཇུག་ཏུ་ཡང་། །འཛལ་འཛོལ་མེད་པར་ཚང་དུ་འཇུག་པ་ལྟར། །ཐོས་བསམ་སྒྲོ་འདོགས་བཅད་ནས་རང་ཉིད་ནི། །གང་ལ་ཡིད་ཆེས་རྙེད་པའི་མན་ངག་ལ། །ཐེ་ཚོམ་མེད་པར་འཇུག་སྟེ་དེའི་གྲོགས་སུ། །ཀུན་གྱི་སྤྱོད་ཡུལ་ཉིད་ཀྱང་མ་ཡིན་པའི། །རི་དྭགས་རྨས་མ་ལྟ་བུའི་སྤྱོད་པ་དགོས། །དཔེར་ན་རི་དྭགས་རྨས་མ་དེ་ཉིད་ནི། །རྨ་ཡི་གནོང་གིས་མི་ལ་བྲོས་ནས་ཀྱང་། །ལུང་ཕུག་རི་རྩེ་སོགས་ལ་འགྲོ་བ་ལྟར། །རྣལ་འབྱོར་དེ་ཡང་ཁམས་གསུམ་འཁོར་བ་རུ། །ལྟུང་གིས་དོགས་པའི་གནོང་གིས་མི་མེད་ཀྱི། །རི་ལ་གཅིག་པུར་གནས་ནས་ཉམས་སུ་ལེན། །དེ་ཡི་གྲོགས་སུ་
ལྐུགས་པ་ལྟ་བུ་ཡི། །སྤྱོད་པ་བྱ་དགོས་སྐྱེ་བོ་གཞན་དག་ལ། །སྨྲ་བ་ཚིག་འབྲུ་གཅིག་ཀྱང་མི་བྱའོ། །དེ་ལྟར་བྱས་པས་དྲན་པ་རེངས་པ་ཡི། །སྨྱོན་པ་ལྟ་བུར་འབྲེལ་བ་མེད་པའི་གཏམ། །རང་རྡོལ་སྨྲ་བ་ལ་སོགས་ལུས་ངག་གི །སྤྱོད་པ་གཟའ་གཏད་མེད་པ་ཤུགས་ལ་འབྱུང་། །འདི་ཡི་དུས་ན་གཙང་དམེ་མེད་པ་ཡི། །ཁྱི་ཕག་ལྟ་བུའི་སྤྱོད་པ་ཞོར་ལ་འབྱུང་། །ཟས་གོས་གང་ལའང་བཟང་ངན་གདམ་ཁ་རྣམས། །མེད་པར་འཇོལ་ཉོག་སྤྱོད་པ་འབྱུང་བའོ། །དེ་ལྟར་དྲུག་པོ་རྫོགས་པའི་དུས་དེ་རུ། །གཞན་གྱིས་ཚུར་ལ་ཟིལ་གྱིས་མི་ནོན་ཞིང་། །ཕར་ལ་གནོན་པ་སེང་གེ་ལྟ་བུ་ཡི། །སྤྱོད་པ་འབྱུང་སྟེ་སེང་གེ་གང་ལ་ཡང་། །འཇིགས་དང་ཡ་ང་བག་ཚ་མེད་པ་ལྟར། །རྣལ་འབྱོར་དེ་ཡང་ཕྱི་ཡི་སྣང་བ་དང་། །མི་མ་ཡིན་གྱིས་གནོད་པ་དང་བྲལ་ནས། །གང་ལའང་དབང་བསྒྱུར་ནུས་པ་འབྱུང་བའོ། །མིང་ལ་སྣང་བ་དབང་བསྒྱུར་སྤྱོད་པ་ཟེར། །གཞན་གྱིས་མི་དད་པ་རྣམས་སྒྱུར་ནུས་ཤིང་། །བསད་པ་གསོ་ནུས་གསང་གཏམ་གོ་བར་ནུས། །རྫུ་འཕྲུལ་ཐོབ་ཅིང་ཆོས་ཉིད་ཉམས་འབར་ནས། །ཚོང་
གིས་མྱོས་ལྟར་ཕྱོགས་ཡན་རེ་དོགས་བྲལ། །སྣང་བའི་དངོས་པོ་ས་ཆུ་མེ་རླུང་ལ། །དབང་བསྒྱུར་ཕར་ཐལ་ཚུར་ཐལ་བགྲོད་པ་དང་། །ནམ་མཁའ་ལ་ཡང་བྱ་བཞིན་འཕུར་བའོ། །དེ་ལྟར་བྱུང་དུས་ཉོན་མོངས་ཡེ་ཤེས་སུ། །གནས་འགྱུར་སྟབས་ཀྱིས་ཉོན་མོངས་ཀྱིས་མི་གནོད། །དཔེར་ན་སྣམ་བུ་ཚོས་བསྒྱུར་ལྟ་བུའོ། །སྤྱོད་པ་བདུན་པོ་རང་གི་རྒྱུད་ཚོད་ལ། །དཔག་སྟེ་སྤྱད་པས་ལྟ་སྒོམ་བོགས་འདོན་ནོ། །བཞི་པ་འབྲས་བུའི་དབྱེ་བ་གཉིས་སུ་འདུས། །གནས་སྐབས་ལྷུན་གྲུབ་འོད་གསལ་འཆར་ཚུལ་ལ། །དགག་སྒྲུབ་རེ་དོགས་མེད་པར་སྤྱད་པ་ཡིས། །ལམ་རྟགས་ཡོན་ཏན་ཐམས་ཅད་རྩལ་རྫོགས་ཤིང་། །མཐར་ཐུག་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ནས། །ཀ་དག་ཆོས་སྐུ་མངོན་གྱུར་ནང་དབྱིངས་སུ། །སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས། །སླར་ཡང་ཆོས་སྐུའི་ངང་ལས་མ་གཡོས་བཞིན། །གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱིས། །འགྲོ་དོན་རྒྱུན་མི་འཆད་པར་མཛད་པའོ།། ༈ །།ཨེ་མ་ཧོ། དྲུག་པ་ཤིང་རྟ་ཉི་ཟླའི་འགྲོས་ཇི་བཞིན། །ཐེག་པ་གཞན་ལས་ལམ་གྱི་མྱུར་བུལ་གྱི། །ཁྱད་
པར་ཆེ་བའི་ཐེག་མཆོག་རྒྱལ་པོ་ཡི། །སྣང་བཞིའི་ཚད་རྣམས་བདག་གིས་བཤད་པར་བྱ། །སྐལ་ལྡན་ལས་འཕྲོ་ཅན་རྣམས་གུས་པས་ཉོན། །སྔར་བཞིན་བཞུགས་སྟངས་གཟིགས་སྟངས་གནད་གསུམ་གྱིས། །ཉི་ཟེར་ལ་བལྟས་འོད་དང་འོད་ཁྱིམ་དང་། །རིག་པ་ལུ་གུ་རྒྱུད་བཅས་གསལ་བར་སྣང་། །ཉམས་བླངས་དབྱིངས་ཀྱི་ར་བར་རིག་པ་ཚུད། །ཐིག་ལེ་གསུམ་འབྲེལ་ཚུན་ཆད་སྣང་བའི་ཚེ། །ཆོས་ཉིད་མངོན་སུམ་སྣང་བ་རྫོགས་པའོ། །དེ་ལྟར་མཐོང་བས་ད་ལྟ་འདི་ཉིད་ལ། །ཡིད་དཔྱོད་འཛིན་པའི་ལྟ་བ་ཉིད་དང་བྲལ། །མཐར་ཐུག་ཁམས་གསུམ་འཁོར་བར་མི་ལྡོག་པར། །རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་འབྱིན་ནོ།། ༈ །།ཨེ་མ་ཧོ། གཉིས་པ་ཉམས་སྣང་གོང་འཕེལ་སྣང་བ་ལ། །ཤེས་ཉམས་སྣང་ཉམས་གཉིས་ལས་དང་པོ་ནི། །ཤེས་ཉམས་བདེ་གསལ་མི་རྟོག་ཏིང་འཛིན་དང་། །ཤེས་པ་མཐའ་འགྱུར་ཅན་གྱི་ཉམས་རྣམས་ནི། །སྲིན་བུ་མེ་ཁྱེར་སྤྲིན་དང་དུ་བ་དང་། །སྨིག་རྒྱུ་ཟླ་བ་སྐར་མ་མར་མེ་དང་། །ཉི་མ་ཤར་འདྲ་ཕྱི་ནང་ཟང་ཐལ་སྣང་། །འཆར་ནུབ་གསལ་འགྲིབ་ཅན་
དུ་མི་བརྟན་ཞིང་། །ཚུགས་མི་ཐུབ་ཅིང་གནས་འགྱུར་འགྲོ་བས་ན། །མཐའ་འགྱུར་ཅན་གྱི་ཉམས་ཞེས་བཤད་པ་ཡིན། །དེ་ལ་ལམ་གྱི་ཚད་འཛིན་མི་བྱེད་པར། །རང་བཞིན་རྫོགས་པ་ཆེན་པོའི་སྣང་བའི་ཉམས། །མི་བསླུ་བ་ལ་ཚད་འཛིན་བྱེད་པ་ཡིན། །དེ་ཡང་སྔར་བཞིན་ཉམས་སུ་བླངས་པ་ཡིས། །དབྱིངས་རིག་སྨིན་མཚམས་ཉིད་ནས་འབྲལ་བར་གྱུར། །དབྱིངས་སྣང་འོད་ཀྱི་རང་བཞིན་དེ་རྣམས་ནི། །འོད་ལྔ་གྱེན་འགྲེང་རྩིབ་ཤར་ཟླུམ་འཁྲིགས་དང་། །མཆོད་རྟེན་པདྨ་སྟོང་ལྡན་མཁར་ཐབས་དང་། །མདའ་མདུང་རྩེ་དང་འཁོར་ལོ་གྲི་གུག་དང་། །རྒྱ་གྲམ་ཡིག་འབྲུ་དྲ་བ་དྲ་ཕྱེད་དང་། །མིག་མང་རིས་དང་གཟུགས་བརྙན་སྣ་ཚོགས་དང་། །གོས་ཀྱི་རི་མོ་ལ་སོགས་མཐའ་གཅིག་ཏུ། །མ་ངེས་སྣ་ཚོགས་གོ་རིམ་མེད་པར་འཆར། །འདི་དུས་འོད་གསལ་སྣང་བ་དེ་རྣམས་ཀྱིས། །རང་ཉིད་གང་གནས་ལུང་པ་གང་བ་འབྱུང་། །དེའི་ཚེ་ཉིན་མཚན་མེད་པར་སྣང་བ་ཡིན། །ཉམས་སྣང་འོད་གསལ་དེ་དག་ཇེ་བཀྲ་དང་། །ཇེ་ལེགས་ཇེ་མང་ཉིད་དུ་འགྲོ་བས་ན། །ཉམས་སྣང་གོང་འཕེལ་སྣང་བ་ཞེས་བྱའོ། །དེ་ཡང་བརྩོན་
འགྲུས་རབ་ལ་ཞག་ལྔ་ལྔ། །འབྲིང་ལ་བདུན་བདུན་དབང་པོ་ཐ་མ་ལ། །ཉེར་གཅིག་ཉེར་གཅིག་འཕྲོ་ནས་གོང་མ་རྣམས། །མི་སྣང་འོག་མའི་སྣང་བ་འཆར་བར་འགྱུར། །ཐིག་ལེའི་ནང་དུ་ལྷ་སྐུ་ཕྲ་མོ་ཡི། །དབུ་དང་ཕྱེད་ཞལ་རྡོར་སེམས་སྐུ་རྐྱང་རེ། །མཐོང་དུས་ཉམས་སྣང་གོང་འཕེལ་རྫོགས་པའོ། །ཕྱི་ཡི་འོད་གསལ་རྩལ་དེ་འཕེལ་བ་བཞིན། །ནང་དུ་རིག་པའི་འོད་གསལ་ཏིང་འཛིན་དང་། །སྤྱན་དང་མངོན་ཤེས་ལ་སོགས་འཆར་བར་གསུངས། །དེ་ལྟར་ཉམས་སྣང་གོང་དུ་འཕེལ་བ་ཡིས། །བར་དོ་མེད་པར་འཚང་རྒྱའི་དགོས་པ་ཡོད།། ༈ །།ཨེ་མ་ཧོ། གསུམ་པ་རིག་པ་ཚད་ཕེབས་སྣང་བ་ནི། །དབྱིངས་ཀྱིས་སྣང་བ་ཐམས་ཅད་རྒྱས་ཐེབས་པས། །ས་ཆུ་མེ་རླུང་སྣང་བ་རང་དག་སྟེ། །འོད་གསལ་སྣང་བ་མཐའ་དབུས་མེད་པ་རུ། །རྣམ་སྣང་ལ་སོགས་རིགས་ཀྱི་ཡབ་ལྔ་དང་། །དབྱིངས་ཕྱུག་ལ་སོགས་རིགས་ཀྱི་ཡུམ་ལྔ་སྟེ། །རིགས་ལྔ་ཡབ་ཡུམ་ཟུང་ལྡན་ཚོམ་བུ་ནི། །ལྔ་མཚན་དཀྱིལ་འཁོར་ནམ་མཁའ་གང་བར་འཆར། །དེ་ལྟར་འོད་ཟེར་རང་ལུས་འབྲེལ་བར་སྣང་། །འདིའི་
དུས་འདུག་སྟངས་ལྟ་སྟངས་ལ་སོགས་ཀྱིས། །ཆེད་དུ་མ་བསྒོམས་ན་ཡང་འབྲལ་བ་མེད། །མི་འགྱུར་བས་ན་མ་བསྒོམ་ན་ཡང་ཆོག །རྒྱས་པར་བཤད་ན་ཕྱི་ཡི་སྣང་བའི་ཚད། །ནང་གི་ལུས་ཚད་གསང་བ་རིག་པའི་ཚད། །གསུམ་གྱི་དང་པོ་ཕྱི་ཡི་སྣང་བའི་ཚད། །སྣང་བ་གང་ལའང་དབང་བསྒྱུར་ནུས་པ་ཡི། །ཤེས་པ་གང་དུ་བཅུག་པའི་བེམ་པོ་ཉིད། །འགུལ་བར་ནུས་ཤིང་འབྱུང་བ་བཞི་ལ་ཡང་། །ཐོགས་རྡུགས་མེད་པར་ཟང་ཐལ་བགྲོད་པའོ། །གཉིས་པ་ནང་ལུས་ཚད་ལ་ཕེབས་པ་ནི། །སྣང་བ་ཐམས་ཅད་རིགས་ལྔའི་ཞིང་དུ་མཐོང་། །རིགས་ལྔའི་ཚོམ་བུའི་ཐུགས་ཀའི་འོད་གསལ་གྱི། །སྐར་ཁུང་ཉིད་ནས་འོད་ཟེར་བྱུང་ནས་ཀྱང་། །རང་གི་ལུས་ནང་སྙིང་གི་ཡི་གེ་ཨའི། །རྣམ་པ་ཅན་ལ་འོད་གདངས་ཟུག་པར་འབྲེལ། །རང་ལ་འོད་ཟེར་ཆེན་པོའི་དབང་ནོད་ཅིང་། །རང་ཉིད་འོད་ཀྱི་པདྨ་ཆེན་པོའི་སྟེང་། །འོད་ལུས་ཉིད་དུ་སྣང་ཞིང་མཛོད་སྤུ་ནས། །འོད་ཟེར་སྣ་ལྔ་འདོམ་གང་གསལ་བར་སྣང་། །སྤྱི་བོའི་གཙུག་ན་ཡེ་ཤེས་རླུང་ཉིད་ཀྱིས། །བཏེགས་པའི་ཐིག་ལེ་འཁར་གཞོང་ཙམ་དགུ་འམ། །ལྔ་ནི་བརྩེགས་
མར་སྣང་ཞིང་ཡེ་ཤེས་ཀྱི། །རླུང་རྣམས་ལག་སོར་ཚུད་པས་སོར་མོ་རྣམས། །འོད་ལྔའི་ཕྲེང་བ་འཁྲིགས་ཤིང་འོད་རྩ་རུ། །ཡེ་ཤེས་རང་གདངས་གསལ་བའི་རང་ལུས་ཀྱི། །བ་སྤུའི་སྒོ་སོགས་ཕྱི་ནང་རྡུལ་ཕྲན་གྱི། །ཁྱོན་ལས་ཆུང་བ་རེ་རེའི་ནང་ན་ཡང་། །ཞིང་ཁམས་གྲངས་མེད་སངས་རྒྱས་ཚད་མེད་དང་། །སེམས་ཅན་གྲངས་མེད་སྣང་ཞིང་དུང་ཁང་ན། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་མངོན་སུམ་སྣང་། །དེ་ཡི་གདངས་ལས་སྲིད་ཞི་མ་ལུས་པ། །ཁྲོ་བོའི་ཞིང་ཁམས་ཉིད་དུ་མཐོང་བའོ། །སྙིང་ནང་ཞི་བའི་ལྷ་ཚོགས་གསལ་བའི་གདངས། །ཕྱི་རུ་ཤར་བའི་ཐད་སོ་ཐམས་ཅད་ནི། །ཞི་བའི་དཀྱིལ་འཁོར་ཉིད་དུ་གསལ་བའོ། །མདོར་ན་ལུས་ཀྱི་ཆ་ཤས་ཀུན་ན་ཡང་། །རང་བཞིན་སྤྲུལ་པ་འགྲོ་འདུལ་སྤྲུལ་པ་དང་། །སྣ་ཚོགས་སྤྲུལ་པ་བསམ་གྱིས་མི་ཁྱབ་བོ། །ལྷུན་གྲུབ་སྒོ་བརྒྱད་འཆར་བའི་སྣང་བ་ཀུན། །འདིའི་དུས་ལྷག་ཆད་མེད་པར་འཆར་བར་གསུངས། །གསུམ་པ་གསང་བ་རིག་པ་ཚད་ཕེབས་ནི། །ཀུན་རྟོག་བག་ཆགས་སྒྲིབ་པ་དག་ནས་ཀྱང་། །ཆོས་དབྱིངས་དྲི་མེད་ཉིད་དུ་རང་
གསལ་བའི། །གཞན་གྱི་སེམས་རྣམས་ཤེས་པ་ལ་སོགས་པའི། །མངོན་ཤེས་དྲུག་ཐོབ་ཐོགས་རེག་སྒྲིབ་པ་ཡིས། །བར་དུ་ཆོད་པའི་ཕ་རོལ་གཞན་ཡུལ་དང་། །སངས་རྒྱས་ཞིང་ཁམས་ཚད་མེད་མཐོང་བ་དང་། །ཆོས་རྣམས་དུས་གཅིག་ཤེས་པའི་ཤེས་རབ་དང་། །ཏིང་ངེ་འཛིན་གྱི་སྒོ་མོ་དཔག་མེད་ལ། །མངའ་དབང་བསྒྱུར་སོགས་ཡོན་ཏན་བརྗོད་ལས་འདས། །དེ་ལྟར་ཚད་ལ་ཕེབས་པའི་ཡོན་ཏན་ནི། །ཚེ་འདི་ཉིད་ལ་ཞིང་ཁམས་ཆོད་ནས་ཀྱང་། །ལོངས་སྤྱོད་རྫོགས་པའི་སྐུ་རུ་གྲོལ་བར་འགྱུར། །དེ་ཡང་གྲུབ་པའི་མཐའ་ནི་ཁ་ཅིག་གི །བཤེས་གཉེན་བྱི་ལ་དང་མཚུངས་སྡེ་ཚོགས་ཀྱིས། །རང་བཞིན་རྫོགས་པ་ཆེན་པོའི་སྣང་བཞི་ལ། །མུ་སྟེགས་ཉི་མ་བལྟ་བའི་ལུགས་ཞེས་ནས། །ཆོས་ལ་སྡང་བའི་རྩ་ལྟུང་ལ་སོགས་ལ། །བག་ཚ་མེད་པར་འཇུག་པ་དེ་དག་ནི། །ཡང་དག་ཆོས་སྤངས་དམྱལ་བ་མནར་མེད་འགྲོ། །ཆོས་འདིའི་སྒོར་ཞུགས་སྐལ་ལྡན་བུ་རྣམས་ཀུན། །འདི་རྣམས་ཀློང་ཆེན་མཛོད་ནས་གསུངས་པས་ན། །ཨེ་མ་བློ་བདེ་མཛོད་ལ་ཐུགས་སྟོབས་སྐྱེད།། ༈ །།ཨེ་མ་ཧོ། བཞི་པ་ཆོས་ཉིད་ཟད་པའི་
སྣང་བ་ནི། །འཆར་ཚུལ་མདོར་བསྟན་རྒྱས་པར་བཤད་པར་བྱ། །ཚད་ཕེབས་ཟླ་བ་ཉ་གང་ལྟ་བུ་དེ། །རང་གདངས་ཀ་དག་དབྱིངས་སུ་ཐིམ་ཚུལ་ནི། །ཟླ་བ་མར་འགྲིབ་བཞིན་དུ་སྐུ་ཡལ་ནས། །ཐིག་ལེ་ལ་ཐིམ་རིམ་པར་ནང་དབྱིངས་སུ། །ཐིམ་ནས་ཅི་ཡི་ངོ་བོར་གྲུབ་པ་མེད། །ཆོས་ཉིད་ཟད་པ་ཞེས་བྱ་དོན་གྱི་འབྲས། །གཞོན་ནུ་བུམ་སྐུ་དེ་དུས་བརྙེས་པའོ། །ཚད་ཕེབས་སྐུ་དང་ཡེ་ཤེས་ཀ་དག་གི །དབྱིངས་སུ་ཐིམ་དུས་བྲི་གང་ཡེ་མེད་དེ། །དཔེར་ན་མར་ངོའི་གནམ་སྟོང་དུས་སུ་ཡང་། །ཟླ་བའི་སྣང་བ་བྲི་བར་སྣང་ན་ཡང་། །དང་པོ་ལས་ནི་ཆེ་དང་ཆུང་ངུ་རུ། །སོང་བ་མེད་ལྟར་རིག་པའི་སྣང་ཆ་རྣམས། །ཡར་ལ་འཕེལ་དུས་ཆེ་རུ་མ་སོང་ཞིང་། །མར་ལ་ཟད་དུས་ཆུང་ངུར་མ་སོང་ངོ་། །རང་གདངས་གཞི་ལ་རང་ཐིམ་ལ་སོང་ཞིང་། །ཤེལ་འོད་ནང་དུ་ནུབ་པ་ཇི་བཞིན་དུ། །གང་བ་མེད་ཅིང་བྲི་བ་མེད་པའོ། །དེ་ཡང་ཕྱིར་སྣང་ནང་དབྱིངས་ལ་ཐིམ་ནས། །ཆོས་ཉིད་གང་དུའང་བསམ་བརྗོད་མེད་པ་ལ། །གནས་དུས་ཆོས་ཟད་བརྡ་རུ་བཏགས་པ་སྟེ། །སྣང་བ་མེད་པ་ཉིད་ལ་བལྟས་ནས་
ཀྱང་། །ཟད་དང་སྟོང་ཞེས་ཐ་སྙད་བཏགས་པ་ཡིན། །ཟད་ལུགས་རིམ་གྱིས་གཅིག་ཆར་གཉིས་ཡོད་པའི། །རིམ་གྱིས་པ་ནི་སྣང་བ་བཞི་པོ་ཡང་། །ཚད་དུ་ཕྱིན་པའི་དུས་སུ་ཟད་པའོ། །གཅིག་ཆར་བ་ནི་ཆོས་ཉིད་མངོན་གསུམ་གྱི། །སྣང་བ་མཐོང་ནས་གོམས་པར་བྱས་པ་ཡིས། །ཉམས་སྣང་གོང་འཕེལ་སྣང་བ་མ་སྐྱེས་པར། །ཟད་པ་ཡོད་དེ་སྔོན་གྱི་ལས་འཕྲོ་ཅན། །རེ་རེ་མ་གཏོགས་སྲིད་པ་ཙམ་ཡིན་ནོ། །སྣང་བ་ཞེས་པ་དེ་སྔར་ལྷུན་གྲུབ་ཀྱི། །སྣང་ཆ་ཐམས་ཅད་ནང་དུ་ཐིམ་དུས་སུ། །ཀ་དག་སྤྲིན་མེད་ནམ་མཁའ་ལྟ་བུའི་ངང་། །དར་གཅིག་གནས་པ་དེ་ལ་སྣང་བ་ཟེར། །དངོས་པོ་མཚན་མ་ཁ་དོག་ལ་སོགས་ཀྱི། །སྣང་བའི་སྣང་བ་ལྟ་བུ་མ་ཡིན་ནོ། །གཉིས་པ་རང་བཞིན་རྒྱས་པར་བཤད་པ་ནི། །དེ་ཡང་ཕྱི་ཡི་ཉམས་སྣང་འཕེལ་རྣམས་ཟད། །ནང་གི་སྒྱུ་ལུས་ཆོས་ཟད་གསང་བ་ཡི། །རྟོག་ཚོགས་སེམས་ཟད་འཁྲུལ་པའི་སྣང་བ་དག །འཁོར་འདས་འདུ་ཤེས་བྲལ་ཞིང་དྲན་བསམ་ཀྱང་། །རྗེས་མེད་སོང་ནས་འགྲོ་འདུག་འདུ་ཤེས་མེད། །ཕྱི་ཡི་འབྱུང་བཞི་ཉི་ཟླའི་སྣང་བ་སོགས། །རང་ཡལ་རྗེས་མེད་སོང་ནས་འདི་
ཡིན་ནོ། །ཞེས་པའི་ཆོས་ཀྱི་མིང་ཙམ་མི་དམིགས་སོ། །ཆོས་ཉིད་ཟད་པའི་སྣང་བ་ཞེས་ཀྱང་བྱ། །གཟུགས་སྣང་མྱ་ངན་འདས་པ་ཞེས་བྱ་འོ། །འདི་དུས་རྒྱུན་གྱི་ཏིང་ངེ་འཛིན་ལ་གནས། །རྟག་ཏུ་ཆོས་ཉིད་ངང་ལས་མི་འདའ་ཞིང་། །སྤྱན་དང་མངོན་ཤེས་ཆེན་པོར་དབང་བསྒྱུར་ནས། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་རྒྱལ་ཚབ་ཏུ། །དེ་དུས་མངའ་དབང་བསྒྱུར་བ་ཞེས་ཀྱང་བྱ། །ཀུན་གཞི་ཤེས་བྱའི་སྒྲིབ་པ་ཕྲ་མོ་ནི། །དར་དཀར་ཡོལ་བ་ཙམ་གྱིས་བར་ཆོད་པ། །མ་གཏོགས་སྒྲིབ་པ་མེད་པའི་ལམ་དུས་ཀྱི། །ཆོས་ཉིད་ཟད་པའི་འབྲས་བུ་ཞེས་ཀྱང་བྱ། །འདི་དུས་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱི། །མཐུ་ཡིས་ཤེས་སྒྲིབ་ཕྲ་མོ་བསལ་བའི་ཚེ། །སྒྲིབ་པ་མཐའ་དག་བྲལ་ནས་ནང་དབྱིངས་སུ། །ཀ་དག་ཆོས་སྐུའི་ས་ལ་འཚང་རྒྱའོ། །ཀ་དག་ཉིད་ལ་སྐུ་དང་ཡེ་ཤེས་ཉིད། །མེད་པར་འདོད་པའི་སྔར་དུས་རྫོགས་ཆེན་པ། །ཁ་ཅིག་བྱུང་བའི་ནོར་ས་ཆེན་པོ་སྟེ། །ཕྱིར་སྣང་གདངས་ཀྱི་སྐུ་དང་ཡེ་ཤེས་ཉིད། །ཤེལ་འོད་ནང་དུ་ལོག་པ་ལྟ་བུའི་ཆར། །དེ་སྐད་གསུངས་པའི་དགོངས་པ་མ་ལོན་ངེས། །
མེད་ན་འགལ་བ་དུ་མ་འབྱུང་བའི་ཕྱིར། །ཉེས་ཆ་དེ་འདྲ་ཁས་བླང་མི་འོས་སོ། །དེ་ལྟར་ཟད་དུས་ཐོབ་པ་གཉིས་འབྱུང་སྟེ། །སྐྱེ་འཇུག་གཉིས་ལ་དབང་ཐོབ་སྐད་ཅིག་ལ། །འཚང་རྒྱར་འདོད་ན་འཚང་ནི་རྒྱར་ཡོད་ལ། །འགྲོ་དོན་འཁོར་བ་མ་སྟོངས་བར་དུ་ནི། །མཛད་པར་འདོད་ཀྱང་རང་དབང་ཐོབ་པའོ། །སྐྱེ་བར་དབང་ཐོབ་འཕོ་བ་ཆེན་པོའི་སྐུར། །བཞེངས་ཏེ་འགྲོ་དོན་དཔག་མེད་མཛད་པ་ཡིན། །འཕོ་བ་ཆེན་པོའི་སྐུ་ཡི་བཞེངས་ལུགས་ནི། །སྣང་བ་ཐམས་ཅད་རིམ་གྱིས་ཟད་པའི་ཚེ། །ལག་པའི་སོར་མོ་ལྔ་པོ་འོད་དཀྱིལ་ན། །བཀྲམ་བཀྲམ་སྣང་བར་ཤེས་པ་གཏད་པའི་ཚེ། །སྣང་བ་དེ་ལས་ཚུར་ལོག་སྣོད་བཅུད་ཀྱི། །རྟེན་དང་བརྟེན་པ་ཆུ་ཟླ་ལྟ་བུར་མཐོང་། །རང་ལུས་མེ་ལོང་ནང་གི་གཟུགས་བརྙན་ལྟར། །ཡེ་ཤེས་སྒྱུ་མའི་སྐུ་རུ་རང་སྣང་ཞིང་། །ཕྱི་ནང་ཟང་ཐལ་འབྱུང་བཞིས་གནོད་པ་དང་། །བྲལ་ཞིང་རྡོ་རྗེ་ལྟ་བུའི་སྐུ་ཐོབ་བོ། །ལུས་དེ་རང་གིས་ཕྱི་ནང་ཟང་ཐལ་མཐོང་། །གཞན་གྱིས་མིག་མ་དག་པས་སྔར་དུས་ཀྱི། །ལུས་ཙམ་མ་གཏོགས་ཟང་ཐལ་དུ་མི་མཐོང་། །དཔེར་ན་སློབ་དཔོན་པད་འབྱུང་སྐུ་ཉིད་ལ། །མུ་
ཁྲི་བཙན་པོའི་ཕྱག་གིས་རེག་པའི་ཚེ། །སྟན་ལ་ཐུག་པའི་ལོ་རྒྱུས་ཇི་བཞིན་ནོ། །གཞན་ཡང་སྤྲུལ་པ་བསམ་གྱིས་མི་ཁྱབ་པ། །དངོས་སུ་བཀྱེ་ནས་རིགས་དྲུག་སོ་སོ་རུ། །འགྲོ་དོན་དཔག་ཏུ་མེད་པ་མཛད་པ་དང་། །གཞན་ཡང་གང་ལ་གང་འདོད་སྤྲུལ་ནས་ཀྱང་། །འགྲོ་དོན་ལྷུན་གྲུབ་དཔག་མེད་བྱེད་པ་དང་། །དེའི་ཚེ་བེམ་པོར་རིག་པ་བཅུག་ན་ཡང་། །འགུལ་དང་སྒྲ་སྐད་འབྱིན་ཅིང་པདྨ་དང་། །དཔག་བསམ་ཤིང་དང་ནོར་བུ་ལ་སོགས་པར། །རིག་པ་བཅུག་པས་ཆོས་ཀྱི་སྒྲ་བྱུང་ནས། །སེམས་ཅན་ཐམས་ཅད་སྨིན་པར་མཛད་པ་དང་། །ཟས་གོས་ལ་སོགས་འདོད་དགུའི་ཆར་བབ་ནས། །སེམས་ཅན་བདེ་སྐྱིད་དཔལ་ལ་འགོད་པའོ། །གཉིས་པ་འཇུག་པ་ཉིད་ལ་དབང་ཐོབ་པས། །ཀ་དག་གདོད་མའི་དབྱིངས་སུ་འཇུག་ཁ་མར། །དུས་དེར་གཞན་དོན་རླབས་ཆེན་མཛད་འདོད་ན། །སེམས་ཅན་སུམ་སྟོང་ཙམ་ལ་རིག་པ་ཉིད། །བཅུག་པའི་མོད་ལ་ཐམས་ཅད་དུས་གཅིག་ཏུ། །གྲོལ་བའི་མཐུ་ཆེན་ཐོབ་སྟེ་སྲིན་བུ་ཡང་། །འོད་དུ་ཡལ་ནས་ན་བུན་ནམ་མཁའ་ལ། །ཡལ་བ་བཞིན་དུ་ཀ་དག་ནང་དབྱིངས་སུ། །མི་
སྣང་སྐད་ཅིག་ཉིད་ལ་གཤེགས་ནས་ཀྱང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས། །དེ་ཡང་སྐྱེ་འཇུག་དུ་མས་འཇིག་རྟེན་ཁམས། །རྡུལ་གྱི་གྲངས་མཉམ་འགྲོ་བ་ཐམས་ཅད་ཀྱི། །དོན་ལ་སྐད་ཅིག་ཙམ་ཡང་མི་གཡེལ་བར། །འགྲོ་དོན་རྒྱུན་མི་འཆད་པར་མཛད་པའོ། །དེ་ལྟར་རྡུལ་ཕྲན་དེངས་ནས་འོད་དུ་གསལ། །སྐྱེ་འཇུག་གཉིས་ལ་རང་དབང་ཐོབ་པ་རྣམས། །ལྷུན་གྲུབ་ཐོད་རྒལ་ཁོ་ནའི་ཁྱད་ཆོས་ཡིན། །ཁྲེགས་ཆོད་ཉིད་ཀྱིས་ལུས་ནི་རྡུལ་ཕྲན་དང་། །སེམས་ཀྱང་ཆོས་ཉིད་ངང་དུ་དེངས་ནས་ཀྱང་། །ཀ་དག་སར་གྲོལ་ཙམ་ལས་མེད་ཕྱིར་རོ། །སྐྱེ་དང་འཇུག་པ་གཉིས་ལ་དབང་བ་འདི། །ཆོས་ཉིད་ཟད་པའི་ནང་དབྱིངས་འཇུག་ཁ་མར། །འཐོབ་པའི་ཚུལ་ནི་ཀུན་མཁྱེན་མཛོད་ནས་གསུངས། །དེ་ལྟར་ལྷུན་གྲུབ་སྣང་བཞི་མཐར་ཕྱིན་ནས། །བརྩོན་འགྲུས་རབ་རྣམས་ཚེ་འདི་ཉིད་ལ་ཡང་། །ཡང་དག་རྫོགས་པའི་སངས་རྒྱས་ཞེས་བྱ་བ། །ཕུང་པོ་ལྷག་མ་མེད་པར་འཚང་རྒྱའོ། །དེའི་ཕྱིར་ཐུན་མོང་ཐེག་པ་གཞན་དག་ལས། །ཁྱད་པར་འཕགས་པའི་ཟབ་ལམ་འདི་ཉིད་ལ། །ཕྲད་པའི་དུས་འདིར་བརྩོན་པའི་ཉམས་
ལེན་ལ། །འབད་པར་གྱིས་ཤིག་སྐལ་ལྡན་སྙིང་གི་བུ། །སངས་རྒྱས་འཐོབ་པར་འདོད་ན་འདི་ལ་འབོད། །འདི་འདྲ་བསྐལ་པ་བྱེ་བར་རྙེད་པར་དཀའ། །སྐལ་དམན་ལོག་ལྟ་ཅན་ལ་མ་སྟོན་པར། །རྟག་ཏུ་ཙིཏྟ་རིན་ཆེན་གཏེར་དུ་སྦོས།། ༈ །།ཨེ་མ་ཧོ། བདུན་པ་མཐའ་རྟེན་མན་ངག་རྣམ་བཞི་ཡི། །དང་པོ་མི་འགུལ་གསུམ་ལ་གཞི་བཅའ་བ། །ལུས་ནི་བཞུགས་སྟངས་གསུམ་ལས་མི་འགུལ་བར། །བྱས་པས་འགྱུ་བྱེད་དྲན་རྟོག་རྒྱུན་ཆད་ནས། །རིག་པ་གཡོ་མེད་གནས་པའི་དགོས་པ་ཡོད། །མིག་གཉིས་གཟིགས་སྟངས་གསུམ་ལས་མི་འགུལ་བར། །བྱས་པས་དབྱིངས་རིག་འདུ་འབྲལ་མེད་པའོ། །རླུང་རིག་མ་འགུལ་རབ་ཏུ་དལ་བར་བྱ། །འོད་གསལ་ཇེ་འཕེལ་ཇེ་བརྟན་འགྱུར་བའོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་བཟུང་བ། །དབྱིངས་རིག་གཉིས་ལ་ཡུན་རིང་བར་གནས་པའི། །བརྟན་པའི་ཚད་ནི་སྡོད་པ་གསུམ་འབྱུང་སྟེ། །ཕྱི་ཡི་སྣང་བ་སྐྱོད་བྱེད་རླུང་ཟད་པས། །དབྱིངས་རིག་འགྲོ་འོང་མེད་པར་སྡོད་པ་དང་། །ནང་གི་ཕུང་པོ་སྐྱོད་བྱེད་རླུང་ཟད་པས། །རང་ལུས་གཡོ་
འགུལ་མེད་པར་སྡོད་པ་དང་། །གསང་བ་རྟོག་པ་སྐྱོད་བྱེད་རླུང་ཟད་པས། །རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་ཀྱང་རྨི་ལམ་ཉིད་ཀྱིས་འཛིན། །དབང་པོ་རྣོན་པོ་བརྩོན་འགྲུས་རབ་རྣམས་ནི། །ལས་དང་བག་ཆགས་འབྲེལ་བ་ཆད་ནས་ཀྱང་། །ཚེ་འདི་ཉིད་ལ་གྲོལ་བའི་རྟགས་སུ་ཡང་། །རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད་དེ། །གཉིད་ཀྱང་འོད་གསལ་བདེ་བ་ཆེན་པོར་འཆར། །འབྲིང་གི་རྨི་ལམ་གང་རྨིས་རྨི་ལམ་དུ། །ཤེས་པས་བར་དོར་མངོན་པར་འཚང་རྒྱའོ། །ཐ་མ་རྨི་ལམ་ངན་པ་རྒྱུན་ཆད་ནས། །དཀར་ཕྱོགས་བཟང་པོ་ཤ་སྟག་རྨི་བ་ནི། །རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱའོ། །རྟགས་ཀྱང་སྒོ་གསུམ་ཉིད་ལ་འཆར་བ་ནི། །སྣང་བ་བཞི་ལ་གསུམ་གསུམ་བཅུ་གཉིས་ལས། །དང་པོ་ཆོས་ཉིད་མངོན་སུམ་རྟགས་གསུམ་ནི། །ལུས་ནི་དཔེར་ན་འཁར་གཞོང་འཇམ་པོ་རུ། །རུས་སྦལ་བཞག་ན་འགུལ་མེད་སྡོད་པ་ལྟར། །བྱ་བྱེད་གཡོ་འགུལ་མེད་པར་སྡོད་ཚུགས་སོ། །ངག་ནི་ལྐུགས་པ་བཞིན་དུ་སྨྲ་མི་འདོད། །སེམས་ནི་བྱ་རྣམས་རྙི་ཡིས་ཟིན་པ་ལྟར། །ཤེས་པ་གར་གཏད་ཉིད་དུ་སྡོད་པའོ། །
གཉིས་པ་ཉམས་སྣང་གོང་འཕེལ་རྟགས་གསུམ་ནི། །ལུས་ནི་སྐྱེས་བུ་ནད་ཀྱིས་གདུངས་པ་ལྟར། །བྱི་དོར་རྒྱན་གྱི་སྤྲོས་པ་བྲལ་བའོ། །ངག་ནི་སྨྱོན་པ་རང་ཚིག་རྡོལ་བ་ལྟར། །གང་ལའང་ལྟོས་མེད་བྱུང་རྒྱལ་སྨྲ་བའོ། །སེམས་ནི་དཔེར་ན་ལན་བདུན་རྩི་དུག་གིས། །ཟིན་པའི་ཤེས་པ་མྱོས་པའི་སྐྱེས་བུ་བཞིན། །འཁོར་བའི་བྱ་བར་གཏན་ནས་མི་འཇུག་གོ །གསུམ་པ་རིག་པ་ཚད་ཕེབས་རྟགས་གསུམ་ནི། །ལུས་ནི་དཔེར་ན་གླང་ཆེན་འདམ་ནང་དུ། །ཚུད་ཀྱང་རང་གིས་སྟོབས་ཀྱིས་ཐོན་པ་ལྟར། །འབྱུང་བ་བཞི་ལ་ཐོགས་རྡུགས་མེད་པ་རུ། །ཟང་ཐལ་ཕར་ཐལ་ཚུར་ཐལ་བགྲོད་པའོ། །ངག་ནི་དཔེར་ན་གྲུལ་བུམ་ཕྲུ་གུ་ཡིས། །སྐད་གདངས་སྙན་པས་གླུ་དབྱངས་བླངས་པ་ན། །ཕ་རོལ་གཞན་ཡིད་དབང་མེད་འཕྲོག་པ་ལྟར། །ཅི་སྨྲས་ཐམས་ཅད་གཞན་ཡིད་ལ་འཇུག་ཅིང་། །དད་པའི་རྒྱུ་བྱེད་འགྲོ་ལ་ཕན་ཐོག་གོ །སེམས་ནི་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར། །ཕྱིན་ཆད་འཁོར་བར་མི་ལྡོག་ཐག་ཆོད་དོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། །ལུས་ནི་དཔེར་ན་དུར་ཁྲོད་མི་རོ་བཞིན། །གཤེད་
མ་ལྔ་བརྒྱས་བསྐོར་ཡང་བག་ཚ་མེད། །ངག་ནི་དཔེར་ན་བྲག་ཆའི་སྒྲ་དབྱངས་བཞིན། །ཕ་རོལ་གཞན་གྱི་རྗེས་སུ་ཟློ་བའོ། །སེམས་ནི་ནམ་མཁར་ན་བུན་ཡལ་བ་ལྟར། །སྐད་ཅིག་ཉིད་ལ་བག་ཆགས་ཕུང་པོ་ཡང་། །མི་སྣང་འཚང་རྒྱ་ནུས་སོ་སྐལ་ལྡན་ཀུན།། ༈ །།ཨེ་མ་ཧོ། གསུམ་པ་ཐོབ་པ་གསུམ་གྱི་གཟེར་གདབ་པ། །སྐྱེ་བར་དབང་ཐོབ་འཕོ་ཆེན་སྐུར་བཞེངས་ནས། །འགྲོ་བའི་དོན་ཀྱང་དངོས་སུ་བྱེད་པར་ནུས། །གཞན་ཡང་གང་ལ་གང་འདོད་སྤྲུལ་ནས་ཀྱང་། །འགྲོ་དོན་དཔག་ཏུ་མེད་པ་མཛད་པ་དང་། །དེའི་ཚེ་མི་ལ་སོགས་པའི་འགྲོ་གཞན་ལ། །རིག་པ་བཅུག་ན་མི་དེས་མི་དགེའི་ལས། །ཅི་ཙམ་སྤྱད་ཀྱང་དེ་ལ་རང་བྱུང་གི །རིག་པའི་ཡེ་ཤེས་གནས་པའི་གནད་ཉིད་ཀྱིས། །འབྱུང་བ་རང་སར་དག་ནས་འཚང་རྒྱ་ནུས། །བེམ་པོ་སོགས་ལ་རིག་པ་བཅུག་ན་ཡང་། །འགུལ་ཞིང་ཆོས་ཀྱི་སྒྲ་འབྱིན་ལ་སོགས་པའི། །ཕུལ་དུ་ཕྱིན་པའི་ཡོན་ཏན་སྟོན་ནུས་སོ། །འཇུག་པར་རང་དབང་ཐོབ་པས་ནང་དབྱིངས་སུ། །ཟག་བཅས་མི་སྣང་འཚང་རྒྱ་ནུས་པའོ། །རླུང་སེམས་གཉིས་ལ་རང་དབང་ཐོབ་ནས་ཀྱང་། །
རླུང་གི་ཡོན་ཏན་ཐམས་ཅད་འབྱུང་བ་དང་། །དེ་ཡང་སེམས་ཅན་གཞན་རྣམས་ཚེ་འཕོའི་ཚེ། །དེ་ལ་རང་གིས་ཤེས་པ་བཅུག་ནས་ཀྱང་། །རིག་པ་ཀ་དག་ཆེན་པོར་བཞག་པའི་ཚེ། །ལས་ལ་བཟང་ངན་མེད་པར་རང་ཉིད་དང་། །མཉམ་དུ་འཚང་རྒྱ་ནུས་པའི་མཐུ་ཆེན་འཐོབ། །རི་བྲག་རྣམས་ལ་ཐལ་བྱུང་འགྲོ་བ་དང་། །ནམ་མཁའི་ཁམས་ལ་བྱ་བཞིན་འཕུར་བ་དང་། །འབྱུང་བཞིའི་གནོད་པ་གང་གིའང་མི་ཚུགས་ཤིང་། །མངོན་པར་ཤེས་པ་ཕྱོགས་མེད་འཆར་བའོ། །འཕོ་བ་འདེབས་པའི་ཟབ་གནད་ཉིད་ལ་ཡང་། །འདིའི་དོན་རང་གི་རྒྱུད་ལ་ཁེལ་བ་ཞིག །དགོས་པ་འདྲ་ཡང་ལམ་མཆོག་འདི་ཉིད་ལ། །མ་གོམས་ཞལ་འདྲིས་ཙམ་ཡང་མ་ཐོབ་པའི། །མཁས་རློམ་རྣམས་ཀྱི་ཐུགས་ལ་མི་འཆར་རོ།། ༈ །།ཨེ་མ་ཧོ། བཞི་པ་གདིང་བཞིའི་དྲོད་ཚད་བསྟན་པ་ནི། །ཡར་གྱི་གདིང་གཉིས་རང་བྱུང་རིག་པ་ལས། །གཞན་པའི་སངས་རྒྱས་མེད་པར་རྟོགས་པ་ཡིས། །སངས་རྒྱས་ཞིང་གི་ཡོན་ཏན་མཐོང་ན་ཡང་། །སངས་རྒྱས་ཡོན་ཏན་འཐོབ་ཏུ་རེ་བ་དང་། །མི་འཐོབ་སྙམ་པའི་དོགས་པ་མེད་པའི་
གདིང་། །མར་གྱི་གདིང་གཉིས་རང་བྱུང་རིག་པ་ལ། །འཁྲུལ་པ་ཡེ་ནས་བྲལ་བར་རྟོགས་པ་ཡིས། །འགྲོ་བ་རིགས་དྲུག་སྡུག་བསྔལ་མཐོང་ན་ཡང་། །འཁོར་བའི་གནས་སུ་མི་ལྟུང་རེ་བ་དང་། །ལྟུང་གི་སྙམ་པའི་དོགས་པ་མེད་པའི་གདིང་། །མདོར་ན་སེང་གེས་གངས་རི་ཟིན་པ་ལྟར། །གདོད་མའི་གྲོལ་གཞིར་ཕྱིན་པས་ཡ་ང་བྲལ། །ཀུན་བཟང་ཆོས་སྐུའི་རྒྱལ་ས་དེ་དུས་སུ། །ཟིན་པའི་དུས་ཡིན་སྐལ་ལྡན་སློབ་བུ་ཚོ།། ༈ །།ཨེ་མ་ཧོ། ལྷུན་གྲུབ་སྣང་བ་བཞི་ཡི་ཉམས་དེ་རྣམས། །ཡོངས་སུ་རྫོགས་པའི་བར་ལ་ཕྱིའི་ས་བཅུ། །དོན་ལ་རྫོགས་ཤིང་ནང་གི་འབྲས་བུ་ཡི། །བཅུ་དྲུག་ས་རྣམས་རྫོགས་པའི་རིམ་པ་ནི། །དང་པོ་ཕྱི་ཡི་ས་བཅུ་རྫོགས་པའི་ཚུལ། །དང་པོ་མཚན་ལྡན་རྩ་བའི་བླ་མ་ཡིས། །ངོ་སྤྲོད་བཏབ་པའི་དུས་སུ་གང་ཟག་དེས། །དོན་དམ་ཆོས་ཉིད་བདེན་པ་མཐོང་བའི་ཚེ། །དེ་ལ་དགའ་བ་སྐྱེས་པ་ས་དང་པོ། །རབ་ཏུ་དགའ་བའི་ས་དེ་ཐོབ་པའོ། །དེ་རྣམས་ཐམས་ཅད་རང་གི་རིག་པའི་གདངས། །རང་སྣང་ཡིན་པར་རང་ངོ་ཤེས་པ་ནི། །གཉིས་པ་དྲི་མ་མེད་པའི་ས་ཐོབ་བོ། །དེ་ནས་དེ་ལ་གོམས་པར་བྱེད་
པ་ནི། །གསུམ་པ་འོད་བྱེད་པ་ཡང་ཐོབ་པའོ། །དེ་ནས་དེ་ལ་གོམས་ནས་འོད་གསལ་གྱི། །སྣང་བ་སྣ་ཚོགས་མཐོང་བ་དེ་ཉིད་དུས། །བཞི་པ་འོད་འཕྲོའི་ས་ཡང་ཐོབ་པའོ། །དེ་ནས་ཡེ་ཤེས་སྣང་བ་མཐོང་དེ་ལ། །གོམས་ནས་ཉོན་མོངས་ཐམས་ཅད་རང་བཞིན་གྱིས། །སྦྱངས་ནས་འོད་གསལ་རྒྱ་ཆེར་མཐོང་བ་ནི། །ལྔ་པ་སྦྱང་དཀའི་ས་ཡང་ཐོབ་པའོ། །དེ་ནས་འོད་ལས་ཐལ་བའི་སྐུ་མཐོང་དུས། །དྲུག་པ་མངོན་དུ་གྱུར་པའི་ས་ཐོབ་བོ། །དེ་ནས་རབ་ཏུ་གོམས་པ་མཐར་ཕྱིན་ནས། །ཉོན་མོངས་པ་ལས་རིང་དུ་སོང་བ་ནི། །བདུན་པ་རིང་དུ་སོང་བའི་ས་ཐོབ་བོ། །དེ་ནས་འོད་གསལ་གཡོ་བ་མེད་པ་ནི། །བརྒྱད་པ་མི་གཡོ་བ་ཡི་ས་ཐོབ་བོ། །དེ་ནས་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ནི། །དགུ་པ་ལེགས་པའི་བློ་གྲོས་ས་ཐོབ་བོ། །དེ་ནས་ཡེ་ཤེས་སྣང་བ་དེ་ཉིད་ལ། །ཤེས་པ་ཟིན་ནས་སྣང་བ་ལྷུག་པར་ཤར། །ཆོས་ཀྱི་སྤྲིན་ལྟར་མཐོང་བ་དེ་ཉིད་ནི། །བཅུ་པ་ཆོས་ཀྱི་སྤྲིན་གྱི་ས་ཐོབ་བོ། །ཕྱི་ཡི་ས་བཅུ་ཐོབ་ཚུལ་དེ་ཉིད་ནི། །དོན་གྱིས་ཐོབ་ཕྱིར་དོད་ཐུབ་སྦྱར་བ་ཡིན། །བྱང་ཆུབ་སེམས་དཔའི་ས་བཅུ་
དངོས་མ་ཡིན། །གཉིས་པ་ནང་གི་འབྲས་བུ་སྣང་བཞི་ཡི། །བཅུ་དྲུག་ས་རྣམས་རྫོགས་པའི་རིམ་པ་ནི། །ཆོས་ཉིད་མངོན་སུམ་སྣང་བ་མཆེད་པ་མིག །ཉེ་བར་མཆེད་པ་མིག་གི་དེ་ཁོ་ན། །ཉིད་དང་ཐོབ་པ་ལུག་རྒྱུད་མཐོང་བ་དང་། །ཉེར་ཐོབ་དེ་ལ་གོམས་པ་རྙེད་པའོ། །ཉམས་སྣང་གོང་འཕེལ་སྣང་བ་མཆེད་པ་འོད། །ཉེ་བར་མཆེད་པ་ཐིག་ལེ་མཐོང་བ་དང་། །ཐོབ་པ་ཁ་དོག་ལྔར་གསལ་ཉེར་ཐོབ་ནི། །འགུལ་འཕྲིགས་བྱེད་ཅིང་སྣ་ཚོགས་འཆར་བའོ། །ཚད་ཕེབས་སྣང་བ་མཆེད་པ་སྐུ་རྐྱང་དང་། །ཉེ་བར་མཆེད་པ་ཡབ་ཡུམ་ཟུང་འབྲེལ་དང་། །ཐོབ་པ་ཚོམ་བུ་ལྔ་ལྔར་གསལ་བ་དང་། །ཉེ་བར་ཐོབ་པ་དཀྱིལ་འཁོར་རྫོགས་པའོ། །ཆོས་ཉིད་ཟད་པའི་སྣང་བ་མཆེད་པ་ནི། །འོད་གསལ་སྐུ་དང་ཡེ་ཤེས་མི་གནས་ཤིང་། །ཉེ་བར་མཆེད་པ་སྟོང་པ་གཏད་པ་མེད། །ཐོབ་པ་བརྗོད་དུ་མེད་ཅིང་ཉེར་ཐོབ་ནི། །བལྟར་མེད་ཆོས་ཉིད་གང་དུའང་མ་གྲུབ་བོ། །དེ་ལྟར་སྣང་བཞི་ས་ནི་བཅུ་དྲུག་པོ། །རྫོགས་ནས་ཀ་དག་ས་ལ་གཤེགས་པ་ནི། །མགོན་པོ་རྡོ་རྗེ་འཆང་གི་ས་ཞེས་བྱ། །ས་འདི་རྣམས་ཀྱང་རྩ་བ་རིག་པ་ཡི། །འོད་གསལ་
སྦྱང་བགྲོད་མེད་པའི་ས་གཅིག་གི །སྣང་ཆ་གཅིག་ལས་སོ་སོར་དབྱེ་བ་ཡིན། །དོན་ལ་རིག་པའི་ས་གཅིག་འདི་ཡིན་གྱི། །སངས་རྒྱས་རྡོ་རྗེ་འཆང་ཆེན་ཐོབ་པ་ལ། །རྒྱུ་ཡི་ས་ནི་སྒོས་སུ་སྦྱང་མི་དགོས། །ཐེག་པ་ཐུན་མོང་བ་ལྟར་རྒྱུ་འབྲས་ཀྱི། །རིམ་པས་ས་རེ་ཐོབ་པའི་ཚུལ་ཉིད་དང་། །གསང་སྔགས་ཕྱི་ནང་ཇི་བཞིན་བསྐྱེད་རྫོགས་ཀྱིས། །རྩོལ་སྒྲུབ་བྱས་པས་ས་ཐོབ་ལྟ་བུ་ཡི། །འདི་ལ་སྦྱང་ཞིང་བགྲོད་དུ་མེད་པ་སྟེ། །དོན་ལ་རང་རིག་རྣམ་དག་ས་གཅིག་ལ། །ཐེག་པ་ཀུན་འདུས་ས་ལམ་རྫོགས་པའོ།། ༈ །།ཨེ་མ་ཧོ། མཐར་ཐུག་དོན་གྱི་འབྲས་བུ་འཐོབ་ཚུལ་ནི། །སྣང་བཞི་གོང་མ་གཉིས་ཀྱིས་སྤྲུལ་སྐུ་དང་། །ཚད་ཕེབས་ལོངས་སྐུ་ཟད་པས་ཆོས་སྐུ་ཡི། །སྣང་བ་མཐོང་ནས་སླར་ཡང་ནང་དབྱིངས་སུ། །ཤེལ་འོད་ནང་དུ་ནུབ་ལྟར་ཐིམ་ནས་ཀྱང་། །སྐུ་གསུམ་ཡེ་ཤེས་འདུ་འབྲལ་མེད་པར་བཞུགས། །སླར་ཡང་ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །གཟུགས་སྐུ་གཉིས་ཀྱིས་གང་ལ་གང་འདུལ་གྱི། །འགྲོ་བའི་དོན་ནི་འཁོར་བ་མ་སྟོངས་བར། །བུམ་བཟང་དཔག་བསམ་ཤིང་
དང་ནོར་བུ་ལྟར། །རྟག་པར་རྒྱུན་མི་འཆད་པར་མཛད་པའོ། །ཐེག་མཆོག་རྒྱལ་པོ་འོད་གསལ་ཐོད་རྒལ་གྱི། །ཤིན་ཏུ་རྟོགས་པར་དཀའ་བའི་གནད་འགག་རྣམས། །འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ། །བྱ་བཏང་ཚོགས་དྲུག་རང་གྲོལ་ཞེས་བྱ་ངས། །བསྟན་དང་འགྲོ་ལ་ཕན་ཕྱིར་བཤད་པ་ཡིན། །འདི་ཡིས་སྙིང་པོའི་བསྟན་པ་ལ་ཕན་ནས། །རི་སུལ་འཁྲུལ་ཞིག་བྱ་བྲལ་གྱིས་ཁེངས་ཤིང་། །སྐྲ་སེན་སྙིགས་མའི་ལྷག་མར་བཞག་ནས་ཀྱང་། །དགའ་རབ་འཇམ་དཔལ་བཤེས་གཉེན་ལྟར་འགྱུར་ཤོག །རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །བསྟན་འཛིན་ཚོགས་ཀྱི་ཞབས་པད་བརྟན་པ་དང་། །འགྲོ་ཀུན་ལམ་བཟང་འདི་ཡི་སྒོར་ཞུགས་ནས། །སྐུ་གསུམ་དགོངས་པ་མྱུར་དུ་མངོན་གྱུར་ཤོག །ཅེས་འོད་གསལ་རྫོགས་པ་ཆེན་པོའི་ལྷུན་གྲུབ་ཐོད་རྒལ་གྱི་གླུ་དབྱངས་ཏིང་འཛིན་སྒོ་འཕར་བརྒྱ་ཕྲག་གཅིག་ཆར་འབྱེད་པའི་ལྡེའུ་མིག་ཅེས་བྱ་བ་འདི་ནི། དད་གཏོང་ཚུལ་ཁྲིམས་ནོར་གྱིས་ཕྱུག་ཅིང་ཐབ་ལམ་འདི་ལ་ཤིན་ཏུ་མོས་པའི་དད་ལྡན་གྱི་སློབ་མ་མང་པོས་བསྐུལ་ངོར། ཀུན་མཁྱེན་ཆེན་པོའི་མཛོད་བདུན་དང་ཟབ་དོན་རྒྱ་མཚོའི་སྤྲིན་ཕུང་། རྫོགས་ཆེན་མཁའ་འགྲོ་སྙིང་ཐིག །མཁྱེན་བརྩེ་རིན་པོ་ཆེས་མཛད་པའི་ཡོན་ཏན་མཛོད་དང་། རྫོགས་ཆེན་ཡེ་ཤེས་བླ་མ།
རྒྱལ་དབང་ལྔ་པ་རིན་པོ་ཆེས་མཛད་པའི་རྫོགས་ཆེན་རིག་འཛིན་ཞལ་ལུང་། རྫོགས་ཆེན་ཡང་ཏིག་ནག་པོ་གསེར་གྱི་འབྲུ་གཅིག །འོལ་ཁ་རིན་པོ་ཆེའི་གསུང་གི་རྫོགས་ཆེན། ཉི་གྲགས་རྫོགས་ཆེན། རྫོགས་ཆེན་ཀུན་བཟང་སྙིང་ཐིག །རྫོགས་ཆེན་ཀུན་བཟང་ཐུགས་ཀྱི་སྙིང་བྱང་། རྫོགས་ཆེན་ཨ་ཏི་ཟབ་དོན། རྫོགས་ཆེན་ཡང་ཟབ་ཤེལ་གྱི་མེ་ལོང་ལ་སོགས་པའི་རྫོགས་ཆེན་དུ་མའི་ཐོད་རྒལ་གྱི་གདམས་པ་རྣམས་ལ་གཞི་བྱས། མཚན་ལྡན་གྱི་བླ་མ་མང་པོའི་ཞལ་ཤེས་དང་། རང་ལ་ཉམས་མྱོང་ཅུང་ཟད་ཡོད་པ་རྣམས་ཀྱིས་ཟུར་བརྒྱན་ཏེ་རྫོགས་པ་ཆེན་པོའི་རྣལ་འབྱོར་བ་བྱ་བཏང་༸ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ།། འདིས་ཀྱང་རྒྱལ་བས་བསྔགས་པའི་ལམ་བཟང་རྡོ་རྗེ་ཐེག་པའི་བསྟན་པ་ཕྱོགས་རྣམས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང་སྐལ་ལྡན་གདུལ་བྱ་མང་པོ་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པར་གྱུར་ཅིག་སརྦ་མངྒ་ལཾ།། །།
ཐོད་རྒལ་གནད་ཀྱི་ཞལ་ཤེས་མགུར་དབྱངས་བདུད་རྩིའི་བུམ་བཟང་།
༄༅། །ཐོད་རྒལ་གནད་ཀྱི་ཞལ་ཤེས་མགུར་དབྱངས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།
དུས་གསུམ་རྒྱལ་བའི་ཡང་མེས་པོ། །ཐོག་མའི་མགོན་པོ་ཀུན་ཏུ་བཟང་། །བླ་མ་ཡི་དམ་མཁའ་འགྲོ་ལ། །གུས་པས་འདུད་དོ་བྱིན་གྱིས་རློབས། །རྫོགས་པ་ཆེན་པོའི་རྣལ་འབྱོར་བ། །བྱ་བཏང་ཚོགས་དྲུག་རང་གྲོལ་ངས། །དང་པོ་གནས་ཀྱི་མཚན་ཉིད་བཤད། །སྐལ་ལྡན་ལས་འཕྲོ་ཅན་རྣམས་ཉོན། །ཟབ་མོའི་མཐར་ཐུག་ཐོད་རྒལ་གྱི། །གདམས་པ་ཉམས་སུ་ལེན་པའི་མི། །འདུ་འཛིའི་ནང་དུ་མི་འདུག་པར། །རི་དྭགས་བཞིན་དུ་དབེན་པ་རུ། །བསྡད་ནས་ཉམས་སུ་
ལེན་པ་གནད། །སྤྱིར་གྱི་དམ་ཆོས་བསྒྲུབ་པའི་གནས། །ཡིད་མཐུན་རི་ཡི་རྒྱུད་བཟང་ཞིང་། །ཆོམ་རྐུན་ལ་སོགས་འཚེ་མེད་ཅིང་། །མཐུན་རྐྱེན་སྒྲུབ་སླ་རྣམ་གཡེང་ཆུང་། །ཡུལ་ཕྱོགས་རང་བཞིན་དགེ་བ་དང་། །ས་དགྲ་ལམ་དགྲ་མེད་པ་དང་། །གྲུབ་ཐོབ་གོང་མའི་ཞབས་ཀྱིས་བཅགས། །གྲུབ་པ་བརྙེས་པའི་དབེན་པའི་གནས། །གངས་རི་མཚོ་གླིང་རི་སུལ་ལམ། །ནགས་ཁྲོད་ལུང་སྟོང་བྲག་རྫོང་སོགས། །བཟང་ཞིང་ཡིད་མཐུན་གནས་བརྟེན་ནོ། །ཁྱད་པར་ཐོད་རྒལ་སྒོམ་པའི་གནས། །
ས་ཕྱོགས་མཐོ་ཞིང་ཉི་མའི་ཟེར། །སྔ་མོར་འཆར་ཞིང་ཕྱི་དྲོའི་དུས། །ཉི་ཚེ་རིང་ཞིང་ཆུ་སྐད་འཇམ། །འདུག་ས་སྡོད་བདེ་འགལ་རྐྱེན་མེད། །མཐུན་རྐྱེན་ཚང་བའི་ལུང་སྟོང་ངམ། །གངས་རི་རི་རྩེ་དུར་ཁྲོད་དམ། །བྲག་རྫོང་ལ་སོགས་བཟང་བ་ཡིན། །སྔོན་གྱི་རྒྱལ་བའི་ཡོན་ཏན་དང་། །མཁས་གྲུབ་གོང་མའི་ཡོན་ཏན་ཡང་། །རི་ཁྲོད་བརྟེན་ལས་བྱུང་བར་གསུངས། །དེའི་ཕྱིར་དབེན་པ་བརྟེན་པ་གནད། །ལུང་སྟོང་དགེ་སྦྱོར་འཕེལ་བའོ། །གངས་ཁྲོད་རིག་པ་དྭངས་བའོ། །རི་རྩེ་དབྱིངས་རིག་གསལ་བའོ། །དུར་ཁྲོད་སྐྱོ་ཤས་སྐྱེ་བའོ། །ཤིན་ཏུ་དབེན་པའི་གནས་རྣམས་སུ། །ཉམས་སྣང་མྱུར་དུ་འཕེལ་བའོ།། ༈ །།ཨེ་མ་ཧོ། སྔོན་གྱི་ལས་འཕྲོ་བཟང་པོ་ཡིས། །བླ་མས་རྗེས་བཟུང་སྐལ་ལྡན་ངས། །དུས་ཀྱི་མཚན་ཉིད་བཤད་པར་བྱ། །ལས་འཕྲོ་ཅན་གྱི་བུ་རྣམས་ཉོན། །དབྱར་དུས་རི་རྩེ་གང་འདབས་སོགས། །དྭངས་ཤིང་མཐོ་བའི་ས་རུ་སྒོམས། །དགུན་དུས་ས་ཕུག་བྲག་ཕུག་སོགས། །དྲོ་ཞིང་འཐིབ་པའི་ས་རུ་སྒོམས། །དཔྱིད་དུས་རི་ངོགས་མཚོ་གླིང་སོགས། །དགའ་ཞིང་སྤྲོ་བའི་ས་རུ་སྒོམས། །སྟོན་
དུས་སྨན་ལྗོངས་ཆུ་ཀླུང་འགྲམ། །ཡིད་དང་མཐུན་པའི་ས་རུ་སྒོམས། །དབྱར་མ་སྟོན་དང་དགུན་ཆུང་དང་། །དཔྱིད་དུས་འོད་གསལ་བསྒོམ་པའི་མཆོག །གཞན་ཡང་འཚུབ་དང་སེར་བུ་མེད། །ནམ་མཁའ་ཤིན་ཏུ་དྭངས་པའི་དུས། །དབྱིངས་རིག་རྒྱ་ཆེར་གསལ་བའོ། །སྟོན་སེར་འབྲས་བུ་སྨིན་པའི་ཚེ། །སྒྲུབ་པ་འཕེལ་ཆེ་བསྒྲུབ་ན་སླ། །སྟོན་ཁ་འབྲས་བུ་བཅུད་སྡུད་དུས། །སྙིང་པོའི་གནད་དོན་རྟོགས་པ་སླ། །དགུན་ཆུང་བསིལ་དྲོད་སྙོམས་པའི་དུས། །ཁམས་བདེ་བསྒོམ་ན་སྒོམ་སྙིང་འདོད། །སོས་ཁ་རྩི་ཤིང་ཁ་འབུས་ཚེ། །ཡོན་ཏན་གསར་དུ་སྐྱེ་བ་ཡིན། །དེ་འདྲའི་དུས་དང་གནས་རྣམས་སུ། །བསམ་གཏན་སྒོམ་པའི་ཁང་པ་ནི། །དབྱར་དུས་རྩྭ་ཡི་སྤྱིལ་པོ་འམ། །སྨྱུག་མའི་བསིལ་ཁང་ཅོག་པུ་དང་། །དགུན་དུས་ས་ཕུག་བྲག་ཕུག་སོགས། །ཤིན་ཏུ་དྲོ་བའི་གནས་ཁང་དང་། །སྟོན་དཔྱིད་བསིལ་དྲོད་སྙོམས་པ་ཡི། །རྡོ་ཁང་ལ་སོགས་ཡིད་མཐུན་པར། །རབ་ཀྱིས་གྲོགས་མེད་གཅིག་པུར་སྒོམས། །འབྲིང་གིས་མཚམས་དང་འདག་འབྱར་བྱ། །ཐ་མས་ཟབ་ལམ་འདིར་ཞུགས་པའི། །
གྲོགས་བཟང་ཉོན་མོངས་ཤུགས་ཆུང་བ། །འགྲོགས་ནས་ཉམས་སུ་ལེན་པའོ།། ༈ །།ཨེ་མ་ཧོ། ད་ཡང་ཚོགས་དྲུག་རང་གྲོལ་ངས། །ཐོད་རྒལ་གནད་ཀྱི་ཞལ་ཤེས་རྣམས། །སྦ་གསང་མེད་པར་བསྟན་པར་བྱ། །སྐལ་ལྡན་སྙིང་གི་བུ་རྣམས་ཉོན། །འོད་གསལ་བསྒོམ་པའི་དང་པོ་རུ། །རང་ལུས་རྡོར་སེམས་སྐུར་གསལ་བའི། །མདུན་གྱི་ནམ་མཁར་འཇའ་གུར་ཀློང་། །བླ་མ་ཀུན་བཟང་རྣམ་པར་བསྐྱེད། །སངས་རྒྱས་ཀུན་འདུས་ངོ་བོར་བསམ། །འོད་གསལ་སྣང་བཞིའི་ཡེ་ཤེས་ཉིད། །མྱུར་དུ་འཆར་བའི་གསོལ་བ་གདབ། །དེ་ལྟར་རྩེ་གཅིག་གསོལ་བཏབ་མཐུས། །བླ་མའི་གནས་གསུམ་དཀྱིལ་འཁོར་ནས། །འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས། །དེའི་ནང་ཐིག་ལེ་གསུམ་འབྲེལ་དང་། །ཐིག་ཕྲན་རྡོ་རྗེ་ལུ་གུ་རྒྱུད། །མཆོད་རྟེན་པདྨ་གྲི་གུག་སོགས། །ཕྱག་མཚན་ཡིག་འབྲུ་སྣ་ཚོགས་དང་། །རྡོ་རྗེ་སེམས་དཔའི་སྐུ་རྐྱང་དང་། །རིགས་ལྔ་ཡབ་ཡུམ་ཟུང་འབྲེལ་སོགས། །ཞི་ཁྲོའི་ལྷ་ཚོགས་དཔག་མེད་རྣམས། །བྱུང་ནས་རང་གི་གནས་གསུམ་དུ། །མཚོ་ལ་ཁ་བ་བབ་པ་བཞིན། །སིབ་སིབ་ཐིམ་ནས་ལུས་ཀྱི་ནང་། །
འཇའ་འོད་ཁ་དོག་ལྔ་ལྡན་དང་། །ལྷ་སྐུ་ཡིག་འབྲུ་ཕྱག་མཚན་གྱིས། །གང་ནས་ཤིག་ཤིག་འགུལ་བར་བསམ། །མཐར་ནི་རྩ་བའི་བླ་མ་ཡང་། །དགྱེས་བཞིན་སྤྱི་བོ་ནས་ཞུགས་ཏེ། །སྙིང་ཁར་པད་ཟླའི་སྟེང་བཞུགས་ནས། །སྣང་བཞིའི་ཡེ་ཤེས་རང་རྒྱུད་ལ། །བླ་མས་མྱུར་དུ་སྦར་བར་བསམ། །དེ་ནས་འདུག་སྟངས་གསུམ་པོ་ཡི། །གང་རུང་བྱས་ནས་རླུང་རོ་ཉིད། །ཧུར་སྒྲ་དང་བཅས་ཤུགས་དྲག་གིས། །ལན་གསུམ་ཕྱི་རུ་འཕང་བའོ། །དེ་བྱས་རླུང་གེགས་སེམས་མི་དགའ། །ཉོན་མོངས་རྟོག་པ་གཡོ་བ་དང་། །སྙིང་ཁ་གཟེར་བ་རྣམས་སེལ་ལོ། །དེ་ནས་དབུགས་རྒྱུ་ཉེར་གཅིག་གམ། །བཅུ་འམ་བདུན་གྱི་བར་དག་ཏུ། །རླུང་སེམས་ཆམས་ལ་ཕབ་ནས་ཀྱང་། །འོད་གསལ་ཉམས་ལ་བལྟ་བ་གནད། །དགུན་ཟླ་གསུམ་དང་དཔྱིད་ཀྱི་ཟླ། །དང་པོ་བཞི་ལ་གླང་ཆེན་གྱི། །འདུག་སྟངས་གཙོ་བོར་བྱ་བ་ཡིན། །དཔྱིད་ཀྱི་ཟླ་བ་འབྲིང་པོ་ནས། །དབྱར་ཟླ་འབྲིང་པོའི་བར་དག་ཏུ། །དྲང་སྲོང་འདུག་སྟངས་གཙོ་བོར་བྱ། །དབྱར་ཟླ་ཐ་མ་སྟོན་ཟླ་གསུམ། །སེང་གེའི་འདུག་སྟངས་གཙོ་
བོར་བྱ། །ཉིན་ཞག་གཅིག་གི་དབང་བྱས་ན། །སྔ་དྲོ་གླང་པོའི་འདུག་སྟངས་བྱ། །དགུང་ལ་སེང་གེའི་འདུག་སྟངས་བྱ། །ཕྱི་དྲོ་དྲང་སྲོང་འདུག་སྟངས་བྱ། །སྲོད་ལ་དྲང་སྲོང་འདུག་སྟངས་བྱ། །ནམ་གུང་གླང་པོའི་འདུག་སྟངས་བྱ། །ཐོ་རངས་སེང་གེའི་འདུག་སྟངས་བྱ། །ལན་རེ་ཡན་ལག་བདུན་གྱིས་ཀྱང་། །འདུག་སྟངས་དག་ལ་བསླབ་ཀྱང་ཆོག །རྒྱུན་དུ་སྐུ་གསུམ་འདུག་སྟངས་ཀྱིས། །གཞན་ཡང་ལུས་ཀྱི་འབྱུང་བ་ནི། །གྲང་ཤས་ཆེ་བས་སྤྲུལ་སྐུ་ཡི། །བཞུགས་སྟངས་བྱས་ན་གྲང་དྲོ་སྙོམས། །ཚ་བ་ཤས་ཆེས་ཆོས་སྐུ་ཡི། །བཞུགས་སྟངས་བྱས་ན་ཚ་གྲང་སྙོམས། །སྙོམས་པས་ལོངས་སྐུའི་བཞུགས་སྟངས་དང་། །བསྟུན་ན་ཤིན་ཏུ་ཤིས་པ་ཡིན། །ཁྱད་པར་སྣང་བའི་འཕེལ་མྱུར་རོ། །ལུས་གནད་བཞུགས་སྟངས་མ་གཅུན་ན། །རང་གི་ལུས་ཀྱི་རྩ་འདབ་ན། །ཡེ་ཤེས་རང་གདངས་ཡོད་པ་རྣམས། །མི་སློང་དེ་ཉིད་མ་བསླངས་ན། །ཕྱི་རོལ་དབྱིངས་ཀྱི་ནམ་མཁའ་རུ། །ཡེ་ཤེས་སྣང་བ་མི་འཆར་བས། །བཞུགས་སྟངས་འདི་ཉིད་ཤིན་ཏུ་གཅེས། །ཐ་མལ་པ་ལྟར་བསྡད་པ་ཡིས། །ཡེ་ཤེས་དངོས་སུ་འཆར་
མི་སྲིད། །གལ་ཏེ་ཅུང་ཟད་ཤར་ན་ཡང་། །གོང་ནས་གོང་དུ་འཕེལ་མི་སྲིད། །དཔེར་ན་སྦྲུལ་གྱི་རྐང་ལག་རྣམས། །ལུས་ལ་ཡོད་པ་མི་མངོན་པ། །གཅུས་ན་ཕྱི་རུ་མངོན་པ་བཞིན། །ལུས་ཀྱི་བཞུགས་སྟངས་གནད་ལས་ཀྱང་། །ཡེ་ཤེས་འཆར་བ་དེ་བཞིན་ནོ། །གཞན་ཡང་ངག་གིས་སྨྲ་བ་དགའ། །བརྗོད་བྱ་གཙོ་བོར་བྱེད་པ་དང་། །འདོད་པ་ཆེ་ཞིང་འདོད་ཆགས་ལ། །དགའ་བའི་འགྲོ་བ་དེ་ལྟ་བུས། །མཆོག་ཏུ་ལོངས་སྐུའི་བཞུགས་སྟངས་ཉིད། །རྟག་ཏུ་བྱས་ན་ཆོས་ཉིད་ཀྱི། །དོན་ལ་མཆོག་ཏུ་མཁས་པའོ། །སེམས་ལ་འགྱུར་ལྡོག་ཆེ་བ་དང་། །རྣམ་རྟོག་ཤིན་ཏུ་མང་བ་དང་། །རྟག་ཏུ་གཉིད་ལ་དགའ་བའི་མིས། །རྒྱུན་དུ་ཆོས་སྐུའི་བཞུགས་སྟངས་ཀྱིས། །གནས་ན་ཆོས་ཉིད་འོད་གསལ་ལ། །རྟག་ཏུ་ངེས་པར་གནས་པ་ཡིན། །ལུས་ཀྱི་བྱ་བ་ལ་དགའ་ཞིང་། །འགྲོ་འདོད་ལུས་སྟོབས་ཆེ་བ་དང་། །ལུས་བོངས་རགས་ཤིང་རང་ལུས་ཀྱི། །བྱི་དོར་རྒྱན་ལ་དགའ་བའི་མིས། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ལ། །རྟག་ཏུ་གནས་ན་འཚང་རྒྱ་ངེས། །ལུས་གནད་གསུམ་པོ་
གང་བཅའ་ཡང་། །ཆེད་དུ་བསྡམས་ན་རྩ་འཆུས་དང་། །རླུང་གི་ལོག་འབྱམས་འབྱུང་བའི་ཕྱིར། །ཧ་ཅང་བསྒྲིམས་པ་མ་ཡིན་དང་། །ལུས་གནད་འཆོལ་བ་མ་ཡིན་པར། །ལྷོད་ཆ་ཆེ་བའི་བདེ་ལུགས་བཙལ། །དེ་ལྟར་བྱས་པས་རྩ་འཆུས་དང་། །རླུང་གི་ལོག་འབྱམས་ཉེས་པ་སེལ། །རྩ་རླུང་བདེ་ལུགས་སུ་གནས་པ། །གེགས་མི་འཇུག་པའི་གནད་ཡིན་ནོ། །གཟིགས་སྟངས་གསུམ་པོ་གང་བྱེད་ཀྱང་། །རྩོལ་བས་གཅུན་པ་མ་ཡིན་པར། །ལུས་སེམས་ཁོང་གློད་རང་བབས་སུ། །བྱས་ལ་རྒྱང་ཞགས་མི་འགུལ་བར། །ཉི་མིའི་འོག་ནས་ཁྲུ་གང་གི །ས་དེར་བལྟ་བ་གནད་ཅིག་ཡིན། །གཞན་ཡང་ཕོ་ཡི་མིག་གཡས་དང་། །མོ་ཡི་གཡོན་གྱིས་བལྟ་བར་བཤད། །དབྱིངས་རིག་སྣང་བ་མ་མཐོང་ན། །མིག་གཉིས་མཉམ་པར་བལྟ་བ་གནད། །དཀར་ཤས་ཆེ་ན་གཡས་སུ་བལྟ། །དམར་ཤས་ཆེ་ན་གཡོན་དུ་བལྟ། །ལྗང་ཤས་ཆེ་ན་ཐུར་དུ་བལྟ། །སེར་ཤས་ཆེ་ན་གྱེན་དུ་བལྟ། །མཐིང་ཤས་ཆེན་དབུས་སུ་བལྟ། །ལྔ་ལྡན་བལྟ་སྟངས་དེར་མི་གཡོ། །དེ་བྱས་ཡེ་ཤེས་མྱུར་དུ་འཕེལ། །དབྱིངས་རིག་སྨིན་མཚམས་དག་ནས་
ཀྱང་། །བྲལ་ནས་ཡེ་ཤེས་མཁར་ཐབས་དང་། །ལྔ་ལྡན་འོད་ཀྱི་པདྨ་སྟོང་། །རྩིབས་རྒྱུད་རིན་ཆེན་དྲྭ་བ་དང་། །འོད་ལྔའི་མཆོད་རྟེན་ལ་སོགས་དུས། །འདུག་སྟངས་བལྟ་སྟངས་མི་འགྱུར་གནད། །འོད་ལྔ་གྱེན་འགྲེང་མང་བ་ན། །མིག་ནི་མདུན་དུ་དྲིལ་ལ་བལྟ། །ཟླ་གམ་ཤར་ན་སྟེང་དུ་བལྟ། །གྲུ་བཞི་ཤར་ན་གཡས་སུ་བལྟ། །ཟླུམ་པོ་ཤར་ན་གཡོན་དུ་བལྟ། །གྲུ་གསུམ་ཤར་ན་ཐུར་དུ་བལྟ། །འོད་ལྔ་མཁར་ཐབས་གསལ་བ་ན། །མིག་གཉིས་མཉམ་པར་བལྟ་བ་གནད། །དེ་བྱས་ཚད་ལ་མྱུར་དུ་ཕེབས། །སྐུ་ཕྱེད་ཞལ་ཕྱག་མཐོང་བའི་ཚེ། །ཡོངས་རྫོགས་འཆར་བར་བྱེད་པའི་གནད། །དེ་ལ་འགྱུར་མེད་བལྟ་བ་གནད། །རླུང་ནི་དྲག་ཏུ་འཕངས་པ་ཡིས། །ཇི་ཙམ་བསྒོམས་ཀྱང་འོད་གསལ་ཉམས། །གཏན་ནས་འཆར་བར་མི་འགྱུར་བས། །སོ་དང་མཆུ་གཉིས་མ་རེག་པར། །ཁ་ནས་དལ་བུས་འབྱུང་འཇུག་བྱ། །རླུང་རིག་དལ་བས་ཡེ་ཤེས་འགྲུབ། །འདི་ཉིད་རླུང་གི་གནད་ཡིན་ནོ། །འཁྲིད་པ་དབྱིངས་ཀྱི་གནད་གསུམ་ནི། །མིག་གིས་དལ་བུས་ཟུར་དང་སྟེང་། །འོག་ཏུ་དབྱིངས་སྣང་
འཁྲིད་ལ་བལྟ། །མིག་མི་འགུལ་དང་རྣམ་རྟོག་སེམས། །མ་འགྱུའི་ཤེས་པ་གསལ་སྟོང་དུ། །ཤིགས་སེ་བཞག་པ་གནད་ཡིན་ནོ། །སྣང་བ་ཡུལ་གྱི་གནད་ཉིད་ནི། །ཕྱི་ཡུལ་ནམ་མཁའ་སྤྲིན་བྲལ་ལ། །རིག་པ་དྭངས་སང་ཕྱེས་བཞག་པས། །སྣང་བའི་འཕེལ་ནི་མྱུར་བ་ཡིན། །ཉིན་པར་ཉི་མ་ལ་བལྟས་པས། །མིག་ལ་ཚ་བ་སྐྱེས་པ་ན། །ནུབ་མོ་ཟླ་བར་བལྟ་བ་ནི། །མིག་གི་ཚ་བ་སེལ་བའི་སྨན། །མར་མེའི་འོད་ལ་བལྟས་པ་ཡིས། །མིག་གི་ཚ་གྲང་སྙོམས་པ་དང་། །འོད་རྩ་ཀ་ཏི་ཤེལ་སྦུག་གི །ལམ་བྱང་གཟིགས་སྟངས་བདེ་བ་དང་། །འོད་གསལ་སྣང་བ་འཕེལ་བར་གསུངས། །གཞན་ཡང་ཆོས་སྐུའི་བཞུགས་སྟངས་ཀྱིས། །ཉི་མར་བལྟ་ཞིང་ལོངས་སྐུ་ཡིས། །ཟླ་བར་བལྟ་ཞིང་སྤྲུལ་སྐུ་ཡིས། །མར་མེར་བལྟ་བ་སོགས་ཀྱང་བཤད། །རྒྱང་ཞགས་སྒྲོན་མ་མི་གསལ་ན། །སྨན་དང་སྔགས་ཀྱིས་བཅོས་པར་བྱ། །དབྱིངས་ཀྱི་སྒྲོན་མ་མི་གསལ་ན། །ཉི་མའི་འོག་གི་ཁྲུ་གང་གི །མ་རེག་པ་ཡི་མཁའ་ལ་བལྟ། །ཐིག་ལེའི་སྒྲོན་མ་མི་གསལ་ན། །དབྱིངས་ལ་འགྱུར་མེད་བལྟ་བ་གནད། །ཤེས་རབ་སྒྲོན་མ་མི་
གསལ་ན། །རླུང་ནི་རབ་ཏུ་དལ་བར་བྱ། །རྡོ་རྗེ་ལུག་རྒྱུད་བཙོན་དུ་བཟུང་། །ཤེས་པ་དྭངས་སང་ཕྱེ་བར་བཞག །མིག་ཤས་ངན་པས་སྤྲུལ་སྐུ་ཡི། །གཟིགས་སྟངས་བྱས་ན་མིག་མི་བསྒྲིབས། །མིག་སྐྱོན་ཅན་གྱིས་ལོངས་སྐུ་ཡི། །གཟིགས་སྟངས་བྱས་ན་མིག་གསལ་གསུངས། །མིག་ཤས་བཟང་པོས་ཆོས་སྐུ་ཡི། །གཟིགས་སྟངས་བྱས་ན་སྣང་བ་ཉིད། །མྱུར་དུ་ཚད་ལ་ཕེབས་པའོ། །དམིགས་པ་དག་ལ་བརྟེན་ནས་ཀྱང་། །དམིགས་མེད་འོད་གསལ་འཆར་བའི་ཕྱིར། །ལན་རེ་འདི་འདྲའི་དམིགས་པ་བྱ། །རང་ལུས་རྡོར་སེམས་སྐུར་བསྐྱེད་དེ། །སྙིང་ཁར་བླ་མ་ཀུན་བཟང་སྒོམས། །འོད་འཕྲོས་ལུས་ཀྱི་ཕྱི་ནང་ཀུན། །གང་ནས་གདོས་བཅས་འོད་ལུས་སུ། །དག་ནས་སྣང་སྟོང་འོད་སྐུར་བསམ། །ཡང་ན་སྙིང་ཁར་འོད་ལྔའི་ཀློང་། །ཞི་བ་བཞི་བཅུ་རྩ་གཉིས་དང་། །ཀླད་པ་དུང་ཁང་གཞལ་ཡས་སུ། །ཁྲག་འཐུང་ཁྲོ་བོའི་ལྷ་ཚོགས་དང་། །ལུས་ཀྱི་ཕྱི་ནང་བར་གསུམ་རྣམས། །དཔའ་བོ་མཁའ་འགྲོའི་ལྷ་ཚོགས་ནི། །ཏིལ་གྱི་གོང་བུ་ཁ་ཕྱེ་ལྟར། །གང་བར་བསམ་ལ་དེ་དག་ལས། །འོད་
ཟེར་ཁ་དོག་ལྔ་ལྡན་དང་། །ཐིག་ལེ་ཆ་ལང་ལྟ་བུར་འཕྲོས། །ལུས་ཀྱི་ཕྱི་ནང་ཐམས་ཅད་དུ། །ཕར་ཐལ་ཚུར་ཐལ་ལིང་པོར་འགྲོ། །ཆ་ལང་ལྟ་བུར་བརྡབ་པར་བསམ། །ཕྱིར་འཕྲོས་སྣོད་བཅུད་རྣམས་ལ་ཕོག །སྣོད་རྣམས་འཇའ་འོད་ཐིག་ལེ་དང་། །བཅུད་རྣམས་ཞི་ཁྲོའི་སྐུར་གྱུར་བསམ། །ཡང་ན་རང་ལུས་ཡེ་ཤེས་ཀྱི། །སྤྱན་གྱིས་གང་ཞིང་སྤྱན་ཐམས་ཅད། །ཡོམ་ཡོམ་ཤིག་ཤིག་འགུལ་བར་བསམ། །ཡང་ན་སྙིང་ཁར་ཨ་ཡིག་སྒོམས། །དེ་ལས་སྔོན་ལ་འོད་སྔོན་པོ། །འཕྲོས་ནས་རང་ལུས་ཁྱབ་པར་བསམ། །དེ་ནས་རིམ་བཞིན་མདུན་གཡས་རྒྱབ། །གཡོན་དུ་དཀར་སེར་དམར་ལྗང་གི །འོད་ཟེར་རིམ་བཞིན་འཕྲོ་བར་སྒོམས། །དེ་ནས་ཨ་ཧྲཱིཿཐིག་ལེའི་ཚོགས། །དཔག་མེད་འཕྲོས་ནས་རང་ལུས་ཀྱི། །བ་སྤུའི་བུ་ག་ཚུན་ཆད་ཀུན། །འཇའ་འོད་ཐིག་ལེར་འཁྲིགས་པར་བསམ། །ཕྱིར་འཕྲོས་སྣོད་བཅུད་ཀུན་ལ་ཕོག །སྣོད་བཅུད་འཇའ་འོད་ཐིག་ལེ་རུ། །འབར་བར་བསམ་པ་རྩོལ་བཅས་ཀྱི། །འོད་གསལ་འཆར་བའི་གནད་རྣམས་ཡིན། །སྐབས་རེར་འཇམ་རླུང་བུམ་པ་ཅན། །བཟུང་ནས་འོད་གསལ་
བསྒོམ་པར་བྱ། །མདོར་ན་ལས་ནི་དང་པོ་བས། །ཉིན་པར་དུས་སུ་དཀར་ཁྲིད་དང་། །ནུབ་མོ་མུན་པའི་དུས་སུ་ཡང་། །རྒྱ་མཚོ་ཨར་གཏད་བྱེད་པ་དང་། །མུན་པའི་ནང་དུ་མིག་བསྒྲད་ནས། །གཡོ་འགུལ་མེད་པར་བལྟ་བ་དང་། །ཟླ་བ་དང་ནི་སྒྲོན་མེ་དང་། །འཇའ་ཤེལ་སོགས་ལ་བལྟ་བར་བྱ། །འོད་གསལ་རིམ་གྱིས་འཕེལ་བར་འགྱུར། །མངོན་སུམ་སྣང་བ་འདི་ལ་ནི། །འོད་མདངས་ཟེར་དང་ཐིག་ལེ་དང་། །སྐུ་དང་ཞིང་ཁམས་གང་ཤར་ཡང་། །དགའ་བྲོད་ཞེན་པས་མི་འཆིང་བར། །ཆགས་མེད་ལྟ་བའི་གདེང་ལ་བཞག །དེ་ལྟར་བྱས་ན་གོལ་ས་མེད། །ཆོས་ཉིད་བཙན་ས་ཟིན་པར་འགྱུར། །ཟབ་ལམ་རྫོགས་པ་ཆེན་པོ་ཡི། །ཡང་ཟབ་ཐོད་རྒལ་ཞལ་ཤེས་འདི། །སྐལ་ལྡན་སློབ་མས་བསྐུལ་བའི་ངོར། །བྱ་བཏང་ཚོགས་དྲུག་རང་གྲོལ་བས། །སྦ་གསང་མེད་པར་བསྟན་པ་ཡིན། །དགེ་འདིས་གདུལ་བྱ་མང་པོ་ཡིས། །ལྷུན་གྲུབ་ཐོད་རྒལ་བསྒོམ་པའི་ཚེ། །མྱུར་དུ་སྣང་བཞི་མཐར་ཕྱིན་ནས། །ཚེ་གཅིག་སྐུ་གསུམ་མངོན་གྱུར་ཤོག །རྒྱལ་བས་བསྔགས་པའི་ལམ་བཟང་མཆོག །རྡོ་
རྗེ་ཐེག་པའི་བསྟན་པ་འདི། །མཁའ་ལ་ཉི་མ་ཤར་པ་བཞིན། །རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག །ཅེས་ཐོད་རྒལ་གནད་ཀྱི་ཞལ་ཤེས་མགུར་དབྱངས་བདུད་རྩིའི་བུམ་བཟང་ཞེས་བྱ་བ་འདི་ནི་སྐལ་ལྡན་གྱི་སློབ་མ་མང་པོས་བསྐུལ་ངོར། །ཀུན་མཁྱེན་མཛོད་བདུན་སོགས་རྫོགས་ཆེན་མང་པོ་ནས་བཤད་པ་དང་། །བླ་མའི་ཞལ་ཤེས་སོགས་ཐོད་རྒལ་ལ་ཉེ་བར་མཁོ་བ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཏེ། རྫོགས་པ་ཆེན་པོའི་རྣལ་འབྱོར་པ་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྨྲས་པའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་པ་དཔག་ཏུ་མེད་པ་ཐོགས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། ༈ །།ན་མཿཤྲྰིས་མནྟ་བྷ་དྲ་ཡེ། རབ་འབྱམས་དཀྱིལ་འཁོར་རྒྱ་མཚོའི་ཚོགས་རྗེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ། །ཞིང་ཁམས་རྒྱ་མཚོར་དྲུག་པ་རྡོར་འཆང་ངེས་པ་ལྔ་ལྡན་ལོངས་སྤྱོད་རྫོགས། །འགྲོ་ཁམས་རྒྱ་མཚོར་རང་སྐལ་དང་འཚམས་མཚན་དཔེ་གསལ་རྫོགས་སྤྲུལ་པའི་གར། །གདུལ་བྱའི་རྗེས་འགྲོ་རྣམ་གྲོལ་དཔལ་སྟེར་ཞབས་རྡུལ་བདེ་ཆེན་འཁོར་ལོས་མཆོད། །ཀུན་བཟང་སྟོན་པ་ཁྱབ་བདག་རྡོ་རྗེ་སེམས། །གསང་
བདག་རིགས་ཅན་ལྔ་དང་དགའ་རབ་རྗེ། །འཇམ་དཔལ་ཤྲཱི་སེང་པད་འབྱུང་བི་མ་ལ། །དགོངས་བརྡ་སྙན་བརྒྱུད་བྱིན་རླབས་སྤྲིན་ཕུང་གཡོས། །ཀུན་ཁྱབ་བདེ་སྟོང་ཟུང་འཇུག་ཡེ་ཤེས་རྡོ་རྗེ་སེམས། །དེ་བཞིན་ཉིད་དབྱིངས་སྤྲོས་པའི་མཚན་མ་ཐམས་ཅད་ལས། །རྣམ་པར་གྲོལ་ཡང་རིགས་བརྒྱའི་སྒྱུ་འཕྲུལ་ཞི་དང་ཁྲོའི། །དཀྱིལ་འཁོར་རབ་འབྱམས་རྒྱ་མཚོས་དངོས་གྲུབ་ཆར་དུ་སྙིལ། །ཟབ་ཟབ་དགོངས་ཀློང་ཡངས་པའི་མཁའ་དབྱིངས་སུ། །ལོང་ལོང་ཆུ་འཛིན་གསེེར་པའི་ཕང་བ་ནས། །ལྷང་ལྷང་ཟབ་གསང་དབྱར་གྱི་རྔ་གསང་སྟོང་། །ལྡིར་ལྡིར་བསྒྲགས་འདི་སྐལ་ལྡན་མདོངས་མཐའི་དཔྱིད། །འཆི་མེད་དབང་པོས་རྩོལ་བས་མ་ཡིན་པར། །གནས་ལུགས་རྟོགས་པའི་རིན་ཆེན་འབྱུང་གནས་ལས། །འཐོན་པའི་ཟབ་གསལ་ལེགས་བཤད་ཉིན་མོར་བྱེད། །བསྟན་འགྲོའི་མཁའ་དབྱིངས་རྟག་པར་ཤར་བའི་མོད། །སྐྱེ་འཇིག་ཆོས་བྲལ་ལས་ལྡན་བློ་གྲོས་ཀྱི། །འདབ་རྒྱ་གྲོལ་ཞིང་ལུང་རིག་ཟེ་འབྲུ་རྒྱས། །རྟོགས་པའི་བདུད་རྩི་མངར་པོ་ཕྱུར་པའི་ཚེ། །སྐྱེ་རྒུའི་རྐང་དྲུག་བདེ་སྐྱིད་འཕུར་ལྡིང་
རྩེན། །དེ་ལྟ་མོད་ཀྱང་ལོག་རྟོག་འབྱུང་པོའི་བྱ། །ལྡོངས་པར་གྱུར་འདི་སྔོན་གོམས་ལས་ཀྱི་སྒྲིབ། །རེ་ཞིག་ཐེག་རྩེའི་ཉི་འོད་ཀྱིས་བསྐལ་བས། །ཕྱོགས་ལྷུང་ཐུན་གསུམ་སྟེགས་ལ་ངལ་གསོས་ཤིག །རིམ་དགུ་ཐེག་པའི་གཞུང་བཟང་ཆུ་གཏེར་ཆེ། །བརྒྱུད་པ་དྲུག་ལྡན་རལ་ཀློང་འཁྱིལ་པ་ལས། །འོངས་པའི་སྡེ་གསུམ་སྙིང་བཅུད་གཱངྒ་མོ། །རྙིང་བསྟན་འཇུག་པ་བཅུ་པའི་ཞབས་བསིལ་དང་། །ལུས་ཅན་དྲུག་ཁྲིའི་སྒྲིབ་གཉིས་དག་བྱེད་དུ། །རྗེ་བཙུན་སྐལ་ལྡན་ཤིང་རྟས་སྦྲེངས་པ་གང་། །ལེགས་བྱས་པར་གྱི་ཡུར་བར་དྲངས་པའི་དགེ །གདུལ་བྱའི་ཞིང་སར་སིམ་པར་གོར་མ་ཆག །དེ་ཕྱིར་ལྷག་བསམ་མཛེས་མའི་འགྲམ་ཆང་གིས། །ཕུལ་བྱུང་གླེགས་བམ་བཱ་ཀུ་ལ་ཡི་ཁ། །གྲངས་མེད་བཞད་པའི་དབྱངས་གསལ་ཟེ་འབྲུའི་བཅུད། །སྐལ་བཟང་བྷྲ་མ་ར་ཡི་ཉེར་འཚོར་བསྔོ། །ཀུན་གཞི་ཚོགས་བརྒྱད་ལས་ཉོན་བརྒྱད་ཁྲིའི་གྲོང་། །ཟབ་གསང་གདམས་པས་ཕོངས་པའི་སྐྱེ་འགྲོ་ཡི། །གཏན་གྱི་དབུལ་བ་སེལ་འདོད་དེད་དཔོན་དེས། །ལས་ཀྱི་འཁོར་ལོའི་བརྟུལ་ཞུགས་མ་ལྷོད་འབྲས། །ཟབ་དགུ་གདམས་པའི་རིན་ཆེན་དབང་
གི་ཆར། །དབེན་གནས་གསང་ཆེན་བསྟན་པའི་རྒྱལ་མཚན་ཆེ། །དགེ་མཚན་བཀྲ་ཤིས་རི་མོ་གསུམ་འཁྱིལ་བའི། །རྩེ་ནས་ཕབ་འདིས་ལུས་ཅན་ཚིམས་གྱུར་ནས། །གཞི་རྒྱུད་བདེ་བར་གཤེགས་པའི་སྙིང་པོའི་ཁམས། །ལམ་རྒྱུད་ཟབ་གསལ་རྡོ་རྗེའི་རྣལ་འབྱོར་གྱིས། །རང་རྒྱུད་གློ་བུར་དྲི་མ་ཀུན་སྦྱངས་ཏེ། །འབྲས་རྒྱུད་དག་པ་གཉིས་ལྡན་མངོན་གྱུར་ཤོག །འོད་གསལ་རྡོ་རྗེ་སྙིང་པོའི་གསེར་འགྱུ་རྩིས། །འགྲོ་ཁམས་གར་བུའི་སྣང་ཞེན་མ་ལུས་པ། །སྐུ་གཉིས་རིན་ཆེན་ས་ལེ་སྦྲམ་བསྒྱུར་ཏེ། །ཡེ་ཤེས་གཟི་ཡིས་ཆོས་དབྱིངས་མཛེས་གྱུར་ཅིག །གཞི་ཡི་བཀྲ་ཤིས་ཀུན་གཞི་རྙོག་མ་དྭངས། །ལམ་གྱི་བཀྲ་ཤིས་སྐུ་ཐིག་ཚོམ་བུར་ཤར། །འབྲས་བུའི་བཀྲ་ཤིས་ལྷུན་གྲུབ་འདུས་མ་བྱས། །གདོད་མའི་རང་ཞལ་མཇལ་བའི་བཀྲ་ཤིས་ཤོག །ཅེས་པའང་ལེགས་བཤད་འདི་ཉིད་བསྟན་པའི་བཙས་སུ་དམིགས་ཏེ་པར་དུ་བསྐྲུན་པའི་ཕྱི་མོ་རང་ཉིད་དང་། དབུ་ལྷ་གནམ་གོང་བའི་ལྷ་བཟོས་བྲིས་ཤིང་། རྐོ་མཁན་ཧོར་ནག་དགེ་སློང་ངག་དབང་བསྟན་འཛིན་དང་། རྒྱ་མཚོ། བློ་བཟང་གསུམ་གྱིས་བགྱིས་ཏེ། རང་བྱུང་འཆི་མེད་གྲུབ་པ་ཨཽཌི་ཡ་ནའི་མཁན་པོ་པདྨ་སམྦྷ་ཝ་སིནྡྷུའི་མཚོ་དབུས་འདབ་སྟོང་ཟེའུ་འབྲུའི་
རྩེ་མོར་མཚན་དཔེའི་གཟི་བརྗིད་ལྷམ་མེར་འབར་ནས་བགྲང་བྱ་མཚམས་འཁྲིག་རི་ལག་དང་། རི་མ་ལ་ཡར་གསང་བདག་གིས་རིགས་ཅན་ལྔར་གསང་སྔགས་ཀྱི་ཆོས་འཁོར་བསྐོར་ཞིང་རྒྱལ་པོ་ཛའི་ཁང་སྟེང་དུ་གླེགས་བམ་གྱི་ཆར་བབས་ནས་ལོ་ཉིས་སྟོང་དྲུག་བརྒྱ་ཉི་ཤུ། སྤྲུལ་པའི་སྐུ་དགའ་རབ་རྡོ་རྗེ་འཁྲུངས་ནས་ཟླ་བའི་ཕུང་པོ་མདའ་ཀླུ་མེ་མིག་འདས་པ་རབ་ཡིད་ལྕགས་ཁྱིའི་ལོ་ཉིན་མོར་བྱེད་པ་གླང་གི་ཁྱིམ་ན་སྤྱོད་ཅིང་ཆུ་ཤེལ་གྱི་དབང་པོ་ས་གའི་ཉ་བའི་དཀར་ཕྱོགས་ཀྱི་རྫོགས་པ་གསུམ་པ་སྟེ་རང་ཅག་ལྷར་བཅས་འགྲོ་བའི་རྣམ་འདྲེན་མཉམ་མེད་ཤཱཀྱའི་རྒྱལ་པོས་བྱང་ཆུབ་ཆེན་པོ་བརྙེས་པའི་དུས་ཚེས་༡༥དགེ་བ་ལ་འགྲུབ་པར་བགྱིས་དུས་བྷུ་སུ་ཀུ་སངས་རྒྱས་རིན་ཆེན་གྱིས་གཡར་ཁྲལ་དུ་བགྱིས་པ་ཤུབྷཾ་སརྦ་ཛ་ག་ཏཾ།། །།
སེམས་འཁྲིད་ཡིད་བཞིན་ནོར་བུ།
༄༅། །སེམས་འཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ་བ་བཞུགས་སོ། །
ཆོས་རྣམས་སྣང་སྟོང་སེམས་ཀྱི་འཕྲུལ། །སེམས་ཉིད་སྟོང་གསལ་ཆོས་སྐུར་རྟོགས། །ཆོས་སྐུ་ནམ་མཁའ་ལྟ་བུ་ཡི། །ངང་ལ་འཕོ་འགྱུར་མེད་པར་བཞུགས། །ཆོས་སྐུའི་དབྱིངས་ལས་མ་གཡོས་བཞིན། །ཆོས་ཀུན་མ་འདྲེས་ས་ལེར་མཁྱེན། །ཆོས་གསུངས་འགྲོ་རྣམས་འདྲེན་མཛད་པའི། །ཆོས་རྗེ་བླ་མའི་ཞབས་ལ་འདུད། །ངོ་མཚར་སེམས་ཀྱི་གནས་ལུགས་དེ། །བར་སྣང་དག་པའི་དཀྱིལ་ལྟ་བུར། །ཡེ་སྟོང་དངོས་མེད་ཟང་ཐལ་དུ། །གཏིང་ནས་རྟོགས་
པར་བྱིན་གྱིས་རློབས། །རྟོགས་པའི་ངང་ལ་མཉམ་བཞག་ཚེ། །མཁའ་ལྟར་ཡངས་ཤིང་ཉི་ལྟར་གསལ། །མཚོ་ལྟར་དྭངས་ཤིང་རི་དབང་ལྟར། །མི་གཡོ་བརྟན་པར་བྱིན་གྱིས་རློབས། །འཁོར་འདས་ཆོས་རྣམ་མ་ལུས་པ། །རྩ་བ་སེམས་ཀྱི་གནས་ལུགས་སྟེ། །རྟོགས་པའི་ཐབས་ནི་ཐལ་འགྱུར་ལས། །སེམས་ནི་དང་པོ་བྱུང་ས་དང་། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟགས་དཔྱད་ན། །སེམས་སྦྱངས་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་
པ་ལྟར་སེམས་ཉིད་ནི། །དང་པོ་བྱུང་ས་གང་ནས་བྱུང་། །བར་དུ་ད་ལྟ་གང་དུ་གནས། །ཐ་མ་གང་དུ་འགྲོ་བ་ཡི། །དབྱིབས་དང་ཁ་དོག་ཕྱི་ནང་དང་། །མཐའ་དབུས་གསལ་འགྲིབ་སྐྱེ་འཆི་སོགས། །ཡོད་མེད་ལེགས་པར་བརྟགས་ཤིང་དཔྱད། །དཔྱད་ཚེ་བྱུང་གནས་འགྲོ་གསུམ་དང་། །དབྱིབས་དང་ཁ་དོག་ཕྱི་ནང་དང་། །མཐའ་དབུས་གསལ་སྒྲིབ་སྐྱེ་འཆི་མེད། །སྟོང་གསལ་ནམ་མཁའ་ཡངས་པ་འདྲ། །སེམས་ངོ་མཐོང་བ་དེ་ལ་ཟེར། །སྙིང་རྗེ་ཆེན་པོ་བསྟན་པའི་མདོར། །སེམས་ནི་ནམ་མཁའ་དང་མཚུངས་ཏེ། །ཞེས་དང་དཀོན་མཆོག་བརྩེགས་པ་ལས། །སེམས་ནི་སངས་རྒྱས་ཀྱིས་མ་གཟིགས། །མི་གཟིགས་གཟིགས་པར་མི་འགྱུར་རོ། །ཞེས་དང་བདེ་བ་རབ་འབྱམས་ལས། །རྩ་བ་མེད་པའི་སེམས་ཉིད་ནི། །བཙལ་བས་མི་རྙེད་ངོས་བཟུང་མེད། །ཞེས་དང་མ་གཅིག་ལབ་སྒྲོན་གྱིས། །བལྟས་པས་རང་གི་སེམས་མི་མཐོང་། །མ་མཐོང་བ་དེ་ཆོས་མཐོང་ཡིན། །ཞེས་སོགས་ལུང་གིས་ངེས་ཤེས་བསྐྱེད། །འཁོར་འདས་ཆོས་རྣམས་མ་ལུས་པ། །ནམ་མཁའི་འཇའ་དང་ཆུ་ནང་ཟླ། མེ་ལོང་ནང་གི་
གཟུགས་བརྙན་བཞིན། །ཐམས་ཅད་སེམས་ཀྱི་རང་སྣང་ཡིན། །རང་སྣང་གཞི་མེད་སྟོང་པ་ཉིད། །སྟོང་ལ་སྣང་བ་རྨི་ལམ་འདྲ། །སྣང་བ་སེམས་སུ་བློ་ཐག་ཆོད། །དེ་ཡང་གསང་བ་མཛོད་རྒྱུད་ལས། །སེམས་ཉིད་མ་གཏོགས་སངས་རྒྱས་དང་། །སེམས་ལས་མ་གཏོགས་ཆོས་གཞན་ཡང་། །སངས་རྒྱས་ཀྱིས་ཀྱང་མ་གཟིགས་སོ། །ཞེས་དང་གུར་གྱི་རྒྱུད་ལས་ཀྱང་། །རིན་ཆེན་སེམས་ལས་ཕྱིར་གྱུར་པའི། །སངས་རྒྱས་མེད་ཅིང་སེམས་ཅན་མེད། །ཞེས་དང་མདོ་སྡེ་ཕལ་པོ་ཆེར། །སེམས་ནི་རི་མོ་མཁན་དང་འདྲ། །སེམས་ཀྱིས་ཕུང་པོ་བྱས་པ་སྟེ། །འཇིག་རྟེན་ཁམས་ནི་ཇི་སྙེད་པ། །དེ་དག་སེམས་ཀྱི་རི་མོ་ཡིན། །ཞེས་དང་སློབ་དཔོན་ཞི་བ་ལྷས། །ལྕགས་བསྲེག་ས་གཞི་སུ་ཡིས་བྱས། །མོ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ནི། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་སོགས་ལུང་གིས་ངེས་ཤེས་བསྐྱེད། །དེ་ལྟར་སྣང་བ་སེམས་སུ་རྟོགས། །སེམས་ཉིད་སྟོང་པར་རྟོགས་པའི་ཚེ། །སྟོང་གསལ་སྤྲོས་དང་བྲལ་བ་ཡི། །ངང་དུ་མཉམ་པར་
འཇོག་དགོས་ཏེ། །རྣལ་འབྱོར་དབང་ཕྱུག་མི་ལ་ཡིས། །རྟོགས་ན་ཅིར་སྣང་སེམས་སུ་འདུས། །སེམས་ལ་ཉིན་དང་མཚན་དུ་ལྟོས། །སེམས་ལ་བལྟས་པས་མཐོང་བ་མེད། །མཐོང་བ་མེད་པའི་ངང་ལ་ཞོག །ཅེས་དང་རྒྱལ་བ་རྒོད་ཚངས་པས། །རང་གི་སེམས་ལ་ཅེར་གྱིས་ལྟོས། །བལྟས་པས་མི་མཐོང་དངོས་པོ་མེད། །མེད་པའི་ངང་ལ་ལྷོད་ཀྱིས་གློད། །ཡལ་ལེ་ཆད་དེ་འཛིན་མེད་ཞོག །ཞེས་གསུངས་གྲུབ་ཆེན་ཏེ་ལོ་པས། །མི་མནོ་མི་བསམ་མི་དཔྱད་ཅིང་། །མི་བསྒོམ་མི་སེམས་རང་བབས་བཞག །ཅེས་དང་སློབ་དཔོན་ས་ར་ཧས། །བྲམ་ཟེ་རྐུད་པ་མཁལ་བ་བཞིན། །རྣལ་འབྱོར་ཤེས་པ་གློད་ལ་ཞོག །འཇུར་བུས་བཅིངས་པའི་སེམས་ཉིད་ནི། །གློད་ན་གྲོལ་བར་ཐེ་ཚོམ་མེད། །ཅེས་གསུངས་པ་ལྟར་རིམ་ལྔ་ལས། །ཇི་ལྟར་ཆུ་ལ་ཆུ་བཞག་དང་། །མར་ལ་མར་ཉིད་བཞག་པ་བཞིན། །ཆོས་ཉིད་སྤྲོས་དང་བྲལ་བ་ལ། །ཤེས་པ་སྤྲོས་དང་བྲལ་བར་བཞག །ཅེས་གསུངས་པ་ལྟར་མཉམ་པར་བཞག །རྣལ་འབྱོར་དབང་ཕྱུག་མི་ལ་ཡིས། །སེམས་ཉིད་བསྒོམ་དུ་བདེ་ལགས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་
ཡིན། །སེམས་ཉིད་རང་གི་ངང་དུ་ཞོག །ཅེས་དང་རྒྱལ་བ་རྒོད་ཚང་པས། །ཡང་ཅིག་རྣམ་རྟོག་སྐྱེས་པ་ན། །ངོ་ཡིས་ཅེར་གྱིས་ཟུང་མཛོད་ལ། །ཁོ་རང་ཐོག་ཏུ་གློད་ལ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །གསུངས་ལྟར་རྣམ་རྟོག་གང་སྐྱེས་ཀྱང་། །སྔོན་བསུ་རྗེས་གཅོད་སྤང་བླང་སོགས། །མི་བྱ་ཤེས་པ་རང་སར་གློད། །གསལ་སྟོང་སྤྲོས་དང་བྲལ་བ་ཡི། །སེམས་ཉིད་རང་གི་ངང་དུ་ཞོག །རྣམ་རྟོག་ཤར་གྲོལ་དུས་མཉམ་འགྱུར། །དེ་བཞིན་བྱིང་རྨུག་གཉིད་བྱུང་ཡང་། །སྔར་བཞིན་ཤེས་པ་རང་སར་གློད། །གསལ་སྟོང་སྤྲོས་དང་བྲལ་བ་ཡི། །སེམས་ཉིད་རང་གི་ངང་དུ་ཞོག །བྱིང་རྨུག་གཉིད་གསུམ་སངས་པར་འགྱུར། །སྒྲ་བསྒྱུར་མར་པ་ལོ་ཙཱ་ཡིས། །མན་ངག་རྒྱུད་ལ་གོམས་པ་ཡི། ཚེ་ཡི་འདུ་བྱེད་གཏོང་བའི་ཚེ། །ཕ་རོལ་ཕྱིན་པའི་དབྱིངས་སུ་ཐིམ། །དེ་ལ་སྐྱེ་བ་ཡོད་མ་ཡིན། །ཞེས་དང་མ་གཅིག་ལབ་སྒྲོན་གྱིས། །གང་ཡང་ཡིད་ལ་མ་བྱས་ན། །གོལ་སར་ལྟུང་བ་ཅི་ལས་འབྱུང་། །བསམ་མེད་བསྒོམ་པ་མ་ནོར་ན། །ཆོས་སྐུ་བྱང་ཆུབ་ཐེ་ཚོམ་མེད། །ཅེས་དང་དམ་
པ་རྒྱ་གར་གྱིས། །འཆི་བ་འཆི་བ་མ་ཡིན་ཏེ། །རྣལ་འབྱོར་སངས་ཆེན་རྒྱ་བ་ཡིན། །གསུངས་ལྟར་ནམ་ཞིག་འཆི་དུས་ཀྱང་། །གསལ་སྟོང་སྤྲོས་དང་བྲལ་བ་ཡི། །སེམས་ཉིད་རང་གི་ངང་དུ་ཞོག །འཆི་བ་ཆོས་སྐུར་གྲོལ་བར་འགྱུར། །བར་དོའི་སྣང་བ་དེར་མི་འབྱུང་། །ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། །གདུལ་བྱ་འཇིག་རྟེན་གང་ཡོད་དུ། །ཆོས་སྐུའི་དབྱིངས་ལས་མ་གཡོས་པར། །ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ། །འགྲོ་བའི་དོན་གཉིས་རྒྱུན་མི་འཆད། །ཅེས་གསུངས་པ་ལྟར་ཆོས་ཀྱི་སྐུ། །སྟོང་གསལ་ནམ་མཁའ་ལྟ་བུ་ཡི། །ངང་ལས་ནམ་ཡང་མ་གཡོས་བཞིན། །གཟུགས་སྐུ་འཇའ་མཚོན་བཞིན་དུ་སྣང་། །མཚན་དང་དཔེ་བྱད་ཀྱིས་མཛེས་པའི། །ལོངས་སྐུས་དག་པའི་སར་གནས་ཀྱི། །བྱང་ཆུབ་སེམས་དཔའི་དོན་མཛད་ཅིང་། །གང་ལ་གང་འདུལ་སྤྲུལ་པའི་སྐུས། །མ་དག་གནས་སུ་འཁྱམས་པ་ཡི། །མ་གྱུར་སེམས་ཅན་དོན་མཛད་འགྱུར། །ཟག་མེད་བདེ་བ་ཐོབ་པའི་ཕྱིར། །དྲི་མེད་ལེགས་བཤད་འདི་བཞིན་དུ། །མི་མེད་དབེན་པའི་དགའ་ཚལ་དུ། །ཡེངས་མེད་ཉམས་སུ་ལེན་པ་གཅེས།
གཡེལ་མེད་ཉམས་ལེན་མཛད་མཁན་གྱིས། །སྐྱེ་མེད་ཆོས་སྐུ་མངོན་གྱུར་ནས། །འགག་མེད་གཟུགས་སྐུ་རྣམ་གཉིས་ཀྱིས། །དཔག་མེད་འགྲོ་དོན་བྱེད་པར་ཤོག །ཅེས་སེམས་འཁྲིད་ཡིད་བཞིན་ནོར་བུ་ཞེས་བྱ་བ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །འདི་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །དགེའོ།། །།
སེམས་ཁྲིད་སྙིང་གི་ནོར་བུ།
༈ སེམས་ཁྲིད་སྙིང་གི་ནོར་བུ་ཞེས་བྱ་བ་བཞུགས་སོ། ན་མོ་གུ་རུ་པྲ་བྷ་ཀཱ་ར་ཡེ། སྐྱབས་བསླུ་མེད་ཀུན་འདུས་འབྲུག་པ་རྗེ། །ད་མི་འབྲལ་རྒྱུན་དུ་གསོལ་བ་འདེབས། ཁྱེད་ཆོས་ལ་བག་ཆགས་བྱེད་པ་ན། །ད་སྙིང་ནས་ཆོས་འབྲེལ་ཚིགས་གསུམ་ཞུ། །སྤྱིར་མི་ལུས་ཐོབ་པ་ད་རེས་ཙམ། །དགོས་སྡོམ་གསུམ་ཐོབ་པ་ཤིན་ཏུ་དཀོན། །ལུས་འདི་འདྲ་ཐོབ་པའི་དུས་འདི་རུ། །ཆོས་རྣམ་དག་འབད་པར་མ་བྱས་ན། །ལུས་འདི་འདྲ་ཕྱིས་ནས་རྙེད་དཀའ་ཞིང་། །དུས་འདི་ལ་ཕྱག་དང་བསྐོར་བ་མཛོད། །དགྲ་འཆི་བདག་གཤིན་རྗེ་ཁས་བཙན་པས། ཁོང་ནམ་ཡོང་ཏིག་ཏིག་མི་འདུག་པས། །ཆོས་བྱེད་བསམ་ཡོད་ཀྱང་འཆི་བས་གཏུགས། །ཁྱེད་ད་ནས་སྡིག་སྤོངས་དགེ་བ་སྒྲུབས། །གནས་ངན་སོང་གསུམ་གྱི་སྡུག་བསྔལ
དེ། །ཚིགས་རྣ་བར་ཐོས་ཀྱང་གློ་སྙིང་འདར། །འདི་ཐོག་བབ་བྱུང་ན་ཅི་ལྟར་བྱེད། །དེ་བསམ་ནས་སྡིག་ལ་དུག་ལྟར་འཛེམ། །གནས་ཐར་མེད་འཁོར་བའི་སྡུག་བསྔལ་འདིར། །སྐྱོབ་ངེས་པར་ནུས་པ་དཀོན་མཆོག་གསུམ། ཁྱེད་མི་འབྲལ་སྙིང་ནས་གསོལ་བ་ཐོབས། །མ་འགྲོ་དྲུག་སེམས་ཅན་ཐམས་ཅད་ཀུན། །སྔོན་ཚེ་རབས་མང་པོའི་ཕ་མ་ཡིན། །འདི་འཁོར་བའི་གནས་སུ་སྡུག་རེ་བསྔལ། །ཆོས་ཅི་བྱེད་འགྲོ་བའི་དོན་ལ་བསྔོས། །རྗེ་མཚན་ལྡན་བླ་མ་སྤྱི་བོར་སྒོམས། །ཞིང་ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཀུན། །དོན་གཅིག་ཏུ་འདུས་པའི་ངོ་བོར་ལྟོས། །སྙིང་རུས་པའི་གཏིང་ནས་གསོལ་བ་ཐོབ། །དེ་འོད་ཞུ་རང་གི་སེམས་ལ་བསྲེས། །དེ་མ་བཅོས་དེ་གའི་ངང་ལ་ཞོག །སེམས་ཡོད་པ་མ་ཡིན་དངོས་པོ་མེད། །མེད་པ་མ་ཡིན་ཅིར་ཡང་དྲན། །སེམས་རེས་འགའ་གནས་ཏེ་རེས་འགའ་འཕྲོ། ཁྱོད་སེམས་ལ་བྱ་ར་རྒྱུན་དུ་མཛོད། །སེམས་ངོ་བོ་སྟོང་པར་འདུག་པ་དེ། །སེམས་ཆོས་སྐུ་སྣང་བ་མཐའ་ཡས་ཡིན། །སེམས་རང་བཞིན་འོད་དུ་གསལ་བ་དེ། །སེམས་ལོངས་སྐུ་ཐུགས་རྗེ་ཆེན་པོ་ཡིན།
སེམས་སྣ་ཚོགས་ཅི་ཡང་དྲན་པ་དེ། །སེམས་སྤྲུལ་སྐུ་པདྨ་འབྱུང་གནས་ཡིན། །སེམས་དུག་ལྔའི་རྟོག་པ་ཅི་ཤར་ཡང་། །ངོ་ཤེས་ན་རྒྱལ་བ་རིགས་ལྔ་ཡིན། །སེམས་གསལ་ན་གསལ་བའི་ངོ་བོ་ལྟོས། །གསལ་སྟོང་ཕྱག་རྒྱ་ཆེན་པོ་ཡིན། །སེམས་བདེ་ན་བདེ་བའི་ངོ་བོ་ལྟོས། །བདེ་སྟོང་རྫོགས་པ་ཆེན་པོ་ཡིན། །སེམས་སྟོང་ན་སྟོང་པའི་རང་ཞལ་ལྟོས། །རིག་སྟོང་དབུ་མ་ཆེན་པོ་ཡིན། །སེམས་སྐྲག་ན་སྐྲག་མཁན་གྱི་ངོ་བོ་ལྟོས། །དམ་ཆོས་བདུད་ཀྱི་གཅོད་ཡུལ་ཡིན། །སེམས་དངོས་པོ་ཅི་ཡང་མཐོང་བ་དེ། །སེམས་སྟོང་ཉིད་ཤེས་རབ་ཕར་ཕྱིན་ཡིན། ཁྱེད་འགྲོ་ཞིང་འདུག་ཅིང་སེམས་ལ་ལྟོས། །འགྲོ་འདུག་དོན་གྱི་བསྐོར་བ་ཡིན། ཁྱེད་ཟ་ཞིང་འཐུང་ཞིང་སེམས་ལ་ལྟོས། །དེ་བཟའ་བཏུང་ཟག་མེད་ཚོགས་འཁོར་ཡིན། ཁྱེད་ཉལ་ཞིང་གཉིད་ཅིང་སེམས་ལ་ལྟོས། །གཉིད་འོད་གསལ་དུ་ཟིན་པའི་གདམས་ངག་ཡིན། །ཆོས་ཟབ་མོ་ལ་བསྙེན་སྒྲུབ་བྱེད་པའི་དུས། །དོན་ཟབ་མོ་རང་གི་སེམས་ལ་ལྟོས། །བདུད་བར་ཆད་བཟློག་ན་དེ་ཡིས་ཟློག །དུས་ད་ལྟ་འཕྲལ་དུ་གང་བྱ་ཡང་། །
ཕུགས་བསྒོམ་ཡུན་ཤི་དང་མཉམ་པར་གྱིས། །མི་མང་པོའི་གཏམ་དང་ལྟད་མོ་དང་། །སེམས་བསླུ་བའི་བྱ་བ་གང་བྱུང་ཡང་། །དེར་ཡེངས་པའི་དབང་དུ་མ་ཤོར་བར། །བསྒོམ་ཟབ་མོ་གནད་ཀྱི་ཉམས་ལེན་འདི། །ད་མ་བརྗེད་ཏུར་གྱིས་དྲན་པར་གྱིས། །དྲན་ཐོག་ཏུ་རང་ཚོ་ཐུབ་པར་མཛོད། །དེས་ཡང་ཡང་རང་དབང་འདུས་པ་ཡིས། །བསྒོམ་ཉམས་ལེན་ལ་གོམས་འདྲིས་རེད་པ་ཡིན། །དོན་དེ་ལ་བསྒོམ་ཡུན་རིང་བ་ན། །བསྒོམ་མཐུན་མཚམས་མེད་པའི་འཁོར་ཡུག་ལ། །རྒྱུན་ཆད་མེད་ཆུ་བོའི་གཞུང་དང་འདྲ། །དེ་མྱུར་དུ་འབྱུང་བའི་རྟེན་འབྲེལ་ཡིན། །ཅེས་པའང་ཕྱག་རྒྱ་ཆེན་པོའི་ལྟ་བསྒོམ་སྤྱོད་གསུམ་གྱི་ཚུལ་དུ་ཉམས་སུ་ལེན་པའི་ཞལ་གདམས་འདི་ཀརྨ་བརྟན་འཕེལ་གྱི་སྐྱེས་མཐའ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་བསྐུལ་ངོར་ཚོགས་དྲུག་རང་གྲོལ་གྱིས་སྦྱར་བའོ། །དགེའོ། དགེའོ།། །།
གདམས་པ་གཅིག་ཤེས་ཀུན་གྲོལ།
༈ གདམས་པ་གཅིག་ཤེས་ཀུན་གྲོལ་བཞུགས་སོ། །སེམས་ངོ་སྤྲོད་པའི་དྲིན་ཅན་རྩ་བའི་བླ་མ་རྣམས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཐུགས་བརྩེ་བ་ཆེན་པོའི་སྒོ་ནས་རང་གཞན་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་བདག་གིས་ཚེ་ཐུང་ནམ་འཆི་ཆ་
མེད་ལ་བསམས་ནས། གཞན་མང་པོ་སྒོམ་ལོང་མི་འདུག་སྙམ། ཁྱེད་བུ་སློབ་རྣམས་ལ་གདམས་པ་མང་པོ་མ་བསྟན་པར། གཅིག་ཤེས་ཀུན་གྲོལ་གནད་ཀྱི་གདམས་པ་སེམས་ཁྲིད་བསྟན་པ་ལྟར། སེམས་ཉིད་གསལ་སྟོང་ཟང་ཐལ་མཐའ་བྲལ་ཆོས་དབྱིངས་ཆེན་པོ་ལ་གཡོ་མེད་ཀྱི་བརྟན་པ་ཐོབ་ཏུ་འཇུག་པ་འདི་ཀ་ལེགས་པས། དེ་ལ་རྗེ་བཙུན་ཏེ་ལོ་པས། བོག་འདོན་ཀུན་གྱི་མཆོག་གྱུར་པ། །བླ་མ་ཡིན་ནོ་ནཱ་རོ་པ། །ཞེས་དང་། རི་ཆོས་ལས། བླ་མའི་གསོལ་འདེབས་ཚིག་གསུམ་ལས། །འདོན་རྒྱུ་སྒྲུབ་རྒྱུ་མེད་པར་བྱས། །གསུངས་པ་ལྟར། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོ་དྲིན་ཅན་རྩ་བའི་བླ་མ་ལ་སྙིང་ཐག་པ་ནས་གསོལ་བ་བཏབ། ཏིང་ངེ་འཛིན་གྱི་དབང་བཞི་བླངས། མཐར་ཐུགས་ཡིད་བསྲེས། དེ་ནས་རྗེ་མི་ལས། འགྲོ་འཆག་ཉལ་འདུག་སེམས་ལ་ལྟོས། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཞེས་དང་། རི་ཆོས་ལས། རང་སེམས་ངོ་བོ་སྐྱོང་བ་ལས། །བྱ་རྒྱུ་ཅི་ཡང་མེད་པ་ལ། །གསུངས་པ་ལྟར། དུས་རྒྱུན་དུ་རང་སེམས་སྐྱེ་མེད་མཐའ་བྲལ་ཆོས་དབྱིངས་ནམ་མཁའ་ལྟ་བུའི་ངང་ལ་
མཉམ་པར་བཞག་ནས། དུག་ལྔ་དང་དེའི་ཆར་གཏོགས་ཀྱི་རྟོག་ཚོགས་ཐམས་ཅད་ཡུལ་ཐོན་པ་ཞིག་གྱིས། སེམས་ལ་བལྟ་བ་སྐད་བྱས་ཀྱང་རྣམ་རྟོག་བག་ཆགས་མ་ཞིག་ན་ཕན་པ་མེད་དེ། དྷརྨ་བོ་དྷིས། རྣམ་རྟོག་བག་ཆགས་མ་ཞིག་པས། །སེམས་ལ་བལྟས་པས་ཅི་ལ་ཕན། །བདག་འཛིན་སྐྱིད་འདོད་མ་སྤངས་པས། །ཡུན་དུ་བསྒོམས་པས་ཅི་ལ་ཕན། །གསུངས་པ་དང་། རྗེ་མི་ལས། རྣམ་རྟོག་ཡོད་ན་རྣལ་འབྱོར་མིན། །ཞེས་དང་། ལུང་གཞན་ལས་ཀྱང་། རྣམ་པར་རྟོག་པ་ཡོད་རིང་ལ། །ཆོས་པ་ཡིན་སྙམ་མ་སེམས་ཤིག །གསུངས། དེས་ན་སེམས་ལ་བལྟས་པའི་ལག་རྗེས་ལ། དུག་ལྔ་དང་དེའི་ཆར་གཏོགས་ཀྱི་རྟོག་ཚོགས་ཐམས་ཅད་དག་ནས། སྔར་ཤེས་རྒྱུད་གཡག་རྭ་བཞིན་གྱོང་བ། ཕྱིས་རས་བལ་ལས་འཇམ་པ་ཞིག་འོངས་དགོས་པས། དེ་ལྟ་བུ་མ་བྱུང་ན་ནི། གཞན་དགེ་སྦྱོར་མང་པོ་བྱས་ཀྱང་ཕན་ཡོན་མེད་པ་མ་ཡིན་ཡང་། ཉོན་མོངས་བཟློག་པ་ལ་ཕན་རྒྱུ་ཆུང་བས། ཉོན་མོངས་རྟོག་ཚོགས་མ་ཟད་ན་འཁོར་བ་ལས་མི་ཐར། དེས་ན་དགེ་སྦྱོར་མང་པོ་བྱས་པ་ལས་དོན་ཐོག་ཏུ་དར་གཅིག་བཞག་པ་
ཕན་པས། མཉམ་གཞག་ལ་བརྩོན། སངས་རྒྱས་མ་རྒྱས་ཀྱང་འདོད་པ་ལ་སོགས་པའི་ཉོན་མོངས་རྟོག་ཚོགས་ཟད་མ་ཟད་ལ་བལྟ་དགོས་ཏེ། ཆོས་རྗེ་ཀུ་མ་རཱ་ཛས། སངས་རྒྱས་མ་རྒྱས་རྣམ་རྟོག་ཡོད་མེད་ཀྱི་སྟེང་ནས་འཇོག་གསུངས། རྗེ་མི་ལས། ལས་ངན་རྟོག་པ་མི་སྐྱེས་པར། །སྐྱེ་མེད་ངང་ལ་བསྒོམ་ཟུག་ན། །འཁོར་བ་རྫུན་གྱི་ཟོལ་རིས་ཡལ། །གསུངས། དེ་ཡང་བྱིང་རྒོད་ལྷོ་སྤྲིན་ལྟ་བུའི་སྐྱོན་དང་བྲལ་ནས། སྟོན་གནམ་གཡའ་དག་པ་ལྟར་སེམས་གསལ་སྟོང་རྗེན་ལ་བུད་ནས་གསལ་ལེར་གནས་དུས། ཕྱི་སྣང་བ་སྣ་ཚོགས། ནང་འཛིན་པའི་རྟོག་ཚོགས་སྤྲིན་ཕུང་ལྟ་བུ་གང་ཤར་ཡང་མི་དགག །གང་ཤར་ལ་འཛིན་པ་མེད་པར་མཉམ་གཞག་ནམ་མཁའ་ལྟ་བུའི་ངང་ལ་བཞག་དགོས། ཅུང་ཟད་བརྟན་པ་ཐོབ་ནས། འགྲོ་འཆག་ཉལ་འདུག་སྤྱོད་ལམ་ཐམས་ཅད་དེའི་ངང་ནས་གྱིས། མཚན་མོ་གཉིད་དང་བསྲེས་ལ། མཉམ་རྗེས་དང་སྣང་སེམས་ཀུན་འདྲེས་འཁོར་འདས་རོ་གཅིག་ཏུ་གྱུར་ནས། སྲིད་ཞིའི་སྤང་བླང་དང་བྲལ་བའི་དཔལ་ནམ་མཁའ་ལྟ་བུའི་རྣལ་འབྱོར་པ་ཞིག་འོང་བ་གྱིས།
དེ་ལྟ་བུ་ཞིག་མ་བྱུང་ན། སང་གནངས་ལྟ་བུ་ལ་ཡང་མི་འཆི་བའི་ངེས་པ་མེད། འཆི་བ་འོད་གསལ་ངོས་མི་ཟིན། དེ་མ་ཟིན་ན། ད་དུང་འཁོར་བ་མཐའ་མེད་དུ་འཁྱམས་ངེས། ད་ལྟ་འཆི་ཡང་འཆི་བ་ཆོས་སྐུར་གྲོལ་བའི་གདེངས་ཤིག་མེད་པའི་ཐབས་མི་འདུག་སྙམ་དུ་ཉམས་ལེན་ལ་ཉིན་མཚན་མེད་པར་རེམས་ཤིག །རྗེ་མི་ལས། བསྒོམ་གསལ་སྟོང་གི་བསམ་གཏན་རིན་པོ་ཆེ། །བུ་རས་ཆུང་བའི་སེམས་ལ་གནས་པར་ཤོག །གསུངས་པ་ལྟར་ངས་ཀྱང་རྒྱུད་ན་གང་ཡོད་ཁྱེད་རྣམས་ཀྱི་རྒྱུད་ལ་འཕོ་བའི་སྨོན་ལམ་འདེབས་པ་ལགས་སོ། །གདམས་པ་གཅིག་ཤེས་ཀུན་གྲོལ་འདི་ནི་དད་གུས་དག་སྣང་ཆེ་བའི་ལི་སྡེ་བ་གོའི་བླ་མ་ཀུན་དགའ་རྒྱལ་མཚན་དང་། དགེ་སློང་རབ་འབྱོར་སོགས་སྐལ་ལྡན་སློབ་མ་རྣམས་ཀྱིས་བསྐུལ་ངོར། ༧རྣལ་འབྱོར་ཞབས་དཀར་པས་བཀའ་བརྒྱུད་གོང་མའི་གདན་ས་དཔལ་ཀུན་ཏུ་བཟང་པོའི་ནགས་ཁྲོད་ཉམས་དགའ་ནས་སྨྲས་པའོ། །འདིས་ཀྱང་ཀུན་ལ་ཕན་ཐོགས་པར་གྱུར་ཅིག །སརྦ་མངྒ་ལཾ།། །།
རྫོགས་ཆེན་ཀུན་གྱི་ཡང་བཅུད་ཉམས་ལེན་ལམ་ཁྱེར་གདམས་པ།
༈ རྫོགས་ཆེན་ཀུན་གྱི་ཡང་བཅུད་ཉམས་ལེན་ལམ་ཁྱེར་གདམས་པ་བཞུགས་སོ།། ན་མོ་གུ་རུ། ཆོས་རྒྱལ་ངག་གི་དབང་པོ་ཡི། །ཞབས་ལ་གུས་པས་གསོལ་བ་འདེབས། །སྐལ་ལྡན་གྲོགས་མཆེད་ཤེས་རྒྱུད་ལ། །ཡེ་ཤེས་
འབར་བར་བྱིན་གྱིས་རློབས། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སེམས་ཀྱི་གནས་ལུགས་མི་ཤེས་སམ། །སེམས་ཀྱི་གནས་ལུགས་མ་ཤེས་ན། །སེམས་ལ་གཅེར་གྱིས་བལྟས་པའི་ཚེ། །ས་ལེ་སིང་ངེ་ཝ་ལེ་བ། །སྤྲིན་མེད་སྟོན་ཁའི་ནམ་མཁའ་བཞིན། །འདི་ཡིན་མེད་པ་གསལ་ཞིང་དྭངས། །སྨྲ་རྒྱུ་མེད་པའི་ཉམས་མྱོང་སྟེ། །རང་གནས་བསམ་གཏན་དངོས་ཡིན་ནོ། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །སེམས་ཀྱི་འཇོག་ཚུལ་མི་ཤེས་སམ། །སེམས་ཀྱི་འཇོག་ཚུལ་མ་ཤེས་ན། །འགྱུར་བ་མེད་པ་རི་བོ་བཞིན། །ཡངས་དོག་བྲལ་བ་ནམ་མཁའ་བཞིན། །མི་གཡོ་དྭངས་པ་རྒྱ་མཚོ་བཞིན། །ཁྱབ་བརྡལ་ཟང་ཐལ་ངང་ཉིད་དུ། །གསལ་ལེ་ཧྲིག་གེ་འཇོག་པ་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རྣམ་རྟོག་ལམ་ཁྱེར་མ་ཤེས་ན། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ཡིན། །སེམས་ལ་རྣམ་རྟོག་ཤར་བའི་ཚེ། །དགག་སྒྲུབ་བླང་དོར་མི་བྱེད་པར། །སེམས་ཉིད་རང་གི་ངང་དུ་ཞོག །རང་སར་གྲོལ་བར་ཐེ་ཚོམ་མེད། །སེམས་ཀྱི་གསལ་ཆ་ཉམས་གྱུར་ན། །ཅི་ཡིན་འདི་ཡིན་མེད་པ་ཡི། །ལུང་མ་
བསྟན་དུ་འབྱམས་གྱུར་ནས། །ཡིད་དཔྱོད་རྩོལ་བས་བསླད་གྱུར་ན། །ཉི་མ་སྤྲིན་ལས་གྲོལ་བ་བཞིན། །ཡིད་དཔྱོད་རྩོལ་བ་ལིང་གིས་བོར། །རང་བྱུང་ཡེ་ཤེས་སེམས་ཉིད་ངང་། །རང་སར་གློད་ནས་འཇོག་པ་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །ད་དུང་སྙིང་གཏམ་ཤར་གཅིག་བཤད། །འཐད་དོ་སྙམ་ན་སེམས་ལ་འཆོངས། །འགྲོ་ན་རང་གནས་བསམ་གཏན་ངང་། །གསལ་ལེ་སེང་ངེ་ཧྲིག་གི་སོང་། །རྫོགས་ཆེན་རྣལ་འབྱོར་འགྲོ་ལུགས་ཡིན། །འདུག་ན་མ་བཅོས་རིག་པའི་ངང་། །ཀྱི་ལེ་ཝ་ལེ་འབོལ་ལེ་སྡོད། །རྫོགས་ཆེན་རྣལ་འབྱོར་འདུག་ཚུལ་ཡིན། །ཟ་ན་གནས་ལུགས་ལྟ་བའི་ངང་། །ཕྱལ་ལེ་ཕྲེས་སེ་བུན་ནེ་ཟོ། །རྫོགས་ཆེན་རྣལ་འབྱོར་ཟ་ལུགས་ཡིན། །ཉལ་ན་མཉམ་ཉིད་ཟང་ཐལ་ངང་། །རྗེན་ནེ་ལྷག་གེ་ཤིགས་སེ་ཉོལ། །རྫོགས་ཆེན་རྣལ་འབྱོར་ཉལ་ལུགས་ཡིན། །གཞན་གྱི་ཚིག་ལ་གསན་པའི་ཚེ། །སྟོང་ཉིད་ངང་དུ་རྗེན་ནེ་ཞོག །རྫོགས་ཆེན་རྣལ་འབྱོར་གསན་ལུགས་ཡིན། རང་གིས་གཏམ་རྣམས་བཤད་པའི་ཚེ། །ལྟ་བའི་ངང་ནས་ལྷག་གེ་ཤོད། །རྫོགས་ཆེན་རྣལ་འབྱོར་བཤད་ཚུལ་ཡིན། །
སེམས་ལ་ཉིན་མཚན་ཀུན་ཏུ་ལྟོས། །རྫོགས་པ་ཆེན་པོའི་རྣལ་འབྱོར་གྱི། །ཐུན་མཚམས་མེད་པའི་དགེ་སྦྱོར་ཡིན། །ཨེ་མ་སྐལ་ལྡན་རིགས་ཀྱི་བུ། །རང་རིག་ཀུན་ཏུ་བཟང་པོའི་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །ཀུན་ཏུ་བཟང་པོ་ལོགས་ན་མེད། །རང་བྱུང་ཆོས་སྐུ་ཨེ་མ་ཧོ། །མ་འགག་རང་སེམས་རྡོ་རྗེ་སེམས། །སྨྲ་བརྗོད་བྲལ་བའི་སེམས་ལ་ལྟོས། །རྡོ་རྗེ་སེམས་དཔའ་ལོགས་ན་མེད། །རང་བྱུང་སྤྲུལ་སྐུ་ཨེ་མ་ཧོ། །ཞེས་རྫོགས་པ་ཆེན་པོའི་རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་དགོངས་པ་ཕྱོགས་གཅིག་ཏུ་བསྒྲིགས་པ་ཚིག་ཉུང་ལ་དོན་འདུས་པ་མ་ཚང་བ་མེད་པ་ལྟ་སྒོམ་སྤྱོད་གསུམ་ཟ་ཉལ་འགྲོ་འདུག་ལམ་ཁྱེར་གྱི་གདམས་པ་ཟབ་མོ་སྙིང་གི་ནོར་བུ་དགོས་འདོད་ཀུན་འབྱུང་འོད་གསལ་སྙིང་གི་ཉི་མ་འོད་ཟེར་སྟོང་འབར་ཚེ་རབས་འཁོར་བ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་ས་བོན་དང་བཅས་པའི་མུན་པ་སྐད་ཅིག་མར་འཇོམས་པའི་གདམས་ངག་ཟབ་མོ། རྣལ་འབྱོར་པའི་ཉམས་ལེན་ཚེ་གཅིག་སངས་རྒྱས་ཀྱི་སར་འཁྲིད་པའི་ཉེ་ལམ་ཁྱད་པར་ཅན་འདི་ནི་ཚོགས་དྲུག་རང་གྲོལ་པས་ཉམས་ལེན་ཕྱིར་དུ་མཛད་པའོ།། །།
ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་།
༄༅། །ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ་མཉྫུ་གྷོ་ཥ་ཡ། ཟབ་མོ་རྟེན་ཅིང་འབྲེལ་འབྱུང་དོན་གཟིགས་པའི། །དངོས་བརྒྱུད་བླ་མ་རྣམས་ལ་མགོས་ཕྱག་འཚལ། །ལྟ་བའི་ཡང་རྩེ་དབུ་མ་ཐལ་འགྱུར་བའི། །ལྟ་བ་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །དེ་ཡང་བདག་ཅག་གི་སྟོན་པ་སངས་རྒྱས་ཐབས་མཁས་ལ་ཐུགས་རྗེ་ཆེན་པོ་དེ་ཉིད་ཀྱིས་གསུང་གི་ཁྱད་ཆོས། རྒྱལ་བའི་ལུང་གིས་ཟིན་པའི་སློབ་དཔོན་ཀླུ་སྒྲུབ་དང་། རྗེ་བདག་ཉིད་ཆེན་པོ་ཡབ་སྲས་ཀྱི་དགོངས་པའི་མཐར་ཐུག །ཟབ་མོ་དབུ་མའི་ལྟ་བ་འདི་ཉིད་ཇི་བཞིན་པ་
ཞིག་རྟོགས་ན། དེང་སང་སྟོང་ཉིད་རྟོགས་པའི་ཁུལ་བྱས། ལས་རྒྱུ་འབྲས་མི་བརྩི་བར་སྤྱོད་པ་རྩིང་པོར་བྱེད་པ་རྣམས་ལ་ཕན་ཐོགས་པར་འདུག་པས། དེས་ན་ཐལ་འགྱུར་བའི་ལྟ་བའི་མཐར་ཐུག །རྗེ་ཡབ་སྲས་ཀྱིས་གཏན་ལ་ཕབ་པའི་ཟབ་མོ་རྟེན་འབྱུང་གི་དོན་དེ། དམ་པ་གོང་མའི་གསུང་བཞིན། འདིར་རང་གིས་གང་ཤེས་ཅུང་ཟད་ཙམ་ཞིག་བཤད་པར་བྱ་སྟེ། དེ་ཡང་རྟེན་འབྱུང་ཞེས་པ། མཐའ་བྲལ་སྟོང་པ་ཉིད་ཀྱི་དོན་དུ་བྱ་དགོས་ཏེ། རྩ་བ་ཤེས་རབ་རབ་བྱེད་ཉེར་བཞི་པ་ལས། རྟེན་ཅིང་
འབྲེལ་བར་འབྱུང་བ་གང་། །དེ་ནི་སྟོང་པ་ཉིད་དུ་བཤད། །དེ་ནི་བརྟེན་པས་གདགས་པ་སྟེ། །དེ་ནི་དབུ་མའི་ལམ་ཡིན་ནོ། །ཞེས་དང་། རྩོད་བཟློག་ལས། གང་ཞིག་སྟོང་དང་རྟེན་འབྱུང་དག །དབུ་མའི་དོན་དུ་དོན་གཅིག་པར། །ཞེས་དེ་གསུམ་རྣམ་གྲངས་སུ་གསུངས་སོ། །དེས་ན་སྟོང་པ་ཉིད་དང་། རྟེན་འབྱུང་གཉིས་དོན་གཅིག་སྟེ། ལེགས་བཤད་སྙིང་པོ་ལས། རང་བཞིན་གྱིས་སྟོང་པའི་དོན་རྟེན་འབྱུང་གི་དོན་དུ་གསུངས་པ། སྟོན་པ་སྨྲ་བ་གཞན་ལས་ཁྱད་པར་དུ་འཕགས་པའི་ཁྱད་ཆོས་བླ་ན་མེད་པར་གཟིགས་ནས། སློབ་དཔོན་གྱིས་གཞུང་མང་པོར། བཅོམ་ལྡན་འདས་ལ་རྟེན་འབྱུང་གསུངས་པའི་སྒོ་ནས་བསྟོད་དེ་ཞེས་གསུངས་པ་བཞིན། རྗེ་རིན་པོ་ཆེས་ཀྱང་། རྟེན་འབྲེལ་བསྟོད་པ་ལས། འདི་ཀུན་ངོ་བོས་སྟོང་པ་དང་། །འདི་ལས་འདི་འབྲས་འབྱུང་བ་ཡི། །ངེས་པ་གཉིས་པོ་ཕན་ཚུན་དུ། །གེགས་མེད་པར་ནི་གྲོགས་བྱེད་པ། །འདི་ལས་ངོ་མཚར་གྱུར་པ་དང་། །འདི་ལས་རྨད་དུ་བྱུང་བ་གང་། །ཚུལ་འདིས་ཁྱོད་ལ་བསྟོད་ན་ནི། །བསྟོད་པར་འགྱུར་གྱི་གཞན་གྱིས་མིན། །གསུངས། མགོན་པོ་ཀླུ་
སྒྲུབ་ཀྱི་བྱང་ཆུབ་སེམས་འགྲེལ་ལས། ཆོས་རྣམས་སྟོང་པ་འདི་ཤེས་ནས། །ལས་དང་འབྲས་བུ་རྟེན་པ་གང་། །ངོ་མཚར་བས་ཀྱང་འདི་ངོ་མཚར། །རྨད་བྱུང་བས་ཀྱང་འདི་རྨད་བྱུང་། །ཞེས་གསུངས་ལ། རྗེ་བླ་མས་རྗེ་བཙུན་རེད་མདའ་བ་ལ་ཕུལ་བའི་ཞལ་གདམས་ལས། དེའང་སྤྱིར་སྟོང་པས་ཡོད་མཐའ་དང་། སྣང་བས་མེད་མཐའ་སེལ་བ་འདི་རྒྱང་འཕེན་གྱི་བར་ལ་ཐུན་མོང་པ་ཡིན་པས། ཐལ་འགྱུར་བའི་ཁྱད་ཆོས་ལ། སྣང་བས་ཡོད་མཐའ་དང་། སྟོང་པས་མེད་མཐའ་སེལ་ཞིང་། སྟོང་ཉིད་རྒྱུ་འབྲས་སུ་འགྲོ་ཚུལ་ཤེས་དགོས་ལ། ཞེས་དང་། རྒྱུ་ལ་བརྟེན་ནས་འབྲས་བུ་འབྱུང་བ་མི་བསླུ་བར་མཐོང་བའི་བློ་དེ་ཉིད་ཀྱིས། བློ་གཞན་ལ་ལྟོས་མེད་དུ་དམིགས་གཏད་ཅིག་གིས་སྟོང་པའང་འོང་བའི་ཚུལ་དང་། རྒྱུ་འབྲས་མི་བསླུ་བའི་གཏན་ཚིགས་དེ་ཉིད་ཀྱིས། རྟགས་གཞན་ལ་ལྟོས་མེད་ཡོད་མཐའ་སོགས་དང་བྲལ་བའི་སྟོང་པར་འགྲུབ་པའི་ཚུལ་ལས། རྒྱུ་འབྲས་མི་བསླུ་བ་ལ། གཏིང་ནས་ངེས་ཤེས་འདྲོངས་ཤིང་། དེ་ཀ་ནས་དམིགས་གཏད་ཐམས་ཅད་ཞིག་པའི་ཞེན་མེད་ཀྱང་འོང་བ་
ཡིན་ཞེས་གསུངས་ཤིང་། དེ་དག་གི་གནད་འདུས་པ་ལམ་གྱི་གཙོ་བོ་རྣམ་གསུམ་ལས། གང་ཞིག་འཁོར་འདས་ཆོས་རྣམས་ཐམས་ཅད་ཀྱི། །རྒྱུ་འབྲས་ནམ་ཡང་བསླུ་བ་མེད་མཐོང་ཞིང་། །དམིགས་པའི་གཏད་སོ་གང་ཡིན་ཀུན་ཞིག་པ། །དེ་ནི་རྒྱལ་བ་དགྱེས་པའི་ལམ་ལ་ཞུགས། །སྣང་བ་རྟེན་འབྲེལ་བསླུ་བ་མེད་པ་དང་། །སྟོང་པ་ཁས་ལེན་བྲལ་བའི་གོ་བ་གཉིས། །ཇི་སྲིད་སོ་སོར་སྣང་བ་དེ་སྲིད་དུ། །ད་དུང་ཐུབ་པའི་དགོངས་པ་རྟོགས་པ་མེད། །ནམ་ཞིག་རེ་འཇོག་མེད་པར་ཅིག་ཆར་དུ། །རྟེན་འབྲེལ་མི་བསླུ་མཐོང་བ་ཙམ་ཉིད་ནས། །ངེས་ཤེས་ཡུལ་གྱི་འཛིན་སྟངས་ཀུན་ཞིག་ན། །དེ་ཚེ་ལྟ་བའི་དཔྱད་པ་རྫོགས་པ་ལགས། །གཞན་ཡང་སྣང་བས་ཡོད་མཐའ་སེལ་བ་དང་། །སྟོང་པས་མེད་མཐའ་སེལ་ཞིང་སྟོང་པ་ཉིད། །རྒྱུ་དང་འབྲས་བུར་འཆར་བའི་ཚུལ་ཤེས་ན། །མཐར་འཛིན་ལྟ་བས་འཕྲོག་པར་མི་འགྱུར་རོ། །ཞེས་གསུངས། འཇམ་དཔལ་དབྱངས་དངོས་ཁྲི་གུང་ཐང་བས། སྣང་བ་རྒྱུ་མཚན་དུ་བྱས་ཏེ། གདགས་གཞིའི་ངོས་ནས་མ་གྲུབ་པ་དང་། རང་བཞིན་གྱི་སྟོང་པ་རྒྱུ་མཚན་དུ་བྱས་ཏེ། སྣང་བ་ཅིར་
ཡང་འཆར་རུང་བར་བསྒྲུབས་པས། མཐའ་གཉིས་སེལ་ཚུལ་འདི་ནི་གོང་དུ་སྨོས་པ་ལྟར། སྟོང་པ་ཞེས་པ་དང་། རྟེན་འབྱུང་ཞེས་པ། དོན་གོ་ཚུལ་གཅིག་ཏུ་འབབ་པ་ལ་ཐུགས་པས། གཏན་ཚིགས་འདི་ལ་མཐའ་གཉིས་ཆར་སེལ་བའི་རིག་པའི་རྒྱལ་པོ་ཞེས་གསུངས་སོ། །གསུངས་ལ། དེ་བཞིན་དུ་རྫོང་དཀར་མ་ཎི་བས་མཛད་པའི་དབུ་མའི་ལྟ་ཁྲིད་ལས། རྟེན་འབྲེལ་གྱི་དོན་ནི། དཔེར་ན་མྱུ་གུ་ལྟ་བུའི་སྟོང་ཉིད་གཏན་ལ་འབེབས་པའི་སྐབས་ཡིན་ན། དེ་རང་གི་རྒྱུའི་གཙོ་བོ་ཉེར་ལེན་དུ་གྱུར་པའི་ས་བོན་དང་། ལྷན་ཅིག་བྱེད་པའི་རྐྱེན་དུ་གྱུར་པའི་ཆུ་ལུད་དྲོད་གསུམ་ལ་རྟེན་ཅིང་འབྲེལ་བར་འབྱུང་བ་ལྟ་བུའོ། །མྱུ་གུ་བདེན་པར་མེད་པའི་རྒྱུ་མཚན་དུ་རྟེན་འབྲེལ་བཀོད་པ་ལ་རིགས་པའི་རྒྱལ་པོ་རྟེན་འབྲེལ་གྱི་གཏན་ཚིགས་ཟེར་ལ། རྒྱལ་པོ་ཟེར་བའི་དོན། སྦྱོར་བ་གཅིག་གམ་དེས་མཐའ་གཉིས་དངོས་སུ་སེལ་བས་ན་བསྟོད་པ་ནི། རྟེན་འབྲེལ་ཡིན་པས་མེད་མཐའ་སེལ། བདེན་མེད་ཡིན་པས་ཡོད་མཐའ་སེལ་ལོ། །ཞེས་དང་། སྣང་སྟོང་གཉིས་གཅིག་ཆར་དུ་འཆར་དུས་སུ། སྣང་བས་ཡོད་
མཐའ་དང་། སྟོང་པས་མེད་མཐའ་སེལ་ལམ། གཅིག་ཆར་འཆར་བ་དཔེར་ན། ཀླུ་ཐར་ཚུ་རི་ན་ཡོད་པར་ཤེས་པ་ཙམ་གྱིས། ཁོ་ཕ་རི་ན་མེད་པར་འཆར་བ་ལྟ་བུའོ། །གསུང། གཞན་ཡང་སྣང་བས་ཡོད་མཐའ་སེལ་ཞིང་། སྟོང་པས་མེད་མཐའ་སེལ་ཚུལ་ནི། དེ་ཡང་རང་ལུས་སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད། རང་རང་གི་གདགས་གཞིའི་སྟེང་དུ་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་བཞིན་དུ། ལས་བཟང་ངན་གྱི་རྒྱུ་རྐྱེན་མང་པོ་ཚོགས་པའི་རྟེན་འབྲེལ་ལ་བརྟེན་ནས། ནམ་མཁའི་འཇའ་ཚོན། བར་སྣང་གི་ཟླ་བ། མེ་ལོང་ནང་གི་གཟུགས་བརྙན་བཞིན་དུ་སྣང་བ་ཡིན་པས་སྣང་བཞིན་དུ་སྟོང་པའི་ཚུལ་ཤེས་པས། ཆོས་ཐམས་ཅད་ཚུགས་ཐུབ་བདེན་གྲུབ་ཏུ་ཡོད་པར་འཛིན་པའི་ཡོད་མཐའ་འམ། རྟག་མཐའ་སེལ་ཞིང་། སྟོང་བཞིན་དུ་སྣང་བར་མ་ཤེས་པས་ཆོས་ཐམས་ཅད་མོ་གཤམ་གྱི་བུ་དང་། རི་བོང་གི་རྭ་ལྟར་གཏན་མེད་དུ་འཛིན་པས། མེད་མཐའ་འམ་ཆད་མཐའ་སེལ། དེ་ལྟར་སྣང་བཞིན་དུ་སྟོང་པས་ཡོད་མཐར་མ་ལྷུང་།
སྟོང་བཞིན་དུ་སྣང་བས་མེད་མཐར་མ་ལྷུང་། མཐའ་གཉིས་དང་བྲལ་བ་དེ་མཐའ་བྲལ་ཟབ་མོ་དབུ་མའི་ལྟ་བའི་མཐར་ཐུག་ཡིན་ཞེས་དམ་པ་གོང་མ་རྣམས་ཀྱིས་གསུངས། ཡང་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་ནི། འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་ལ་བརྟེན་ནས། ལས་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་འབྱུང་བས་ན། སྟོང་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་རུ་འཆར་ཞིང་། ཆོས་ཐམས་ཅད་ལ་བརྟེན་ནས་རང་བཞིན་གྱིས་མ་གྲུབ་པའི་སྟོང་པ་ཉིད་འབྱུང་བས་ན། སྟོང་ཉིད་ཆོས་ཐམས་ཅད་ཀྱི་འབྲས་བུར་འཆར་ལ། དེ་ལྟར་སྟོང་ཉིད་ཆོས་ཐམས་ཅད་ཀྱི་རྒྱུ་དང་འབྲས་བུ་རུ་འཆར་བའི་ཚུལ་ལ་ངེས་པ་རྙེད་ན། སྟོང་ཉིད་རྟོགས་པ་ཙམ་གྱིས་ལས་རྒྱུ་འབྲས་མེད་པར་ལྟ་བའི་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བ་སོགས། རྟག་ཆད་ཀྱི་མཐར་ལྷུང་བའི་མཐར་འཛིན་གྱི་ལྟ་བ་ངན་པས་ཡིད་འཕྲོག་པར་མི་འགྱུར་བ་ཟབ་མོ་དབུ་མའི་ལྟ་བའི་ཁྱད་ཆོས་ཡིན་ཞེས་བླ་མ་སྐྱེས་བུ་དམ་པ་མང་པོས་གསུངས་སོ། །དེ་ཡི་ནང་ནས་ཀྱང་། སངས་རྒྱས་སྣང་བ་མཐའ་ཡས་ངུར་སྨྲིག་གར་གྱི་
རྣམ་རོལ་པཎ་ཆེན་ཐམས་ཅད་མཁྱེན་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་དཔལ་བཟང་པོས་མཛད་པའི་བླ་མ་མཆོད་པ་ལས། འཁོར་འདས་རང་བཞིན་རྡུལ་ཙམ་མེད་པ་དང་། །རྒྱུ་འབྲས་རྟེན་འབྲེལ་བསླུ་བ་མེད་པ་གཉིས། །ཕན་ཚུན་འགལ་མེད་གྲོགས་སུ་འཆར་བ་ཡི། །ཀླུ་སྒྲུབ་དགོངས་དོན་རྟོགས་པར་བྱིན་གྱིས་རློབས། །ཞེས་གསུངས་པའི་དོན་ཡང་། དཔེར་ན་ནམ་མཁའ་སྟོང་པ་ཉིད་དང་། ཚ་གྲང་གི་རྒྱུ་ལས། འབྲས་བུ་འཇའ་ཚོན་རྟེན་ཅིང་འབྲེལ་བ་ནམ་ཡང་བསླུ་བ་མེད་པ་གཉིས། ཕན་ཚུན་འགལ་བ་མེད་པར་མ་ཟད། གཅིག་གྲོགས་སུ་གཅིག་འཆར་བ་བཞིན་དུ། འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་རྡུལ་ཙམ་ཡང་མེད་པའི་སྟོང་པ་ཉིད་དང་། ལས་བཟང་ངན་གྱི་རྒྱུ་ལས་འབྲས་བུ་འཁོར་འདས་བདེ་སྡུག་གི་སྣང་བ་རྟེན་ཅིང་འབྲེལ་བར་འབྱུང་བ་ནམ་ཡང་བསླུ་བ་མེད་པ་གཉིས། ཕན་ཚུན་འགལ་བ་མེད་པར་མ་ཟད། གཅིག་གྲོགས་སུ་གཅིག་འཆར་བ་བྱུང་ན། སློབ་དཔོན་ཀླུ་སྒྲུབ་ཀྱི་དགོངས་པའི་དོན་མཐར་ཐུག་པ་དབུ་མ་ཐལ་འགྱུར་བའི་ལྟ་བ་འཁྲུལ་མེད་ཡིན་པས། དེ་རྟོགས་པར་བྱིན་གྱིས་རློབས་
ཤིག །ཅེས་གསུངས་པ་ལྟར། བླ་མ་ལ་གསོལ་བ་འདེབས་བཞིན། སྟོང་པ་ཉིད་དང་ལས་འབྲས་བསླུ་མེད་གཉིས་ཕན་ཚུན་འགལ་བ་ཕར་ཞོག །གཅིག་གྲོགས་སུ་གཅིག་འགྲོ་བ་ལ་བསླབ་པར་བྱའོ། །ཡང་དཔེར་ན་ཤིང་རྟའི་གདགས་གཞི་འཁོར་ལོ་སྲོག་ཤིང་གཟེར་བུ་སོགས་ཀྱི་ཐོག་ཏུ་ཤིང་རྟ་ཞེས་བཏགས་པ། རང་ངོས་ནས་གྲུབ་པ་ཞིག་ཡོད་ན། འདི་རྣམས་གཅིག་ཏུ་གྲུབ་བམ། ཐ་དད་དུ་གྲུབ་ཅེས་གཅིག་དུ་བྲལ་གྱི་རིག་པས་དཔྱད་ཚེ། གདགས་གཞི་དེ་རྣམས་ཀྱི་སྟེང་དུ་ཤིང་རྟ་ཞེས་མིང་གིས་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མི་རྙེད་ཅིང་། དེ་རྣམས་འཚོགས་པའི་ཐོག་ཏུ་ཤིང་རྟ་ཞེས་མིང་ཙམ་ཡོད་པས་ཡོད་གོ་ཆོད་ཅིང་། ཤིང་རྟའི་དོན་གང་ཡང་བྱེད་ནུས་པ་བཞིན་དུ་ངའི་གདགས་གཞི་ཕུང་པོ་ལྔའི་ཐོག་ཏུ་ང་ཞེས་བཏགས་པ། རང་ངོས་ནས་གྲུབ་པ་ཞིག་ཡོད་ན་ཕུང་པོ་ལྔ་དང་གཅིག་ཏུ་གྲུབ་བམ་ཐ་དད་དུ་གྲུབ་ཅེས་གཅིག་དུ་བྲལ་གྱི་རིག་པས་དཔྱད་ཚེ། ཕུང་པོ་ལྔའི་སྟེང་དུ་ང་ཞེས་མིང་གི་ཕར་བཏགས་པ་ཙམ་མ་གཏོགས་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་
མི་རྙེད་ཀྱང་། ཕུང་པོ་ལྔ་ཚོགས་པའི་ཐོག་ཏུ་ང་ཞེས་མིང་ཙམ་ཡོད་པས་ཡོད་གོ་ཆོད་ཅིང་། ངས་དོན་གང་ཡང་བྱེད་ནུས་པར་འགྱུར་ལ། དེ་བཞིན་དུ་ཆོས་ཐམས་ཅད་ཀྱི་གདགས་གཞིའི་ཐོག་ཏུ་བཙལ་ན། རང་བཞིན་གྱིས་གྲུབ་པ་མེད་ཀྱང་། དེ་རྣམས་ཀྱི་ཐོག་ཏུ་མིང་ཙམ་ཡོད་པས་ཡོད་གོ་ཆོད་ཅིང་། རང་རང་གི་དོན་བྱེད་ནུས་པ་ཡིན་པས་དེས་ན་ལས་རྒྱུ་འབྲས་དང་། དེ་མྱོང་བ་པོ་ང་ལ་སོགས་པ་ཡོད་ཚུལ་ལ་ངེས་པ་གཏིང་ནས་རྙེད་དེ། ལས་རྒྱུ་འབྲས་བརྩི་བ་གལ་ཆེ། དཔེར་ན་དཀར་ནག་གི་གཟུགས་གང་བསྟན་ཀྱང་མེ་ལོང་ནང་དུ་འཆར་བ་བཞིན་ཚེ་འདིར་ལས་བཟང་ངན་གང་བསགས་ཀྱང་། ཚེ་ཕྱི་མར་རང་རྒྱུད་ལ་སྨིན་ནས་བདེ་སྡུག་མྱོང་དགོས་པས། སྟོང་ཉིད་རྟོགས་པ་ཙམ་གྱིས་ལས་རྒྱུ་འབྲས་མེད་པར་མི་འགྲོ་བས། སྟོང་ཉིད་ལ་ཁ་ངན་བཀལ་ནས། གསད་ཆོག་བརྡུང་ཆོག་ཅེས་ལས་རྒྱུ་འབྲས་ཁྱད་དུ་མི་གསོད་པར། སྟོང་ཉིད་རྒྱུ་འབྲས་སུ་འཆར་བའི་ཚུལ་ལ་བསླབ་པར་བྱའོ། །གཞན་ཡང་ཤེར་སྙིང་ལས། ཕུང་པོ་ལྔ་པོ་དེ་དག་ལ་ཡང་རང་བཞིན་གྱིས་སྟོང་པ་རྣམ་པར་ཡང་དག་པར་རྗེས་སུ་བལྟའོ།།
གཟུགས་སྟོང་པའོ། །སྟོང་པ་ཉིད་གཟུགས་སོ། །གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན། སྟོང་པ་ཉིད་ལས་ཀྱང་གཟུགས་གཞན་མ་ཡིན་ནོ། །གསུངས། མདོ་གཞན་ལས། རབ་འབྱོར་ཆོས་ཐམས་ཅད་རྨི་ལམ་ལྟ་བུ། མྱ་ངན་ལས་འདས་པའི་ཆོས་ལས་ལྷག་པའི་ཆོས་ཤིག་ཡོད་ན་དེ་ཡང་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུ་ཞེས་ངས་བསྟན་ཏོ། །རབ་འབྱོར་ཆོས་ཐམས་ཅད་ཡང་དག་པར་མ་ཡིན་པ་ཀུན་ཏུ་བཏགས་པ། མེད་བཞིན་དུ་སྣང་བ་རྨི་ལམ་ལྟ་བུ་སྒྱུ་མ་ལྟ་བུའོ། །ཞེས་དང་། ཤཾནྟ་དེ་ཝས། འགྲོ་བ་རྨི་ལམ་ལྟ་བུ་སྟེ། །རྣམ་པར་དཔྱད་ན་ཆུ་ཤིང་འདྲ། །ཞེས་གསུངས་པ་ལྟར། སེམས་དང་གཉིད་ཀྱི་རྒྱུ་རྐྱེན་ལས་རྨི་ལམ་དང་། རྫས་སྔགས་ཀྱི་རྒྱུ་རྐྱེན་རྟེན་འབྲེལ་ལས། སྒྱ་མའི་རྟ་གླང་སོགས་སྣང་བ་ལྟར། སེམས་ཀྱི་ལས་བཟང་ངན་གྱི་རྒྱུ་རྐྱེན་སྣ་ཚོགས་པ་བསྒྲིགས་པ་ལས། ཆོས་ཐམས་ཅད་མེད་བཞིན་དུ་སྣང་བ་རྣམས། སྣང་ལ་རང་བཞིན་གྱིས་མ་གྲུབ་པ་རྨི་ལམ་ལྟ་བུར་བལྟ་ཞིང་། རྨི་ལམ་སྒྱུ་མ་ལྟ་བུར་སྤང་བླང་བྱ་ཞིང་། རྨི་ལམ་སྒྱུ་མ་ལྟ་བུར་ཚོགས་བསགས་སྒྲིབ་སྦྱོང་ལ་འབད
པར་བྱའོ། །དེ་བཞིན་ཏུ་པཎ་ཆེན་རིན་པོ་ཆེས། ཆོས་ཉིད་ལ་བལྟས་པས་ཆོས་ཅན་བཀྲ། །ཆོས་ཅན་ལ་དཔྱད་པས་སྟོང་པར་བྲོས། །སྣང་སྟོང་གཉིས་རེས་འཇོག་མི་བྱེད་པའི། ཟུང་འཇུག་དེ་བླ་མའི་དྲིན་གྱིས་རྙེད། །ཅེས་དང་། རྗེ་བཙུན་སྐལ་ལྡན་རྒྱ་མཚོས། ལར་སྣང་བའི་སྟོང་པ་མི་འགོག་ཅིང་། །ཡུལ་སྟོང་པའི་ངང་ལ་སྣང་བ་བཀྲ། །གང་ཤར་ཀྱང་བདེན་པར་མི་ཞེན་པར། །མཚོ་དྭངས་པར་ཤར་བའི་ཟླ་གཟུགས་ལྟར། །དོན་བདེན་གཉིས་སྣང་སྟོང་རྣལ་འབྱོར་ལ། །དུས་ཉིན་བཞིན་ལྟད་མོ་བལྟ་བ་ལ། །བློ་འགྱུར་བ་མེད་པའི་རྣལ་འབྱོར་བདེ། །ཞེས་གསུངས་པ་ལྟར་བདེན་པ་གཉིས་ཀྱི་དོན་ཁོང་དུ་ཆུད་ནས་ཚོགས་གཉིས་བསགས་པ་ལ་འབད་ན། རིང་པོར་མི་ཐོག་པར་སྐུ་གཉིས་ཀྱི་གོ་འཕང་བདེ་བླག་ཉིད་དུ་ཐོབ་ནས། རང་གཞན་གྱི་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར་རོ། །གཞན་ཡང་ཡིད་ཆེས་ངེས་ཤེས་འདྲོངས་པའི་ཕྱིར་རྒྱབ་སྐྱོར་དུ་ལུང་འདྲེན་པ་ལ། རྩ་བ་ཤེས་རབ་ལས། རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་པ་མ་གཏོགས་པའི། །ཆོས་འགའ་ཡོད་པ་
མ་ཡིན་ནོ། །ཞེས་དང་། མ་དྲོས་པའི་ཞུས་པའི་མདོ་ལས། གང་ཞིག་རྐྱེན་ལས་སྐྱེས་པ་དེ་མ་སྐྱེས། །དེ་ལ་སྐྱེ་བའི་རང་བཞིན་ཡོད་མ་ཡིན། །རྐྱེན་ལ་རག་ལས་གང་དེ་སྟོང་པར་བཤད། །གང་ཞིག་སྟོང་ཉིད་ཤེས་དེ་བག་ཡོད་ཡིན། །ཞེས་དང་། ཏིང་ངེ་འཛིན་གྱི་རྒྱལ་པོ་ལས། སྒྱུ་མ་ཆུ་བུར་སྨིག་རྒྱུ་གློག་འདྲ་ཞིང་། །ཆོས་རྣམས་ཐམས་ཅད་ཆུ་ཡི་ཟླ་བ་བཞིན། །ཤི་ནས་འཇིག་རྟེན་ཕ་རོལ་འགྲོ་བ་ཡི། །སེམས་ཅན་ཤེད་ལས་སྐྱེས་པ་མི་དམིགས་ཀྱང་། །ལས་རྣམས་བྱས་པ་མེད་པར་མི་འགྱུར་རོ། །དཀར་ནག་ཇི་བཞིན་འབྲས་བུ་སྨིན་པར་བྱེད། །རིག་པའི་ཚུལ་གྱི་སྒོ་འདི་བཟང་པོ་སྟེ། །ཕྲ་ཞིང་མཐོང་དཀའ་རྒྱལ་བའི་སྤྱོད་ཡུལ་ཡིན། །ཞེས་དང་། ས་ལུ་ལྗང་པའི་མདོ་ལས། དེ་ལ་ཆོས་གང་ཡང་འཇིག་རྟེན་འདི་ནས་འཇིག་རྟེན་ཕ་རོལ་དུ་མི་འཕོ་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པར་ཡང་ཡོད་དེ། འདི་ལྟ་སྟེ། དཔེར་ན། རབ་ཏུ་ཕྱིས་པའི་མེ་ལོང་གི་དཀྱིལ་འཁོར་ལ། བཞིན་གྱི་གཟུགས་བརྙན་སྣང་བ་ཡང་། མེ་ལོང་གི་དཀྱིལ་འཁོར་དུ་མ་
འཕོས་མོད། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་བཞིན་དུ་མངོན་པར་ཡོད་དོ། །ཞེས་དང་། ཡང་འདི་ལྟ་སྟེ། དཔེར་ན་ཟླ་བའི་དཀྱིལ་འཁོར་ནི་དཔག་ཚད་བཞི་ཁྲི་ཉིས་སྟོང་ནས་འགྲོ་སྟེ། འོན་ཀྱང་སྣོད་ཆུང་ངུ་ཆུས་གང་བར་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་བརྙན་སྣང་བ་ཡང་། ཟླ་བའི་དཀྱིལ་འཁོར་ནི་གནས་དེ་ནས་མ་འཕོས་ཏེ། སྣོད་ཆུང་ངུ་ཆུས་གང་བའི་ནང་དུ་སོང་བ་ཡང་མེད་མོད་ཀྱི། རྒྱུ་དང་རྐྱེན་མ་ཚང་བ་མེད་པའི་ཕྱིར་ཟླ་བའི་དཀྱིལ་འཁོར་དུ་སྣང་བ་ཡང་ཡོད་དེ། དེ་བཞིན་དུ་འདི་ནས་ཀྱང་སུ་ཡང་ཤི་འཕོས་པ་མེད་ལ། གཞན་དུ་མ་སྐྱེས་མོད་ཀྱི། རྒྱུ་དང་རྐྱེན་རྣམས་མ་ཚང་བ་མེད་པའི་ཕྱིར། ལས་ཀྱི་འབྲས་བུ་མངོན་པ་ཡང་ཡོད་ཅེས་གསུངས་པ་ལ་སོགས་པ་རྒྱལ་བའི་གསུང་དྲི་མ་མེད་པ་རྣམས་ལ་བལྟས་ཏེ་དེའི་དོན་བསམ་ནས་ལས་རྒྱུ་འབྲས་མི་བསླུ་བ་ལ་ངེས་པ་སྙིང་ཐག་པ་ནས་དྲངས་ཏེ། སངས་རྒྱས་ཀྱི་གསུང་བཞིན་ལས་རྒྱུ་འབྲས་ཕྲ་ཞིང་ཕྲ་བ་རྣམས་རྒྱང་ཁྱད་དུ་མི་གསོད་པར་བླང་དོར་འབྱེད་པ་ལ་འབད་པར་བྱའོ། །མདོར་ན་སྟོང་ཉིད་རྒྱུ་འབྲས་སུ་འཆར་ཚུལ་ནི། ཆོས་ཐམས་ཅད་རང་བཞིན་གྱིས་མ་
གྲུབ་པའི་སྟོང་པ་ཉིད་ལ་བརྟེན་ནས་རྒྱུ་འབྲས་ཀྱི་ཆོས་ཐམས་ཅད་འབྱུང་བ་གོ་དགོས། ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ངོ་བོ་སྟོང་པ་ཉིད་དུ་ཤེས་པ་དོན་དམ་བདེན་པ། རང་བཞིན་གྱིས་མ་གྲུབ་བཞིན་དུ་རྒྱུ་རྐྱེན་རྟེན་འབྲེལ་སྣ་ཚོགས་ལ་བརྟེན་ནས་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་བཞིན་དུ་སྣང་བར་ཤེས་པ་ཀུན་རྫོབ་བདེན་པ་སྟེ། བདེན་པ་གཉིས་ཀྱི་དོན་ཁོང་དུ་ཆུད་ནས། མཉམ་བཞག་ནམ་མཁའ་ལྟ་བུའི་སྟོང་ཉིད་བསྒོམས་ནས་ཡེ་ཤེས་ཀྱི་ཚོགས་བསགས། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་བརྟེན་ནས་བསོད་ནམས་ཀྱི་ཚོགས་བསགས་ཏེ། ཐབས་ཤེས་ཡ་མ་བྲལ་བའི་ལམ་བཟང་ལ་བརྟེན་ནས་སངས་རྒྱས་ཀྱི་ས་རུ་འགྲོ་བ་ནི་སྐལ་བཟང་སྐྱེ་བོ་ཕོ་མོ་རྣམས་ཀྱི་ཆོས་ལུགས་སོ། །སྨྲས་པ། ཨེ་མ་དད་ཅན་སྐྱེ་བོ་ཕོ་མོ་རྣམས། །བདེན་གཉིས་ཆོས་ཀྱི་གླུ་དབྱངས་ལེན་བཞིན་དུ། །ཐབས་ཤེས་གཉིས་ཀྱི་གོམས་སྟབས་རབ་བསྒྱུར་ནས། །རྣམ་མཁྱེན་སངས་རྒྱས་ས་རུ་ད་སོང་ཞིག །ཅེས་ཟབ་མོ་དབུ་མའི་ལྟ་བ་ངོ་མཚར་རྨད་བྱུང་ཞེས་བྱ་བ་འདི་ནི་ཟབ་མོ་རྟེན་འབྱུང་གི་དོན་ལ་མོས་པའི་རྣལ་འབྱོར་ཞབས་དཀར་བས་ཉམས་དགའ་རིག་པ་དྭངས་པའི་དབེན་གནས་བཀྲ་ཤིས་འཁྱིལ་བ་ནས་སྦར་བའོ། །དགེའོ། །ཨདྒལཾ། །
རྒྱལ་བ་བློ་བཟང་དགྱེས་པའི་གླུ་དབྱངས།
༄༅། །རྒྱལ་བ་བློ་བཟང་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་བཞུགས་སོ། །
ཕུལ་བྱུང་ཚོགས་གཉིས་ཟླ་བའི་མ་མ་ལས། །ལེགས་འཁྲུངས་མཚན་དཔེའི་ཡལ་འདབ་རྒྱས་པའི་རྩེར། །རྣམ་པ་ཐམས་ཅད་མཁྱེན་པའི་འབྲས་སྨིན་པ། །ཐུབ་དབང་ཡོངས་འདུ་དབང་པོས་དགེ་ལེགས་སྩོལ། །སྒྲིབ་མེད་བློ་གྲོས་རབ་གསལ་ཉི་དཀྱིལ་ལས། །དྲི་མེད་ལེགས་བཤད་འོད་བཟང་རབ་སྤྲོས་པས། །སྔོན་མེད་ཉི་མ་ཤར་ཞེས་གྲགས་པ་འབར། །ཟླ་མེད་ཙོང་ཁ་པ་དེ་གཙུག་ཏུ་བཞུགས། །ཡོན་ཏན་འབྱུང་གནས་ཐུབ་བསྟན་དབུས་ཀྱི་རི། །མ་རྟོགས་ལོག་རྟོག་ཐེ་ཚོམ་
དམན་པའི་མཚོར། །བྱིང་ཚེ་འཆད་རྩོད་རྩོམ་པའི་རུས་སྦལ་གྱིས། །འདེགས་མཁས་བློ་བཟང་གྲགས་པ་ལས་གཞན་གང་། །མཁས་གྲུབ་ཀླུ་དབང་བྱེ་བ་ཕྲག་བརྒྱའི་རྒྱན། །ཟབ་རྒྱས་ལེགས་བཤད་ནོར་བུ་ཀུན་བསྡུས་ནས། །ལམ་རིམ་ཆེ་ཆུང་རིན་ཆེན་ཁང་པར་སྤུངས། །འཛད་མེད་འཇོག་པ་བོད་ལ་བཞག་འདི་རྨད། །རྨད་བྱུང་གསུང་རབ་ཡིད་བཞིན་ནོར་བུ་མཆོག །ཐོས་བསམ་སྒོམ་པའི་རྒྱལ་མཚན་རྩེར་བཀོད་ནས། །གཏན་འདུན་འདོད་པའི་རེ་སྐོང་དགེ་ལུགས་པས། །འཛིན་མའི་
ཁྱོན་འདི་ཡོངས་སུ་ཁྱབ་འདི་མཚར། །རྒྱལ་བའི་ལུང་རྟོགས་བསྟན་པའི་རྒྱལ་མཚན་དེ། །སྲིད་པའི་རྩེ་མོའི་བར་བསྒྲེངས་དེ་འཛིན་གྱི། །སྐྱེས་བུས་ས་སྟེང་ཁྱབ་པར་བྱས་པའི་མཐུས། །རྒྱལ་བ་གཉིས་པ་བློ་བཟང་གྲགས་པ་ཞེས། །ལྷ་མི་ཡོངས་ཀྱིས་གསོལ་འདེབས་རྒྱང་གླུ་བླངས། །བསྟན་འཛིན་བྱེ་བས་བསྟོད་བསྔགས་རོལ་མོ་དཀྲོལ། །སྙན་གྲགས་དབྱར་གྱི་རྔ་གསང་སྟོང་ལྡིར་བས། །འགྲོ་ཀུན་གཏམ་གཞན་གླེང་བའི་གོ་སྐབས་འཕྲོགས། །གངས་ཅན་མཁས་པའི་གཙུག་རྒྱན་དེ་ཉིད་ལས། །ལེགས་འོང་བྱང་ཆུབ་ལམ་གྱི་རིམ་པ་ཡིས། །སྐྱེ་འགྲོ་ཡོངས་ཀྱི་རེ་བ་སྐོང་བས་ན། །གདམས་པ་འཛད་མེད་འདོད་འབྱུང་ནོར་བུའི་མཛོད། །དེའི་ཕྱིར་གསུང་རབ་དགོངས་འགྲེལ་གནད་འདུས་པའི། །སྐྱེས་བུ་གསུམ་གྱི་ལམ་གྱི་རིམ་པ་རྣམས། །རང་གི་རྒྱུད་ལ་ཕན་པར་བྱ་བའི་ཕྱིར། །སོར་མོ་འགྲམ་པར་སྦྱར་ནས་གླུ་རུ་ལེན། །ཡང་དག་བླ་མའི་ཞལ་གྱི་བུམ་བཟང་ལས། །རྣམ་དག་དམ་ཆོས་བདུད་རྩི་ལེན་པའི་ཚེ། །མ་དག་སྣོད་སྐྱོན་གསུམ་སྤངས་འདུ་ཤེས་དྲུག །དེ་དག་ལེགས་པར་བརྟེན་ནས་གསན་པར་འཚལ། །ཆེ་བ་
བཞི་ལྡན་གདམས་པ་ཀུན་གྱི་མཆོག །མཆོག་དམན་འགྲོ་ལ་རིས་མེད་ཕན་པའི་སྨན། །སྨན་མཆོག་ཨ་རུ་ལས་ལྷག་རྙེད་དཀའི་ལམ། །ལམ་རིམ་ཐོས་པའི་ཕན་ཡོན་བརྗོད་མི་ལངས། །མདོ་དང་རྒྱུད་ནས་ཐུབ་དབང་རྡོ་རྗེ་འཆང་། །སྙིགས་མའི་དུས་སུ་དགེ་བའི་བཤེས་གཉེན་གྱི། །སྐུ་རུ་སྤྲུལ་ནས་འགྲོ་བའི་དོན་མཛད་གསུངས། །དེ་ཕྱིར་མཚན་ལྡན་བླ་མ་སངས་རྒྱས་དངོས། །འཁོར་བ་ངན་སོང་སྡུག་བསྔལ་ལས་ཐར་ནས། །མངོན་མཐོ་ངེས་ལེགས་ཐར་པ་ཐམས་ཅད་མཁྱེན། །གོ་འཕང་འཐོབ་ཐབས་གདམས་པ་གནང་བས་ན། །རང་ལ་སངས་རྒྱས་ལས་ཀྱང་བཀའ་དྲིན་ཆེ། །ཚེ་འདིར་བཀྲེས་སྐོམ་གདུངས་པས་ཉམ་ཐག་པར། །ཟས་གོས་འབྱོར་པས་ཕན་པ་སྒྲུབ་པ་དང་། །འགལ་ཟླའི་དགྲ་ཡིས་གཙེས་ལས་སྐྱོབ་བྱེད་དཔོན། །དྲིན་ཅན་ཡིན་པར་སེམས་ཤིང་སྨྲ་བྱེད་ན། །མཐའ་མེད་འཁོར་བའི་རྒྱ་མཚོ་ཆེ་ལས་བསྒྲལ། །སྡུག་བསྔལ་ཆུ་སྲིན་འཇིགས་པ་ཀུན་ལས་བསྐྱབས། །གཏན་བདེ་ནོར་བུའི་གླིང་དུ་འཁྲིད་མཁས་པའི། །ཡོངས་འཛིན་དེད་དཔོན་བཀའ་དྲིན་འཇལ་བར་དཀའ། །ཞི་བདེའི
གོ་འཕང་ཙམ་ཡང་རྙེད་དཀའ་ན། །སྐྱོན་བྲལ་ཡོན་ཏན་ཀུན་རྫོགས་སངས་རྒྱས་ཞེས། །གྲངས་མེད་བསྐལ་པར་ཐོབ་དཀའི་སྒྲ་བོ་ཆེར། །འགོད་མཛད་བླ་མ་མ་གཏོགས་སུ་ཞིག་ཡོད། །རང་སེམས་ལོག་པར་འཁྲུལ་པའི་ཤེས་ངོ་ལ། །རང་སྐྱོན་བླ་མའི་མཛད་པར་ཤར་བ་ཀུན། །རང་སྙིང་གཏིང་ནས་རུལ་བར་ངེས་པ་ཡི། །རང་མཚང་ཡིན་པར་གོ་ནས་དུག་བཞིན་སྤོངས། །ཅི་ཙམ་བསྟེན་ཀྱང་ཅི་མཛད་ལེགས་པར་ལྟོས། །ཅི་ཡོད་ཕུལ་ལ་ཅི་ནུས་བསྙེན་བཀུར་གྱིས། །ཅི་གསུང་བཀའ་རྣམས་ཅི་བཞིན་རྟག་ཏུ་སྒྲུབས། །ཅི་མཉེས་བྱས་ན་ཅི་འདོད་དངོས་གྲུབ་འབྱུང་། །རྙེད་པར་དཀའ་བའི་དལ་འབྱོར་རྟེན་བཟང་འདི། །རྙེད་པ་དོན་ཆེ་ཡིད་བཞིན་ནོར་ལས་ལྷག །རྙེད་པའི་དུས་འདིར་ཆོས་ཀྱི་སྙིང་པོ་ལོངས། །རྙེད་དང་བཀུར་སྟིའི་རོ་ལ་སེམས་མ་ཆགས། །ཚེ་རབས་མང་པོར་སྲིད་པའི་ཕུན་ཚོགས་ལ། །སྤྱད་ཀྱང་མ་ངོམས་ཉམ་ཐག་སྡུག་བསྔལ་བར། །མཐོང་བཞིན་ད་དུང་ཟས་ནོར་ལོངས་སྤྱོད་སོགས། །ཆེས་དཀོན་སྙིང་པོར་འཛིན་ན་བླུན་པོ་ནོར། །ད་རེས་ཕན་བདེའི་ལེགས་ཚོགས་སྒྲུབ་པའི་གཞི། །དལ་འབྱོར་གྲུ་
གཟིངས་ལན་གཅིག་རྙེད་པ་འདིས། །ངེས་ལེགས་རིན་ཆེན་གླིང་དུ་མ་ཕྱིན་པར། །འཁོར་བར་སྟོང་ལོག་བྱས་ན་སྙིང་རྩ་རུལ། །ལས་ཉོན་དབང་གིས་འཕངས་པའི་སྐྱེ་སྲིད་འདི། །གྲུབ་ཙམ་ཉིད་ནས་ཅུང་ཟད་མི་སྡོད་པར། །འཆི་བདག་དྲུང་དུ་འགྲོ་བ་ཤེས་བཞིན་དུ། །གཏན་དུ་སྡོད་གྲབས་བྱེད་པའི་ངང་རིང་པོ། །ལོ་ཟླ་ཚེས་ཀྱིས་མ་ངེས་དུས་མིན་དུ། །རྒན་གཞོན་གོ་རིམ་མེད་པར་འཆི་བ་དག །མཐོང་བཞིན་ནམ་འཆིའི་ཆ་ལ་དུས་འདེབས་པའི། །ཆུ་བུར་མིག་ལྡན་ཁྱོད་ཉིད་ཅ་རེ་ལོང་། །ནམ་ཡང་མི་འབྲལ་དཀར་པོ་དགེ་བའི་གྲོགས། །སྤངས་ནས་ཁྲེལ་ཆུང་མཛའ་བཤེས་འཁོར་གཡོག་ནོར། །རྟག་ཏུ་ཕན་པར་སེམས་ཁྱོད་བར་དོ་ཡི། །བགྲོད་དཀའི་འཕྲང་དེར་གཅིག་པུར་ཕྱིན་གྱིས་དོགས། །འཇིག་རྟེན་འདི་རུ་མི་དགེའི་ལས་བྱས་ན། །འཇིགས་འཇིགས་གཤིན་རྗེའི་ཕོ་ཉ་མང་པོ་ཡིས། །འཇིགས་རུང་ཆོས་རྒྱལ་དྲུང་དུ་འཁྲིད་པའི་དུས། །འཇིགས་སྐྲག་སྡུག་བསྔལ་བཟོད་གླགས་མེད་པ་མྱོང་། །ཚ་དམྱལ་ལྕགས་བསྲེག་ས་གཞིར་ལྕགས་ཁང་ནང་། །གཅད་གཏུབས་བཙིར་བའི་ཁྲག་
གི་ཆུ་ཀླུང་འབབ། །དབང་པོའི་སྒོ་ནས་ལྷབ་ལྷབ་མེ་འབར་བའི། །ཚུལ་འདིར་མི་འཇིགས་སྙིང་ལ་གདོན་གྱིས་བརླམས། །གྲང་དམྱལ་གངས་རིའི་སྦུབས་ཀྱི་འཐོར་རླུང་ཁྲོད། །གྲང་རེག་རྣོན་པོའི་མཚོན་གྱིས་ཉམ་ཆུང་ལུས། །བརྒྱ་སྟོང་མང་བར་གས་ཀྱང་མི་འཆི་བའི། །སྡུག་བསྔལ་དེ་ཀུན་བཟོད་དམ་བསམ་བློ་ཐོང་། །དུད་འགྲོ་རྣམས་ཀྱིས་ཕན་ཚུན་གསོད་ཅིང་ཟ། །མི་ཡིས་དབང་མེད་ཤ་དང་པགས་པའི་ཆེད། །གསོད་ཅིང་ཟ་བའི་སྡུག་བསྔལ་མཐའ་མེད་ལ། །སྙིང་རྩ་མི་འདར་བེམ་པོ་ཡིན་ནམ་ཅི། །ཡི་དྭགས་ཁ་ཆུང་ལྟོ་ཆེ་ཡན་ལག་ཕྲ། །མི་ལོ་ཁྲི་ལྔ་སྟོང་ཡང་ཟས་སྐོམ་གཉིས། །ཅུང་ཟད་ཙམ་ཡང་མི་རྙེད་སྡུག་བསྔལ་མྱོང་། །དེ་འདྲ་ཞིག་ཏུ་སྐྱེས་ན་ཅི་ཞིག་བྱ། །བཟོད་དཀའ་ངན་འགྲོར་སྐྱེ་བའི་རྒྱུ་སྒྲུབ་བཞིན། །དེ་ལས་སྐྱོབ་པའི་སྐྱབས་ཤིག་མི་འཚོལ་བར། །གསོད་སར་འཁྲིད་པའི་ལུག་ལྟར་སོས་དལ་བྱས། །བདེ་བར་འདུག་པ་ཁྱོད་ལས་བླུན་པ་སུ། །གློག་ལྟར་མི་བརྟན་ཚེ་འདིའི་བདེ་ཐབས་སུ། །ཁ་དྲག་དཔོན་འཚོལ་གུས་པ་ལྷུར་ལེན་པ། །འདུན་མའི་ཡང་རྩེར་སོན་པའི་དགའ་བ་དང་། །དེ་ལ་ཡིད་
སྨོན་བྱེད་ན་ཕྱི་མ་རུ། །བཟོད་དཀའ་ངན་སོང་གསུམ་གྱི་འཇིགས་པ་ལས། །བསྐྱབས་ནས་གཏན་བདེའི་གོ་འཕང་རིན་ཆེན་ལ། །འགོད་མཛད་བསླུ་མེད་དཀོན་མཆོག་རིན་པོ་ཆེ། །རྣམ་གསུམ་གཏན་གྱི་སྐྱབས་སུ་ཅིས་མི་བསྟེན། །སྔོན་ཆད་མི་དགེའི་མཐུ་ཡིས་ངན་སོང་གི །མི་བཟོད་སྡུག་བསྔལ་མྱོང་བ་དེས་ཆོག་མོད། །ད་ནི་བློ་རྩེ་དཀོན་མཆོག་གསུམ་ལ་གཏོད། །ནམ་ཡང་བསླུ་བ་མེད་དོ་ཤེས་ལྡན་ཀྱི། །མི་ཤེས་བླུན་པོ་ཚེ་འདིའི་དོན་གྱི་ཆེད། །མི་དགེའི་ལས་ལ་འཇུག་པ་བདེན་མོད་ཀྱང་། །ཁོ་བོ་གསུང་རབ་མང་པོ་ཐོས་བཞིན་དུ། །གཏན་འདུན་རླུང་ལ་བསྐུར་བ་ངོ་རེ་གནོང་། །ཀྭ་ཡེ་དཔྱིད་དུས་ས་བོན་གང་བཏབ་པ། །སྟོན་ཀ་འབྲས་བུ་སོ་སོར་སྨིན་པ་བཞིན། །དཀར་ནག་རྒྱུ་ལས་བདེ་སྡུག་འབྲས་འབྱིན་པའི། །ཚུལ་འདི་བསམས་ནས་བླང་དོར་བྱེད་པ་གཅེས། །མི་དགེ་བཅུ་པོ་བྱས་ན་ངན་འགྲོར་སྐྱེས། །མི་བཟོད་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། །མི་རུང་སྙམ་ནས་སྤངས་ན་དགེ་བཅུ་སྟེ། །མིའམ་ལྷ་ཡུལ་སྐྱེས་ནས་བདེ་སྐྱིད་མྱོང་། །ཁྱད་པར་ལམ་མཆོག་སྒྲུབ་ལ་ཉེར་མཁོ་བའི། །རྣམ་
སྨིན་བརྒྱད་ལྡན་རྟེན་བཟང་འཐོབ་པའི་ཐབས། །སྲོག་སྐྱོབ་མར་མེ་གཞན་ལ་བྲན་བཞིན་གུས། །སྦྱིན་སོགས་མ་ཚང་མེད་པའི་རྒྱུ་ལ་སློབས། །འགྱོད་སྡོམ་སེམས་ཀྱིས་དཀོན་མཆོག་ཞབས་དྲུང་དུ། །སྡིག་ཚོགས་བཤགས་ནས་གཉེན་པོ་སྟོབས་བཞི་ལ། །ཡུན་རིང་གོམས་ཤིང་འདྲིས་པས་ངན་སོང་གི །གནས་སུ་ལྷུང་བའི་རྒྱུ་ངན་རྩད་ནས་འབྱིན།། ༈ །།ཇི་ལྟ་ཇི་སྙེད་ཀུན་མཁྱེན་འཇམ་པའི་དབྱངས། །འགྲོ་ལ་བུ་ལྟར་བརྩེ་བའི་སྤྱན་རས་གཟིགས། །མཐུ་སྟོབས་ནུས་པ་ཕུན་ཚོགས་གསང་བའི་བདག །རིགས་གསུམ་མགོན་པོའི་རྣམ་འཕྲུལ་ཙོང་ཁ་པ། །ཁྱེད་གསུང་དང་པོའི་སྐྱེས་བུས་བློ་སྦྱོང་བའི། །ཐུན་མོང་ལམ་གྱི་རིམ་པའི་གནད་འགག་རྣམས། །ཚིག་ཉུང་དོན་རྒྱས་གོ་སླ་འཁྱེར་བདེ་བར། །སྙན་པའི་ངག་གིས་གླུ་རུ་བླངས་ཟིན་ནས། །འཁོར་བ་སྡུག་བསྔལ་རྒྱ་མཚོ་ཆེན་པོ་ལ། །བསླབ་གསུམ་རྣམ་པར་དག་པའི་གྲུ་བཏང་ནས། །སྡུག་བསྔལ་གསུམ་གྱི་ས་རྡོའི་མིང་མེད་པའི། །ཐར་པའི་གསེར་གླིང་བགྲོད་ཚུལ་གླུ་རུ་ལེན། །ངན་སོང་སྡུག་བསྔལ་མེ་འོབས་ཆེན་པོ་ལས། །མཐོ་རིས་བཙོན་ཁང་ནང་དུ་གནས་སྤོས་
ཀྱང་། །སྐྱེ་རྒ་ན་འཆི་འཐབ་རྩོད་འཕོ་ལྟུང་སོགས། །སྡུག་བསྔལ་ཁྲིམས་ཀྱིས་མནར་བས་བདེ་བ་མེད། །འཁོར་བ་འདི་ལས་ངེས་པར་མ་ཐར་ཕྱིན། །འཁོར་བའི་གནས་འདིའི་མཐོ་དམན་གར་སྐྱེས་ཀྱང་། །ཁོར་ཡུག་སྡུག་བསྔལ་ཟད་མེད་མྱོང་དགོས་པས། །འཁོར་བ་སྡུག་བསྔལ་རྒྱ་མཚོར་རྒྱལ་བས་གསུངས། །མི་རུ་སྐྱེས་ཀྱང་མའི་མངལ་མི་གཙང་ཁྲོད། །དོག་ཅིང་གཟུགས་སྣང་མི་མཐོང་མུན་ཁུང་དུ། །ཟླ་བཅུའི་བར་ཉལ་ཚ་གྲང་སྡུག་བསྔལ་མྱོང་། །བཟོད་དཀའི་སྡུག་བསྔལ་དྲག་པོས་གཟིར་བཞིན་བཙས། །ན་སོ་རྒས་ཚེ་སྒྱུ་ལུས་གནས་འགྱུར་ནས། །མིག་སྨན་མདོག་འདྲའི་སྐྲ་དེ་གངས་ལས་དཀར། །ངོ་མདངས་འོད་བཀྲག་ཅན་དེ་མུན་ལྟར་ནག །སྒྱུ་ལུས་མདའ་ལྟར་དྲང་པ་གཞུ་ལྟར་གུག །མགོ་དང་རོ་སྟོད་ལྷུ་ཚིག་ཁོལ་ཞིང་ན། །ཞག་རེ་སོང་གིན་ན་ཟུག་ཇེ་ཆེར་འགྱུར། །གཟུགས་ཕུང་བཞག་ནས་རྣམ་ཤེས་གཅིག་པུར་འཐོན། །བར་དོའི་འཕྲང་རིང་བརྒལ་ནས་འཁོར་བར་འཁྱམས། །ལྷ་མ་ཡིན་དུ་སྐྱེས་ན་ཕྲག་དོག་གི །དབང་གིས་ལྷ་དང་འཐབ་ཚེ་ཡན་ལག་བཅད། །
དོན་སྙིང་དམར་འབྱིན་ལུས་པོ་གཏུབ་པ་སོགས། །འཇིགས་སྐྲག་སྡུག་བསྔལ་དཔག་ཏུ་མེད་པ་མྱོང་། །ལྷ་རུ་སྐྱེས་ན་ལྷ་མ་ཡིན་དང་འཐབ། །འཆི་ལྟས་འཕོག་ཚེ་ལྷ་ཡི་དཔལ་འབྱོར་དང་། །བྲལ་བས་ངན་སོང་སྡུག་བསྔལ་མྱོང་དགོས་པ། །ཤེས་ནས་དམྱལ་བར་ལྷུང་འདྲའི་སེམས་སྡུག་ཆེ། །བྱ་རྒོད་ནམ་མཁའི་དབྱིངས་སུ་འཕུར་འཕུར་ནས། །ནམ་ཞིག་ས་ལ་འབབ་པ་ཇི་བཞིན་དུ། །སྲིད་རྩེར་ཕྱིན་ཀྱང་ནམ་ཞིག་ཁམས་གསུམ་འདིར། །སླར་ཡང་མགལ་མེའི་འཁོར་ལོ་ལྟ་བུར་འཁོར། །ལྷ་དང་མི་ཡི་དབང་ཕྱུག་ཆེ་བ་རྣམས། །སླར་ཡང་འཁོར་བའི་བྲན་དང་ཡང་བྲན་འགྱུར། །ཉི་ཟླ་མུན་པའི་གླིང་དུ་སྐྱེ་བས་ན། །འཁོར་བ་འདི་ལ་ཕྱི་ཕྱག་འཚལ་རེ་རན། །ཐོག་མ་མེད་པའི་དུས་ནས་རང་སེམས་དང་། །སྐད་ཅིག་ཙམ་ཡང་མི་འབྲལ་འགྲོགས་པ་ཡི། །མ་རིག་ཉོན་མོངས་དགྲ་འདིས་དབང་མེད་དུ། །ཕ་མཐའ་མི་མངོན་འཁོར་བའི་རྒྱ་མཚོར་བསྐྱུར། །མི་འདོད་ལས་ཀྱི་རླུང་གིས་རབ་བསྐྱོད་ནས། །བཟོད་མེད་སྡུག་བསྔལ་གསུམ་གྱི་རྦ་ཀློང་དུ། །གཏན་དུ་མགལ་མེའི་འཁོར་ལོ་ལྟར་འཁོར་བ། །བསམས་ན་ཉོན་མོངས་
དགྲ་ལ་སྙིང་རེ་ན། །ཚེ་འདིར་འགའ་ཟླའི་དགྲ་ཞིག་བསད་པ་ལ། །རང་ཉིད་གོ་ཆོད་དཔའ་བོར་རློམ་བྱེད་ན། །ཚེ་རབས་གཏན་གྱི་མ་རིག་ཉོན་མོངས་དགྲ། །འདི་ཉིད་ཐུལ་ན་དཔའ་བོ་ཁྲོམ་གཤོག་ཡིན། །དལ་འབྱོར་ཚང་བའི་མི་ལུས་རིན་ཆེན་ཐོབ། །བསླབ་པ་གསུམ་གྱི་གནད་འགག་ཤེས་དུས་འདིར། །ཉོན་མོངས་དམག་གི་དཔུང་ཚོགས་མ་བཅོམ་ན། །སླར་ཡང་སྐྱེ་འཆིའི་ཐང་ལ་འོ་བརྒྱལ་དོགས། །མ་རིག་པ་ཡི་དབང་གིས་འདུ་བྱེད་ཀྱི། །བཟང་ངན་ལས་ཀྱི་བག་ཆགས་གང་ཡིན་ཡང་། །ཚེ་རབས་སྔ་མའི་རྣམ་པར་ཤེས་པ་བསྒོས། །སྲེད་དང་ལེན་པ་གཉིས་ཀྱིས་གསོས་བཏབ་པས། །ཚེ་རབས་ཕྱི་མའི་ཡང་སྲིད་མཐུ་ཅན་འགྲུབ། །མིང་གཟུགས་གྲུབ་པའི་ཕུང་པོ་དེ་ཉིད་ལ། །མིག་སོགས་སྐྱེ་མཆེད་རྣམ་པར་བཀྲ་བ་དེས། །འདོད་པའི་ཡུལ་ལ་སྤྱོད་པའི་རེག་ཚོར་ཅན། །སྐྱེ་དང་རྒ་ཤིའི་སླར་ཡང་འཁོར་བར་འཁོར། །སྲིད་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་འདི། །སྔོན་ཆད་ལུགས་འབྱུང་གྲངས་མེད་ཉམས་སུ་མྱོང་། །ད་ནི་ལུགས་ལྡོག་བྱས་ན་མི་ལེགས་སམ། །ཚུལ་
ཁྲིམས་བསླབ་པས་ཉོན་མོངས་སུན་འབྱིན་ནུས། །ཏིང་འཛིན་བསླབ་པས་ཉོན་མོངས་མགོ་ནོན་ཅིང་། །ཤེས་རབ་བསླབ་པས་ཉོན་མོངས་རྩད་ནས་གཅོད། །དེའི་ཕྱིར་བསླབ་པ་གསུམ་ལ་ནན་ཏན་འཚལ། །རང་སེམས་འཆི་མེད་བྱ་རྒྱལ་ཁྱུང་ཕྲུག་ལ། །བསླབ་གསུམ་གཤོག་ཟུང་རྔ་སྒྲོ་ཆེར་རྒྱས་ཚེ། །འཁོར་བའི་གཡང་ལ་ནམ་ཡང་མི་ལྟུང་བར། །བདེ་ཆེན་ཐར་པའི་ནམ་མཁར་འཕུར་བར་ངེས།། ༈ །།ཕྲ་ཞིང་རྣམ་པར་དཔྱད་པའི་རལ་གྲི་ཡིས། །མ་རྟོགས་ལོག་རྟོག་ཐེ་ཚོམ་དྲྭ་བ་ཀུན། །གཅོད་མཛད་འཇམ་པའི་དབྱངས་དངོས་ཙོང་ཁ་པ། །ཁམས་གསུམ་འགྲོ་བའི་བླ་མའི་ཞལ་ལུང་ལས། །སྡུག་ཀུན་ཉེས་དམིགས་ཚུལ་ལ་ངེས་འབྱུང་གི །རིན་ཆེན་ཡུ་བས་བཏེག་པའི་བསླབ་གསུམ་གདུགས། །མྱང་འདས་ནོར་བུའི་ཏོག་གིས་ལེགས་མཚན་པ། །རྣར་སྙན་གླུ་དབྱངས་ཕྱག་གིས་བསྒྲེངས་ཟིན་ནས། །བྱམས་དང་སྙིང་རྗེའི་བྱང་སེམས་མ་དྲོས་ལས། །རླབས་ཆེན་སྤྱོད་པའི་ཆུ་གཏེར་རྣམ་པ་བཞི། །ནམ་ཡང་འཆད་པ་མེད་པར་འབབ་པའི་རྒྱུན། །ཀུན་མཁྱེན་རྒྱ་མཚོར་འཇུག་ཚུལ་གླུ་རུ་ལེན། །འཁོར་བའི་ལམ་སྲང་
གཞི་མདོར་རྟག་ཏུ་ཉལ། །བླང་དོར་བལྟ་བའི་ཤེས་རབ་མིག་གཉིས་ལོང་། །ཟག་བཅས་ཟག་མེད་བདེ་བའི་ཟས་གོས་མེད། །ཉམ་ཐག་ཕ་མར་གྱུར་པའི་དྲིན་ཅན་འགྲོ། །སྡུག་བསྔལ་ཆོ་ངེས་འདེབས་ཀྱང་སྙིང་མི་རྗེ། །བསྐྱུར་ནས་བསླབ་གསུམ་ཐེམ་སྐས་ལ་འཛེགས་ཏེ། །རང་ཉིད་ཞི་བདེའི་ཁང་པར་ཞུགས་སོང་ན། །དེ་བས་ཁྲེལ་གཞུང་ཆུང་བ་གཞན་ན་སུ། །མར་ཤེས་དྲིན་དྲན་དྲིན་གཟོ་བྱམས་སྙིང་རྗེ། །ལྷག་བསམ་བྱང་ཆུབ་སེམས་ཀྱི་གྲུར་ཞུགས་ཏེ། །ཉམ་ཐག་འགྲོ་བའི་དབུལ་ཕོངས་སེལ་སླད་དུ། །ཀུན་མཁྱེན་ནོར་བུའི་གླིང་དེར་ཐོགས་མེད་བགྲོད། །བདག་གཞན་གཉིས་ཀ་ལྷན་ཅིག་འཚེང་བའི་ཐབས། །བདེ་སྡུག་བརྗེ་བའི་བྱང་སེམས་གསེར་འགྱུར་རྩིས། །གནོད་བྱེད་དགྲ་གདོན་ལྕགས་གོང་མ་ལུས་པ། །གཉེན་བཤེས་མཛའ་གྲོགས་རིན་ཆེན་གསེར་དུ་བསྒྱུར། །ཕན་སེམས་སེམས་སྐྱེད་ཞི་བ་ལྷའི་ལུགས་ལྟར། །སྨོན་འཇུག་འཇུག་པ་བདེ་ཕྱིར་དུས་གཅིག་བསྐྱེད། །དུས་ཀུན་ཀུན་ལ་གནོད་པ་མི་བྱ་བར། །ཅི་ཕན་ཕན་འདོགས་བྱང་སེམས་བསླབ་བྱ་ལགས། །གཏོང་སེམས་
དྲག་པོས་ལུས་དང་ལོངས་སྤྱོད་རྣམས། །དྲིན་ལན་འཁོར་ཐབས་མེད་པའི་འགྲོ་བ་ལ། །འཕངས་མེད་སྦྱིན་པའི་གཏན་དུ་བདེ་བའི་ནོར། །ནམ་ཡང་ཟད་པ་མེད་པའི་གཏེར་ཁ་རྡོལ། །མི་བཟད་དབུལ་ཞིང་ཕོངས་པའི་སྡུག་བསྔལ་དེ། །རང་ཉིད་གཅིག་པུའི་ཐོག་ཏུ་བབ་པ་མིན། །མར་གྱུར་འགྲོ་བ་ཀུན་ཀྱང་དེ་འདྲ་བ། །ཡིན་ཚུལ་བསམས་ན་བློ་ཡིས་བཟོད་ཐབས་མེད། །སྔོན་ཆད་དཀར་མིན་ལས་ངན་བསགས་པའི་མཐུས། །ད་ལྟའི་དུས་ཀྱི་སྣང་ཚུལ་འདི་ལྟར་ན། །ད་ནི་སྦྱིན་པའི་ཕར་ཕྱིན་རྫོགས་བྱས་ནས། །ཕ་མཐའ་མི་མངོན་སེམས་ཅན་སྒྲོལ་བར་སྨོན། །ཚུལ་ཁྲིམས་རྣམ་དག་ཞིང་ས་གཤིན་པོ་ལ། །ཕན་དང་བདེ་བའི་ལོ་ཏོག་ཅི་ཡང་འཁྲུངས། །ཁམས་གསུམ་འགྲོ་བའི་དབུལ་ཕོངས་སྡུག་བསྔལ་སེལ། །དྲན་ཤེས་བརྟེན་ནས་རྒྱུན་དུ་བསྲུང་བ་གཅེས། །གྲངས་མེད་བསྐལ་པར་བསགས་པའི་སྦྱིན་པ་ཡི། །ཕུང་པོ་གཅིག་ཏུ་དཀར་བས་ལོངས་སྤྱོད་ཀྱང་། །ལྷ་མིའི་རྟེན་ལ་ཉམས་སུ་མྱོང་མི་མྱོང་། །བྱེད་པོ་ཚུལ་ཁྲིམས་ཁོ་ནར་རག་ལས་ན། །བདེ་ནས་བདེ་བར་བགྲོད་པའི་ཚུལ་ཁྲིམས་ཀྱི། །ཤིང་རྟ་བག་མེད་ཉེས་ལྟུང་
འདམ་ནང་དུ། །བྱིང་བ་ཕྱིར་བཅོས་འཕྲུལ་གྱིས་མི་འདོན་པར། །སོས་དལ་བདེ་བར་འདུག་ཁྱོད་གདོན་གྱིས་བརླམས། །སྐྱེ་བར་བསགས་པའི་དགེ་ཚོགས་ནགས་ཀྱི་ཀླུང་། །ཁོང་ཁྲོའི་མེ་དཔུང་གཅིག་གིས་རབ་བསྲེགས་ནས། །མི་དགེའི་སྡོང་དུམ་སྲིད་པའི་རྩེར་སྤུངས་པའི། །མི་བཟོད་དགྲ་འདི་སྡུག་བསྔལ་ཀུན་གྱི་གཞི། །དབང་མེད་ལས་ཉོན་རི་གཟར་རྩེ་མོ་ནས། །དཀར་མིན་འབྲས་བུ་ཐུར་དུ་རྒྱུག་པའི་རྦབ། །འཁོར་བའི་གཅོང་རོང་ཁྲོད་དུ་གནས་པ་རྣམས། །བཅོམ་པའི་གཤིས་ལུགས་འདི་ལ་སུ་ཞིག་གཞུང་། །ཀུན་འབྱུང་དཔུང་ཚོགས་བཤམས་པའི་གཡུལ་ངོ་ན། །བཟོད་པའི་གོ་ཆ་བཙན་པོ་ལེགས་བགོས་ཚེ། །བརྡེག་བརྡུང་ཚིག་རྩུབ་མཚོན་གྱིས་འབིགས་མིན་པའི། །མྱང་འདས་གནས་སུ་བགྲོད་པར་བྱེད་འདི་མཚར། །གཏི་མུག་གཉིད་དང་རྨུག་སོགས་བདེ་བའི་རོ། །དོན་མེད་རྣམ་པར་གཡེང་བའི་ཚྭ་ཆུ་ལ། །ཐོག་མེད་དུས་ནས་ད་ལ་ཐུག་གི་བར། །ཅི་ཙམ་འཐུངས་ཀྱང་ངོམས་པའི་དུས་མ་བྱུང་། །ཞེ་སྡང་དབང་གིས་སྟོབས་ལྡན་དགྲ་བོ་ལ། །མི་ནུས་བཞིན་དུ་གཟེངས
བསྟོད་མཐོ་འཚམས་ན། །ངེས་པར་བསྒྲུབ་ནུས་སངས་རྒྱས་གོ་འཕང་ལ། །ཞུམ་པར་བྱེད་པའི་བློ་ངན་འདི་ཀ་ནོར། །གཏན་བདེའི་ལྷ་ཆོས་སྒྲུབ་མཁན་སེམས་ཀྱི་རྟ། །ལེ་ལོ་གཡེང་བའི་སྒྲོག་གིས་མི་བཅིངས་པར། །ལྷོད་མེད་བརྩོན་འགྲུས་ལྕག་གིས་ཡང་ཡང་དུ། །བྲབས་ན་ཐར་པའི་གླིང་དེར་བགྲོད་པར་ངེས། །ལེ་ལོ་ལ་སོགས་ཉེས་པའི་རང་མཚང་རིག །དད་སོགས་འདུ་ཤེས་བརྒྱད་ཀྱི་ཕན་ཡོན་མཐོང་། །སེམས་གནས་དགུ་པོས་ཉེར་དྲངས་ཤིན་སྦྱངས་ཀྱི། །བདེ་གསལ་མི་རྟོག་ཞི་གནས་ཏིང་འཛིན་འཆར། །གནད་འགག་འདི་འདྲས་མངོན་ཤེས་རྫུ་འཕྲུལ་སོགས། །འགྲུབ་པར་གསུང་རབ་དགོངས་འགྲེལ་རྣམས་ལས་བཤད། །དོན་མེད་རྣམ་གཡེང་བྱས་ལ་དགོས་པ་ཅི། །དབེན་པའི་གནས་སུ་འདི་ཉིད་ཉམས་སུ་ལོངས། །སེམས་དང་ལུས་ཀྱི་རབ་མཛེས་མེ་ཏོག་ལ། །ཤིན་སྦྱངས་བདེ་བའི་བཅུད་ཀྱིས་ཡོངས་ཁྱབ་ཚེ། །སྣ་ཚོགས་དགེ་བའི་འདབ་མ་ཕྱོགས་བརྒྱར་བཞད། །གྲགས་ཅན་སངས་རྒྱས་འབྲས་བུ་སྨིན་ལ་ཉེ། །གཏི་མུག་མུན་པ་འཐུག་པོའི་རབ་རིབ་ཀྱིས། །ལུས་སེམས་ཐག་ཁྲར་འཁྱིལ་བའི་སྣང་
ཚུལ་ལ། །ངའོ་སྙམ་པའི་དུག་སྦྲུལ་འཇིགས་རུང་གིས། །སྡུག་བསྔལ་གསུམ་གྱི་དངངས་སྐྲག་ཅི་ཡང་མྱོང་། །ངར་འཛིན་ཕུང་རྒན་སྒྱུ་མའི་རྟ་རྒོད་ཀྱིས། །དབང་མེད་འཁུར་ནས་འཁོར་བའི་ས་མཐར་འཁྱམས། །རྨི་ལམ་བཞིན་དུ་བདེ་དང་སྡུག་བསྔལ་གཉིས། །མྱང་པའི་རང་མཚང་མ་རིག་པ་ཁྱོད་བླུན། །ཡོད་ཡོད་དམ་དུ་གཅེས་པར་བཟུང་བ་འདི། །ལེགས་པར་དཔྱད་ན་མིང་གིས་ཕར་བཏགས་པ། །མ་གཏོགས་རང་ངོས་གྲུབ་པ་མེད་པ་འདིས། །ཆོས་ཀུན་གདོད་ནས་སྟོང་པར་ཧ་ཡང་གོ །མེད་བཞིན་དམྱལ་བར་བསྲེག་པའི་སྡུག་བསྔལ་དང་། །ལྷ་མིའི་འབྱོར་པར་སྤྱོད་པའི་བདེ་བ་སོགས། །སྒྱུ་མ་ལྟ་བུར་མྱང་བའི་ཚུལ་ཤེས་ན། །རྒྱུ་འབྲས་རྟེན་འབྲེལ་མི་བསླུའི་ངེས་པ་རྙེད། །སྙིང་ལ་རུས་པ་བཅུག་པའི་བརྩོན་འགྲུས་དང་། །རང་བཞིན་ལྷུན་གྱིས་གྲུབ་པའི་ཤེས་རབ་ཀྱིས། །ཕྱིན་དྲུག་ཟབ་དོན་གནད་རིག་ཉམས་བླངས་ན། །རང་དོན་ཐོགས་མེད་འགྲུབ་པའི་རྩེ་མོར་ཕྱིན། །མཁོ་བ་སྦྱིན་དང་སྙན་པར་སྨྲ་བ་དང་། །དོན་མཐུན་དོན་སྤྱོད་བསྡུ་བ་རྣམ་བཞིའི་སྒོས། །འགྲོ་དོན་བྱས་ན་གཞན་
རྒྱུད་སྨིན་ནུས་པས། །ཉན་རང་ཞི་བདེའི་དམན་ལམ་ལྟ་བུ་མིན། །ཐབས་ཤེས་གཤོག་ལྡན་ཀ་ལ་པིངྐའི་བྱས། །སྲིད་དང་ཞི་བའི་གཡང་ས་རབ་བཅད་ནས། །ཐམས་ཅད་མཁྱེན་པའི་འཆི་མེད་ལྷ་ལམ་དུ། །འཕུར་ནས་ཆོས་ཀྱི་དབྱངས་སྙན་སྒྲོག་པར་འགྱུར། །དེ་ལྟར་བྱང་ཆུབ་ལམ་གྱི་རིམ་པ་ཡི། །གནད་རྣམས་ཇི་བཞིན་རང་གིས་རྟོགས་པའི་ཚེ། །སྔོན་བྱོན་རྒྱལ་བ་སྲས་བཅས་རྣམ་ཐར་ལྟར། །དོན་ཆུང་ཚེ་འདིའི་འདུན་མ་རྒྱང་བསྲིངས་ཏེ། །མི་དགེ་བཅུ་དང་དུག་ལྔ་བསྐྱེད་པའི་རྒྱུ། །མི་ཁྱི་སྒོ་ཕྱུགས་གང་གིའང་འ་འུར་མེད། །མི་ལུས་རིན་པོ་ཆེ་ལ་གནོད་སྐྱེལ་བའི། །མི་མིན་ལྷ་འདྲེ་གཅན་གཟན་འཚེ་བས་དབེན། །སྤང་ལྗོངས་བདེ་འཇམ་མེ་ཏོག་རྩེ་དགའ་རྒོད། །ཡིད་འོང་སྦྲང་མས་གླུ་བླང་ཟློས་གར་བསྒྱུར། །ལོ་མ་འབྲས་ལྡན་རྩི་ཤིང་གར་སྟབས་བྱེད། །སྐད་སྙན་ཁུ་བྱུག་འཇོལ་མོ་འཕུར་ལྡིང་གཡོ། །ལུས་མཛེས་རི་དྭགས་བག་ཕེབས་རྒྱུ་ཞིང་རྩེ། །འབབ་ཆུས་ལྷུང་ལྷུང་སྙན་པའི་སྒྲ་དབྱངས་སྒྲོག །ཡིད་འོང་རི་ཁྲོད་དབེན་པའི་དགའ་ཚལ་གྱི། །ཆར་དང་ཁ་རླུང་མི་འོང་ཁང་བུ་རུ། །ས་རྡོ་རླན་གྱིས་མི་གནོད་སྟན་
ཆུང་གི །སྟེང་ནས་ལུས་གནད་རྣམ་སྣང་ཆོས་བདུན་བྱས། །མ་ཡེངས་རྩེ་གཅིག་ཉམས་སུ་ལེན་ནུས་ན། །ནམ་གཞག་གཏན་གྱི་འདུན་མ་ཚེ་འདིར་འགྲུབ། །ཟབ་ཟབ་རྒྱས་རྒྱས་ལམ་རིམ་བཟང་བཟང་ལ། །ཡང་ཡང་བལྟས་བལྟས་ཡིད་ལ་བསམ་བསམས་ནས། །མང་མང་ཉུང་ཉུང་མ་ཡིན་ཚད་ཚད་ཀྱི། །ལེགས་ལེགས་འགྲིག་འགྲིག་གླུ་འདི་ལྷང་ལྷང་བླངས། །འདི་མཚོན་དུས་གསུམ་བསགས་པའི་རྣམ་དཀར་དགེ །བློ་བཟང་བསྟན་པ་རྒྱས་པའི་ཆེད་དུ་བསྔོ། །འགྲོ་བ་ཀུན་ཀྱང་བློ་བཟང་བསྟན་པ་དང་། །མཇལ་བར་གྱུར་ཅིག་ཅེས་ནི་སྨོན་ལམ་འདེབས། །སྤྱི་བོའི་བློ་བཟང་གྲགས་པ་ཐུགས་དགྱེས་ནས། །འཛུམ་ཞིང་བཞད་བཞིན་ཚངས་བུག་ནས་ཞུགས་ཏེ། །སྙིང་དབུས་པདྨ་ཉི་ཟླའི་གདན་སྟེང་དུ། །གཟི་བརྗིད་འོད་ཟེར་འཕྲོ་བཞིན་འཆི་ཁའི་བར། །འབྲལ་མེད་བཞུགས་ནས་བྱིན་གྱིས་བརླབ་པར་གྱུར། །ངེས་ངེས་འཆི་ཚེ་མདུན་མཁར་ཕར་བྱོན་ནས། །འཛུམ་འཛུམ་དགྱེས་པའི་ཞལ་བཟང་མངོན་སུམ་སྟོན། །སྙན་སྙན་གསུང་དབྱངས་ལྷང་ལྷང་རྣ་བར་སྒྲོགས། །མྱུར་མྱུར་དགའ་ལྡན་
ཞིང་དུ་འཁྲིད་དུ་གསོལ། །ཟླ་མེད་བླ་མ་ཚེ་རབས་ཐམས་ཅད་དུ། །འབྲལ་མེད་བསྟེན་ནས་གསུང་གི་བདུད་རྩི་མྱང་། །བླ་མེད་སངས་རྒྱས་གོ་འཕང་མྱུར་ཐོབ་ནས། །མཐའ་མེད་འགྲོ་བ་མ་ལུས་འདྲེན་གྱུར་ཅིག །ཅེས་རྒྱལ་བ་བློ་བཟང་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་འདི་ནི་༧ཕྱག་ན་པད་དཀར་འཆང་བ་ངུར་སྨྲིག་འཛིན་པའི་ཚུལ་འཆང་རྒྱལ་དབང་ཐམས་ཅད་མཁྱེན་པ་ཞེས་སྙན་པ་ལྷ་མི་ཡོངས་ཀྱིས་ད་དུང་གླེང་བ་དེ་ཉིད་ཀྱིས་ལམ་རིམ་ཆེ་ཆུང་གི་ཉིང་ཁུ་བསྡུས་པ་འཇམ་དཔལ་ཞལ་ལུང་གི་ཡང་སྙིང་བར་སྐབས་ཀྱི་ཚིགས་བཅད་རྣམས་ཀྱི་ཚིགས་བཏོན་ན་རྣ་བར་སྙན་ཞིང་དོན་བསམ་ན་རྒྱུད་ལ་ཕན་པ་དེ་དང་མཐུན་པར། རང་གི་རྒྱུད་ལ་ཕན་ཕྱིར་ཡུལ་མདོ་སྨད་ཕྱོགས་སུ་སྐྱེས་པའི་བྱ་བཏང་རི་ཁྲོད་པ་ཆོས་མེད་གླུ་ལ་དགའ་བ་༧བྱམས་པ་ཆོས་དར་རམ་མིང་གཞན་ཚོགས་དྲུག་རང་གྲོལ་དུ་འབོད་པས། དབུས་གཙང་དག་པའི་ཞིང་གི་༧རྒྱལ་བ་གཉིས་པའི་གདན་ས་དགའ་ལྡན་གྱི་གཡོན་ཕྱོགས་ཕྱག་ན་པདྨོ་ལྔ་པའི་ཞབས་ཀྱིས་བཅགས་པའི་ཆོས་ལུང་གི་ཕུ་ཡེ་ཤེས་མགོན་པོ་ཕྱག་བཞི་པ་མངོན་སུམ་དུ་བཞུགས་པའི་གནས་ཟྭ་ལུང་ཟེར་བའི་དབེན་གནས་ཉམས་དགའ་ཁ་ལྷོར་བལྟ། དགུན་དུས་ཉི་འོད་འཁྱིལ་ཞིང་དབྱར་སོས་དུས་བསིལ་ཞིང་རིག་པ་དྭངས་པ་ཆུ་ཤིང་གཉིས་ཐག་ཉེར་གནས་པས་ཉེ་གནས་དགོས་ཟེར་མཁན་རྣམས་རྫུན་དུ་གཏོང་བའི་ས་ཕུན་སུམ་ཚོགས་པ་དེ་རུ་བླངས་པའོ། །སྭ་སྟི། བྱང་ཆུབ་ལམ་གྱི་རིམ་པའི་ལུས་ཟུང་རྫོགས། །སྡེབ་ལེགས་པུཎྜ་རི་
ཀའི་རྒྱན་གྱིས་སྤུད། །རྣམ་གྲོལ་བདེ་སྟེར་མགུར་དབྱངས་ལུས་ཕྲ་མ། །ཐར་འདོད་གཞོན་ནུ་ཡོད་ན་གྲོགས་སུ་ཁུགས། །འདི་ཡིས་བསྐྱེད་པའི་དགེ་ཚོགས་ཀུན་དའི་རྒྱུན། །སྐྱེས་བུ་གསུམ་གྱི་སྙིང་ལ་ཞེན་པ་ན། །གྲགས་ཅན་སངས་རྒྱས་ས་དེའང་ཐག་མི་རིང་། །དེའི་ཕྱིར་འདི་ཉིད་གཏན་གྱི་མཛའ་ན་མོ། །ཡིན་ཕྱིར་ངེས་འབྱུང་བློ་ཅན་སྐྱེས་བུ་ལ། །འཕངས་མེད་སྦྱིན་ལ་སྤྲོ་བའི་ལྷག་བསམ་གྱིས། །ཐབས་ཤེས་སོར་བཅུའི་འཕྲུལ་འཁོར་བསྒྱུར་བ་ལས། །འཛད་མེད་དབྱངས་གསལ་བཞིན་རས་འདི་ན་ངོམས། །འདྲི་བརྐོ་བྱེད་པོ་སངས་རྒྱས་རིན་ཆེན་དང་། །ངག་དབང་བསྟན་འཛིན་ཟུང་གིས་བགྱིས་པའི་དགེ །གཅིག་ཏུ་དཀར་བ་ཇི་སྙེད་མཆིས་པ་དེ། །འགྲོ་ཀུན་བྱང་ཆུབ་གསུམ་ལ་འགོད་རྒྱུར་ཤོག །ཤུ་བྷཾ་མསྟུ་སརྦ་ཛཱ་ག་ཏཾ།། །།
རྡོར་སེམས་སྒོམ་བཟླས་བྱིན་རླབས་བླ་མའི་རྣལ་འབྱོར་ཆོས་བཤད་དང་བཅས་པ།
༄༅། །རྡོར་སེམས་སྒོམ་བཟླས་བྱིན་རླབས་བླ་མའི་རྣལ་འབྱོར་ཆོས་བཤད་དང་བཅས་པ་བཞུགས།།
སློབ་མ་རྣམས་ཀྱི་སྤྱི་བོར་པདྨ་དཀར་པོ་དང་ཟླ་བའི་གདན་གྱི་སྟེང་དུ། དཔལ་རྡོ་རྗེ་སེམས་དཔའ་སྐུ་མདོག་གངས་རི་ལྟར་དཀར་བ་བཞུགས་པའི་སྐུ་ལས་བདུད་རྩིའི་རྒྱུན་གངས་ལས་ཆུ་རྒྱུན་བབ་པ་བཞིན་དུ་བྱུང་ནས་སློབ་མ་རྣམས་ཀྱི་སྤྱི་བོའི་ཚངས་བུག་ནས་ཞུགས། ལུས་ཀྱི་ཕྱི་ནང་བར་གསུམ་ཐམས་ཅད་བཀྲུས་པས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་དུད་ཁུ་དང་སོལ་ཁུ། ནད་ཐམས་ཅད་རྣག་ཁྲག །གདོན་ཐམས་
ཅད་སྡིག་པ་དང་སྦལ་ལྕོང་འབུ་སྲིན་སོགས་ཀྱི་རྣམ་པས་ལུས་ཀྱི་དབང་པོའི་སྒོ་དང་བ་སྤུའི་བུ་ག་ཐམས་ཅད་ནས་ནག་ཉིལ་ཉིལ་ཐོན་ནས་ས་རིམ་པ་བདུན་གྱི་འོག་ཏུ་སིབ་སིབ་ཐིམ་པས། སློབ་མ་རྣམས་ཀྱི་ལུས་ཕྱི་ནས་བལྟས་ན་ནང་གསལ་ཞིང་། ནང་ནས་བལྟས་ན་ཕྱི་གསལ་བ་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་གྱུར་སོང་སྙམས་པའི་མོས་པ་དང་བཅས་པའི་ངང་ནས་ཡི་གེ་བརྒྱ་པ་བཟླ་བར་ཞུ། ཞེས་སློབ་མ་ཀུན་གྱིས་ཡི་གེ་བརྒྱ་པ་བཟླས་པའི་མཐར། རྡོ་རྗེ་སེམས་དཔའ་འོད་དུ་ཞུ་ནས་སློབ་མ་རྣམས་ལ་ཐིམ་པས། སློབ་མ་
རྣམས་ཀྱི་སྒོ་གསུམ་དང་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དབྱེར་མི་འབྱེད་པར་གྱུར། ཞེས་བརྗོད། དེ་ནས་བྱིན་རླབས་ཀྱང་འདི་ལྟར་བྱ་སྟེ། ཡང་སློབ་མ་རྣམས་ཀྱི་སྤྱི་བོར་འཇའ་ཟེར་འོད་ཕུང་འཁྲིགས་པའི་དབུས། སེང་ཁྲི་པདྨ་ཉི་ཟླའི་གདན་གྱི་སྟེང་དུ། རང་གི་དྲིན་ཅན་རྩ་བའི་བླ་མ་དང་དབྱེར་མེད་པའི་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལ་འཁོར་བརྒྱུད་པའི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ། · ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ། དཔའ་བོ་མཁའ་འགྲོ་ཡེ་ཤེས་སྤྱན་ལྡན་གྱི་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས་མངོན་སུམ་དུ་ཁྲ་ལམ་མེ་བཞུགས་པར་གྱུར། དེ་ལྟར་བཞུགས་པའི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་འོད་དང་འོད་ཟེར་བདུད་རྩིའི་རྒྱུན་དཔག་ཏུ་མེད་པ་བྱུང་ནས་སྐལ་ལྡན་གྱི་སློབ་མ་རྣམས་ཀྱི་ལུས་སེམས་ལ་ཞུགས་པས། ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་དང་། ཁྱད་པར་དེང་འདིར་གནས་སྐབས་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་གང་ཡོད་མུན་པའི་གླིང་དུ་ཉི་མ་ཕོག་པ་བཞིན་དུ་ལྷག་མེད་དུ་སྦྱངས། ལུས་དྭངས་གསལ་འོད་ཀྱི་རང་བཞིན་ཅན་དུ་བྱས།
ཚེ་དང་བསོད་ནམས་ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་ཟླ་བ་ཡར་གྱི་ངོ་བཞིན་དུ། གོང་ནས་གོང་དུ་འཕེལ་ཞིང་རྒྱས་པའི་སྐལ་བ་དང་ལྡན་པར་གྱུར་ཅིག །ན་མོ། རྒྱལ་ཀུན་ཐམས་ཅད་འདུས་པའི་ངོ་བོ་བླ་མ་རྡོ་རྗེ་འཆང་། འཁོར་གཞན་ཡང་། བརྒྱུད་པའི་བླ་མ་ཡི་དམ་རྒྱལ་བ་ཞི་ཁྲོ། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས། གནས་གསུམ་གྱི་དཔའ་བོ་མཁའ་འགྲོ། ཡེ་ཤེས་སྤྱན་ལྡན་གྱི་ཆོས་སྐྱོང་སྲུང་མའི་ཚོགས་དང་བཅས་པ་ཁྱེད་རྣམས་ལ། མཁྱེན་པའི་ཡེ་ཤེས། བརྩེ་བའི་ཐུགས་རྗེ། མཛད་པའི་འཕྲིན་ལས། སྐྱོབ་པའི་ནུས་མཐུ་བསམ་གྱིས་མི་ཁྱབ་པ་མངའ་བ་ལགས་པས། སྐལ་ལྡན་གྱི་སློབ་མ་འདི་རྣམས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་དྲི་མའི་ཚོགས་ངན་པ་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་རློབས་ཤིག །ཁྱད་པར་དེང་འདིར་གནས་སྐབས་ཀྱི་ལུས་ཀྱི་ན་ཚ་སེམས་ཀྱི་སྡུག་བསྔལ་གང་ཡོད་ཉེ་བར་ཞི་བར་བྱིན་གྱིས་རློབས་ཤིག །ཕྱིན་ཆད་ལུས་ལ་ན་ཚ་སེམས་ལ་སྡུག་བསྔལ་གང་ཡང་མི་འབྱུང་བར་བྱིན་གྱིས་རློབས་ཤིག །ཚེ་གང་པོ་འདི་
ཉིད་ལ་ཅི་བསམ་ཚད་ཐམས་ཅད་ཆོས་བཞིན་དུ་འགྲུབ་པར་བྱིན་གྱིས་རློབས་ཤིག །ཚེ་དང་བསམ་དོན་སྟོབས་དང་འབྱོར་པ་མངའ་ཐང་རིགས་རྒྱུད་གདུལ་བྱ་སྙན་གྲགས་ལུང་རྟོགས་ཀྱི་ཡོན་ཏན་ལ་སོགས་པ་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པར་བྱིན་གྱིས་རློབས་ཤིག །ཚེ་མཇུག་འདི་ལ་དཔལ་ལྡན་བླ་མ་དམ་པའི་གསུང་བཞིན་དུ་དམ་པའི་ཆོས་ལ་ཚུལ་བཞིན་དུ་སྤྱོད་པའི་སྐལ་བ་དང་ལྡན་པར་བྱིན་གྱིས་རློབས་ཤིག །སྐྱེ་བ་འདིའམ་མ་འོངས་པའི་སྐྱེ་བ་བཟང་པོ་བརྒྱུད་ནས་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཉིད་དུ་ཐོབ་པར་བྱིན་ཐོབ་ནས་ཞི་བར་ཅུང་ཟད་ཙམ་ཡང་མི་གནས་པར་ཚེ་འདིའི་དྲིན་ཅན་གྱི་ཕ་མས་ཐོག་དྲངས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ནས། སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་ལ་འགོད་ནུས་པར་བྱིན་གྱིས་རློབས་ཤིག །ད་ལྟ་ཉིད་དུ་བྱིན་གྱིས་རློབས་ཤིག །མྱུར་བ་མྱུར་དུ་བྱིན་གྱིས་རློབས་ཤིག །འདུག་ས་འདི་ཉིད་དུ་བྱིན་གྱིས་རློབས་ཤིག །ཞེས་གསོལ་བ་བཏབ་པས་ཚོགས་ཞིང་རྣམས་ཀྱི་སྐུ་ལས་སླར་ཡང་འོད་ཟེར་འཕྲོས་པས། སྣོད་བཅུད་ཐམས་ཅད་ལ་
ཕོག་པས་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ནས་ཕྱི་སྣོད་ཐམས་ཅད་དག་པའི་ཞིང་དང་གཞལ་ཡས་ཁང་། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་དག་པ་རབ་འབྱམས་འབའ་ཞིག་ཏུ་བྱས། ཚོགས་ཞིང་ཐམས་ཅད་མཐའ་ནས་རིམ་བཞིན་འོད་དུ་ཞུ་ནས་དབུས་ཀྱི་གཙོ་བོ་རྡོ་རྗེ་འཆང་ཆེན་པོ་དེ་ཉིད་ལ་ཐིམ་པས། སྐལ་ལྡན་གྱི་སློབ་མ་རྣམས་ཀྱི་སྤྱི་བོའི་ཚངས་པའི་བུ་ག་ནས་ཞུགས། སྙིང་དབུས་འདབ་སྟོང་གེ་སར་བཞད་པའི་རྩེར། ལྷ་ཡེ་ཤེས་སེམས་དཔའི་ཚུལ་དུ་སློབ་མ་རྣམས་དུས་ད་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འབྲལ་བ་མེད་པར་རྟག་པར་བཞུགས་ནས། གནས་སྐབས་སུ་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བ་དང་། མཐུན་རྐྱེན་བསམ་དོན་མ་ལུས་པ་ཡིད་བཞིན་དུ་འགྲུབ་པ་དང་། མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་ནུས་པར་བྱིན་གྱིས་རློབས་པར་གྱུར་ཅིག སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །
དཔོན་སློབ་རྣམས་ཀྱི་ཆོས་དང་མཐུན་པའི་ཕྱིར། །ཇི་ལྟར་བསམ་པ་ཡིད་བཞིན་འགྲུབ་པ་དང་། །ནད་དང་བགེགས་སོགས་བར་དུ་གཅོད་པ་རྣམས། །ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་བརྗོད། དེ་ནས་ཆོས་བཤད་ཀྱང་འདི་ལྟར་བྱའོ། །འོ། དེ་ཡང་། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཐོབ་བྱ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་མྱུར་བར་མྱུར་དུ་འཐོབ་པར་བྱ། དེའི་ཆེད་དུ་དཔལ་ལྡན་བླ་མ་དམ་པ་འདིའི་དྲུང་ནས་དམ་པའི་ཆོས་ཟབ་མོ་གསན་ནས་ཕྱིན་ཆད་རང་གི་ཉམས་སུ་ལེན་པར་བྱའོ་སྙམས་པའི་བསམ་པ་བཟང་པོའི་སྒོ་ནས་གསན་དགོས་ཏེ། དེ་ཡང་ལུང་ལས། རྟོག་པ་ཐམས་ཅད་ལེགས་པར་བསྡུས་ནས་ནི། །ཤིན་ཏུ་བསམ་པ་བཟང་དང་ལྡན་པས་ཉོན། །ཞེས་དང་། ཚོམ་ལས། གཉིད་རྨུགས་ལེ་ལོ་རྣམས་སྤོངས་ལ། །རབ་ཏུ་དགའ་བ་བསྐྱེད་དེ་ཉོན། །ཞེས་དང་། སྐྱེ་རབས་ལས། ནད་པས་སྨན་པའི་ཚིག་ཉན་བཞིན། །རིམ་འགྲོ་བསྐྱེད་ལ་ཆོས་ཉོན་ཅིག །ཅེས་གསུངས་པ་ལྟར། སེམས་ཀྱི་ཀུན་སློང་བཟང་པོ་དང་། ལུས་ཀྱི་ཀུན་
སྤྱོད་ཀྱང་རབ་ཏུ་གུས་པའི་སྒོ་ནས་གསན་འཚལ། འོ། དེ་ཡང་འོ་སྐོལ་རྣམས། སྐྱེ་བར་དཀའ་བ་གླིང་བཞི་ཡི་ནང་ནས་མཆོག་ཏུ་གྱུར་པ་ལྷོ་འཛམ་བུའི་གླིང་དུ་སྐྱེས། ཐོབ་པར་དཀའ་བའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཐོབ། མཇལ་བར་དཀའ་བའི་སངས་རྒྱས་ཀྱི་བསྟན་པ་དང་། མཚན་ལྡན་གྱི་བླ་མ་མཇལ་བའི་དུས་འདིར་དཀར་པོ་དགེ་བའི་ལས་ལ་བརྩོན་དགོས་ཏེ། ད་རེས་གཏན་གྱི་ལམ་སྣ་ཟིན་ཐབས་དམ་པའི་ཆོས་ཤིག་མ་བྱས་ན། ཡང་དང་ཡང་དུ་དལ་འབྱོར་གྱི་མི་ལུས་མི་ཐོབ། ཐོབ་ཀྱང་སངས་རྒྱས་ཀྱི་བསྟན་པ་དང་མི་མཇལ། མཇལ་ཡང་དམ་ཆོས་སྒྲུབ་པའི་རང་དབང་རང་ལ་ཨེ་ཐོབ་མི་ཤེས་པས་ན། ད་ལན་རང་དབང་ཐོབ་པའི་དུས་འདིར་དལ་འབྱོར་དོན་ལྡན་ཞིག་མཛད་དགོས། དེ་ཡང་མྱུར་དུ་བརྩོན་པས་མ་འབད་ན། སང་བྱ་གནངས་བྱའི་ངང་ལ་ལུས་ནས་འཆི་ཁར་འགྱོད་ཀྱང་ཕན་པ་མེད་དེ། ཅིའི་ཕྱིར་ཞེ་ན། འདུས་བྱས་ཐམས་ཅད་མི་རྟག་པའི་རང་བཞིན། སྣོད་བཅུད་ཐམས་ཅད་འཕོ་འགྱུར་གྱི་འཁོར་ཡུག །ཤ་ཁྲག་གི་ལུས་འདི་ནི་ཆུ་ཡི་ལྦུ་བ་ལྟ་བུ། ཚེ་སྲོག་དང་དབུགས་
ནི་ལ་ཁའི་ན་བུན་བཞིན་དུ་ཡལ་བར་སླ་ཞིང་། དོ་ནུབ་ཙམ་ཡང་མི་འཆི་སྙམས་པའི་བློ་གཏད་ཐུབ་པ་ནི་ཅི་ཡང་མེད་དོ། འཆི་བའི་སྐྱེན་ནི་ནམ་མཁའི་ཐོག་ལྟར་འབྱུང་ཞིང་། དེ་ལ་བྲོས་ཤིང་གཟུར་བའི་ཐབས་ནི་གང་ཡང་མེད་དོ། །འཆི་བའི་དུས་ལ་བབ་པའི་ཚེ། སྟོབས་དང་མངའ་ཐང་འཁོར་ལོས་བསྒྱུར་བའི་རྒྱལ་པོ་ཙམ་ཞིག་ཡོད་ཀྱང་རང་ལ་ཕན་པ་རྡུལ་ཙམ་ཡང་མི་འབྱུང་། ནོར་དང་ལོངས་སྤྱོད་རྣམ་ཐོས་སྲས་ཀྱི་འབྱོར་པ་ལྟ་བུ་ཡོད་ཀྱང་ཏིལ་འབྲུ་ཙམ་ཡང་ཁྱེར་དབང་ནི་མེད། ཕ་མ་གཉེན་ཤེས་གྲོགས་མཆེད་མང་པོས་མཐའ་བསྐོར་ཀྱང་གཅིག་ཀྱང་ཁྲིད་དབང་མེད་པར་མར་གྱི་དཀྱིལ་ནས་སྤུ་སྟོན་པ་བཞིན་དུ་རང་ཉིད་གཅིག་པུར་འགྲོ་དགོས། སོང་པ་ཙམ་དུ་མ་ཟད་པར་དེའི་འཁྲུལ་སྣང་འཇིགས་སྐྲག་དྲག་པོ་བསམ་གྱིས་མི་ཁྱབ་པ་མྱོང་ལ། དེའི་དུས་སུ་ཕན་པ་དམ་པའི་ཆོས་དང་འདྲེན་མཁན་བླ་མ་དཀོན་མཆོག་མ་གཏོགས། གཞན་ཚེ་འདིའི་མི་ནོར་ཟས་གསུམ་གང་གིས་ཀྱང་ཕན་པ་སྤུ་ཙམ་ཡང་མེད་ལ། དེ་ཙམ་དུ་མ་ཟད་ཚེ་འདིའི་ལྟོ་གོས་དང་བུ་ཕོ་མོའི་ཆེད་དུ་སྡིག་པ་མི་དགེ་བ་ཆེན་པོ་བྱས་ན། དམྱལ་བར་སྐྱེས་ནས་ཚ་གྲང་
གི་སྡུག་བསྔལ་བཟོད་དཀའ་བ་མྱོང་ཞིང་། འབྲིང་ཙམ་བྱས་ན་ཡི་དྭགས་སུ་སྐྱེས་ནས་བཀྲེས་སྐོམ་གྱི་སྡུག་བསྔལ་ཉམས་ཐག་པ་མང་པོ་མྱོང་། ཐ་ན་སྡིག་པ་ཆུང་ངུ་ཙམ་ཞིག་ལས་མ་བྱས་ཀྱང་དུད་འགྲོའི་གནས་སུ་སྐྱེས་ནས་གསོད་ཟ་བཀོལ་སྤྱོད་ཀྱི་སྡུག་བསྔལ་ཡི་མུག་པ་མང་པོ་མྱོང་པའི་མཐར། ངན་སོང་གསུམ་གྱི་གནས་ནས་ཐར་ཏེ། གལ་ཏེ་མི་ཡི་གནས་སུ་སྐྱེས་ན་ཡང་། སྡིག་ཅན་ལས་མ་དག་པའི་མི་དེ་རྣམས། ཚེ་ཐུང་བ་དང་། ནད་མང་བ་དང་། དུག་དང་མཚོན་ཁར་འཆི་བ་དང་། ཞ་ལོང་འོན་ལྐུགས་དྲན་གཡོག་སྤྲང་པོ་དབང་ཆུང་ཁ་དམན། བརྒྱ་བསམ་ན་གཅིག་ཀྱང་མི་འགྲུབ་ཅིང་སྡིག་སྡུག་གཏམ་ངན་གསུམ་གྱི་མཚོ་རྡོལ་ནས། ནམ་ཡང་བདེ་བའི་གོ་སྐབས་སྐད་ཅིག་ཙམ་ཡང་མེད་པའི་ལུས་ངན་བླངས་ནས་ལས་ངན་སྔར་བས་ཆེ་བ་བསགས་ནས། སླར་ཡང་ངན་སོང་གི་གཏིང་རྡོ་བྱས་ནས་ཁ་ཡར་འཁོར་བའི་དུས་མི་འབྱུང་བས་ན། སྡིག་པ་མི་དགེ་བ་སྤང་དགོས་ཞེས་ཟེར་བའི་རྒྱུ་མཚན་དེ་ཡིན། རྣམ་པར་དཀར་བའི་དགེ་བའི་ལས་རྒྱ་ཆེན་པོ་བྱས་ན་རབ་ཚེ་གཅིག་ལུས་གཅིག་ལ་
སངས་རྒྱས་ནས་མཐོང་ཐོས་དྲན་རེག་གི་སེམས་ཅན་ཐམས་ཅད་སྨིན་གྲོལ་གྱི་ལམ་ལ་འགོད་ནུས། འབྲིང་ཙམ་བྱས་པ་རྣམས་ཀྱང་འཆི་བའི་དུས་སུ་བླ་མ་དང་ལྷག་པའི་ལྷ་ཁྱད་པར་ཅན་མང་པོ་མངོན་སུམ་དུ་བྱོན་ནས་ལམ་སྣ་དྲངས་ནས་དག་པ་མཁའ་སྤྱོད་མངོན་པར་དགའ་བ་བདེ་བ་ཅན་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རུ་བསྒྲོད་ནུས། ཐ་ན་དགེ་བ་ཆུང་ངུ་ཙམ་ཞིག་ལས་མ་འགྲུབ་ཀྱང་། སླར་ཡང་མི་ལུས་གཙང་མ་ཐོབ་ནས་རྟེན་དེ་ལ་༡རིགས་༢གཟུགས་༣འབྱོར་པ་དང་༤ཤེས་རབ་༥དབང་ཕྱུག་ཕུན་སུམ་ཚོགས་ཤིང་ཚེ་རིང་ནད་མེད་དང་ལྡན་པ། འགྲོ་ན་རྟ་ཐོག །འདུག་ན་གདན་ཐོག །ཟ་ན་གང་འདོད་ཀྱི་ཟས། བྱེད་ན་དམ་པའི་ཆོས་བྱེད་པའི་རང་དབང་རང་ལ་ཐོབ་ནས་སྐྱིད་པའི་སྒོ་ནས་ཆོས་བྱས་ནས་མཐར་ཕྱིར་མི་ལྡོག་པའི་ས་ལ་གནས་ནས། མཐའ་ཡས་འགྲོ་བའི་དོན་བྱེད་ནུས་པའི་སྐལ་པ་ཡོད་པས་ན། དགེ་བ་སྒྲུབ་དགོས་ཟེར་བའི་རྒྱུ་མཚན་དེ་ཡིན། འོ་ན་མི་དགེ་བ་སྤངས་ནས་དགེ་བ་སྒྲུབ་དགོས་ན། སྤང་རྒྱུའི་མི་དགེ་བ་དེ་གང་ཡིན་སྙམས་ན། ཉོན་མོངས་པ་འདོད་ཆགས་ཞེ་སྡང་གཏི་མུག་གི་དབང་
གིས། ཕ་མ་སེམས་ཅན་མང་པོའི་སྲོག་གཅོད་པ། གཞན་གྱི་ནོར་འཕྲོག་པ། འདོད་ལོག་སྤྱོད་པ། རྫུན་དང་ཕྲ་མ་ཚིག་རྩུབ་ངག་འཁྱལ་བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སྟེ། མདོར་ན་བླ་མ་དཀོན་མཆོག་གི་ཐུགས་ཁྲེལ་ཞིང་སེམས་ཅན་གཞན་ལ་གནོད་པའི་ལས་ཐམས་ཅད་སྡིག་པ་ཡིན་པས་ན་འཛེམས་དགོས། སྡིག་པ་ཆུང་ངུ་ཞིག་བྱས་ཀྱང་ཉེས་དམིགས་རྒྱ་ཆེན་པོ་འབྱུང་སྟེ། སྔོན་མི་ཞིག་གིས་གཞན་གཅིག་ལ། ཁྱོད་སྤྲེའུ་འདྲ་འོ་ཞེས་སྨྲས་པས། སྤྲེའུའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། དགེ་ཚུལ་གཅིག་གིས་དགེ་སློང་དབྱངས་མི་སྙན་པ་གཅིག་ལ། ཁྱེད་ཀྱི་དབྱངས་ནི་ཁྱི་ཟུག་པ་འདྲའོ་སྨས་པས། ཁྱིའི་སྐྱེ་བ་ལྔ་བརྒྱ་བླངས་པ་དང་། བུད་མེད་ཅིག་གིས་བུད་མེད་གཞན་མ་ཚོ་ལ། ཁྱེད་ཚོ་ཁྱི་མོ་འདྲ་བ་ཡིན་སྨྲས་པས། སྐྱེ་བ་ལྔ་བརྒྱ་ཁྱི་མོར་སྐྱེས་པ་དང་། རྗེ་བཙུན་མ་ཕམ་གྱིས་རབ་འཇིགས་ལ། རྫུན་གཅིག་སྨྲས་པས་སྐྱེ་བ་ལྔ་བརྒྱར་སྲིན་བུར་སྐྱེས་པ་བྱུང་། ཁྱད་པར་སེམས་ཅན་ར་ལུག་དང་རི་དྭགས་གསོད་སྙམས་པའི་བསམ་པ་ངན་པ་ལན་གཅིག་རྒྱུད་ལ་སྐྱེས་ཀྱང་།
དེ་མ་ཐག་ཏུ་རང་གི་ཚེ་དང་བསོད་ནམས་ཟད་ཅིང་སྐྱེ་བ་ཕྱི་མར་རང་ལན་གཅིག་གསོད་དོ། །བརྒྱ་སྟོང་ཤར་ན་དེ་ཙམ་གསོད་ཅིང་། སེམས་ཅན་གཞན་བསད་སོང་ན་ཚེ་འདིར་ཚེ་ཐུང་ཞིང་ནད་མང་ལ། ཤི་ན་དམྱལ་བ་ཡང་སོས་སུ་སྐྱེས་ནས་ཉིན་རེ་ལ་ཡང་ལན་གྲངས་བརྒྱ་སྟོང་བྱེ་བའི་བར་དུ་མཚོན་ཆས་གཤགས་ནས་ཡང་ཤི་ཡང་སོས་པར་འགྱུར་ལ། གཞན་ལ་སྙད་བརྐོས་ནས་ནོར་འཕྲོག་ན། ཚེ་འདིར་མཛེ་ནད་སོགས་ནད་ངན་པས་ཐེབས་ཤིང་། ཕྱི་མ་དམྱལ་བར་སོང་ནས་ལྕེ་དཔག་ཚད་ལྔ་བརྒྱར་གྱུར་པའི་སྟེང་དུ། ལྕགས་ཀྱི་ཐོང་གཤོལ་མེ་འབར་བ་སྟོང་བཙུགས་ནས་ཞིང་སྨོ་དགོས་པ་དང་། ཕ་མ་གཉིས་ལ་ཁ་ངན་སྨྲ་ན་ལྕེ་ལྐོག་མའི་འོག་ནས་བླངས་སྟེ་ལྕགས་ཀྱི་ཕུར་པ་འདོམས་གང་ཙམ་བཏབ་ནས་ས་ལ་བཏགས་ནས་སྡུག་བསྔལ་མྱོང་དུ་འཇུག་པ་དང་། བྲེ་དང་སྲང་ལ་གཡོ་སྒྱུ་བྱས་ནས་ཚོང་ལོག་བརྒྱབས་ན། མི་དེའི་ལུས་ནས་གསོན་པོར་ཤ་གཅོད་ཅིང་བྲེ་དང་རྒྱ་མ་ལ་ཚད་བླངས་ནས་བུ་ལོན་འཇལ་དགོས་པ་དང་། ཞེ་སྡང་གཅིག་ཙམ་ཞིག་སྐྱེས་ན་ཡང་བསྐལ་པ་སྟོང་གི་དགེ་རྩ་འཇོམས་ཤིང་ཤི་ནས་དམྱལ་བར་སྐྱེ་བ་དང་།
མཐར་མིའི་ནང་དུ་སྐྱེས་ན་ཡང་མདོག་མི་སྡུག་ཅིང་གཞན་གྱི་ཡིད་དུ་མི་འོང་པར་འགྱུར་རོ། །དེས་ན་སྡིག་པ་མི་དགེ་བ་བྱས་པའི་ཉེས་དམིགས་བསམ་ནས་སྔར་བྱས་ཀྱི་སྡིག་པ་རྣམས་ལ་དུག་ཆུ་ཁོལ་མ་ཁོག་ཏུ་ཤོར་བ་ལྟ་བུའི་གནོང་འགྱོད་ཀྱིས་བཤགས་པ་བྱེད་ཅིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམས་པའི་སྡོམ་སེམས་བྱེད་པ་གལ་ཆེའོ། དེ་ལྟར་བྱས་ན་སྔ་དྲོ་དུག་ཟོས་ཀྱང་ཕྱི་དྲོ་སྨན་བཟང་པོ་བརྟེན་ན་འཚོ་བ་ལྟར། ཚེ་སྟོད་སྡིག་པ་བྱས་རུང་ཚེ་སྨད་བཤགས་སྡོམ་བྱས་ན་སྡིག་པ་དག་ནས། སྡིག་ཅན་རྣམས་ཀྱིས་ཀྱང་མཐོ་རིས་ཐར་པ་བསྒྲོད་པའི་སྐལ་བ་ཡོད་པས་ན་བཤགས་སྡོམ་ཡིད་ཆེས་པ་རེ་བྱེད་འཚལ། དེ་ལྟར་མི་དགེ་བ་སྡིག་པ་སྤངས་ནས་དགེ་བ་སྒྲུབ་དགོས་ན། དགེ་བ་དེ་ཇི་ལྟར་སྒྲུབ་དགོས་སྙམས་ན། བྱམས་སྙིང་རྗེ་བྱང་ཆུབ་སེམས་ཀྱི་སྒོ་ནས། དམ་པའི་ཆོས་འབྲི་བ། དཀོན་མཆོག་གསུམ་མཆོད་པ། སྦྱིན་པ་གཏོང་བ། ཆོས་ལ་ཉན་པ། གསུང་རབས་ཀློག་པ། བློ་ལ་འཛིན་པ། གཞན་ལ་འཆད་པ། ཁ་འདོན་བྱེད་པ། དེ་དོན་སེམས་པ། ནན་ཏན་བསྒོམ་པ་སྟེ།
མདོར་ན་བླ་མ་དཀོན་མཆོག་གི་ཐུགས་དགྱེས་ཤིང་། སེམས་ཅན་གཞན་ལ་ཕན་པའི་ལས་ཐམས་ཅད་དགེ་བ་ཡིན་པས་ན་སྒྲུབ་དགོས། དགེ་བ་ཆུང་ངུ་ཞིག་བྱས་ཀྱང་ཕན་ཡོན་རྒྱ་ཆེན་པོ་འབྱུང་སྟེ། སྔོན་རྒན་མོ་ཞིག་གིས་སངས་རྒྱས་ལ་དམིགས་ནས་མར་མེ་གཅིག་ཕུལ་བས། མ་འོངས་པ་ན་སངས་རྒྱས་མར་མེ་འོད་ཅེས་བྱ་བ་དབང་བཅུ་དང་ལྡན་པར་འགྱུར་ཞེས་སངས་རྒྱས་ཀྱིས་ལུང་བསྟན་པ་དང་། གྲོང་དཔོན་གཅིག་གིས་སྲོག་གཅོད་ཀྱི་སྡོམ་པ་ཉིན་གཅིག་བསྲུངས་པས། མཐར་སངས་རྒྱས་ཕན་བཞེད་ཞེས་བྱ་བར་སངས་རྒྱས་པ་དང་། བྲམ་ཟེའི་བུ་མོ་གཅིག་གིས་དགེ་སློང་གཅིག་ལ་ཁབ་གཅིག་ཕུལ་བས། འཕགས་པ་ཤ་རིའི་བུར་གྱུར་པ་དང་། བུ་མེད་ཅིག་གིས་ངན་སློང་གཅིག་ལ་ལྟོ་གཅིག་བྱིན་པས། རིན་པོ་ཆེའི་ཁང་བཟང་དུ་རོ་བརྒྱ་ལྡན་པའི་ཟས་ལ་ལོངས་སྤྱོད་པར་སྐྱེས་པ་དང་། ཁྱི་ཞིག་ཕག་གིས་བདས་ནས་མཆོད་རྟེན་ཞིག་ལ་བསྐོར་བ་གཅིག་བྱས་པས། མཐར་ཁྱིམ་བདག་དཔལ་སྐྱེས་ཞེས་བྱ་བར་གྱུར་ནས་དགྲ་བཅོམ་པའི་སྒོ་འཕང་ཐོབ་པར་གསུངས། ཁྱད་པར་སྲོག་བསླུ་ཚེ་ཐར་བྱས་ན་ཚེ་རབས་ཐམས་ཅད་དུ་ཚེ་
རིང་ཞིང་ནད་མེད་པར་འགྱུར་རོ། །བླ་མ་དང་ཕ་མ་ལ་ཕྱག་དང་ཞེ་ས་བྱས་ན་མཐོན་པོའི་རིགས་སུ་སྐྱེ་བར་འགྱུར་རོ། བཟོད་པ་སྒོམ་ན་ཚེ་རབས་ཐམས་ཅད་དུ་གཟུགས་མཛེས་པར་འགྱུར་ཞིང་མཐར་ཐུག་མཚན་དཔེས་བརྒྱན་པའི་སྐུ་མཆོག་ཐོབ་པར་འགྱུར་རོ། མཆོད་སྦྱིན་ལན་གཅིག་བྱས་ཀྱང་ལོངས་སྤྱོད་ཆེ་བར་འགྱུར་རོ། དེས་ན་དགེ་བ་བྱས་པའི་ཕན་ཡོན་རྣམས་བསམས་ནས་སྔར་བྱས་ཀྱི་དགེ་བ་རྣམས་ལ་དགའ་བ་སྒོམ་ཞིང་ཕྱིན་ཆད་སྒྲུབ་པ་ལ་འབད་འཚལ། དེ་ལྟར་བྱས་ན་ཚེ་འདིར་ཡང་མི་ནོར་ཟས་གསུམ་འཛོམས་པ་དང་བདེ་སྐྱིད་སྙན་གསུམ་བྱུང་ནས། འོ་སྐོལ་ཡོན་མཆོད་ཀུན་བདེ་ཞིང་སྐྱིད་ལ། ཕྱི་མར་ཡང་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ལ་སོགས་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་རུ་སྔར་འདྲིས་ཀྱི་མི་ཕྱིས་འཕྲད་པ་བཞིན། མངོན་སུམ་དུ་མཇལ་ནས་དགའ་སྤྲོའི་གླེང་མོ་སྣ་ཚོགས་བྱེད་བཞིན་དུ། ཐོགས་པ་མེད་པའི་རྫུ་འཕྲུལ་ལ་བརྟེན་ནས་དག་དང་མ་དག་པའི་ཞིང་ཁམས་རབ་འབྱམས་བྱེ་བ་ཕྲག་བརྒྱ་འགྲིམ་ཞིང་། སངས་རྒྱས་ཐམས་ཅད་མཆོད་ཅིང་
སེམས་ཅན་ཐམས་ཅད་འདྲེན་པའི་སྐལ་པ་ཡོད་པས་ན་ཀུན་གྱིས་ཐུགས་ལ་བཞག་འཚལ། ཞེས་རྡོར་སེམས་བསྒོམ་བཟླས་དང་བྱིན་རླབས་བླ་མའི་རྣལ་འབྱོར་ཆོས་བཤད་དང་བཅས་པ་འདི་ནི་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་མཛད་པའོ། །དགེ་ལེགས་འཕེལ་བར་ཤོག །དགེའོ། །སརྦ་མངྒ་ལཾ།། །།
བླ་མའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན།
༄༅། །བླ་མའི་རྣལ་འབྱོར་བསྒོམས་པའི་ཕན་ཡོན་བཞུགས་སོ། །
ན་མོ་གུ་རུ། མཁའ་འགྲོ་མ་ཀུན་ཏུ་སྤྱོད་པའི་རྒྱུད་ལ། གང་གི་དྲིན་གྱིས་བདེ་ཆེན་ཉིད། །སྐད་ཅིག་ཉིད་ལ་འཆར་བ་གང་། །བླ་མ་རིན་ཆེན་ལྟ་བུའི་སྐུ། །རྡོ་རྗེ་ཅན་ཞབས་པད་ལ་འདུད། རྒྱུད་གཞན་ལས། །སངས་རྒྱས་ཐམས་ཅད་འདུས་པའི་སྐུ། །རྡོ་རྗེ་འཛིན་པའི་ངོ་བོ་ཉིད། །དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །ཀུན་གྱི་སྐྱབས་གནས་བླ་མ་ཡིན། །བླ་མ་རྣམས་ལ་ཕྱག་འཚལ་ལོ། །པཎ་ཆེན་ནཱ་རོ་པས། །བླ་
མ་མེད་པའི་གོང་རོལ་ན། །སངས་རྒྱས་བྱ་བའི་མིང་ཡང་མེད། །བསྐལ་པ་སྟོང་གི་སངས་རྒྱས་ཀྱང་། །བླ་མ་དག་ལ་བསྟེན་ནས་བྱུང་། གསང་འདུས་བཤད་རྒྱུད་ལས། །སྐྱ་བ་འཛིན་པ་མེད་པ་ཡི། །གྲུ་ཡིས་ཕ་རོལ་འགྲོ་མི་ནུས། །ཡོན་ཏན་ཐམས་ཅད་རབ་རྫོགས་ཀྱང་། །བླ་མ་མེད་པས་སྲིད་མཐར་མིན། །སློབ་དཔོན་འཕགས་པའི་རིམ་ལྔ་ལས། །སློབ་དཔོན་གྱིས་ནི་སྡིག་པ་འཕྲོག །སློབ་དཔོན་གྱིས་ནི་འཇིགས་པ་སེལ། །སློབ་དཔོན་གྱིས་ནི་སྡུག་བསྔལ་གྱི། །རྒྱ་མཚོ་འཇིགས་ལས་ཕ་རོལ་སྒྲོལ། །ཞེས་
སོགས་མདོ་རྒྱུད་མན་ངག་ནས། །བླ་མ་བསྟེན་མཆོད་སྒྲུབ་པ་ཡི། །ཕན་ཡོན་མཐའ་ཡས་གསུངས་ན་ཡང་། །འདིར་ནི་ཅུང་ཟད་བཤད་པར་བྱ། །དེ་ཡང་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་འདོད་པས་བླ་མའི་རྣལ་འབྱོར་བསྒོམ་པ་གལ་ཆེ་སྟེ། དེ་ཡི་རྒྱུ་མཚན་གང་ཡིན་ཞེ་ན། བླ་མ་ནི་དུས་གསུམ་སངས་རྒྱས་མི་ཡི་གཟུགས་སུ་ཤར་བ་ཡིན་ཏེ། རྔ་བོ་ཆེའི་མདོ་ལས། མྱ་ངན་མ་བྱེད་ཀུན་དགའ་བོ། །ང་ནི་ཕྱི་མའི་དུས་སུ་ནི། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པའི་དོན་བྱེད་འགྱུར། །ཅེས་དང་། ཀྱཻ་རྡོར་གྱི་རྒྱུད་ལས། ཕྱི་མའི་དུས་སུ་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་ཀྱི་སྐུ། །ཞེས་དང་། གུར་ལས། གང་ཞིག་རྡོ་རྗེ་སེམས་དཔའ་ཞེས། །དེ་ཉིད་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་གདག་དམིགས་ནས་ནི། །ཐ་མལ་བ་ཡི་གཟུགས་སུ་སྟོན། །ཤེས་དང་། ལྔ་བརྒྱཐ་མར་གྱུར་པ་ན། །ང་ཉིད་སློབ་དཔོན་གཟུགས་སུ་འཛིན། །ང་ཡིན་སྙན་དུ་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། མ་འོངས་ཐ་མའི་དུས་སུ་ནི། །ང་ནི་བྱིས་པའི་གཟུགས་དང་
ནི། །སྣ་ཚོགས་ཐབས་ཀྱི་གཟུགས་སུ་སྟོན། །ཞེས་དང་། སློབ་དཔོན་དང་ནི་རྡོ་རྗེ་འཛིན། །ཐ་དད་པར་ནི་མི་ལྟའོ། །ཞེས་དང་། རྒྱལ་བ་སྐལ་བཟང་རྒྱ་མཚོའི་ཞལ་ནས། སྐྱབས་དུས་གསུམ་སངས་རྒྱས་ཀུན་འདུས་པ། །དེ་ཐ་མལ་རྡོ་རྗེ་འཛིན་པའི་གཟུགས། །གསུངས། དེས་ན་སྐྱབས་གནས་ཀུན་བླ་མ་ལ་འདུས་ཏེ། བདེ་མཆོག་སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཞེས་དང་། མཁའ་འགྲོ་མ་ཟིལ་གྱིས་གནོན་པའི་རྒྱུད་ལས། སློབ་དཔོན་གྱི་ཕུང་པོ་ལྔ་དང་། ཁམས་བཅོ་བརྒྱད་དང་། སྐྱེ་མཆེད་བཅུ་གཉིས་ལ་དེ་བཞིན་གཤེགས་པ་བྱང་ཆུབ་སེམས་དཔའི་ཚོགས་ཐམས་ཅད་བཞུགས། ཞེས་དང་། ཟབ་དོན་ཆོས་ཀྱི་གཏེར་མཛོད་ལས། ཕྱོགས་བཅུ་དུས་གསུམ་སངས་རྒྱས་རྣམས། །བླ་མའི་སྐུ་ཡི་རྣམ་འཕྲུལ་ཡིན། །ཆོས་ཀུན་གསུང་གི་རྣམ་འཕྲུལ་སྟེ། །ཇི་ལྟ་ཇི་སྙེད་མཁྱེན་པ་ཡི། །ཡེ་ཤེས་སམ་ནི་རྣམ་རྟོག་ཀུན། །བླ་མའི་ཐུགས་ཀྱི་རྣམ་འཕྲུལ་ཡིན། །ཕུང་པོ་ལྔ་ནི་སངས་རྒྱས་ལྔ། །ཉོན་མོངས་
ལྔ་ནི་ཡེ་ཤེས་ལྔ། །འབྱུང་བ་ལྔ་ནི་ལྷ་མོ་ལྔ། །ཚོགས་བརྒྱད་རྣམ་ཤེས་བྱང་སེམས་བརྒྱད། །ཚིག་ཆེན་བཅུ་ནི་ཁྲོ་བོ་བཅུ། །རྩ་ཁམས་དཔའ་བོ་དཔའ་མོར་བཞུགས། །སྐུ་ལ་ཞིང་ཁམས་དཔག་མེད་སྣང་། །གསུངས། དེ་དག་ལ་དགོངས་ནས་པཎ་ཆེན་ཐམས་ཅད་མཁྱེན་པས་ཀྱང་། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། །གསུངས། བླ་མ་ལས་ལྷག་པའི་ལྷ་ཞིག་གཞན་དུ་ཡོད་པར་འདོད་ན་དངོས་གྲུབ་གང་ཡང་མི་འཐོབ་སྟེ། བྱ་ཡུལ་བ་ནས་བརྒྱུད་པའི་ལམ་རིམ་ལས། བླ་མ་བས་བཟང་བའི་རྡོ་རྗེ་འཆང་ངམ། ཡི་དམ་གྱི་ལྷ་ཞིག་ལོགས་སུ་ཡོད་པར་འདོད་ན་ནི། གང་ཟག་དེའི་རྒྱུད་ལ་དངོས་གྲུབ་གང་ཡང་མི་འཐོབ་གསུངས། ལྷག་པའི་ལྷ་ནི་བླ་མ་ཡིན་ཏེ། ལམ་རིམ་ལས། སྐྱབས་གནས་ཀུན་འདུས་བླ་མ་ལྷག་པའི་ལྷ། །ཞེས་གསུངས། རིམ་ལྔ་ལས། འདི་ནི་རང་བྱུང་བཅོམ་ལྡན་འདས། །ལྷག་པའི་ལྷ་ནི་གཅིག་པུ་ཉིད། །མན་ངག་རབ་ཏུ་སྟེར་བའི་ཕྱིར། །རྡོ་རྗེ་སློབ་དཔོན་དེ་བས་ལྷག །གསུངས། དེས་ན་སྐྱབས་གནས་ཀུན་འདུས་ལྷག་པའི་ལྷ་མཆོག་བླ་མ་དགེ་བའི་བཤེས་གཉེན་
བསྟེན་ན་ཕན་ཡོན་ཆེ་སྟེ། སྡུད་པ་ལས། གཡེལ་བ་མེད་པར་དགེ་བའི་བཤེས་གཉེན་བསྟེན་པར་བྱ། །ཅིའི་ཕྱིར་ཞེན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ཞེས་དང་། སྐྱེས་རབས་ལས། དམ་པ་རྣམས་ནི་སུས་ཀྱང་མི་སྲིང་སྟེ། །དུལ་བའི་ཚུལ་གྱིས་དགེ་བ་བསྟེན་པར་བྱ། །དེ་དང་ཉེ་ན་དེ་ཡི་ཡོན་ཏན་རྡུལ། །ཆེད་དུ་མ་བགོས་པར་ཡང་གོས་པར་འགྱུར། །ཞེས་གསུངས། བླ་མ་ཡིད་ལ་བྱེད་ཅིང་རྟག་ཏུ་བསྒོམ་ན་ཡོན་ཏན་དཔག་མེད་ཐོབ་སྟེ། སྡོང་པོ་བཀོད་པའི་མདོ་ལས། དགེ་བའི་བཤེས་གཉེན་ཡིད་ལ་བྱེད་པ་དང་མ་བྲལ་བ་ལ་དོན་ཐམས་ཅད་མངོན་སུམ་དུ་འགྱུར་རོ། །ཞེས་དང་། ཡེ་ཤེས་གསང་བ་སྒྲོན་མའི་རྒྱུད་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་སྟོང་དུ་བསྒོམ་པ་བས། །བླ་མ་དྲན་པ་འབུམ་ཆར་མིན། །ལྷ་སྐུ་མ་སྒོམས་བླ་མ་སྒོམས། །ལྷ་སྐུ་བྱེ་བ་བསྒོམས་པ་བས། །བླ་མ་དྲན་པ་བསོད་ནམས་ཆེ། །ཞེས་དང་། དམ་ཚིག་བཀོད་པའི་རྒྱུད་ལས། ལྷ་སྐུ་བྱེ་བ་ཕྲག་བསྒོམས་པས། །གང་ཞིག་བླ་མ་གཅིག་བསྒོམས་པ། །བསོད་ནམས་འབུམ་གྱིས་ཆར་མི་
ཕོད། །ཅེས་དང་། བདུད་རྩི་འབྱུང་བའི་རྒྱུད་ལས། ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་གཅིག་པུ་བསྒོམ་པ་མཆོག །ཅེས་དང་། རྒྱུད་ཆེན་དྲྭ་བ་ལས། བླ་མ་སངས་རྒྱས་ཀུན་གྱི་རྗེ། །རྒྱལ་བའི་མན་ངག་གསང་ཆེན་རྣམས། །སྟོན་པ་རྡོ་རྗེའི་ཐུགས་ལ་གནས། །གཙོ་རུ་བླ་མ་རྡོར་འཛིན་སྒོམས། །ཞེས་དང་། སངས་རྒྱས་འདུལ་བ་ལས། གང་གིས་གདུལ་བྱའི་ཡིད་བཞིན་དུ། །བླ་མ་སྒྲུབ་པའི་ཐབས་བརྩམས་ཏེ། །དེ་ཉིད་དོན་དུ་སུས་གཉེར་བ། །ཐེག་ཆེན་བླ་མའི་ས་ནོན་ཏེ། །ཀུན་གྱི་བདག་ཉིད་ཆེན་པོར་འགྱུར། །ཞེས་དང་། ནམ་མཁའ་ཆེ་ཡི་རྒྱུད་ལས། ཚོགས་གཉིས་མྱུར་རྫོགས་སྙིང་པོ་ཡི། །དོན་རྟོགས་འདོད་ན་བླ་མ་སྒྲུབས། །ཞེས་དང་། གསང་འདུས་རྒྱུད་ལས། སློབ་དཔོན་སྙིང་གར་རབ་བསྒོམས་ན། །བྱང་ཆུབ་འདི་ཡིས་ཐོབ་འགྱུར་ཞིང་། །ངོ་མཚར་ཆེན་པོའི་དངོས་གྲུབ་ཡིན། །སྐུ་གསུང་ཐུགས་ནི་ཐོབ་པར་འགྱུར། །ཞེས་དང་། ཨ་ཏི་བཀོད་པ་ཆེན་པོའི་རྒྱུད་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །སྤྱི་བོའི་གཙུག་ཏུ་སུས་བསྒོམས་པ། །སངས་
རྒྱས་སྟོང་གི་ཡོན་ཏན་ནི། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། བླ་མ་བསྒོམ་པའི་གནས་ནི། སྒྱུ་འཕྲུལ་དྲྭ་བའི་རྒྱུད་ལས། ལྷམ་དང་སྟན་ནི་སྤྱི་བོར་བླངས། །ཐུགས་ཀར་ཕོ་བྲང་བཅས་པ་སྟེ། །རྟག་ཏུ་དེར་བསམ་གཞན་དུ་མིན། །དེ་ཡི་བཀའ་ལས་འདས་མི་བྱ། །ཞེས་དང་། རྗེ་བཙུན་མི་ལས། འབྲལ་མེད་སྤྱི་བོར་གསལ་ཐོབ་ལ། །བརྗེད་མེད་སྙིང་གི་དཀྱིལ་དུ་སྒོམས། །ཞེས་དང་། ཟབ་དོན་ཆོས་ཀྱི་གཏེར་མཛོད་ལས། སྙིང་གི་དབུས་སམ་སྤྱི་གཙུག་ཏུ། །བླ་མ་སྒོམས་ལ་གསོལ་བ་གདབ། །གསུངས། བསྒོམས་ནས་ཡན་ལག་བདུན་པ་སོགས་ཀྱི་སྒོ་ནས་མཆོད་ན་བསོད་ནམས་ཆེ་སྟེ། སའི་སྙིང་པོའི་མདོ་ལས། བླ་མ་ལ་བསྙེན་བཀུར་བྱེད་པ་ནི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་དང་ལྡན་པའོ། །ཞེས་དང་། སངས་རྒྱས་ཀྱི་ཡོན་ཏན་རྣམ་པར་སྤྲུལ་པ་དཔག་ཏུ་མེད་པ་ཐམས་ཅད་འདི་ལས་བྱུང་། ཞེས་དང་། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ་ལས། དེ་བས་བྱང་ཆུབ་སེམས་དཔའི་བླ་མ་ལ་བསྟེན་ཏེ་བསོད་ནམས་ཀྱི་ཚོགས་ཐམས་ཅད་རྫོགས་པར་བྱེད་པའོ། །ཞེས་
དང་། དུས་ཀྱི་འཁོར་ལོའི་རྒྱུད་ལས། བསྐལ་པ་དུས་གསུམ་ཐམས་ཅད་དུ། །དཀོན་མཆོག་གསུམ་ལ་མཆོད་པ་དང་། །སྲོག་ཆགས་བྱེ་བའི་སྲོག་བསྐྱབས་པས། ཚེ་འདིར་སངས་རྒྱས་མི་འཐོབ་སྟེ། །ཡོན་ཏན་རྒྱ་མཚོའི་བླ་མ་ལ། །དད་པའི་སེམས་ཀྱིས་མཆོད་བྱས་ན། །ཚེ་འདིར་རྫོགས་པའི་སངས་རྒྱས་ཐོབ། །ཅེས་དང་། དཔལ་སམ་བྷུ་ཊཱའི་རྒྱུད་ལས། གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང་། །བྱང་ཆུབ་སེམས་དཔའི་བསོད་ནམས་བས། །སློབ་དཔོན་བ་སྤུའི་ཁུང་གཅིག་མཆོག །དེ་ཕྱིར་བསོད་ནམས་ཁྱད་པར་འཕགས། །ཞེས་དང་། ཡོན་ཏན་བདུད་རྩིའི་རྒྱ་མཚོ་འབྱུང་བའི་རྒྱུད་ལས། །ནམ་མཁའ་གང་བའི་སངས་རྒྱས་ལ། །སྣ་ཚོགས་རིན་ཆེན་སྤྲས་པ་ཡི། །སྟོང་གསུམ་གང་བར་ཕུལ་བ་བས། །བླ་མའི་བ་སྤུ་ཉག་གཅིག་ལ། །མར་གྱི་ཐིག་པ་གཅིག་བྱུགས་པ། །བསོད་ནམས་བརྒྱ་ཕྲག་ཆར་མི་ཕོད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས། བླ་མེད་བྱེད་པ་སློབ་དཔོན་ནི། །རྡོ་རྗེ་སེམས་དཔའ་མཆོད་བྱས་པས། །དེ་ཡི་བསོད་ནམས་མ་བྱས་ཅི། །དཀའ་ཐུབ་མ་བརྟེན་གང་ཞིག་ཡོད། །ཅེས་
དང་། འཁོར་ལོ་བཀོད་པའི་རྒྱུད་ལས། སློབ་དཔོན་ལ་ཕྱག་དང་བསྐོར་བ་བྱེད་པ་དང་། མེ་ཏོག་འཐོར་བ་དང་། ཡུལ་དང་མཁར་ལ་སོགས་པ་རང་གི་དབང་པོའི་སྤྱོད་ཡུལ་དུ་འོང་བ་དག་གུས་པས་འབུལ་ཞིང་། མ་གུས་པ་ཐམས་ཅད་སྤོང་བ་དེ་ནི་དམ་ཚིག་ཅན་རྣམས་ཀྱིས་བསྲུང་བ་དང་། སྐྱོབ་པར་བྱེད་ཅིང་དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར་རོ། །དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ལུང་སྟོན་པར་འགྱུར་རོ། །བདུད་ཐམས་ཅད་ཀྱིས་མི་ཚུགས་པར་འགྱུར་རོ། །སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རིང་པོར་མི་ཐོགས་པར་འགྱུར་རོ། །ཞེས་དང་། ཡེ་ཤེས་རྒྱ་མཚོའི་རྒྱུད་ལས། རང་གི་རྫས་དང་ཡོ་བྱད་ཀྱིས། །བླ་མ་མཉེས་པར་སུས་བྱས་པ། །འདིས་ནི་ཁམས་གསུམ་འཁོར་བ་ལས། །སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ། །མྱ་ངན་འདས་པའི་སར་གཤེགས་སོ། །ཞེས་དང་། རྡོ་རྗེ་རོ་ལངས་ཀྱི་རྒྱུད་ལས། གང་གི་བླ་མ་རྡོ་རྗེ་འཆང་། །བཟའ་བཏུང་ཕུད་ཀྱིས་རྟག་ཏུ་མཆོད། །འདིར་ཡང་བཟའ་བཏུང་འཕེལ་བ་དང་། །འཁོར་ལོས་སྒྱུར་རྒྱལ་ཐོབ་པར་འགྱུར། །ཅེས་དང་།
སློབ་དཔོན་ཀླུ་སྒྲུབ་ཀྱིས། མཆོད་པ་ཐམས་ཅད་ཡོངས་སྤངས་ལ། །བླ་མ་མཆོད་པ་ཡང་དག་བརྩམ། །དེ་མཉེས་པས་ནི་ཀུན་མཁྱེན་གྱི། །ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །ཞེས་དང་། བླ་མ་དེ་ཉིད་མཆོད་དུས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་བླ་མའི་ལུས་ལ་བཞུགས་ནས་མཆོད་པ་བཞེས་ཏེ། འཇམ་དཔལ་ཞལ་ལུང་ལས། འདི་ཡི་དོན་ལྡན་འགའ་ཞིག་ལ། །ང་ནི་དེ་ཡི་ལུས་གནས་ཏེ། །སྒྲུབ་པོ་གཞན་ལས་མཆོད་པ་ལེན། །དེ་མཉེས་དེ་ཡི་རང་གི་རྒྱུད། །ལས་ཀྱི་སྒྲིབ་པ་དག་བྱེད་པའོ། །ཞེས་གསུངས། དེས་ན་བླ་མ་མཆོད་ན་སངས་རྒྱས་ཐམས་ཅད་མཆོད་པ་དང་ཁྱད་པར་མེད་དེ། བླ་མ་ལྔ་བཅུ་པ་ལས། དེ་བྱིན་སངས་རྒྱས་ཐམས་ཅད་ལ། །རྟག་ཏུ་ཕུལ་བ་ཉིད་དུ་འགྱུར། །དེ་ཕུལ་བསོད་ནམས་ཚོགས་ཡིན་ཏེ། །ཚོགས་ལས་དངོས་གྲུབ་མཆོག་ཏུ་འགྱུར། །ཞེས་དང་། མཁའ་འགྲོ་མ་ཟིལ་གྱིས་གནོན་པའི་རྒྱུད་ལས། རྡོ་རྗེ་སློབ་དཔོན་ལ་བསྙེན་བཀུར་བ་དང་། མཆོད་པས་ནི་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་བསྙེན་བཀུར་བ་དང་མཆོད་པ་ཡིན། གསུངས། མཆོད་ནས་
གསོལ་བ་འདེབས་དུས་བླ་མ་དུས་གསུམ་སངས་རྒྱས་དངོས་ཡིན་སྙམ་པའི་ཡིད་ཆེས་ཀྱི་དད་གུས་མོས་པ་གལ་ཆེ་སྟེ། ལག་ན་རྡོ་རྗེ་དབང་བསྐུར་བའི་རྒྱུད་ལས། གསང་བའི་བདག་པོ་སློབ་དཔོན་ལ་སློབ་མས་ཇི་ལྟར་བལྟ་བར་བྱ་ཞེ་ན། སངས་རྒྱས་བཅོམ་ལྡན་འདས་ལ་ཇི་ལྟ་བ་དེ་བཞིན་དུའོ། དེ་ཡི་སེམས་ནི་དེ་ལྟ་ན། །རྟག་ཏུ་དགེ་བ་སྐྱེ་བར་འགྱུར། །དེ་ནི་འཇིག་རྟེན་ཐམས་ཅད་ལ། །ཕན་པར་བྱེད་པའི་སངས་རྒྱས་འགྱུར། །ཞེས་དང་། ཟབ་ཆོས་གཏེར་མཛོད་ལས། །བླ་མར་ཕྱོགས་པའི་སློབ་མ་ལ། །རྟོགས་པ་ནང་ནས་མི་འཆར་རོ། །བླ་མ་སངས་རྒྱས་མཐོང་བ་ན། སངས་རྒྱས་བྱིན་རླབས་རང་ལ་འབྱུང་། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས། ཡིད་ཁྱེད་ཤེས་ཀྱི་དད་པས་བྱིན་རླབས་འཇུག །སེམས་ཐེ་ཚོམ་དང་བྲལ་བས་ཅི་བསམ་འགྲུབ། །ཅེས་དང་། མ་གཅིག་གིས། དད་པ་ཡོད་པའི་མི་རྣམས་ལ། །དགོས་འདོད་ཐམས་ཅད་འབྱུང་བར་འགྱུར། །ཞེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། བླ་མ་ལ་གུས་ཡོད་གྱུར་ན། །དངོས་གྲུབ་འདི་ལ་ཐེ་ཚོམ་མེད། །ཅེས་དང་། ཀུན་
མཁྱེན་ཀློང་ཆེན་རབ་འབྱམས་པས། སྤྱི་བོར་བླ་མ་ཡིད་བཞིན་ནོར་བུ་སྒོམས། །རྩེ་གཅིག་ཡིད་ཀྱིས་གསོལ་བ་འདེབས་པའི་ཚེ། །མོས་གུས་གདུངས་ཤུགས་ངེས་པར་གཅེས་སོ་ཨང་། །ཞེས་དང་། རྗེ་བཙུན་མི་ལས། བླ་མ་དུས་གསུམ་སངས་རྒྱས་ལ། །ཡིད་དུང་ངེ་བ་ལ་འབྲལ་དུས་མེད། །གསུངས་པ་ལྟ་བུ་ཞིག་དགོས། བླ་མ་ཐ་མལ་དུ་བལྟས་ནས་གསོལ་བ་ཅི་ཙམ་བཏབ་ཀྱང་བྱིན་རླབས་མི་འབྱུང་སྟེ། ཇོ་བོ་ལ། དགེ་བཤེས་སྟོན་པས། བོད་ལ་བསྒོམ་བྱེད་པ་མང་པོ་ཡོད་པ་ལ་ཡོན་ཏན་ཁྱད་པར་ཅན་བརྙེད་པ་མི་བདོག་ཞུས་པས། ཇོ་བོའི་ཞལ་ནས། ཐེག་ཆེན་གྱི་ཡོན་ཏན་ཆེ་སྐྱེས་ཆུང་སྐྱེས་ཐམས་ཅད་བླ་མ་ལ་བསྟེན་ནས་སྐྱེ་བ་ལ། ཁྱེད་བོད་བླ་མ་ལ་ཐ་མལ་བའི་འདུ་ཤེས་ལས་མེད། ག་ལ་སྐྱེ། གསུངས། ཟབ་ཆོས་གཏེར་མཛོད་ལས། བཀའ་དྲིན་ཅན་གྱི་བླ་མ་ལ། །སྐྱེ་བོ་ཕལ་པར་མཐོང་བ་ན། །ཉམས་རྟོགས་བྱིན་རླབས་མི་འབྱུང་ངོ་། །ཞེས་དང་། རྡོ་རྗེ་གདན་བཞིའི་རྒྱུད་ལས། བླ་མ་ལ་གུས་མེད་གྱུར་ན། །བསྒྲུབས་ཀྱང་འགྲུབ་པར་མི་འགྱུར་རོ། །གསུངས། དེས་ན་བླ་མ་ལ་སངས་རྒྱས་དངོས་ཀྱི་འདུ་
ཤེས་ཀྱིས་གསོལ་བ་འདེབས་ཚུལ་ནི། ཨོ་རྒྱན་རིན་པོ་ཆེས། རྩེ་གཅིག་གདུངས་བའི་དབྱངས་ནི་འདི་ལྟ་སྟེ། །ཁྱེའུ་ཕ་མར་འབོད་འདྲའི་གདུངས་དབྱངས་ལ། །པི་ཝང་གླིང་བུའི་གདངས་ལྟར་སྙན་པ་ཡིས། །ཉིན་མཚན་དུས་དྲུག་རྣམས་སུ་གསོལ་བ་ཐོབ། །ཅེས་དང་། ཟབ་ཆོས་གཏེར་མཛོད་ལས། ཉིན་མཚན་སྦྲེལ་ལ་གསོལ་བ་གདབ། །མཆི་མས་བང་པར་གསོལ་བ་གདབ། །གསུངས། དེ་ལྟར་དད་གུས་དྲགས་པོས་གསོལ་བ་བཏབ་ན་ཕན་ཡོན་ཆེ་སྟེ། ཡེ་ཤེས་གསལ་བ་སྒྲོན་མའི་རྒྱུད་ལས། བཟླས་པ་བྱེ་བ་ས་ཡ་བས། །བླ་མའི་གསོལ་འདེབས་ཚིག་གཅིག་དགའ། །ཞེས་དང་། དགེ་བཤེས་སྟོན་པས། རྟེན་གང་ལ་གསོལ་བ་བཏབ་པ་བས་ཇོ་བོ་ལ་གསོལ་བ་བཏབ་པ་བྱིན་རླབས་ཆེ་བ་བྱུང་གསུངས། རྗེ་བཙུན་མི་ལས། སྙིང་མི་དགའ་ན་རྗེ་ལ་གསོལ་བ་ཐོབ། །རྗེ་བླ་མའི་བྱིན་རླབས་སེམས་ལ་ཕན། གསུངས། དེ་དག་སོགས་ལ་དགོངས་ནས། རི་ཆོས་མཐོང་བ་འཛུམ་འཆོར་ལས། རང་སེམས་ངོ་བོ་སྐྱོང་བ་ལས། །བྱ་རྒྱུ་ཅི་ཡང་མེད་པ་ལ། །བླ་མའི་གསོལ་
འདེབས་ཚིག་གསུམ་ལས། །འདོན་རྒྱུ་བསྒྲུབ་རྒྱུ་མེད་པར་བྱས། །གསུངས། དེ་ལྟར་བླ་མའི་རྣལ་འབྱོར་བསྒོམ་ན་ཚེ་གཅིག་ལུས་གཅིག་ལ་རྫོགས་པའི་སངས་རྒྱས་མངོན་དུ་བྱེད་དེ། ཨོ་རྒྱན་ཆེན་པོས། དེ་ལྟར་ཐུན་བཞིར་ཉམས་སུ་བླངས་ན། བླ་མའི་བྱིན་རླབས་བུམ་པ་གང་བྱོས་ཚུལ་དུ་ཐོབ་ནས། ཚེ་གཅིག་མགོན་པོ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པར་བྱེད་པ་ལ་ཟབ་ལམ་བླ་མའི་རྣལ་འབྱོར་ཟེར། གསུངས། གཞན་ཡང་སློབ་དཔོན་འཕགས་པའི་རིམ་ལྔ་ལས། རི་དབང་རྩེ་ནས་གང་ཞིག་ལྷུང་གྱུར་ན། །ལྷུང་བར་མི་བྱ་སྙམ་ཡང་ལྷུང་བར་འགྱུར། །བླ་མའི་དྲིན་གྱིས་ཕན་པའི་ལུང་ཐོབ་ན། །གྲོལ་བར་མི་འགྱུར་སྙམ་ཡང་གྲོལ་བར་འགྱུར། །ཞེས་དང་། རྗེ་རིན་པོ་ཆེས། མཉན་ན་ཚིག་མི་ཟིན། བསམ་ན་དོན་མི་གོ །བསྒོམས་ན་རྒྱུད་ལ་མི་སྐྱེ་བར་བློའི་མཐུ་ཤིན་ཏུ་ཆུང་བའི་དུས་སུ་ཞིང་གི་མཐུ་ལ་བརྟེན་པ་མན་ངག་ཡིན་གསུངས་པ་དང་། ཏཱེ་ལོ་བས། བོགས་འདོན་ཀུན་གྱི་མཆོག་གྱུར་པ། །བླ་མ་ཡིན་ནོ་ནཱ་རོ་བ། །ཞེས་དང་། རྨོག་ཅོག་པས། ཐུགས་རྗེ་ཆེན་པོ་དཀར་ནའང་དཀར། །རྗེ་བཙུན་མ་དམར་
ནའང་དམར། ཀྱེེ་རྡོ་རྗེ་སྔོ་ནའང་སྔོ། ང་ནི་གང་དུ་འདུག་ཀྱང་བླ་མའི་སྣང་བ་དང་འབྲལ་མ་མྱོང་། ཚེ་གཅིག་གི་སངས་རྒྱས་སམ་དེ་ནི་ད་ཡོང་ཡོང་འདྲ། ཞེས་གསུངས། དེ་བཞིན་དུ་མདོ་རྒྱུད་མན་ངག་ཀུན་ནས་བླ་མ་བསྟེན་མཆོད་སྒྲུབ་པའི་ཕན་ཡོན་མཐའ་ཡས་པ་གསུངས་པ་རྣམས་ལ་ཡིད་ཆེས་ཀྱི་ངེས་པ་རྙེད་པར་བྱས་ནས། བླ་མའི་རྣལ་འབྱོར་བསྒོམ་པ་ལ་འབད་པར་བྱའོ། །སྨྲས་པ། ཡིད་ལ་དྲན་པ་ཙམ་གྱིས་ཀྱང་། །སྲིད་ཞིའི་འཇིགས་པ་ཀུན་ལས་གྲོལ། །མཆོད་བསྟོད་གསོལ་བ་བཏབ་ཙམ་གྱིས། །མཆོག་ཐུན་དངོས་གྲུབ་ཆར་བཞིན་འབེབས། །སྐྱབས་གནས་ཐམས་ཅད་འདུས་པའི་སྐུ། །སྐུ་དྲིན་འཁོར་མེད་བླ་མ་ལ། །བསྟེན་ནས་རང་གཞན་སེམས་ཅན་ཀུན། །ཀུན་མཁྱེན་གོ་འཕང་མྱུར་ཐོབ་ཤོག །ཅེས་པ་འདི་ཡང་སློབ་བུ་འཇིགས་མེད་རྒྱལ་མཚན་གྱིས་བསྐུལ་ངོར། ༧བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས། བླ་མ་ལྷ་དང་མཁའ་འགྲོ་ཆོས་སྐྱོང་སྤྲིན་བཞིན་འདུ་བའི་གནས་མཆོག་གངས་རིའི་རྫུ་འཕྲུལ་ཕུག་གི་དབེན་གནས་སུ་སྦྱར་བའོ། །སརྦ་མངྒ་ལཾ།། །།
རྟེན་བཞེངས་བྱས་པའི་ཕན་ཡོན།
རྟེན་བཞེངས་བྱས་པའི་ཕན་ཡོན་ནི། །ཚེ་འདིར་བདེ་ཞིང་ཕྱི་མར་སངས་རྒྱས་འགྱུར། །རྟེན་ཀུན་མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད། །སྡིག་ཅན་ཡིན་ཡང་མཐོ་རིས་གནས་སུ་འགྲོ། །ཕྱག་བསྐོར་བྱས་ན་འཁོར་ལོས་བསྒྱུར་བར་སྐྱེ། །མར་མེ་ཕུལ་ན་གཟུགས་མཛེས་ཤེས་རབ་གསལ། །གསོལ་བ་བཏབ་ན་བྱིན་རླབས་དངོས་གྲུབ་ཐོབ། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་འགྱུར། །སྐུ་གསུང་ཐུགས་རྟེན་བཞེངས་པའི་བསོདནམས་མཐུས། །རྒྱལ་བསྟན་དར་ཞིང་འགྲོ་ཀུན་སངས་རྒྱས་ཤོག །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ལོ་ཡག་ཅིང་། །བཀྲ་ཤིས་ཆེན་པོས་ས་གསུམ་ཁྱབ་གྱུར་ཅིག། །།ཅེས་རྟེན་བཤད་ཀུན་འདུས་ནོར་བུ་འདི་ནི་༧ཞབས་དཀར་པས་སྦྱར་བའོ།། །།བཀྲ་ཤིས་སོ།། །།
སྲོག་ཤིང་འབྲི་ཚུལ་མདོར་བསྡུས།
༈ སྲོག་ཤིང་འབྲི་ཚུལ་མདོར་བསྡུས་བཞུགས་སོ། ཤར་ངོས་ལ། ཨོཾ་བཛྲ་སཏྭ་ཧཱུཾ། སངས་རྒྱས་བསྟན་པ་དར་བར་ཤོག ལྷོ་ངོསལ། ༀ་མ་ཎི་པད་མེ་ཧཱུཾ། འགྲོ་ལ་བདེ་སྐྱིད་འབྱུང་བར་ཤོག །ནུབ་ངོས་ལ། ༀ་ཨ་ར་པ་ཙན་དྷཱི། ཆར་ཆུ་དུས་སུ་འབབ་པར་ཤོག །བྱང་ངོས་ལ།
ཨོཾ་བཛྲ་པཱ་ཎི་ཧཱུྃ། ལོ་ཕྱུགས་རྟག་ཏུ་ལེགས་པར་ཤོག །ཅེས་པ་འདི་ནི་ཕྱོགས་མེད་རྒྱལ་ཁམས་འགྲིམས་པའི་རྣལ་འབྱོར་ཞབས་དཀར་པས་སྦྱར་བའོ། །བཀྲིས་དགེ་ལེགས་འཕེལ། ༈ བླ་མ་ཡི་དམ་མཆོག་གསུམ་བྱིན་རླབས་དང་། །རྟེན་འདི་བཞེངས་པའི་ཐུགས་རྗེ་ལ་བརྟེན་ནས། །དམིགས་ཡུལ་སྦྱིན་བདག་ཕོ་མོ་ཐམས་ཅད་ཀྱི། །ནད་གདོན་བར་ཆད་མ་ལུས་ཞི་བ་དང་། །དབང་ཐང་རིག་རྒྱུད་མྱུར་དུ་འཕེལ་བར་མཛོད། ཤར་དུ་བྲི། ལྷོར་ཡང་གཞན་གོང་བཞིན་ལ། ཕོ་མོ་ཐམས་ཅད་ཀྱི། །ཚེ་དཔལ་སྟོབས་འབྱོར་མངའ་ཐང་རྒྱས་པ་དང་། །དབང་ཐང་༴ ནུབ་ཏུ། ཁམས་གསུམ་མི་ནོར་ཟས་གསུམ་དབང་སྡུས་ལ། དབང་ཐང་༴ བྱང་དུ། གནོད་བྱེད་དགྲ་བགེགས་ཐམས་ཅད་ཚར་ཆོད་ལ། །དབང་ཐང་རིག་རྒྱུད་མྱུར་དུ་འཕེལ་བར་མཛོད། །ཅེས་སྲོག་ཤིང་གི་སྤེལ་ཚིག་འདི་མཇུག་ཏུ་བྲི་བར་བྱའོ།།
རྟེན་བཤད་ཀུན་འདུས་ནོར་བུ།
༈ རྟེན་བཤད་ཀུན་འདུས་ནོར་བུ་བཞུགས་སོ། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །བསླུ་མེད་དཀོན་མཆོག་གསུམ་ལ་སྐྱབས་སུ་མཆི། །སྐུ་གསུང་ཐུགས་རྟེན་བཞེངས་ཚད་ཐམས་ཅད་ཀྱིས། །བསྟན་འགྲོ་ཡོངས་ལ་ཕན་པར་བྱིན་གྱིས་རློབས། །ཀུན་ལ་དགེ་སྐུལ་བྱས་པས་ཕྱོགས་
ཕྱོགས་སུ། །ངོ་མཚར་ལྷ་ཁང་བརྒྱ་དང་རྩ་བརྒྱད་བཞེངས། །རྟེན་བཞེངས་བྱས་ཚད་ནང་ན་རྟེན་གྱི་རིགས། །ཁྱད་འཕགས་ཡོད་ཚད་བཤད་ཀྱིས་དགའ་བས་ཉོན། །ཀུན་གྱིས་སྐྱབས་མགོན་རྒྱལ་བ་ཡབ་སྲས་དང་། །ས་སྐྱ་པཎ་ཆེན་གཏེར་བདག་གླིང་པ་ཡིས། །བསྟན་འགྲོའི་བདེ་ཐབས་རྟེན་བཞེངས་སོགས་ལ་དགོངས། །གཞུང་དང་བླ་བྲང་ས་སྐྱ་སྨིན་གླིང་གིས། །བསྡུས་པའི་བྱིན་རྟེན་ཕབ་རྒྱུན་རིལ་བུ་སོགས། །རང་གི་ལག་ཏུ་བྱིན་རྟེན་གང་བྱུང་རྣམས། །མདོ་སྨད་བསྟན་འགྲོ་ཡོངས་ལ་ཕན་པའི་ཕྱིར། །ཐམས་ཅད་ཀུན་འདུས་ནོར་བུའི་ལུགས་སུ་བྱས། །ཕྱོགས་གཅིག་བསྡུས་ནས་རིལ་བུ་མང་པོ་བྱས། །བྱིན་ཕབ་སྨོན་ལམ་བཀྲ་ཤིས་བརྗོད་བཞིན་དུ། །རྟེན་བཞེངས་མཁན་ལ་བྱིན་པའི་རིལ་བུ་ཡི། །ནང་ན་བྱིན་རྟེན་ཡོད་ཚུལ་འདི་ལྟ་སྟེ། །རྣམ་འདྲེན་སྟོང་གི་ནང་ནས་པད་དཀར་ལྟར། །བསྔགས་པའི་འདྲེན་མཆོག་ཤཱཀྱའི་འཕེལ་གདུང་སོགས། །སངས་རྒྱས་བྱང་སེམས་མང་པོའི་འཕེལ་གདུང་བཞུགས། །སློབ་དཔོན་པད་འབྱུང་ཡབ་ཡུམ་བྱང་སེམས་དང་། །ཇོ་བོའིན་བཟའ་འབྲོམ་
སྟོན་དབུ་ལོ་དང་། །རྒྱལ་བ་གཉིས་པའི་ཤངས་མཚལ་སྐུ་ཆོས་དང་། །རྗེ་བཙུན་མི་ལའི་སྒོམ་ཐག་ཆ་ཤས་དང་། །དམ་པ་རྒྱ་གར་མ་གཅིག་ཐང་སྟོང་སོགས། །སྐྱེས་ཆེན་གོང་མའི་དབུ་སྐྲ་ན་བཟའ་དང་། །གཞན་ཡང་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། །ཁྲི་སྲོང་ལྡེ་བཙན་རྒྱལ་བ་པཎ་ཆེན་དང་། །ས་སྐྱ་གོང་མ་ཀུན་མཁྱེན་ཀརྨ་པ། །འབྲི་གུང་སྐྱོབ་པ་འབྲུག་པ་པདྨ་དཀར། །ཀུན་མཁྱེན་ཀློང་ཆེན་གཏེར་བདག་གླིང་པ་སོགས། །ཆོས་རྒྱལ་པཎ་གྲུབ་སྐུ་ཡི་ཆ་ཤས་ལས། །བྱུང་བའི་དབུ་ལོ་ཕྱག་སེན་ཞལ་མཆིལ་དང་། །ཤངས་ཁྲག་ན་བཟའ་བྱིན་ཅན་མང་པོ་དང་། །སྐྱེ་བདུན་སྐུ་ཤ་བླ་མའི་སྐུ་པུར་སོགས། །བྱིན་རྟེན་ཁྱད་འཕགས་སྟོང་ཕྲག་ལྷག་ཙམ་འདུས། །རྒྱལ་དབང་ལྔ་པས་ཁམས་གསུམ་དབང་སྡུད་དུས། །རྒྱ་གར་རྒྱ་ནག་བལ་པོ་བོད་ཡུལ་སོགས། །རྒྱལ་ཁམས་ཀུན་གྱི་དགོན་གནས་ས་སྣ་ཀུན། །ཕྱོགས་གཅིག་བསྡུས་པའི་ཕབ་རྒྱུན་རིལ་བུ་སོགས། །རང་གི་ལག་ཏུ་གང་བྱུང་ཐམས་ཅད་པོ། །སླར་ཡང་ཕྱོགས་གཅིག་བསྡོམས་ནས་རིལ་བུ་རུ། །བྱས་པའི་ནང་ན་ཡོད་ཚུལ་འདི་ལྟ་སྟེ། །བདག་ཅག་སྟོན་པ་སྔོན་
དུས་སངས་རྒྱས་ས། །རྒྱ་གར་རྡོ་རྗེ་གདན་གྱི་ས་སྣ་དང་། །བྱང་ཆུབ་ཤིང་གི་ཡལ་ག་ལོ་མ་དང་། །ཟ་ཧོར་རྒྱལ་པོས་པད་འབྱུང་བསྲེགས་དུས་སུ། །འཁྲུངས་པའི་པདྨ་ཅན་གྱི་ཤིང་སྣ་དང་། །མི་ལ་རས་པར་ཁོ་ཁོམ་རྒྱལ་པོ་ཡིས། །ཕུལ་པའི་ཨ་རུ་རྣམ་རྒྱལ་ཆ་ཤས་དང་། །དྭགས་པོའི་སློབ་མ་གྲུབ་ཐོབ་བཅོ་བརྒྱད་ཀྱིས། །འཛམ་གླིང་ས་སྣ་བསྡུས་པའི་མཆོད་རྟེན་ས། །འབྲུག་པའི་སྐུ་རིང་འགའ་རེར་བཞེས་པ་ཡི། །ཙཱ་རིའི་ཀླུ་བདུད་རྡོ་རྗེའི་རྩྭ་སྣ་དང་། །ཕྱི་ཡི་རྒྱ་མཚོ་གངྒཱའི་ཆུ་རྒྱུན་དང་། །སེང་གེའི་འོ་མ་རིན་ཆེན་བྱེ་མ་དང་། །ཙཱ་རི་གངས་རི་ལ་ཕྱི་གནས་ཆེན་དང་། །ལྷ་ལྡན་བསམ་ཡས་སེར་འབྲས་དགེ་གསུམ་སོགས། །སྟོད་སྨད་བར་གསུམ་བྱིན་ཅན་དགོན་གནས་ཀྱི། །ས་སྣ་ཤིང་སྣ་མི་འདྲ་ལྔ་བརྒྱ་ཡོད། །གཞན་ཡང་མྱོང་གྲོལ་བདུད་རྩི་ཆོས་སྨན་དང་། །མ་ཎི་རྟེན་འདུས་རིལ་བུ་གཟུངས་སྔགས་སོགས། །སྐུ་རེའི་ནང་ན་རྟེན་གསུམ་ཡོད་ཚད་པོ། །སོ་སོར་ཞིབ་ཏུ་བཤད་ན་བརྗོད་མི་ལངས། །བཤད་རྒྱུ་མང་ན་དད་མེད་ཡིད་མི་ཆེས། །དད་པ་ཅན་ལ་དེ་ཙམ་བཤད་ཀྱང་ཡོང་། །ཕན་
བདེའི་འབྱུང་གནས་རྟེན་གསུམ་རིན་པོ་ཆེ། །ཡང་ཡང་རྙེད་དཀའ་ཨུ་དུམ་ཝཱ་ར་འདྲ། །ཡིད་བཞིན་ནོར་བུ་ལས་ཀྱང་ཆེས་ལྷག་པས། །ཀུན་གྱི་སྤྱི་བོས་བཏུད་ནས་ཕྱག་བྱར་འོས། །ཨེ་མ་རྟེན་བཞེངས་བྱས་པའི་ཕན་ཡོན་ནི། །ཚེ་འདིར་བདེ་ཞིང་ཕྱི་མར་སངས་རྒྱས་འགྱུར། །རྟེན་ཀུན་མཐོང་ཚད་ངན་སོང་སྐྱེ་སྒོ་ཆོད། །སྡིག་ཅན་ཡིན་ཡང་མཐོ་རིས་གནས་སུ་འགྲོ། །ཕྱག་བསྐོར་བྱས་ན་འཁོར་ལོས་བསྒྱུར་བར་སྐྱེ། །མར་མེ་ཕུལ་ན་གཟུགས་མཛེས་ཤེས་རབ་གསལ། །གསོལ་བ་བཏབ་ན་བྱིན་རླབས་དངོས་གྲུབ་ཐོབ། །མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་འགྱུར། །སྐུ་གསུང་ཐུགས་རྟེན་བཞེངས་པའི་བསོད་ནམས་མཐུས། །རྒྱལ་བསྟན་དར་ཞིང་འགྲོ་ཀུན་སངས་རྒྱས་ཤོག །རྒྱལ་ཁམས་ཡོངས་ལ་བཀྲ་ཤིས་ལོ་ཡག་ཅིང་། །བཀྲ་ཤིས་ཆེན་པོས་ས་གསུམ་ཁྱབ་གྱུར་ཅིག །ཅེས་རྟེན་བཤད་ཀུན་འདུས་ནོར་བུ་འདི་ནི་༧ཞབས་དཀར་བས་སྦྱར་བའོ། །བཀྲ་ཤིས་སོ།།
དུག་དོན་ལུང་དང་རིག་པའི་མདའ་མོ།
༄༅། །དུག་དོན་ལུང་དང་རིག་པའི་མདའ་མོ་ཞེས་བྱ་བ་བཞུགས་སོ། །
ན་མོ་གུ་རུ། དྲི་མེད་ནམ་མཁའ་ལྟ་བུར་རྣམ་དག་ཅིང་། །སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ལྷ། ཐོག་མའི་སངས་རྒྱས་སྲིད་ཞི་ཡོངས་ཀྱི་དཔལ། །ཆོས་སྐུ་ཀུན་ཏུ་བཟང་པོར་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཟབ་གསལ་ཐུགས་ཀྱི་ཀློང་ནི་མཁའ་ལྟར་ཡངས། །འཁོར་འདས་ཆོས་རྣམས་གཅིག་ཀྱང་མ་ལུས་པ། །སོ་སོར་མ་འདྲེས་ས་ལེར་གཟིགས་པ་ཡི། །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས། །དུག་གིས་
མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །འཁོར་འདས་ཆོས་ཀུན་ལག་མཐིལ་སྐྱ་རུ་ར། །རློན་པ་བཞག་ནས་ལྟས་ལྟར་ས་ལེར་མཁྱེན། །ཞལ་ནས་ནམ་ཡང་རྫུན་གྱི་ཚིག་མི་གསུང་། །སངས་རྒྱས་ཐུགས་རྗེ་ཅན་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །དུས་གསུམ་སངས་རྒྱས་ཐམས་ཅད་བསྐྱེད་པའི་ཡུམ། །ཆོས་སྐུ་ཡུམ་ཆེན་མོ་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་
ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་མཐའ་ཡས་ན། །བཞུགས་པའི་སངས་རྒྱས་ཡོངས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །མཁའ་ལྟར་ཡངས་ཤིང་ཉི་ལྟར་གསལ་བའི་ཐུགས། རྗེ་བཙུན་གསང་བའི་བདག་པོར་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཐུགས་དགོངས་ཆོས་ཀྱི་དབྱིངས་ལས་རབ་ཡངས་པའི། །ཀུན་མཁྱེན་འཇམ་པའི་དབྱངས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཕུལ་བྱུང་སྟོང་ཉིད་སྙིང་རྗེའི་གཏེར་ཆེན་པོ། །འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །དུས་གསུམ་སངས་རྒྱས་ཐུགས་ལས་རབ་སྤྲུལ་པའི། །རིག་འཛིན་པད་འབྱུང་ཞབས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །རྟོག་པ་
ནམ་མཁའི་ཁྱོན་ལྟར་རབ་ཡངས་པའི། །བཀའ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །དུག་གིས་མྱོས་པའི་སྐྱེ་འགྲོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །ཕྱོགས་བཅུའི་རྒྱལ་བའི་ཐུགས་བཅུད་ཟབ་རྒྱས་ཆོས། །སྩོལ་མཛད་རྩ་བའི་བླ་མ་ཐམས་ཅད་ལ། །གསོལ་བ་འདེབས་སོ་སྐྱེ་བོ་ཕོ་མོ་ཡི། །བློ་ཁ་དམ་པའི་ཆོས་ལ་ཕྱོགས་པར་ཤོག །རིག་པ་ཀུན་བཟང་ཡན་པ་བློ་བདེ་ངས། །ཆོས་དབྱིངས་བདེ་བ་ཆེན་པོའི་ཀློང་ཡངས་སུ། །ཆོས་ཀྱི་དབྱིངས་དང་མཉམ་པའི་སངས་རྒྱས་ཀྱིས། །ཆོས་དང་ཆོས་མིན་ཇི་ལྟར་དབྱེ་ཚུལ་འཆད། །འོ། འདི་ན་གནས་པའི་སྐྱེ་བོ་ཕོ་མོ་རྣམས། ལོག་རྟོག་གི་མུན་པ་དེ་རྒྱང་རིང་པོར་ཐོང་ལ་དར་གཅིག་སྙན་གྱི་དབང་པོ་དེས་ཅུང་ཟད་གསན་པར་ཞུ། དེང་སང་ཨ་ལ་ལ། གདུགས་ཞབས་ཀྱི་བླ་མ། ཁྲི་ཐོག་གི་རྒྱལ་པོ། རི་སུལ་གྱི་སྒོམ་ཆེན། རྒྱལ་ཁམས་ཀྱི་སྤྲང་པོ། གྲོང་མཐའི་རྒན་མོ་ཡན་ཆད་ཀྱི་ཁ་ཟས་ཀྱི་མཆོག་ཏུ་གྱུར་པ་ཟས་ངན་དུ་རུ་ཥ་ལ་བྱེད་པ་འདི་ཧ་ཅང་བཟང་པོ་ནི་མ་ལགས་སོ། །འདིའི་ལོ་རྒྱུས་ཅུང་ཞིག་བཤད་ན། སྔོན་དུས་སུ་
རི་བོ་མ་ལ་ཡའི་གནས་ནས། དཔལ་གསང་བའི་བདག་པོ་ཕྱག་ན་རྡོ་རྗེས། རིག་ཅན་དྲ་མ་ལྔ་ལ་གསང་སྔགས་ཀྱི་དེ་ཁོ་ན་ཉིད་ཀྱི་ཆོས་སྟོན་པའི་ཚེ་ན། མ་འོངས་པ་ན་གངས་ཅན་བོད་ཀྱི་རྒྱལ་ཁམས་སུ་ཆོས་འདིའི་བསྟན་པ་དར་བའི་ཚེ་ན་ལྷའི་རྟགས་དང་། བདུད་ཀྱི་རྟགས་གཉིས་ཡོད་པས་འདི་ཤིན་ཏུ་མ་བརྟག་ན་ཅི་བྱས་བརྟོལ་མེད་དུ་འགྲོས་བའི་ཉེན་ཡོད་པས་བརྟག་པ་གཅེས། བདུད་རྟགས་བྱུང་ན་ཆོས་ཀྱི་སྒྲ་ཙམ་ཡང་བསྟན་པར་བྱ་བ་མིན། དེས་ན་བླ་མས་སློབ་མ་མ་བརྟག་ན་བདུད་ཀྱི་ལས། སློབ་མས་བླ་མ་མ་བརྟག་བདུད་ཀྱི་ལས་ཡིན། དེས་ན་ལྷའི་རྟགས་ནི་ཤིན་ཏུ་བརྟག་དཀའ། བདུད་རྟགས་ཅུང་ཟད་སླ་བ་ཡིན་ཏེ། བླ་མས་སེམས་ཅན་སྟོང་གི་སྐེ་གཅོད་པ། ཆོས་ཟོལ་གྱིས་མི་མགོ་བསྐོར་བ། བཙུན་མོ་རོལ་དུ་ཁྲིད་ནའང་བདུད་ཀྱི་སྤྲུལ་པ་ཨེ་ཡིན་མི་ཤེས། སློབ་མ་ཡང་གདོལ་པ་སྨད་འཚོང་ཉ་པ་རྔོན་པ་བཀའ་འདས་དམ་ལོག་ཅི་ལྟ་བུ་ཞིག་ཡིན་ཀྱང་བདུད་ཀྱི་སྤྲུལ་པ་ཨེ་ཡིན་མི་ཤེས་པས་ན་བརྟག་དཀའ། དེ་རྣམས་ཀྱི་ནང་ནའང་སངས་རྒྱས་བྱང་ཆུབ་སེམས་དཔའི་སྤྲུལ་པ་མང་པོས་འགྲོ་བའི་དོན་གང་ལ་གང་འདུལ་མཛད་
པས་སྙིགས་དུས་གང་ཟག་རྣམས་ཀྱིས་བརྟག་དཀའ་སྟེ། བདུད་ཀྱི་རྟགས་ནི་དམ་སྲི་སྤུན་དགུའི་མངལ་གྱི་རཀྟ་ལས་བསྐྱེད་པའི་ཟས་ངན་དུ་རུ་ཥ་བརྟེན་པའི་གང་ཟག་དེ་ནི་སྣང་སེམས་དུ་མ་རོ་གཅིག་གི་ངང་ནས། ནམ་མཁའ་ལ་མཁའ་ལྡིང་བཞིན་འགྲོ་བ་དང་། ཆུ་ལ་ཉ་ལྟ་བུ། རི་བྲག་ལ་ཐལ་བྱུང་དུ་འགྲོ་བ། མངོན་ཤེས་ཀྱིས་སྣང་སྲིད་ཐམས་ཅད་མཁྱེན་ན་ཡང་། དེ་ནི་བདུད་ཀྱི་སྤྲུལ་པ་ཡིན་པར་ཆུད་མི་ཟ་བ་ཡིན། དེའི་རྒྱུ་མཚན་ཁར་སང་ཟླ་བ་སྔ་མ་ན་རྡོ་རྗེ་གདན་གྱི་ནང་དུ། མ་འོངས་པ་ན་ཆོས་འདིའི་ཁ་གནོན་ལ། བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་བཀའ་བགྲོས་མཛད་ནས་དམ་སྲི་སྤུན་དགུའི་མངལ་ཁྲག་གི་ས་བོན་བྱས་པའི་དུག་གི་ལོ་མ་མིན་པ་གཞན་གང་གིས་ཀྱང་བཤིག་མི་ཐུབ་པ་གོ་ནས། སྨོན་ལམ་ལོག་པ་དང་བཅས་པས་བྱུང་བ་ཡིན་ཁྱད་པར་དུ་གཤིན་པོའི་འདྲེན་ཆོག་མཁན་དུ་རེ་བའི་བླ་མ་རྣམས་ཀྱིས་བརྟེན་ན། བསམ་བཞིན་དུ་གཤིན་པོ་དམྱལ་བར་འཁྲིད་པའི་ལམ་མཁན་ཆེད་དུ་བསྒྲུབས་པ་ཡིན་པས་བརྟག་པ་གལ་ཆེ། དེ་མིན་གསང་སྔགས་འབྲས་བུའི་
ཆོས་འཆད་ཉན་བྱེད་པའི་སྐབས་དང་། མཚམས་ཕུག་ཏུ་ཚོགས་སྒྲུབ་གྱི་སྐབས་རྣམས་སུ་ཟས་ངན་དེ་བཟའ་བ་སྨོས་ཅི་དགོས། ས་ཕྱོགས་དེ་ན་རྒྱ་ཤུག་གི་ཚིག་གུ་ཙམ་ཞིག་གནས་ནའང་ལྷ་བསྒོམ་པ་དང་། སྔགས་བཟླ་བ་དང་། ཏིང་ངེ་འཛིན་བསྒོམ་པ་དེ་དག་ཐམས་ཅད་ཆུ་བཤིགས་པ་ལས་མར་འདོད་པ་ལྟ་བུ་ལས། འབྲས་བུ་སྐྲ་རྩེ་བརྒྱར་གཤགས་པའི་ཆ་ཙམ་ཡང་མི་འབྱུང་། མ་འོངས་པ་ན་འདི་ནི་སངས་རྒྱས་ཀྱི་བསྟན་པ་རྨང་ནས་བཤིག་པའི་རུ་དྲ་གཅིག་ཡིན་པས་ཤེས་པར་གྱིས་ཤིག །གསང་བདག་ཕྱག་ན་རྡོ་རྗེའི་རྟོགས་བརྗོད་ཆེན་པོ་ན་གསལ་མོད། ཡང་མུ་ཅོར་སྨྲ་བ་ཁ་ཅིག་གིས་དུག་གི་ལོ་མ་སྤྱོད་ན་ཉེས་དམིགས་ཅི་ཡོད། དེ་ཡིན་ན་ཇ་དང་རྩམ་པ་གཉིས་ཀྱང་བརྟེན་མི་རུང་ངམ་ཟེར་ནས་བཞད་གད་ཐག་ཐག་བྱེད་པའི་རང་མཐོང་གི་ང་རྒྱལ་རྒྱགས་པ་ཁོ་རེ་ཚོ། དེ་གཉིས་ཀ་མི་འདྲ་སྟེ་ཧེ་ཧེ། རྩམ་པ་འདི་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཐུགས་ཀྱི་སྤྲུལ་པ་འཕགས་མཆོག་སྤྱན་རས་གཟིགས་དབང་གིས། སྤྲེའུ་རྒྱལ་པོ་ཧ་ལུ་མནྡ་དང་སྒྲོལ་མ་ཁྲོ་གཉེར་ཅན་གཉིས་ལ་ཁྱིམ་ཐབས་ཀྱི་ཟས་ལ་འབྲུ་སྣ་ལྔ་བསྐུར་བ་ནི།
ནས་དང་། གྲོ་དང་། སྲན་མ། འབྲས། ཏིལ་དང་ལྔ་བྱིན་ནས་ཡར་ཀླུང་ཟོ་ཐང་ལ་བཏབ་ནས་སྤྲེལ་ཚ་རྣམས་ཀྱི་མུ་གེ་གནམ་ལ་ཡལ་བའི་ཡར་ཀླུང་ཞེས། ཡུལ་ལ་ཡ་མཚན་ཞེས་སུ་གྲགས། དེ་ནི་རང་གར་བཟའ་བ་ལ་ཡང་བསོད་ནམས་ཆེ་སྟེ། འབྲུ་ལྔའི་ཡོན་ཏན་བུམ་རྫས་ཉེར་ལྔ་ནས་གསལ་བ་སྨོས་ཅི་དགོས། ཡང་མཁས་རློམ་ཁ་ཅིག་གིས་རང་ཡང་ངན་སོང་དུ་འགྲོ་བར་མ་ཟད། གཞན་ཐར་པར་ཕྱོགས་པའི་སོ་སོའི་སྐྱེ་བོ་ཕོ་མོ་རྣམས་ལ། དུག་གི་ལོ་མ་འདི་མདོ་ན་གནང་མེད་དེ། སྔགས་ན་གནང་ཡོད་པ་འདྲ། ཤ་ཆང་གཉིས་བརྟེན་དུ་རུང་བས་འདིའང་བརྟེན་རུང་གི་ཟེར། དེ་ནི་གཞན་ན་མེད་པའི་ཁྱད་ཆོས་སུ་འདོན་པ་ཁྱོད་ཅ་རེ་ལོང་དུ་སོང་བ་མིན་ནམ། སྔོན་ཆོས་རྒྱལ་ཚངས་པ་ལྷ་ཡི་མེ་ཏོག་གིས་ཆོས་ཁྲིམས་དར་གྱི་མདུད་པ་དེ་བསྡམ་པའི་ཚེ་ན། སྔགས་པ་བླ་མས་དམ་ཚིག་བསྒྲགས་བཞིན་དང་། །རྒྱུད་ནས་ཅི་ལྟར་བཤད་པ་བཞིན་དུ་གྱིས། །སྐོམ་དུ་ཆང་གསོལ་དགེ་འདུན་དཀོར་མ་འབགས། །ཟས་སུ་ཅི་དགར་ལོངས་སྤྱོད་དུག་མ་ཟ། །ཞེས་གསུངས། ཡང་སྤྲུལ་སྐུ་སངས་རྒྱས་
གླིང་པའི་ཟབ་ཆོས་ལས། སྙིགས་མའི་དུས་འདིར་སྤྱོད་ངན་སྣ་ཚོགས་བྱེད༔ ཁྱད་པར་ཁ་ཟས་རོ་ལྡན་མི་བརྟེན་པར༔ མཐའ་ཟས་དྲི་ངན་དུག་ཅན་ཟས་སུ་སྤྱོད༔ ནམ་ཡང་ངོམས་མེད་སྲེད་པ་ཆེས་ཆེར་འཕེལ༔ བྱ་བའི་འཕྲོ་བསྐྱུར་དུག་ལ་དམར་འཇུས་བྱེད༔ ཁ་ཆུ་སྣ་ཆུ་མི་ཐུབ་བཀྲག་མདངས་ཉམས༔ ཞེས་དང་། ཡང་སྤྲུལ་པའི་གཏེར་ཆེན་རཏྣ་གླིང་པའི་ཟབ་གཏེར་ལས། ཁ་རླངས་ཕོག་ཚད་དྲི་ཡིས་ཚོར་ཚད་ཀྱང་༔ སྐྱེ་བོ་འབུམ་ཕྲག་དྲུག་ཅུའི་སྙིང་འབྱིན་མཚུངས༔ ཞེས་གསུངས། ཡང་རིག་འཛིན་ཆེན་པོ་རྒོད་ལྡེམ་ཅན་གྱི་ཟབ་གཏེར་ལུས་བྱང་ལས། དུས་ངན་ཐ་མར་དྲི་ཟའི་ཟས༔ ཧ་སྐྱུགས་ངན་པ་ཟས་སུ་ཟ༔ དྲི་ཚོར་ཙམ་གྱིས་མནར་མེད་འགྲོ༔ དེ་ཕྱིར་ད་ལྟར་སྤང་བ་གཅེས༔ ཞེས་དང་། ཡང་རིག་འཛིན་ཀློང་གསལ་སྙིང་པོའི་ཟབ་གཏེར་ལས། ཟས་ངན་དུ་རུ་ཥ་ལ་སྤྱོད་པའི་དུས༔ བློ་གཏད་གྲོགས་པོའི་ཟས་ཀྱིས་འགུམ་པ་འབྱུང་༔ ཞེས་དང་། རིག་འཛིན་བདུད་འདུལ་རྡོ་རྗེའི་ཟབ་གཏེར་ལས། སྔོ་དེའི་དུ་བ་ཁ་རུ་སོང་༔ ཕྱེ་མ་སྣ་རུ་བླུགས་པ་ཡིས༔ བན་བཙུན་ཕོ་མོ་དེ་ལ་འདུས༔
དམ་ཉམས་ཚོགས་ཀྱིས་ལུང་པ་ཁེངས༔ བདུད་ཀྱིས་བསླུས་པའི་རྟགས་སུ་ནི༔ འདོད་ཆགས་སེམས་ནི་ཡང་ཡང་སྐྱེས༔ བསོད་ནམས་ཟད་པའི་རྟགས་སུ་ནི༔ དེ་ལ་ཐལ་བའི་སྡེབ་སྦྱོར་བྱེད༔ བཀྲ་མི་ཤིས་པའི་རྟགས་སུ་ནི༔ མིག་ནས་མཆི་མ་དབང་མེད་འཆོར༔ ཞེས་གསུངས་པ་དེ་འདྲ་བརྒྱ་དགོས་ན་སྟོང་གི་ཡང་མི་ཚད། འདིར་ཡི་གེ་མང་དོགས་ནས་མ་བཀོད། དེ་དག་རྣམས་སྔགས་པ་མིན་པའི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད། ཡང་ཁ་ཅིག་ན་རེ། ཁོང་ཚོས་བླ་མ་འགའ་རེའི་མདུན་ནས་ཁས་ལེན་བྱས་ནས་མ་ཆོད། ཕྱིས་ནས་འཐེན་དགོས་བྱུང་སྟེ། ད་དྲགས་ས་ཡོད་དུང་ཕྱུར་མང་པོ་བཏོན་ཡོད། དེ་ཡིས་མི་འདག་ན་སངས་རྒྱས་ཀྱི་གསུང་ལ་བདེན་པ་མེད་རྟགས་ཡིན་ཟེར་ནས་ཐར་བར་འདོད་པ་ལ་རེ་བ་ཁོ་རེ་ཚོ། དཔལ་ཨ་ཏི་ཤའི་སྤྲུལ་པ་རྗེ་བློ་བཟང་གྲགས་པའི་ཞལ་ནས། ཟས་ངན་བརྟེན་པའི་གང་ཟག་རྣམས་ལ་ཐར་པའི་ས་བོན་གཏན་ནས་མི་སྲིད། དཔེར་ན་ཡོས་ཚིག་ཞིང་ལ་བཏབ་པ་དང་འདྲ་སྟེ། དེར་བརྟེན་པའི་གང་ཟག་གིས་དགེ་སྦྱོར་གང་བྱས་ཐམས་ཅད་མེ་འབར་བ་ལ་ཤིང་
བསྣན་པ་བཞིན་དུ་འཁོར་བའི་ས་བོན་གྱི་སྡུག་བསྔལ་སྣོན་པ་ཁོ་ན་ལས་གང་ཡང་མེད། ད་ཕྱིན་ཆད་འཆི་བ་ལ་ཐུགས་ཀྱང་ཟས་ངན་བརྟེན་རེ་ན་ར་ཀན་བསམ་པའི་སྡོམ་སེམས་དང་བཅས་པའི་ངང་ནས་བཤགས་པ་བྱས་ན་མི་འདག་པ་མི་སྲིད་གསུངས་པ་ཐུགས་བཞག་མཛོད། ཡང་ཨོ་རྒྱན་གཉིས་པ་ཀརྨ་པ་རང་བྱུང་རྡོ་རྗེ་མཚུར་ཕུའི་དགོན་པ་ན་བཞུགས་ཚེ། ཕར་ཕྱིན་དྲུག་གི་ཆོས་ལ་མངའ་བརྙེས་པ་ཀརྨ་བསམ་འགྲུབ་ཅེས་པ་ཚེ་དུས་བྱས་པ་ལ། འཕོ་བ་ནན་གྱིས་བཏབ་ཀྱང་མ་ཐེབ་སྟེ། ཐུགས་དམ་གྱིས་གཟིགས་ཚེ་དུ་བ་འཐེན་པའི་རྣམ་སྨིན་ལས་བྱུང་འདུག་གསུངས། ཡང་སྤྱོད་ཆུང་ཁ་ཤས་རེ་ཙམ་གཟིགས་པའི་ཐོས་བསམ་གྱི་མིག་རྒྱང་ཐུང་བ་འགའ་ཞིག་གིས་སངས་རྒྱས་ཀྱི་གསུང་ན་མི་སྣང་། འདི་བོད་ཀྱི་སྔགས་ནག་ཁྱིམ་པའི་ཆ་བྱད་ཅན་རྣམས་ལ་ཉི་མ་རིང་ནས་ཇོ་མོས་ཆང་རེ་བླུད་ནས་ཨ་ཕས་འདིའི་ཉེས་དམིགས་འདི་འདྲ་བ་ཞིག་བརྩམ་ཆོས་ཡིན་ཟེར་ནས་ཧ་བགད་བྱེད་པ་ཚོ། བཅོམ་ལྡན་འདས་ཀྱིས་འདུལ་བ་གསེར་མདོག་ལས། ཡིད་འོང་ལས་ལ་སྙིགས་མའི་དུས་ཀྱི་རྫས། །དུ་རུ་ཥ་ནི་བཅོ་བརྒྱད་འབྱུང་བར་འགྱུར། །
གང་གིས་རེག་ཚད་དམྱལ་བར་འཁོར་བར་འགྱུར། །ཕྱི་མར་ཡིད་འོང་གནས་སུ་སྐྱེ་མི་སྲིད། །ཅེས་དང་། ཡང་འདུལ་བ་འོད་ལྡན་ལས། སྙིགས་མའི་དུས་ན་དུ་རུ་ཥ། །ཁ་སྣས་མྱོང་བའི་སྡིག་ཅན་རྣམས། །ཚེ་འདིར་དབུལ་ཕོངས་སྲིད་ད་ལྟར། །ཕྱི་མ་དམྱལ་བར་འོ་དོད་འབོད། །བསྐལ་པ་བརྒྱ་ཕྲག་གནས་པར་འགྱུར། ཞེས་པ་དེ་དག་སངས་རྒྱས་ཀྱི་བཀའ་མིན་པའི་སྒྲུབ་བྱེད་སྨྲ་རྒྱུ་ཅི་ཡོད། སྔོན་བསམ་ཡས་ཀྱི་རྒྱ་དཔེ་རྙིང་པ་ན་ཟས་ངན་གྱི་ཉེས་དམིགས་དང་ལོ་རྒྱུས་རྣམས་བཤད་ན་སྐྱེ་བོ་ཕལ་པ་རྣམས་ཀྱི་བློ་ཁ་ཅུང་ཟད་འགྱུར་བ་སླ་སྟེ། བླ་རྒན་ཁ་སེར་ཚོ་དང་། གཅོད་རྒན་མགོ་མདུང་ཚོ་དང་། གྲ་གཞོན་སྲན་རྡོག་མགོ་རྣམས་ཀྱིས་གཏན་ནས་མི་ཉན། དེ་ཡི་རྒྱུ་མཚན་ཅི་ཞིག་ཡིན་སྙམ་ན། ཤེས་བྱའི་གཤིས་ལ་བདུད་ཀྱི་བྱིན་རླབས་ཞུགས་རྟགས་ཡིན་ལ། འོ་ན་ཅི་ལྟར་ཞེ་ན་ལུང་ལས། དགེ་བའི་ཕན་ཡོན་སྡིག་པའི་ཉེས་དམིགས་དང་། །དམྱལ་བའི་སྡུག་བསྔལ་ཚེ་ཚད་ལ་སོགས་པ། །ཐོས་ཀྱང་མི་བདེན་བཤད་ཚོད་ཡིན་བསམ་པ། །མཚམས་མེད་ལྔ་བས་ཐུ་བའི་ལས་ངན་པ། །
ཐར་མེད་ལས་ངན་བསགས་པ་མཐོལ་ལོ་བཤགས། །ཞེས་པའི་དོན་ཐོག་ཏུ་བབས་པ་ཡིན་མོད། བློ་འགྱུར་བ་ཕར་ཞོག དང་པོ་ཉན་ཉན་འདྲ་བ་མང་པོ་བྱས་ཁས་བླངས་ནས་ཕར་སླེབ་པ་དང་མཉམ་དུ་སྔར་བཞིན་ཟས་ངན་ལ་བག་མེད་སྤྱོད་ནས། ཕུ་མདའ་ལ་ཤོད་ནས་དད་ཟས་དང་གཤིན་ཟས་མང་པོ་བསྡུས་ནས་དུ་རུ་ཥའི་ཆ་རྐྱེན་བྱས་ནས་ཆོས་སྐད་ཆལ་ཆོལ་སྨྲ་བ་རྣམས་ནི་དམ་ཉམས་ཕལ་པ་སྟོང་གི་ཆར་ཡང་མི་ཉེ། དེ་དང་ཡུལ་ལུང་པ་གཅིག་ཏུ་འདུག་ནས་གསོན་པ་ལས། ས་གཞན་ཞིག་ཏུ་རང་གར་ཤི་བ་དགའ། ས་གཞན་ཞིག་ཏུ་ཤི་ན་དགེ་བ་མེད་ནའང་སྡིག་པ་ཚབ་ཆེན་དེ་འདྲ་ག་ནས་འབགས། ཁོ་རེ་ཚོ་ཆོས་འཆད་དབང་བསྐུར་བྱེད་པའི་བླ་མ་རྣམས་ཀྱི་ཐུགས་བཞག་མཛོད། དུ་རུ་ཥ་བརྟེན་པའི་གང་ཟག་རྣམས་ལ་དབང་དང་གདམས་ངག་བྱིན་ན། ལྷ་འདྲེ་མི་གསུམ་འཁྲུགས། ཡུལ་ལྷ་ཟོ་དོར་འཁྲུགས། སྟེང་ལྷ། བར་གཉན། འོག་ཀླུ། དྲེགས་པ་སྡེ་བརྒྱད་རྣམས་འཁྲུགས་པ་དང་། དེའི་ཚེ་ནད་དང་མུ་གེ་མཚོན་འཁྲུག་ཁ་དར་བ་དང་། ས་གཡོ་བ་དང་། རླུང་ནག་འཚུབ་པ་དང་། བུ་ཡུག་དང་མི་བདེ་བ་སྣ་ཚོགས་འོང་
ངོ་། །ན་རག་ཆེན་པོ་དམྱལ་བར་ཡོངས་སུ་འཕེན་པར་འོང་ངོ་། །སློབ་མ་ཡང་ཚེ་ཐུང་བ་དང་ནད་མང་པོ་འོང་ངོ་། །སློབ་དཔོན་ལ་ཡང་ཕུང་བ་དང་སྡུག་པ་དང་གྲི་རུ་འཆི་བ་ལ་སོགས་པ་འོང་ངོ་། །ཆོས་ལ་ཡང་མཐུ་ཆུང་བ་དང་། བོན་དང་། མུ་སྟེགས་པ་དང་། སྔགས་པ་སྲིན་པོ་ལ་སོགས་པ་བདུད་མང་པོ་འདུས་འོང་ངོ་། །དེ་རྣམས་མ་འོང་ན་སློབ་དཔོན་རང་ཡང་ཟས་ངན་འཐེན་པ་བདུད་ཀྱི་རིགས་ཡིན་པའི་རྟགས་ངེས་ལ། འོ་ན་དམ་པར་ཁས་ཆེ་ཡང་དམ་པའི་ཚུལ་དང་མི་མཐུན་པ་སྡོམ་གསུམ་གྱི་ཉམས་ལེན་དང་འཆད་རྩོད་རྩོམ་གསུམ་གྱི་ཡོན་ཏན་ཅི་ཡང་མེད་པར། དུ་རུ་ཥའི་དགའ་སྟོན་ལ་རོལ་པའི་ཆགས་སྡང་གཡོ་སྒྱུའི་འཁོར་ལོ་བསྐོར་ཏེ། རྙེད་བཀུར་འདུ་འཛི་འབའ་ཞིག་དོན་དུ་གཉེར་བ་མིང་དགེ་བའི་ཤེས་གཉེན་དུ་བཏགས་པ་དུ་མས། རིགས་མཐུན་གྱི་གྲྭ་སློབ་རང་གི་རྗེས་སུ་ཞུགས་པ་ཐམས་ཅད་ལ་རྒྱལ་བའི་དགོངས་པ་དང་མཐུན་པའི་གདམས་པ་སྣ་རེ་སྟོན་རྒྱུ་མེད་པར་དུ་རུ་ཥའི་ཡོན་ཏན་དང་། དགྲ་འདུལ་གཉེན་སྐྱོང་ཚེ་འདིའི་སྣང་ཞེན་སྒྲུབ་པའི་ཐབས་ཁོ་ན་བསྟན་ཏེ་བློ་སྣ་ཐུར་དུ་
ཁྲིད་པ་ཆེས་མང་ལ། ཡང་དག་པའི་དགེ་བའི་བཤེས་གཉེན་དང་དེའི་རྗེས་སུ་ཚུལ་བཞིན་དུ་སློབ་པ་ནི་ཉུང་བ། དུས་ངན་སྙིགས་མའི་ངང་ཚུལ་འདི་ལྟ་བུ་ལ་བསམ་ན་སྐྱོ་བའི་གནས་ཡིན་ནོ། །ད་ཁྱེད་རྣམས་ལ་བླ་མས་ཀྱང་ཅི་ཙམ་ཞིག་གསུངས། གྲོགས་བཟང་པོ་འགའ་རེས་ཀྱང་ཅི་ཙམ་ཞིག་བཤད། དེ་རྣམས་ཀྱི་ཚིག་ལ་བརྩི་འཇོག་མེད་པ་སྐོམ་དུ་ཟས་ངན་ལ་བག་མེད་དུ་སྤྱོད་པ་ཁྱོད་ཀྱི་བླ་མའི་ཞབས་འདྲེན། གྲོགས་ཀྱི་གྲལ་བརྫད། ཆོས་པའི་བླ་བཙོང་། བསྟན་པའི་མིག་རྒྱན་ལ་གནོད་པ་འདི་འདྲའི་རྒྱུ་མཚན་ཅི་ཡོད་བཤད་དང་། ཁྱོད་ཤི་ན་རྡོ་རྗེའི་དམྱལ་བར་སྐྱེ་བ་དང་། དེ་དང་ལྷན་དུ་ལུང་པ་གཅིག་གི་ཆུ་འཐུང་ཚད་ཀྱང་ཉམས་གྲིབ་ཀྱི་གནོད་པས་དམྱལ་བར་འགྲོ་ཞེས་རྡོ་རྗེ་འཆང་གིས་གསུངས་པ་དེ་མི་བདེན་སྙམ་པ་ཡིན་ནམ། བདེན་ཀྱང་དགོས་པ་མེད་སྙམ་པ་ཡིན་ནམ། ཡང་ན་ཁྱོད་རྡོ་རྗེ་འཆང་ལས་ས་ཚོད་མཐོ་བ་ཞིག་ཡིན་ནམ། ཡང་ན་ཕོ་ཚོད་ཆེ་བ་ཞིག་ཡིན་ནམ། ཡང་ན་གདོན་གྱིས་ཟིན་ནས་སྙིང་ཁོག་ན་མེད་པ་ཞིག་ཡིན་ནམ། དེ་རྣམས་གང་རུང་ཞིག་ལས་མ་འདས། ད་ཁྱོད་དམྱལ་བར་འགྲོ་ནའང་འགྲོ་ཞོར་ལ་ལུང་
པ་གཅིག་གི་ཆུ་འཐུང་ཚད་པོ་དམྱལ་བར་ཁྲིད་མ་འགྲོ་བར་བཞག་རོག་གྱིས། ཡུལ་ཁམས་ཐམས་ཅད་མ་བརྫད་ཅིག །ཁྱེད་ཀྱིས་དེ་རྣམས་ལ་གོ་རྒྱུ་ཨེ་བྱུང་། ད་དུང་མི་གོ་རྣ་བར་མི་འགྲོ་སེམས་ལ་མི་འཐད་པར་འདུག་ན་ཁོག་པར་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་འཁོར་དང་བཅས་པ་ཞུགས་ནས་འདིར་རྒྱུག་ཡོད་པ་ཨ་ཙི་ཙི་འཇིགས་པ་ཅི་དྲགས། ད་ཁྱེད་འཇིག་རྟེན་མི་ཡི་ཁྱུ་ནས་སྔར་ཐོན་ཚར་འདུག །ཆོས་པའི་གྲལ་ནས་རོ་ལྟ་བུར་འདུག །ད་ཕྱིན་ཆད་སླར་རོ་འཚང་བརྒྱབས་ནས་ཡང་བསྟན་པ་ནང་ནས་བཤིག་གི་མ་སྡོད་པར་ཕྱི་རོལ་མུ་སྟེགས་པའི་རྗེས་སུ་སོངས་ཤིག །སྨྲས་པ། ལེགས་སྐར་སྤྲུལ་པ་དམ་སྲི་དགུ་ལ་སོགས། །བཀའ་དང་དམ་ལས་འགལ་ཞིང་བཀའ་བརྒྱུད་བསྣུབ། །དམ་སྲི་ཁོངས་ཞུགས་དུག་གི་ལོ་མ་འཐེན། །དྲི་ཡིས་གར་ཁྱབ་ལྷ་སྲུང་གཞི་བདག་བརྒྱལ། །ལུས་ཀྱི་ལྷ་རྣམས་བྱ་ནག་རྡོ་ཕོག་འདྲ། །དེ་རྣམས་དམ་སྲི་དྲི་ཟའི་བསྟན་པ་དར། །ཁྱད་པར་བླ་མ་རྣམས་ཀྱིས་འདི་སྤྱོད་ན། །འབྲེལ་ཐོགས་གང་ཡོད་རྡོ་རྗེའི་དམྱལ་བར་འགྲོ། །གོང་གི་རྒྱལ་པོ་རྣམས་ཀྱིས་འདི་སྤྱོད་ན། །
འོག་སྡེ་གང་ཡོད་རྡོ་རྗེའི་དམྱལ་བར་འགྲོ། །ཚོང་ནས་རིན་ལེན་བྱེད་པ་གང་ཡོད་རྣམས། །ཡི་དྭགས་དུག་ཟན་སྐྱེ་བ་ལྔ་བརྒྱ་ལེན། །དེ་འཕོས་རྡོ་རྗེའི་དམྱལ་བར་སྐྱེ་བར་འགྱུར། །དེ་ཕྱིར་དོན་ཆུང་ཉེས་ཆེ་བག་ཡོད་བརྟེན། །དུག་ཟས་འཆང་རྣམས་ཡོད་ན་རོ་ལྟ་བུར། །སེམས་ཡོད་སྐལ་ལྡན་ཡོད་ན་ཐར་ལམ་སྙོགས། །བསྙེགས་ནས་སྐྱེ་དང་ཚེ་རབས་ཐམས་ཅད་དུ། །ཟས་ངན་དང་དུ་ལེན་པའི་བསམ་པ་ནི། །དངོས་སུ་ལྟ་ཞོག་རྨི་ལམ་རྣམས་སུ་ཡང་། །ཡིད་ལ་ནམ་ཡང་མི་སྐྱེ་སྨོན་ལམ་ཐོབས། །སྐྱེས་ན་དམ་ཅན་རྒྱ་མཚོས་སྙིང་ཁྲག་འཐུངས། །ཞེས་དུག་དོན་ལུང་དང་རིག་པའི་མདའ་མོ་ཞེས་བྱ་བ་སྐལ་ལྡན་སློབ་བུ་མང་པོས་ཡང་ཡང་བསྐུལ་བ་ལ་བརྟེན་ནས། བཀའ་གཏེར་སོགས་ནས་གསུངས་པའི་དུ་རུ་ཥའི་ཉེས་དམིགས་མང་པོ་ལ་གཞི་བྱས་ནས་བྱ་བཏང་ཚོགས་དྲུག་རང་གྲོལ་གྱིས་བྲག་དཀར་སྤྲེལ་རྫོང་ནས་སྦྱར་བའོ། །འདིས་ཀྱང་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པར་གྱུར་ཅིག། །། ༈ མཁྱེན་ལྡན་རྣམས་ཀྱིས་དཔེ་ཚད་ལྡན་གཞན་ཕྱག་འབྱོར་འབྱུང་ཚེ་ཞུ་དག་དང་ཞེ་ཆེན་དཔེ་བསྐྲུན་ཁང་དུ་བཀའ་གསལ་ཞིག་ཀྱང་སྐྱབས་འཇུགས་ཡོད་པ་མཁྱེན་ཞུ།།
གྲངས་འདྲེན་མེ་ཏོག་ཕྲེང་བ་བློ་གསལ་གཞོན་ནུའི་མགུལ་རྒྱན།
༄༅། །གྲངས་འདྲེན་མེ་ཏོག་ཕྲེང་བ་བློ་གསལ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་བཞུགས་སོ། །
ཐུགས་དགོངས་ནམ་མཁའི་དབྱིངས་ལས་ཡངས། །ཉི་མ་བྱེ་བའི་མདངས་ལས་གསལ། །རྒྱ་མཚོའི་ཀློང་ལྟར་གཏིང་ཟབ་པའི། །བླ་མ་འཇམ་དཔལ་དབྱངས་ལ་འདུད། །མགོན་ཁྱོད་བདག་སྙིང་པདྨོ་རུ། །བཞུགས་ལ་ཤེས་རབ་སྒྲོན་མེ་ཡིས། །བདག་བློའི་མི་ཤེས་མུན་པ་སོལ། །བློ་གྲོས་སྣང་བ་རྒྱས་པར་མཛོད། །འཆད་རྩོད་རྩོམ་གསུམ་གང་གི་དུས། །ཐོགས་པ་མེད་པའི་ཤེས་རབ་སྩོལ། །ལེགས་བཤད་བརྩམས་པས་བསྟན་འགྲོ་ལ། །ཕན་ཐོགས་འབྱུང་བར་བྱིན་གྱིས་རློབས།
ཆོས་ལ་མཁས་ཤིང་ཚུལ་ཁྲིམས་གཙང་། །བསམ་པ་བཟང་ན་ཐམས་ཅད་ཀྱིས། །མཁས་བཙུན་བཟང་གསུམ་འཛོམས་འདུག་ཟེར། །ལྷ་མི་ཀུན་གྱིས་མཆོད་བསྟོད་བཀུར། །དེ་ཕྱིར་སློབ་མ་ཡང་སློབ་སོགས། །ཆོས་པ་གཞན་ལ་ཕན་པའི་ཕྱིར། །བདག་གི་ལྷག་བསམ་དག་པའི་བློས། །གྲངས་འདྲེན་ཁ་ཤས་བཤད་པར་བྱ། །མཆེད་གྲོགས་ཆོས་མཛད་ཚོགས་པའི་དུས། །འགའ་རེས་གྲངས་འདྲེན་དྲིས་ཙ་ན། །གཞན་ལ་ཕན་ཕྱིར་བཤད་འདོད་པས། །སྐལ་བཟང་དེ་དག་དགའ་བས་
ཉོན། །དེ་ཡང་ཕན་བདེའི་འབྱུང་གནས་སངས་རྒྱས་ཀྱི་བསྟན་པ་དར་བའི་ཡུལ་དབུས་སུ་སྐྱེས་པའི་དུས་འདིར། བླ་མ་མཁས་པ་བསྟེན་ནས་དམ་པའི་ཆོས་ལ་ཐོས་བསམ་སྒོམ་གསུམ་བྱས་ནས། མཁས་བཙུན་བཟང་གསུམ་འཛོམས་པ་ཞིག་བྱེད་དགོས། ཁྱད་པར་སྐྱབས་འགྲོ་ལྟུང་བཤགས་བླ་མ་མཆོད་པ་སྨོན་ལམ་རྣམ་ལྔ་སོགས་ཡོངས་གྲགས་ཀྱི་འདོན། ཆོས་སྤྱོད་ཀྱི་སྐབས་སུ་ཉེ་བར་མཁོ་བའི་གྲངས་འདྲེན་འགའ་རེ་གཞན་གྱིས་དྲིས་པའི་ཚེ། ལན་རེ་བཤད་རྒྱུ་མེད་ན་ངོ་ཡང་ཚ་སྟེ། སློབ་དཔོན་ཀླུ་སྒྲུབ་ཀྱིས།
ཡོན་ཏན་མེད་པའི་མི་ཡི་ཁ། །ས་ཡི་བུ་ག་དག་དང་མཚུངས། །ཞེས་གསུངས་པའི་ཐོག་ཏུ་བབ་པ་ལྟར་དུ་སྣང་། དེའི་ཕྱིར་འདིར་གྲངས་འདྲེན་ཁ་ཤས་ཤིག་འབྲི་བ་ལ། ཆོས་ཐམས་ཅད་ཀྱི་ཐོག་མར་སྐྱབས་འགྲོ་ཡིན་པས། སྐྱབས་འགྲོའི་མགོ་ན། ཕྱོགས་བཅུ་དུས་གསུམ་གྱི། ཞེས་པ། ཕྱོགས་བཅུ་གང་ཡིན་ཟེར་ན། ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་གཉིས་དང་བཅུ་ལ་ཟེར། སྐྱབས་འགྲོའི་ནང་གི་ཚད་མེད་བཞི་གང་ལ་ཟེར་ན། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་
དང་ལྡན་པར་གྱུར་ཅིག །ཅེས་པ་བྱམས་པ་ཚད་མེད་ཡིན། དེ་བཞིན་དུ། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག །ཅེས་པ་སྙིང་རྗེ་ཚད་མེད་ཡིན། སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་། མི་འབྲལ་བར་གྱུར་ཅིག །ཅེས་པ་དགའ་བ་ཚད་མེད་ཡིན། སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་མེད་པའི་བཏང་སྙོམས་ལ་གནས་པར་གྱུར་ཅིག །ཅེས་པ་བཏང་སྙོམས་ཚད་མེད་ཡིན། བསྡུ་ན། བྱམས་པ་ཚད་མེད། སྙིང་རྗེ་ཚད་མེད། དགའ་བ་ཚད་མེད། བཏང་སྙོམས་ཚད་མེད་བཞི་ལ་ཟེར། དེ་ལ་ཚངས་པའི་གནས་པ་བཞི་ཡང་ཟེར། ལྟུང་བཤགས་ལ་ཕུང་པོ་གསུམ་པའི་མདོ་ཅེས་པས། ཕུང་པོ་གསུམ་གང་ཡིན་ཟེར་ན། སྡིག་པ་བཤགས་པའི་ཕུང་པོ། དགེ་བ་བསྔོ་བའི་ཕུང་པོ། རྗེས་སུ་ཡི་རང་པའི་ཕུང་པོ་གསུམ་ལ་ཟེར། དགའ་ལྡན་ལྷ་བརྒྱ་མའི་ནང་ན། ཁྱད་པར་སྡོམ་པ་གསུམ་གྱི་མི་མཐུན་ཕྱོགས། ཞེས་པས། སྡོམ་པ་གསུམ་གང་ལ་ཟེར་ན། སོ་ཐར་གྱི་སྡོམ་པ་དང་། བྱང་སེམས་ཀྱི་སྡོམ་པ། གསང་སྔགས་ཀྱི་སྡོམ་པ་གསུམ་ལ་ཟེར།
ཡང་ཆོས་བརྒྱད་སྤངས་ནས་དལ་འབྱོར་དོན་ཡོད་བྱས། །ཞེས་པ་གང་ལ་ཟེར་ན། འཇིག་རྟེན་རྙེད་དང་མི་རྙེད། བདེ་དང་མི་བདེ། སྙན་དང་མི་སྙན། བསྟོད་པ་དང་སྨད་པ་འདི་བརྒྱད་ལ་འཇིག་རྟེན་ཆོས་བརྒྱད་ཟེར། སྤྱི་བཤགས་ན་མི་དགེ་བ་བཅུ་བགྱིས་པ་དང་། མཚམས་མེད་པ་ལྔ་བགྱིས་པ་དང་། དེ་དང་ཉེ་བ་ལྔ་བགྱིས་པ་དང་། ཞེས་པ་གང་ཡིན་ཟེར་ན། མི་དགེ་བ་བཅུ་ནི་ལུས་ཀྱིས་སྲོག་གཅོད་པ། མ་བྱིན་པར་ལེན་པ། འདོད་པས་ལོག་པར་གཡེམ་པ་དང་གསུམ། ངག་གིས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ་དང་བཞི། ཡིད་ཀྱིས། བརྣབ་སེམས། གནོད་སེམས། ལོག་ལྟ་དང་གསུམ་བསྡོམས་པ་ལ། མི་དགེ་བ་བཅུ་ཟེར། མཚམས་མེད་པ་ལྔ་ནི། ཕ་གསོད་པ། མ་གསོད་པ། དགྲ་བཅོམ་པ་གསོད་པ། དགེ་འདུན་གྱི་དབྱེན་འབྱེད་པ། དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་ཕྱུང་པ་དང་ལྔ་ལ་ཟེར། དེ་དང་ཉེ་བ་ལྔ་ནི། དགེ་སློང་མ་སུན་ཕྱུང་བ། བསླབ་པ་ཁྱད་དུ་གསོད་པ། དགེ་འདུན་གྱི་འདུ་སྒོ་འཕྲོག་པ། བྱང་སེམས་གསོད་པ། མཆོད་རྟེན་
བཤིགས་པ་དང་ལྔ་ལ་ཟེར། ལོག་པའི་ལྕི་བ་བཞི་ནི། རང་ལས། ཡོན་ཏན་ཆེ་བའི་མཁས་པའི་གོང་ལྕི། དགེ་སློང་གི་ཕྱག་ལྕི། སྒྲུབ་པ་པོའི་ཟས་ལྕི། འཇིག་རྟེན་ན་སྔགས་པར་གྲགས་པའི་ནོར་ལ་ལོངས་སྤྱོད་པ་དང་བཞིའོ། །ཉེ་བའི་ལྕི་བ་བཞི་ནི། མི་ཆོས་ཀྱི་མནའ་ཟོས་པ་ལྕི། ཉན་ཐོས་ཀྱི་འདུལ་ཁྲིམས་ཉམས་པ་ལྕི། བྱང་སེམས་ཀྱི་བསླབ་བྱ་ཉམས་པ་ལྕི། གསང་སྔགས་ཀྱི་དམ་ཚིག་ཉམས་པ་ལྕི་བ་དང་བཞིའོ། །སྨོད་པའི་ལྕི་བ་བཞི་ནི། གཏི་མུག་གི་དབང་གིས་སྟོན་པའི་ཡོན་ཏན་ལ་སྨོད་པ་ལྕི། ང་རྒྱལ་གྱི་དབང་གིས་མཁས་པའི་ཡོན་ཏན་ལ་སྨོད་པ་ལྕི། ཕྲག་དོག་གི་དབང་གིས་བདེན་པའི་ཚིག་ལ་སྨོད་པ་ལྕི། ཕྱོགས་རིས་ཀྱི་དབང་གིས་ཆོས་ལ་དགག་སྒྲུབ་བགྱིས་པ་དང་བཞིའོ། བསྐུར་བའི་ལྕི་བ་བཞི་ནི། མི་དགེ་བ་བཅུའི་ནང་གི་མཆོག་གསུམ་དང་ལས་འབྲས་མི་བདེན་པར་ལྟ་བའི་ལོག་ལྟ། མཚམས་མེད་ལྔའི་ནང་གི་དེ་བཞིན་གཤེགས་པའི་སྐུ་ལ་ངན་སེམས་ཀྱིས་ཁྲག་འབྱིན་པ། མཉམ་པོའི་ཆོས་ལ་ཁྱད་གསོད་བྱེད་ནས་རང་བཞིན་མེད་པར་གལ་འཛུགས་པ་དང་བཞིའོ། །ལོག་པ་བརྒྱད་ནི།
དགེ་བ་ལ་སྨད་པ། སྡིག་པ་ལ་བསྟོད་པ། དགེ་བ་ཅན་གྱི་ཐུགས་དཀྲུགས་པ། དད་པ་ཅན་གྱི་ཚོགས་བཅག་པ། བླ་མ་སྤངས་པ། ཡི་དམ་གྱི་ལྷ་སྤངས་པ། མཆེད་ལྕམ་སྤངས་པ། དཀྱིལ་འཁོར་གཉན་པོ་དྲལ་བ་དང་བརྒྱད་དོ། བླ་མ་མཆོད་པའི་ནང་གི །དབང་པོ་དྲུག་གི་སྤྱོད་ཡུལ་དུ་ཞེས་པའི། དབང་པོ་དྲུག་གང་ལ་ཟེར་ན། མིག་གི་དབང་པོ། རྣ་བའི་དབང་པོ། སྣའི་དབང་པོ། ལྕེའི་དབང་པོ། ལུས་ཀྱི་དབང་པོ། ཡིད་ཀྱི་དབང་པོ་དྲུག་ལ་ཟེར། ཡང་གདོང་ལྔ་འབར་བའི་རིན་ཆེན་ཁྲི་བཟང་སྟེང་ཞེས་པ། གདོང་ལྔ་ནི། མངོན་བརྗོད་ཀྱི་སེང་གེའི་མིང་ཡིན་ལ། མགོ་ཡི་ཡ་ཐོད། མ་མཆུ་གཉིས། མཁུར་མགོ་གཡས་གཡོན་གཉིས། སྣའི་གདོང་དང་ལྔ་ལ་ཟེར། འགའ་རེས་མགོ །སྐང་ལག་ལྔ་ལ་ཡང་ཟེར། ཡང་ཕུང་པོ་རྣམ་དག་བདེ་གཤེགས་ལྔ་གང་ལ་ཟེར་ན། གཟུགས་ཀྱི་ཕུང་པོ་རྣམ་པར་དག་པ་བདེ་གཤེགས་རྣམ་པར་སྣང་མཛད། དེ་བཞིན་དུ་ཚོར་བའི་ཕུང་པོ་བདེ་གཤེགས་རྣམ་དག་རིན་འབྱུང་། འདུ་ཤེས་རྣམ་དག་བདེ་གཤེགས་སྣང་མཐའ། འདུ་བྱེད་རྣམ་དག་
བདེ་གཤེགས་དོན་གྲུབ། རྣམ་ཤེས་རྣམ་དག་བདེ་གཤེགས་མི་བསྐྱོད་པ་དང་ལྔ་ལ་ཟེར། ཡང་ཁམས་བཞི་ཡུམ་བཞི་ཟེར་བ། ས་ཁམས་རྣམ་དག་ཡུམ་སྤྱན་མ། ཆུ་ཁམས་རྣམ་དག་ཡུམ་མ་མཱ་ཀི །མེ་ཁམས་རྣམ་དག་ཡུམ་གོས་དཀར་མོ། རླུང་ཁམས་རྣམ་དག་དམ་ཚིག་སྒྲོལ་མ་དང་བཞི་ལ་ཟེར། ཡང་སྟོན་པར་འོས་པའི་ཡོན་ཏན་བཅུ་ལྡན་པ། ཞེས་པ། ཚུལ་ཁྲིམས་ཀྱི་བསླབ་པ། སེམས་ཀྱི་བསླབ་པ། ཤེས་རབ་ཀྱི་བསླབ་པ་གསུམ་གྱིས་རིམ་པ་བཞིན་རྒྱུད་ཞི་བ་དུལ་བ་ཉེ་བར་ཞི་བ། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་གསུམ་གྱི་ལུང་གིས་ཕྱུག་པ། དེ་ཁོ་ན་ཉིད་ཀྱི་དོན་རྟོགས་པ། གདུལ་བྱ་ལ་སྨྲ་མཁས་པ། བརྩེ་བ་དང་ལྡན་པ། ཆོས་འཆད་པ་ལ་སྐྱོ་བ་མེད་པ་སྟེ། ཡོན་ཏན་བཅུ་དང་ལྡན་པ་ལ་ཟེར། ཡང་དེ་ཉིད་བཅུ་ནི། ཟུང་འབྲིས་དང་འཆད་མཁས་པའི། ཞེས་པའི། དེ་ཉིད་བཅུ་ལས། ནང་གི་དེ་ཉིད་བཅུ་དང་། ཕྱིའི་དེ་ཉིད་བཅུའོ། །ནང་གི་དེ་ཉིད་བཅུ་ནི་བསྲུང་འཁོར་བསྒོམས་ནས་ཕྱིར་བཟློག་ལ་མཁས་པ་དང་གཅིག །འཁོར་ལོ་བྲིས་ནས་ལུས་ལ་བཏག་པ་སོགས་ཀྱི་སྒོ་ནས་ཕྱིར་
བཟློག་ལ་མཁས་པ་དང་གཉིས། བུམ་དབང་དང་གསང་དབང་བསྐུར་བ་ལ་མཁས་པ་དང་གསུམ། ཤེས་རབ་ཡེ་ཤེས་ཀྱི་དབང་དང་། དབང་བཞི་པ་བསྐུར་བ་ལ་མཁས་པ་དང་བཞི། དགྲ་བོ་སྲུང་མ་དང་ཕྲལ་བའི་ཁ་སྦྱོར་དབྱེ་བ་ལ་མཁས་པ་དང་ལྔ། གཏོར་མའི་ཆོ་ག་ལ་མཁས་པ་དང་དྲུག །ཡིད་བཟླས། རྡོ་རྗེའི་བཟླས་པ། དམ་ཚིག་གི་བཟླས་པ། ཁ་སྦྱོར་གྱི་བཟླས་པ། ཁྲོ་བོའི་བཟླས་པ། ཁྲོས་པའི་བཟླས་པ། གོང་བུའི་བཟླས་པ་སོགས་བཟླས་པའི་ཚུལ་ལ་མཁས་པ་དང་བདུན། ཚུལ་བཞིན་བསྒྲུབས་ཀྱང་མ་འགྲུབ་ན་སྤོག་ཆོག་བྱ་བ་དྲག་ཤུལ་གྱི་ཚུལ་ལ་མཁས་པ་དང་བརྒྱད། རབ་གནས་ཀྱི་ཆོ་ག་ལ་མཁས་པ་དང་དགུ །དཀྱིལ་འཁོར་སྒྲུབ་མཆོད་ལ་མཁས་པ་དང་བཅུའོ། ཕྱིའི་དེ་ཉིད་བཅུ་ནི་དཀྱིལ་འཁོར་འབྲི་བའི་ཚུལ་དང་དཀྱིལ་འཁོར་སྒོམ་པའི་ཚུལ་ལ་མཁས་པ་དང་གཅིག །དང་པོ་སྦྱོར་བ་ལ་སོགས་པའི་ཏིང་ངེ་འཛིན་རྣམས་ལ་མཁས་པ་དང་གཉིས། ལག་པའི་ཕྱག་རྒྱ་ལ་མཁས་པ་དང་གསུམ། གཡས་བརྐྱང་དང་གཡོན་བསྐུམ་དང་ས་ག་དང་ཟླུམ་པོ་དང་མཉམ་པའི་
སྟབས་ལ་སོགས་པ་སྟངས་སྟབས་ལ་མཁས་པ་དང་བཞི། རྡོ་རྗེ་སྐྱིལ་ཀྲུང་དང་། སེམས་པའི་སྐྱིལ་ཀྲུང་སོགས་འདུག་སྟངས་ལ་མཁས་པ་དང་ལྔ། བཟླས་བརྗོད་ལ་མཁས་པ་དང་དྲུག །སྦྱིན་སྲེག་ལ་མཁས་པ་དང་བདུན། མཆོད་པའི་ཆོས་ལ་མཁས་པ་དང་བརྒྱད། ལས་སྦྱོར་ལ་མཁས་པ་དང་དགུ། གཤེགས་གསོལ་སླར་སྡུད་པ་ལ་མཁས་པ་དང་བཅུ་ཡིན་ཞེས་ཡོངས་འཛིན་མཆོག་གི་བླ་མ་མཆོད་པའི་འགྲེལ་པ་ལས་གསུངས། གཞན་ཡང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་རྡོ་རྗེ་སྙིང་པོ་རྒྱན་གྱི་ལེའུ་ཐ་མ་ལས། ཕྱིར་བཟློག་གཉིས་ཀྱི་ཆོ་ག་དང་། །གསང་བ་ཤེས་རབ་ཡེ་ཤེས་དང་། །ཁ་སྦྱོར་འབྱེད་པའི་ཆོ་ག་དང་། །གཏོར་མ་རྡོ་རྗེའི་བཟླས་པ་དང་། །དྲག་ཤུལ་སྒྲུབ་པའི་ཆོ་ག་དང་། །རབ་ཏུ་གནས་དང་དཀྱིལ་འཁོར་སྒྲུབ། །གསང་བའི་དེ་ཉིད་གསང་བ་ལ་ནང་གི་དེ་ཉིད་བཅུ་ཟེར་བཅུ་ཡིན་ནོ། །དཀྱིལ་འཁོར་ཏིང་འཛིན་ཕྱག་རྒྱ་དང་། །སྟངས་སྟབས་འདུག་སྟངས་བཟླས་བརྗོད་དང་། །སྦྱིན་སྲེག་མཆོད་པ་ལས་སྦྱོར་དང་། །སླར་སྡུད་པ་ཡི་རྣམ་པ་ཡི། །ཕྱི་ཡི་དེ་ཉིད་བཅུ་ཡིན་ནོ། །ལུས་གནད་རྣམ་སྣང་ཆོས་བདུན་ནི།
རྐང་པ་སྐྱིལ་ཀྲུང་། ལག་པ་མཉམ་བཞག །རྒལ་ཚིགས་དྲང་པོ། མགྲིན་པ་ཅུང་ཟད་གུག་པ། མིག་སྣ་རྩེར་ཕབ་པ། མཆུ་སོ་མ་རེག་པ། ལྕེ་རྩེས་སྐན་ལ་སྦྱར་བ་སྟེ་བདུན། དེ་རྣམས་ཀྱི་སྟེང་དུ་དབུགས་དལ་བར་རྒྱུ་བར་བྱེད་པ་བསྣན་པས་རྣམ་སྣང་ཆོས་བརྒྱད་ཟེར། སྦྱོར་བའི་ཆོས་དྲུག་ནི། གནས་ཁང་བྱི་དོར་བྱ་ཞིང་སྐུ་གསུང་ཐུགས་རྟེན་བཀྲམ་པ། མཆོད་པ་གཡོ་བ་མེད་པར་བཀོད་པ་མཛེས་པར་བཤམས་པ། བདེ་བའི་སྟན་ལ་ལུས་གནད་རྣམ་སྣང་ཆོས་བརྒྱད་དམ་སྤྱོད་ལམ་གང་བདེར་འཁོད་ནས་རང་རྒྱུད་ལ་བརྟགས་ཏེ། དགེ་སེམས་ཁྱད་པར་ཅན་གྱིས་ངང་ནས་སྐྱབས་འགྲོ་སེམས་བསྐྱེད་ཚད་མེད་བཞི་བསྒོམ་པ། ཚོགས་ཞིང་གསལ་གདབ་པ། ཡན་ལག་བདུན་པ་མཎྜལ་དང་བཅས་ཕུལ། དོན་ཆེན་པོ་གསུམ་གྱི་སྒོ་ནས་གསོལ་བ་འདེབས་པ་དང་དྲུག་གོ །དོན་ཆེན་པོ་གསུམ་ནི། ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགགས་པའི་དོན་དང་། ཕྱིན་ཅི་མ་ལོག་པའི་བློ་སྣ་མཐའ་དག་རྒྱུད་ལ་སྐྱེས་པའི་དོན་དང་། རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བའི་དོན་དང་གསུམ་མོ། མི་ཁོམ་བརྒྱད་
བྲལ་བའི་དལ་བ་བརྒྱད་ནི། དམྱལ་བ་ཡི་དྭགས་དུད་འགྲོ་དང་། །ཚེ་རིང་ལྷ་དང་ཀླ་ཀློ་དང་། །ལོག་ལྟ་རྒྱལ་བའི་བཀའ་མེད་པ། །གླེན་ལྐུག་འདི་དག་མི་ཁོམ་བརྒྱད། །དེ་དག་དང་བྲལ་དལ་བ་བརྒྱད། །འབྱོར་པ་བཅུ་ནི། མི་ཉིད་དབུས་སྐྱེས་དབང་པོ་ཚང་། །ལས་མཐའ་མ་ལོག་གནས་ལ་དད། །འདི་ལྔ་རང་གི་འབྱོར་པ་ཡིན། །སངས་རྒྱས་བྱོན་དང་དེས་ཆོས་གསུང་། །བསྟན་པ་གནས་དང་དེ་རྗེས་འཇུག །གཞན་ཕྱིར་སྙིང་ནས་བརྩེ་བ་སྟེ། འདི་ལྔ་གཞན་གྱི་འབྱོར་པ་ཡིན། །གསུངས། རྩ་བ་བཞི་ནི། མིའམ་མིར་ཆགས་པ་གསོད་པ། རིན་ཐང་ཆེ་བའི་ནོར་བརྐུ་བ། བུད་མེད་ལ་མི་ཚངས་པ་སྤྱད་པ། མི་ཆོས་བླ་མའི་རྫུན་དང་བཞིའོ། །སྟོབས་བཞི་ནི། རྟེན་གྱི་སྟོབས། སུན་འབྱིན་པའི་སྟོབས། གཉེན་པོ་ཀུན་སྤྱོད་ཀྱི་སྟོབས། ཉེས་པ་ལས་སླར་ལྡོག་པའི་སྟོབས་དང་བཞིའོ། མི་ཆོས་གཙང་མ་ཅུག་དྲུག་ནི། དཔལ་མགོན་ཀླུ་སྒྲུབ་ཞབས་ཀྱིས། མི་དགེ་བཅུ་པོ་སྤངས་པའི་སྟེང་། །ཆང་མི་འཐུང་དང་འཚོ་བ་བཟང་། །རྣམ་མི་འཚེ་དང་གོས་སྦྱིན་དང་། །མཆོད་འོས་མཆོད་དང་བྱམས་པ་སྟེ། །མདོར་ན་ཆོས་
ནི་དེ་བཞིན་ནོ། །གསུངས། ཆོས་འཁོར་རིམ་པ་གསུམ་ནི། དང་པོ་བདེན་བཞིའི་ཆོས་འཁོར་བསྐོར། བར་པ་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར། ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་བསྐོར། མཛད་པ་བཅུ་གཉིས་ནི། རྒྱུད་བླ་མ་ལས། དགའ་ལྡན་གནས་ནས་འཕོ་བ་དང་། །ལྷུམས་སུ་ཞུགས་དང་བལྟམས་པ་དང་། །བཟོ་ཡི་གནས་ལ་མཁས་པ་དང་། །བཙུན་མོའི་འཁོར་གྱིས་བསྐོར་བ་དང་། །ངེས་འབྱུང་དཀའ་བ་སྤྱད་པ་དང་། །བྱང་ཆུབ་སྙིང་པོར་གཤེགས་པ་དང་། །བདུད་སྡེ་བཅོམ་དང་རྫོགས་པར་ནི། །བྱང་ཆུབ་ཆོས་ཀྱི་འཁོར་ལོ་བསྐོར། །མྱ་ངན་འདས་པར་གཤེགས་མཛད་རྣམས། ཞེས་གསུངས། སྡེ་སྣོད་གསུམ་ནི། འདུལ་བའི་སྡེ་སྣོད། མདོ་སྡེའི་སྡེ་སྣོད། མངོན་པའི་སྡེ་སྣོད་དང་གསུམ་མོ། བསླབ་པ་གསུམ་ནི། ཚུལ་ཁྲིམས་ཀྱི་བསླབ་པ། སེམས་ཀྱི་བསླབ་པ། ཤེས་རབ་ཀྱི་བསླབ་པའོ། ཕར་ཕྱིན་དྲུག་ནི། སྦྱིན་དང་ཚུལ་ཁྲིམས་བཟོད་དང་བརྩོན་འགྲུས་བསམ་གཏན་ཤེས་རབ་ཀྱི་ཕར་ཕྱིན་དང་དྲུག་གོ །ཕར་ཕྱིན་བཅུ་ནི། ཕར་ཕྱིན་
དྲུག་གི་སྟེང་དུ། ཐབས་དང་། སྟོབས་དང་། སྨོན་ལམ་དང་། ཡེ་ཤེས་ཀྱི་ཕར་ཕྱིན་བསྣན་པའི་བཅུའོ། བསྡུ་བ་བཞི་ནི། མཁོ་བ་སྦྱིན་པ། སྙན་པར་སྨྲ་བ། དོན་སྤྱོད་པ། དོན་མཐུན་པ་སྟེ་བཞིའོ། སྦྱིན་པ་རྣམ་བཞི་ནི། ཆོས་དང་། མི་འཇིགས། ཟང་ཟིང་། བྱམས་པའི་སྦྱིན་པ་བཞིའོ། ཡན་ལག་བདུན་ནི། ཕྱག་འཚལ་བའི་ཡན་ལག །དེ་བཞིན་དུ་མཆོད་པ་འབུལ་བ། །བཤགས་པ་བྱེད་པ། རྗེས་སུ་ཡི་རང་བ། ཆོས་འཁོར་བསྐོར་བར་བསྐུལ་བ། མྱ་ངན་ལས་མི་འདའ་བར་གསོལ་བ་འདེབས་པ། དགེ་བ་རྫོགས་བྱང་དུ་བསྔོ་བའི་ཡན་ལག་དང་བདུན་ནོ། །ཡེ་ཤེས་ལྔ་ནི། མེ་ལོང་ལྟ་བུའི་ཡེ་ཤེས། སོ་སོར་རྟོགས་པའི་ཡེ་ཤེས། མཉམ་པ་ཉིད་ཀྱི་ཡེ་ཤེས། བྱ་བ་གྲུབ་པའི་ཡེ་ཤེས། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས། དེའི་སྟེང་དུ་མི་གནས་ཡེ་ཤེས་དང་དྲུག་གོ །ཡེ་ཤེས་གཉིས་ནི། ཇི་ལྟ་བ་མཁྱེན་པའི་ཡེ་ཤེས། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །ཐེག་པ་གསུམ་ནི། ཉན་ཐོས་ཀྱི་ཐེག་པ། རང་རྒྱལ་གྱི་ཐེག་པ། བྱང་ཆུབ་སེམས་དཔའི་ཐེག་པའོ། །གསང་སྔགས་རྙིང་མའི་ཐེག་པ་རིམ་དགུ་ནི། ཉན་ཐོས་རང་
རྒྱལ་བྱང་སེམས། ཀྲི་ཡ་ཨུ་པ་ཡོ་ག །མ་ཧཱ་ཨ་ནུ་ཨ་ཏིའི་ཐེག་པ་དང་དགུའོ། །འཁོར་ལོ་གསུམ་ནི། ཀློག་པ་ཐོས་བསམ་གྱི་འཁོར་ལོ། སྒྲུབ་པ་བསམ་གཏན་གྱི་འཁོར་ལོ། བྱ་བ་ལས་ཀྱི་འཁོར་ལོ་དང་གསུམ་མོ། །ས་བཅུ་ནི། ས་དང་པོ་རབ་ཏུ་དགའ་བ། གཉིས་པ་དྲི་མ་མེད་པ། གསུམ་པ་འོད་བྱེད་པ། བཞི་བ་འོད་འཕྲོ་བ། ལྔ་བ་སྦྱང་དཀའ་བ། དྲུག་པ་མངོན་དུ་ཕྱོགས་པ། བདུན་པ་རིང་དུ་སོང་བ། བརྒྱད་པ་མི་གཡོ་བ། དགུ་པ་ལེགས་པའི་བློ་གྲོས། བཅུ་པ་ཆོས་ཀྱི་སྤྲིན་ནོ། །ལམ་ལྔ་ནི། ཚོགས་ལམ། སྦྱོར་ལམ། མཐོང་ལམ། སྒོམ་ལམ། མི་སློབ་པའི་ལམ་དང་ལྔའོ། །ཡང་མི་སློབ་པའི་ལམ་དེ་མཐར་ཕྱིན་པའི་ལམ་ཡང་ཟེར་བ་འདུག །སྐྱེས་གནས་བཞི་ནི། མངལ་སྐྱེས། རྗུས་སྐྱེས། སྒོང་སྐྱེས། དྲོད་སྐྱེས་དང་བཞིའོ། །འཕགས་པའི་ནོར་བདུན་ནི། དད་པ། གཏོང་བ། ཚུལ་ཁྲིམས། ཁྲེལ་ཡོད། ངོ་ཚ། ཐོས་པ། ཤེས་རབ་དང་བདུན་ནོ། །བློ་སྦྱོང་དོན་བདུན་མ་ནི། སྔོན་འགྲོ་རྟེན་གྱི་ཆོས་བཤད་པ། དངོས་གཞི་བྱང་ཆུབ་ཀྱི་སེམས་སྦྱོང་བ། རྐྱེན་ངན་
བྱང་ཆུབ་ཀྱི་ལམ་དུ་འཁྱེར་བ། ཚེ་གཅིག་གི་ཉམས་ལེན་དྲིལ་ནས་བསྟན་པ། བློ་སྦྱངས་པའི་ཚད། བློ་སྦྱོང་གི་དམ་ཚིག །བློ་སྦྱོང་གི་བསླབ་བྱ་དང་བདུན་ནོ། ལམ་གྱི་གཙོ་བོ་རྣམ་གསུམ་ནི། ངེས་འབྱུང་། བྱང་སེམས། ཡང་དག་ལྟ་བ་དང་གསུམ་མོ། །དྭགས་པོའི་ཆོས་བཞི་ནི། བློ་ཆོས་སུ་འགྲོ་བ། ཆོས་ལམ་དུ་འགྲོ་བ། ལམ་འཁྲུལ་པ་སེལ་བ། འཁྲུལ་པ་ཡེ་ཤེས་སུ་འཆར་བ་དང་བཞིའོ། །ས་སྐྱའི་ཞེན་པ་བཞི་བྲལ་ནི། ཚེ་འདི་ལ་ཞེན་ན་ཆོས་པ་མིན། འཁོར་བ་ལ་ཞེན་ན་ངེས་འབྱུང་མིན། རང་དོན་ལ་ཞེན་ན་བྱང་སེམས་མིན། འཛིན་པ་(དངོས་པོ་ལ་ཞེན་ན་ལྟ་བ་མིན་ཟེར་བའང་འདུག་ལ་)ཞེན་ན་ལྟ་བ་མིན། ཞེས་གསུངས་པ་དང་བཞིའོ། །སངས་རྒྱས་ཀྱི་འཁོར་རྣམ་པ་བཞི་དགེ་སློང་ཕ་མ་གཉིས། དགེ་བསྙེན་ཕ་མ་གཉིས་དང་བཞིའོ། སོ་སོར་ཐར་པ་རིགས་བདུན་ནི། བཞིའི་རྗེས་སུ་དགེ་ཚུལ་ཕ་མ་གཉིས། དགེ་སློབ་མ་དང་གསུམ་བསྣན་པའི་བདུན་ཡིན་ནོ། དྲུག་པ་རྡོ་རྗེ་འཆང་ཞེས་པའི་དྲུག་པོ་གང་ཡིན་ཞེ་ན། རྡོ་རྗེའི་རིགས། རིན་པོ་ཆེའི་རིགས། པདྨའི་རིགས། ལས་ཀྱི་རིགས། དེ་བཞིན་
གཤེགས་པའི་རིགས་ལྔའི་ཁར་ཀུན་འདུས་ཀྱི་རིགས་དང་དྲུག་གོ །སྐུ་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། མི་འགྱུར་རྡོ་རྗེའི་སྐུ། མངོན་པར་བྱང་ཆུབ་པའི་སྐུ་དང་ལྔའི་ཁར་ཀུན་ཁྱབ་ཀྱི་སྐུའམ་ཁྱབ་བདག་གི་སྐུ་ཞེས་བྱ་བ་དང་དྲུག་གི་ངེས་པ་དང་སྦྱར་ནས་དྲུག་པ་ཞེས་བྱའོ། གཏད་རབས་བདུན་ནི། སྟོན་པ་མྱ་ངན་ལས་འདའ་ཁར་ངས་བསྟན་པ་ཁྱེད་ཀྱིས་ཟུངས་ཤིག་ཅེས་གནས་བརྟན་འོད་སྲུངས་ཆེན་པོ་ལ་གཏད། འོད་སྲུངས་ཀྱིས་ང་ནི་མྱ་ངན་ལས་འདའ་བས་ཁྱོད་ཀྱིས་བསྟན་པ་ཟུངས་ཤིག་ཅེས་ཀུན་དགའ་བོ་ལ་གཏད། ཀུན་དགའ་བོས་མྱ་ངན་འདའ་ཁར་ཤ་ནའི་གོས་ཅན་ལ་གཏད། དེས་ཉེར་སྦས་ལ་གཏད། ཉེར་སྦས་ཀྱིས་ངྷི་ངྷི་ཀ་ལ་གཏད། དྷི་དྷི་ཀས་ནག་པོ་ལ་གཏད། ནག་པོས་ལེགས་མཐོང་ལ་གཏད། སྔ་མ་སྔ་མས་ཕྱི་མ་ཕྱི་མ་ལ་གཏད་ཅིང་བཟུང་བས་གཏད་རབས་བདུན་ཞེས་གྲགས་སོ། །འཛམ་གླིང་མཛེས་པར་བྱེད་པའི་རྒྱན་དྲུག་ནི། འཕགས་མཆོག་ཀླུ་སྒྲུབ། ཨ་རྱ་དེ་བ། འཕགས་པ་ཐོགས་མེད། མཁས་མཆོག་དབྱིག་གཉེན། ཕྱོགས་ཀྱི་གླང་པོ། དཔལ་
ཆོས་ཀྱི་གྲགས་པ་དང་དྲུག་གོ །མཆོག་གཉིས་ནི། ཡོན་ཏན་འོད་དང་། ཤཱཀྱ་འོད་གཉིས་སོ། ས་སྐྱ་གོང་མ་ལྔ་ནི། ས་ཆེན་ཀུན་དགའ་སྙིང་པོ། པཎ་ཆེན་བསོད་ནམས་རྩེ་མོ། རྗེ་བཙུན་གྲགས་པ་རྒྱལ་མཚན། ཆོས་རྗེས་ཀུན་དགའ་རྒྱལ་མཚན། འཕགས་པ་བློ་གྲོས་རྒྱལ་མཚན་དང་ལྔའོ། དགོངས་བརྒྱུད་སྟོན་པ་བཅུ་གཉིས་ནི། སྟོན་པ་ཁྱེའུ་སྣང་བྱེད། སྟོན་པ་འོད་མི་འཁྲུགས་པ། སྟོན་པ་འཇིགས་པ་སྐྱོབ་པའི་ཡིད་ཅན། སྟོན་པ་གཞོན་ནུ་རྣམ་པར་བརྩེ་བ། སྟོན་པ་རྡོ་རྗེ་འཆང་། སྟོན་པ་གཞོན་ནུ་དཔའ་བོ་སྟོབས་ལྡན། སྟོན་པ་དྲང་སྲོང་ཁྲོས་པའི་རྒྱལ་པོ། སྟོན་པ་གསེར་འོད་དམ་པ། སྟོན་པ་བརྩེ་བའི་བློ་གྲོས། སྟོན་པ་འོད་སྲུངས་བགྲེས་པོ། སྟོན་པ་མངོན་རྫོགས་རྒྱལ་པོ། སྟོན་པ་ཤཱཀྱ་ཐུབ་པ་དང་བཅུ་གཉིས་སོ། སྔ་འགྱུར་ཆོས་ཀྱི་ཆེ་བ་དྲུག་གང་ཡིན་ཟེར་ན། རྒྱ་གར་པཎ་གྲུབ་རྣམས་སྤྱན་འདྲེན་མཁན་འཇམ་དཔལ་སྤྲུལ་པ་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ཡིན་པས་ཡོན་བདག་གི་ཆེ་བ། རྡོ་རྗེ་གདན་དང་མཚུངས་པའི་བསམ་ཡས་ཆོས་འཁོར་གནས་ནས་བསྒྱུར་པ་ཡིན་པས་གནས་ཀྱི་ཆེ་བ། སློབ་དཔོན་བཻ་རོ་ཙཱ་ན་ཀ་ཅོག་
ཞང་གསུམ་སོགས་སྤྲུལ་པའི་ལོ་ཙཱ་བ་ཡིན་པས་དོན་ཇི་ལྟ་བ་བཞིན་གཏན་ལ་ཕེབས་པས་སྒྱུར་བྱེད་ལོ་ཙཱ་བའི་ཆེ་བ། མཁན་ཆེན་ཞི་བ་འཚོ་དང་། སངས་རྒྱས་གསང་བ། པདྨ་འབྱུང་གནས། བི་མ་མི་ཏྲ་སོགས་སངས་རྒྱས་བྱང་སེམས་ཀྱི་སྤྲུལ་པ་ཤ་སྟག་ཡིན་པས་མཁས་པ་པཎྜི་ཏའི་ཆེ་བ། གསེར་ཤ་བའི་རླིད་བུ་མང་པོ་བཀང་ནས་རྒྱ་གར་དུ་བརྫངས། གསེར་ཕྱེ་བྲེ་ལ་གཞལ་ནས་ཕུལ་ཏེ་ཞུས་པའི་ཆོས་ཡིན་པས་ཞུ་རྟེན་མེ་ཏོག་གི་ཆེ་བ། འཕགས་ཡུལ་དུ་བསྟན་པ་སྒྲ་མ་ཉམས་པའི་དུས་སུ་པཎ་ཆེན་བི་མ་མི་ཏྲ། སློབ་དཔོན་པདྨ་འབྱུང་གནས་སོགས་ཀྱིས་རྒྱ་གར་ཡུལ་དང་། སིང་ག་ལ་དང་། ནུབ་ཕྱོགས་ཨོ་རྒྱན་ཡུལ་དང་དག་པའི་ཞིང་ཁམས་གཞན་ནས་རྫུ་འཕྲུལ་གྱིས་བླངས་ནས་བསྒྱུར་པའི་རྒྱ་གར་པཎ་གྲུབ་ཡོངས་ལ་མ་གྲགས་པ་མང་པོ་བོད་ཀྱི་རྒྱལ་པོའི་བསོད་ནམས་ཀྱི་སྐལ་པར་བྱོན་པའི་དམ་པའི་ཆོས་ཀྱི་ཆེ་བ་དང་དྲུག་གོ །བསྡུ་ན་ཡོན་བདག་གི་ཆེ་བ། གནས་ཀྱི་ཆེ་བ། ལོ་ཙཱ་བའི་ཆེ་བ། པཎྜི་ཏའི་ཆེ་བ། ཞུ་རྟེན་གྱི་ཆེ་བ། ཆོས་ཀྱི་ཆེ་བ་དང་དྲུག་གོ །ལམ་རིམ་གྱི་ཆེ་བ་བཞི་ནི། བསྟན་པ་
ཐམས་ཅད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་པ་གདམས་པར་འཆར་བའི་ཆེ་བ། རྒྱལ་བའི་དགོངས་པ་བདེ་བླག་དུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་འགགས་སུ་འགྲོ་བའི་ཆེ་བ་དང་བཞིའོ། དཀོན་མཆོག་གསུམ་ནི། སངས་རྒྱས་དཀོན་མཆོག །ཆོས་དཀོན་མཆོག །དགེ་འདུན་དཀོན་མཆོག་གོ །རྩ་བ་གསུམ་ནི། བྱིན་བརླབ་རྩ་བ་བླ་མ། དངོས་གྲུབ་རྩ་བ་ཡི་དམ། ཕྲིན་ལས་རྩ་བ་མཁའ་འགྲོ་སྟེ་གསུམ་མོ། རྒྱལ་བ་ཡབ་སྲས་གསུམ་ནི། རྒྱལ་བ་བློ་བཟང་གྲགས་པ། རྒྱལ་ཚབ་དར་མ་རིན་ཆེན། མཁས་གྲུབ་དགེ་ལེགས་དཔལ་བཟང་དང་གསུམ་མོ། རྒྱལ་བ་ཡབ་སྲས་གཉིས་ནི། རྒྱལ་བ་རིན་པོ་ཆེ། པཎ་ཆེན་རིན་པོ་ཆེ་གཉིས་སོ། །རྙིང་མ་པའི་གུ་རུ་གཙོ་འཁོར་གསུམ་ནི། གཙོ་བོ་སློབ་དཔོན་རིན་པོ་ཆེ། འཁོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། ལྷ་ལྕམ་མནྡྷ་ར་བ་གཉིས་དང་གསུམ་མོ། གུ་རུའི་ཐུགས་སུ་བྱོན་པའི་བུད་མེད་ལྔ་ནི། ལྷ་ལྕམ་མནྡྷ་ར་བ། བལ་འབངས་ཀ་ལ་སིདྡྷི། བལ་མོ་ཤཱཀྱ་བདེ་བ། མོན་མོ་བཀྲ་ཤིས་སྤྱི་འདྲེན། བུད་མེད་ཡེ་ཤེས་མཚོ་རྒྱལ་དང་ལྔའོ། །རྒྱལ་དབང་ལྔ་པ་
ནི། རྒྱལ་བ་དགེ་འདུན་གྲུབ། རྒྱལ་བ་དགེ་འདུན་རྒྱ་མཚོ། རྒྱལ་བ་བསོད་ནམས་རྒྱ་མཚོ། རྒྱལ་བ་ཡོན་ཏན་རྒྱ་མཚོ། ངག་དབང་བློ་བཟང་རྒྱ་མཚོ་སྟེ་སྐྱེ་ཕྲེང་ལྔ་པ་ཡིན་པས་ན་རྒྱལ་དབང་ལྔ་པ་ཡང་ཟེར། བཀའ་གདམས་ལྷ་བཞི་ནི། ཤཱཀྱ་ཐུབ་པ། སྤྱན་རས་གཟིགས། སྒྲོལ་མ། མི་གཡོ་བ་དང་བཞིའོ་དེའི་ཐོག་ཏུ་འདུལ་བ་མདོ་སྡེ་མངོན་པ་བསྣན་པས་བཀའ་གདམས་ལྷ་ཆོས་བདུན་ལྡན་ཡང་ཟེར། ཇོ་བོ་ཡབ་སྲས་གསུམ་ནི། ཇོ་བོ་རྗེ་དང་། འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས། རྔོག་ལེགས་པའི་ཤེས་རབ་དང་གསུམ་མོ། །བཀའ་གདམས་སྐུ་མཆེད་གསུམ་ནི། པུ་ཏོ་པ་(རིན་ཆེན་གསལ)། སྤྱན་སྔ་བ་(ཚུལ་ཁྲིམས་འབར)། ཕུ་ཆུང་བ་དང་གསུམ་མོ་(གཞོན་ནུ་རྒྱལ་མཚན)། སངས་རྒྱས་རབས་བདུན་ནི། སངས་རྒྱས་རྣམ་གཟིགས། གཙུག་ཏོར་ཅན། ཐམས་ཅད་སྐྱོབ། འཁོར་བ་འཇིག །གསེར་ཐུབ། འོད་སྲུངས། ཤཱཀྱ་ཐུབ་པ་དང་བདུན་ནོ། །ཉེ་བའི་སྲས་ཆེན་བརྒྱད་ནི། འཇམ་དབྱངས། ཕྱག་ན་རྡོ་རྗེ། སྤྱན་རས་གཟིགས། ས་ཡི་སྙིང་པོ། སྒྲིབ་པ་རྣམ་སེལ། ནམ་མཁའི་སྙིང་པོ་
བྱམས་པ། ཀུན་ཏུ་བཟང་པོ་དང་བརྒྱད་དོ། །བཀའ་དྲིན་གསུམ་ལྡན་གྱི་བླ་མ་ནི། དབང་བསྐུར། རྒྱུད་བཤད། མན་ངག་གནང་བ་དང་གསུམ་མོ། ཡང་ལྟོ་གོས་ཆོས་གསུམ་གྱི་བསྐྱངས་པ་ལ་ཟེར་བ་དང་། དབང་ལུང་ཁྲིད་གསུམ་བྱས་པ་ལ་ཟེར་མཁན་འདྲ་འདུག །བསྙེན་གནས་ཡན་ལག་བརྒྱད་ནི། མཁས་གྲུབ་རྗེས། སྲོག་གཅོད་པ་དང་། མ་བྱིན་ལེན་དང་། མི་ཚངས་པར་སྤྱོད་པ་དང་། རྫུན་དུ་སྨྲ་བ་སྟེ་རྩ་བའི་ལྟུང་བ་བཞི་པོ་སྤོང་བ་ཚུལ་ཁྲིམས་ཀྱི་ཡན་ལག་དང་། ཆང་སྤོང་བ་བག་ཡོད་ཀྱི་ཡན་ལག་དང་། གར་ཕྲེང་བ་སོགས་དང་། མལ་སྟན་ཆེ་མཐོ་དང་། དུས་མ་ཡིན་པའི་ཁ་ཟས་སྤོང་བ་གསུམ་ནི་བརྟུལ་ཞུགས་ཀྱི་ཡན་ལག་གོ །བོད་ཀྱི་མཁས་པ་མི་གསུམ་ནི། གཙང་རབ་གསལ། གཡོ་དགེ་བ་འབྱུང་། དམར་ཤཱཀྱ་འབྱུང་གནས་དང་གསུམ་ཡིན། ༈ །སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ནི། ཞབས་ཀྱི་མཐིལ་ལེགས་པར་མཉམ་པར་གནས་པ། ཕྱག་ཞབས་ཀྱི་མཐིལ་འཁོར་ལོས་མཚན་པ། རྟིང་པ་ཡངས་ཤིང་ལོང་བུ་མི་མངོན་པ། འཇིགས་པ་ལས་བསྐྱབས་པས་སོར་མོ་རིང་བ། ཕྱག་
ཞབས་ཀྱི་སོར་མོ་རྣམས་དྲ་བས་འབྲེལ་བ། ཕྱག་དང་ཞབས་གཉིས་ཀྱི་པགས་པ་འཇམ་ཞིང་གཞོན་ཤ་ཆགས་པ། ཕྱག་ཞབས་ཀྱི་མཐིལ་བཞི་དང་ཕྲག་གོང་གཉིས་དང་ལྟག་པའི་ཆ་སྟེ་སྐུའི་གནས་བདུན་དག་མཐོ་བ། བྱིན་པ་ཨེ་ན་ཡ་ཞེས་པ་ཤ་བྷའམ་བསེ་ཁ་སྒོའམ་ཤ་བའི་བྱིན་པ་དང་འདྲ་བར་ཤ་རྒྱས་ཤིང་བྱིན་གྱིས་ཕྲ་བ། གླང་པོ་ཆེ་ལྟར་གསང་བ་སྦུབས་སུ་ནུབ་པ། རོ་སྟོད་འཕེལ་ཀ་ཆེ་བ་སེང་གེ་འདྲ་བ། ཐལ་གོང་མ་ཁེངས་པའི་བར་མེད་པར་རྒྱས་པ། དཔུང་མགོ་ལེགས་པར་ཟླུམ་པ། ཕྱག་མཐིལ་འཇམ་ཞིང་ཟླུམ་ལ་མཐོ་དམའ་མེད་པར་མཉམ་པ། པུས་མོར་སླེབ་པའི་ཕྱག་རིང་བ། འོད་ཀྱི་དཀྱིལ་འཁོར་འདོམ་གང་དང་ལྡན་པ། ཁ་དོག་དྲི་མ་མེད་ཅིང་དབྱིབས་དུང་དང་འདྲ་བར་འཁྱིལ་བ། འགྲམ་པ་རི་དྭགས་ཀྱི་རྒྱལ་པོ་དང་འདྲ་བ། ཚེམས་བཞི་བཅུ་སྟེང་འོག་གཉིས་སུ་ཉི་ཤུ་རེར་གྲངས་མཉམ་ཞིང་ཐགས་བཟང་ལ་དྲི་མས་རྣམ་པར་དག་ཅིང་མཐོ་དམན་མཉམ་པ། མཆེ་བ་རབ་མཆོག་དཀར་བ་ཉིད་དང་། ལྗགས་རིང་ཞིང་མཐའ་མེད་བསམ་དུ་མེད་པ། ལྗགས་ཁ་ཟས་ཀྱི་རོ་བྲོ་བའི་མཆོག་
དང་ལྡན་པ། རང་བྱུང་གི་གསུང་ཀ་ལ་པིངྒའི་སྒྲ་དང་ཚངས་པའི་དབྱངས་ལྟར་སྙན་པ། སྤྱན་བཟང་པོ་ཨུཏྤལ་སྔོན་པོ་འདྲ་བ། རྫི་མ་ཁྱུ་མཆོག་འདྲ་བར་སྣུམ་ཞིང་མ་འཛིངས་པ། ཞལ་མཛེས་དྲི་མ་མེད་པའི་སྨིན་མཚམས་སུ་མཛོད་སྤུ་དཀར་པོ་ཉག་མ་སུམ་ཅུ་རྩ་གཉིས་དང་ལྡན་པ། དབུར་གཙུག་ཏོར་ལྡན་པ་སྟེ་ལུས་དྲང་པོར་མི་གཡོ་བ། པགས་པ་དག་ཅིང་སྲབ་ལ་གསེར་གྱི་མདོག་འདྲ་བ། བ་སྤུ་པྲ་ཞིང་འཇམ་ལ་ཁུང་བུ་རེ་ནས་རེ་རེ་སྐྱེས་པ། བ་སྤུའི་རྩེ་མོ་གྱེན་དུ་ཕྱོགས་ཤིང་གཡས་སུ་འཁྱིལ་བ། དབུ་སྐྲ་དྲི་མ་མེད་ཅིང་རིན་པོ་ཆེ་མཐོན་མཐིང་ལྟར་སྔོ་བ། ནྱ་གྲོ་དྷ་རྫོགས་པའི་ལྗོན་ཤིང་གི་དཀྱིལ་འཁོར་དང་འདྲ་བར་སྐུ་ཆེ་ཞིང་གབ་པ། སངས་རྒྱས་ཀུན་ཏུ་བཟང་པོ་དཔེ་མེད་པ་དྲང་སྲོང་ཆེན་པོ་སྟེ་སྲེད་མེད་ཀྱི་བུའི་སྟོབས་མངའ་ཞིང་མཁྲེགས་པའི་སྐུ་དང་ལྡན་པ་སྟེ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་སོ། ༈ །དཔེ་བྱད་བཟང་པོ་བརྒྱད་ཅུ་ནི། སེན་མོ་ཟངས་མདོག་ལྟ་བུ། སེན་མོའི་མདོག་སྣུམ་པ། སེན་མོ་མཐོ་བ། སོར་མོ་ཟླུམ་པ། སོར་མོ་རྒྱས་པ། སོར་མོ་བྱིན་གྱིས་ཕྲ་བ། སྐུའི་རྩ་མི་མངོན་པ། རྩ་མདུད་མེད་པ།
ལོང་བུ་མི་མངོན་པ། ཞབས་གཉིས་མཉམ་པ། སེང་གེ་དང་། བ་དང་། གླང་པོ་ཆེ་དང་། ཁྱུ་མཆོག་གི་སྟབས་སུ་གཤེགས་པ། གཡས་ཕྱོགས་སུ་གཤེགས་པ། མཛེས་པར་གཤེགས་པ། དྲང་པོར་གཤེགས་པ། སྐུ་འཁྲིལ་བག་ཆགས་པ། སྐུ་བྱི་དོར་བྱས་པ་འདྲ་བ། སྐུ་རིམ་པར་འཚམས་པ། སྐུ་གཙང་བ། སྐུ་འཇམ་པ། སྐུ་རྣམ་པར་དག་པ། མཚན་ཡོངས་སུ་རྫོགས་པ། ཁོ་ལག་ཡངས་ཤིང་བཟང་བ། གོམ་པ་སྙོམས་པ། སྤྱན་དག་པ། སྐུ་གཞོན་ཤ་ཅན། ཞུམ་པ་མེད་པ། སྐུ་རྒྱས་པ། སྐུ་ཤིན་ཏུ་གྲིམས་པ། ཡན་ལག་རྣམ་པར་འབྱེས་པ། གཟིགས་པ་རྣམ་པར་དག་པ། དཀུ་ཟླུམ་པ། དཀུ་སྐབས་ཕྱིན་པ། དཀུ་མ་རྙོངས་པ། ཕྱལ་ཕྱང་ངེ་བ། ལྟེ་བ་ཟབ་པ། རི་མོ་གཡས་སུ་འཁྱིལ་བ། སྤྱོད་ལམ་ལྟ་ན་སྡུག་པ། ཀུན་སྤྱོད་གཙང་བ། རྨེ་བ་གནག་བག་མེད་པ། ཕྱག་ཤིང་བལ་ལྟར་འཇམ་པ། ཕྱག་རིས་མདངས་ཡོད་པ། རི་མོ་ཟབ་པ། རི་མོ་རིང་པ། ཞལ་ཧ་ཅང་རིང་བ། མཆུ་བིམ་པ་ལྟར་དམར་བ། ལྗགས་མཉེན་པ། ལྗགས་སྲབ་པ། ལྗགས་དམར་བ།
གསུང་འབྲུག་སྒྲ་ལྟ་བུ། གསུང་མཉེན་ཞིང་འཇམ་པ། མཆེ་བ་ཟླུམ་པ། མཆེ་བ་རྣོ་བ། མཆེ་བ་དཀར་བ། མཆེ་བ་མཉམ་པ། བྱིན་གྱིས་ཕྲ་བ། ཤངས་གཟེང་མཐོ་བ། ཤངས་གཟེང་དག་པ། སྤྱན་ཡངས་པ། རྫི་མ་སྡུག་པ། སྤྱན་པད་འདབ་འདྲ་བ། སྨིན་མ་ཚུགས་རིང་བ། སྨིན་མ་འཇམ་པ། སྨིན་མ་སྣུམ་པ། སྨིན་སྤུ་མཉམ་པ། ཕྱག་རིང་ཞིང་རྒྱས་པ། སྙན་མཉམ་པ། དབང་པོ་མ་ཉམས་པ། དཔྲལ་བ་ལེགས་པར་འབྱེས་པ། དཔྲལ་བ་དབྱེས་ཆེ་བ། དབུ་རྒྱས་པ། དབུ་སྐྲ་བུང་བ་ལྟར་གནག་པ། དབུ་སྐྲ་སྟུག་པ། དབུ་སྐྲ་འཇམ་པ། དབུ་སྐྲ་མ་འཛིངས་པ། དབུ་སྐྲ་མི་གཤོར་བ། དྲི་ཞིམ་པས་སྐྱེས་བུའི་ཡིད་འཕྲོག་པར་བྱེད་པ། ཕྱག་དང་ཞབས་ལ་དཔལ་གྱི་བེའུ་དང་བཀྲ་ཤིས་གཡུང་དྲུང་རི་མོའི་འཁྱིལ་བས་བརྒྱན་པའོ།། ༈ །།སྟོང་ཉིད་བཅོ་བརྒྱད་ནི། ནང་སྟོང་པ་ཉིད་དང་། ཕྱི་སྟོང་པ་ཉིད་དང་། ཕྱི་ནང་གཉིས་ཀ་སྟོང་པ་ཉིད་དང་། སྟོང་པ་ཉིད་སྟོང་པ་ཉིད་དང་། ཆེན་པོ་སྟོང་པ་ཉིད། དོན་དམ་པ་སྟོང་པ་ཉིད། འདུས་བྱས་སྟོང་པ་ཉིད། འདུས་མ་བྱས་སྟོང་པ་ཉིད། མཐའ་ལས་འདས་པ་སྟོང་
པ་ཉིད། ཐོག་མ་དང་ཐ་མ་མེད་པ་སྟོང་པ་ཉིད། དོར་བ་མེད་པ་སྟོང་པ་ཉིད། རང་བཞིན་སྟོང་པ་ཉིད། ཆོས་ཐམས་ཅད་སྟོང་པ་ཉིད། རང་གི་མཚན་ཉིད་སྟོང་པ་ཉིད། མི་དམིགས་པ་སྟོང་པ་ཉིད། དངོས་པོ་མེད་པ་སྟོང་པ་ཉིད། ངོ་བོ་སྟོང་པ་ཉིད། དངོས་པོ་མེད་པའི་ངོ་བོ་སྟོང་པ་ཉིད་དང་བཅོ་བརྒྱད་དོ། །དྲན་པ་ཉེ་བར་བཞག་པ་བཞི་ནི། ལུས་དྲན་པ་ཉེ་བར་བཞག་པ། ཚོར་བ་དྲན་པ་ཉེ་བར་བཞག་པ། སེམས་དྲན་པ་ཉེ་བར་བཞག་པ། ཆོས་དྲན་པ་ཉེ་བར་བཞག་པའོ། །ཡང་དག་པར་སྤོང་བ་བཞི་ནི། སྡིག་པ་མི་དགེ་བའི་ཆོས་ལ་སྐྱེས་པ་རྣམས་སྤང་བའི་ཕྱིར་འདུན་པ་བསྐྱེད་དོ། །དགེ་བའི་ཆོས་མ་སྐྱེས་པ་རྣམས་བསྐྱེད་པའི་ཕྱིར་འདུན་པ་བསྐྱེད་དོ། །དགེ་ཆོས་སྐྱེས་པ་རྣམས་གནས་པ་དང་ཕྱིར་ཞིང་འབྱུང་བ་དང་ཉེམས་པར་མི་འགྱུར་བ་དང་ཡོངས་སུ་རྫོགས་པར་བྱ་བའི་ཕྱིར་འདུན་པ་བསྐྱེད་དོ། །འབད་དང་བརྩོན་འགྲུས་རྩོམ། སེམས་རབ་ཏུ་འཛིན། ཡང་དག་པར་རབ་ཏུ་འཇོག་གོ །རྫུ་འཕྲུལ་གྱི་རྐང་པ་བཞི་ནི། འདུན་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་
རྐང་པ། སེམས་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། བརྩོན་འགྲུས་ཀྱི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པ། དཔྱོད་པའི་ཏིང་ངེ་འཛིན་སྤོང་བའི་འདུ་བྱེད་དང་ལྡན་པའི་རྫུ་འཕྲུལ་གྱི་རྐང་པའོ། །དབང་པོ་ལྔ་ནི། དད་པའི་དབང་པོ། བརྩོན་འགྲུས་ཀྱི་དབང་པོ། དྲན་པའི་དབང་པོ། ཏིང་ངེ་འཛིན་གྱི་དབང་པོ། ཤེས་རབ་ཀྱི་དབང་པོའོ། །སྟོབས་ལྔ་ནི། དད་པའི་སྟོབས། བརྩོན་འགྲུས་ཀྱི་སྟོབས། དྲན་པའི་སྟོབས། ཏིང་ངེ་འཛིན་གྱི་སྟོབས། ཤེས་རབ་ཀྱི་སྟོབས་སོ། །བྱང་ཆུབ་ཀྱི་ཡན་ལག་བདུན་ནི། དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཆོས་རབ་ཏུ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡན་ལག །དགའ་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཤིན་ཏུ་སྦྱོངས་བ་ཡང་དག་བྱང་ཆུབ་ཀྱི་ཡན་ལག །ཏིང་ངེ་འཛིན་ཡང་དག་བྱང་ཆུབ་ཀྱི་ཡན་ལག །བཏང་སྙོམས་ཡང་དག་བྱང་ཆུབ་ཀྱི་ཡན་ལག་གོ །སྒྱུ་མའི་དཔེ་བཅུ་གཉིས་ནི། སྒྱུ་མ། ཆུ་ཟླ། མིག་ཡོར། སྨིག་རྒྱུ། རྨི་ལམ། བྲག་ཆ། དྲི་ཟའི་གྲོང་ཁྱེར། མིག་
འཕྲུལ། འཇའ་མཚོན། གློག་དང་། ཆུའི་ཆུ་བུར། མེ་ལོང་གི་གཟུགས་བརྙན་དང་བཅུ་གཉིས་སོ། །འཕགས་ལམ་ཡན་ལག་བརྒྱད་ནི། ཡང་དག་པའི་ལྟ་བ་དང་། ཡང་དག་པའི་སྟོབས་དང་། ཡང་དག་པའི་ངག་དང་། ཡང་དག་པའི་ལས་ཀྱི་མཐའ་དང་། ཡང་དག་པའི་འཚོ་བ་དང་། ཡང་དག་པའི་རྩོལ་བ་དང་། ཡང་དག་པའི་དྲན་པ་དང་། ཡང་དག་པའི་ཏིང་ངེ་འཛིན་རྣམས་སོ། །རྣམ་པར་ཐར་པའི་སྒོ་གསུམ་ནི། ངོ་བོ་སྟོང་པ་ཉིད་དང་། རྒྱུ་མཚན་མ་མེད་པ་དང་། འབྲས་བུ་སྨོན་པ་མེད་པའི་རྣམ་པར་ཐར་པའི་སྒོ་དང་གསུམ་མོ། །བསམ་གཏན་བཞི་ནི། བསམ་གཏན་དང་པོ་རྟོག་དཔྱོད་དང་བཅས་པ། བསམ་གཏན་གཉིས་པ་རྟོག་པ་མེད་པའི་དཔྱོད་པ་ཙམ་དང་། བསམ་གཏན་གསུམ་པ་དང་བཞི་བ་གཉིས་ནི་རྟོག་དཔྱོད་ཙམ་ཡང་མེད་པ་སྟེ་བཞིའོ། །མངོན་ཤེས་ལྔ་ནི། ལྷའི་མིག་དང་། ལྷའི་རྣ་བ། གཞན་གྱི་སེམས་ཤེས་པ་དང་། རྫུ་འཕྲུལ་གྱི་བྱ་བ་བྱས་པ་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་དང་ལྔའོ། །རྗེས་དྲན་དྲུག་ནི། སངས་རྒྱས། ཆོས། དགེ་འདུན། ཚུལ་ཁྲིམས།
གཏོང་བ། ལྷ་རྗེས་སུ་དྲན་པའོ། །སོ་སོར་ཡང་དག་པར་རིག་པ་བཞི་ནི། ཆོས་དང་། དོན་དང་། ངེས་པའི་ཚིག་དང་། སྤོབས་པ་སོ་སོ་ཡང་དག་པའི་རིག་པ་དང་བཞིའོ། མི་འཇིགས་པ་བཞི་ནི། མངོན་པར་བྱང་ཆུབ་པ་ལ་མི་འཇིགས་པ། ཟག་པ་ཟད་པ་ལ་མི་འཇིགས་པ། བར་དུ་གཅོད་པའི་ཆོས་ངེས་པར་བསྟན་པ་ལ་མི་འཇིགས་པ། ངེས་པར་འབྱུང་བའི་ལམ་བསྟན་པ་ལ་མི་འཇིགས་པའོ། །དེ་བཞིན་གཤེགས་པའི་སྟོབས་བཅུ་ནི། གནས་དང་གནས་མ་ཡིན་མཁྱེན་པའི་སྟོབས། ལས་ཀྱི་རྣམ་པར་སྨིན་པ་མཁྱེན་པའི་སྟོབས། མོས་པ་སྣ་ཚོགས་པ་མཁྱེན་པའི་སྟོབས། ཁམས་སྣ་ཚོགས་པ་མཁྱེན་པའི་སྟོབས། དབང་པོ་མཆོག་དང་མཆོག་མ་ཡིན་པ་མཁྱེན་པའི་སྟོབས་དང་། ཐམས་ཅད་དུ་འགྲོ་བའི་ལམ་མཁྱེན་པའི་སྟོབས་དང་། ཀུན་ནས་ཉོན་མོངས་པ་རྣམ་པར་སྦྱངས་པ་མཁྱེན་པའི་སྟོབས་དང་། སྔོན་གྱི་གནས་རྗེས་སུ་དྲན་པ་མཁྱེན་པའི་སྟོབས་དང་། ཚེ་འཕོ་བ་དང་སྐྱེ་བ་མཁྱེན་པའི་སྟོབས་དང་། ཟག་པ་ཟད་པ་མཁྱེན་པའི་སྟོབས་སོ། །སངས་རྒྱས་ཀྱི་ཆོས་མ་འདྲེས་པ་བཅོ་བརྒྱད་ནི། དེ་བཞིན་གཤེགས་
པའི་སྐུ་ལ་འཁྲུལ་བ་མེད་པ་དང་། གསུང་ལ་ཅ་ཅོ་མེད་པ་དང་། ཐུགས་ལ་སྙེལ་བ་མེད་པ་དང་། སེམས་མཉམ་པར་མ་བཞག་པ་མེད་པ་དང་། ཐ་དད་པའི་འདུ་ཤེས་མེད་པ་དང་། སོ་སོར་མ་བརྟགས་པའི་བཏང་སྙོམས་མེད་པ་དང་། འདུན་པ་ཉམས་པ་མེད་པ་དང་། བརྩོན་འགྲུས་ཉམས་པ་མེད་པ་དང་། དྲན་པ་ཉམས་པ་མེད་པ་དང་། ཏིང་ངེ་འཛིན་ཉམས་པ་མེད་པ་དང་། ཤེས་རབ་ཉམས་པ་མེད་པ་དང་། རྣམ་པར་གྲོལ་བ་ཉམས་པ་མེད་པ་དང་། ལུས་ཀྱི་ལས་དང་། ངག་གི་ལས་དང་། ཡིད་ཀྱི་ལས་དང་། ཐམས་ཅད་ཡེ་ཤེས་སྔོན་དུ་འགྲོ་ཞིང་ཡེ་ཤེས་རྗེས་སུ་འབྲངས་པ་དང་། འདས་པའི་དུས་དང་། མ་འོངས་པའི་དུས་དང་། ད་ལྟར་བྱུང་བའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་མཐོང་བ་ལ་འཇུག་པའོ། །དེ་བཞིན་གཤེགས་པའི་གསུང་དབྱངས་ཡན་ལག་དྲུག་བཅུ་ནི། འབུམ་གྱི་ཊཱི་ཀ་སློབ་དཔོན་དཎྚ་སེ་ནས་མཛད་པ་ལ། མཉེན་པ་དང་། འཇམ་པ་དང་། ཡིད་དུ་འོང་བ་དང་། ཡིད་དུ་འཐད་པ་དང་། དག་པ་དང་། དྲི་མ་མེད་པ་དང་། འོད་གསལ་བ་དང་།
སྙན་ཅིང་འཇེབས་པ་དག་དང་། མཉན་པར་འོས་པ་དང་། །མི་ཆུགས་པ་དང་། སྙན་པ་དང་། དུལ་བ་དང་། མི་རྩུབ་པ་དང་། མི་བརླང་བ་དང་། རབ་ཏུ་དུལ་བ་དང་། རྣ་བར་སྙན་པ་དང་། ལུས་སིམ་པར་བྱེད་པ་དང་། སེམས་ཚིམ་པར་བྱེད་པ་དང་། སྙིང་དགའ་བར་བྱེད་པ་དང་། དགའ་བ་བདེ་བ་བསྐྱེད་པ་དང་། ཡོངས་སུ་གདུང་བ་མེད་པ་དང་། ཀུན་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱ་བ་དང་། རྣམ་པར་གསལ་བ་དང་། དགའ་བར་བྱེད་པ་དང་། མངོན་པར་དགའ་བར་བྱེད་པ་དང་། ཀུན་ཤེས་པར་བྱ་བ་དང་། རྣམ་པར་རིག་པར་བྱེད་པ་དང་། རིག་པ་དང་འབྲེལ་བ་དང་། ཟློས་པའི་སྐྱོན་མེད་པ་དང་། སེང་གེའི་སྒྲའི་ཤུགས་དང་། གླང་པོ་ཆེའི་སྒྲ་སྐད་དང་། འབྲུག་སྒྲའི་སྒྲ་དབྱངས་དང་། ཀླུའི་དབང་པོའི་སྒྲ་དང་། དྲི་ཟའི་གླུ་དབྱངས་དང་། བྱ་ཀ་ལ་པིངྒའི་སྒྲ་དབྱངས་གྲགས་པ་དང་། ཚངས་པའི་སྒྲ་དབྱངས་གྲགས་པ་དང་། ཤིང་ཏེའུའི་སྒྲ་དབྱངས་གྲགས་པ་དང་། ལྷའི་དབང་པོའི་སྒྲ་དབྱངས་ལྟར་སྙན་པ་དང་། རྔའི་སྒྲ་དང་། མ་ཁེངས་པ་དང་། མི་དམའ་བ་དང་། སྒྲ་ཐམས་ཅད་ཀྱི་
རྗེས་སུ་ཞུགས་པ་དང་། ཚིགས་ཟུར་ཆག་མེད་པ་དང་། མ་ཚང་པ་མེད་པ་དང་། མ་ཞུམ་པ་དང་། མི་ཞན་པ་དང་། རབ་ཏུ་དགའ་བ་དང་། ཁྱབ་པ་དང་། ཆུབ་པ་དང་། རྒྱུན་ཆགས་པ་དང་། འབེལ་བ་དང་། སྒྲ་ཐམས་ཅད་རྫོགས་པར་བྱེད་པ་དང་། དབང་པོ་ཐམས་ཅད་ཚིམ་པར་བྱེད་པ་དང་། མ་སྨད་པ་དང་། མི་འགྱུར་བ་དང་། མ་བརྟགས་པ་དང་། འཁོར་ཀུན་ཏུ་གྲགས་པ་དང་། རྣམ་པ་ཐམས་ཅད་ཀྱི་མཆོག་དང་ལྡན་པའོ། །གསུང་རབ་ཡན་ལག་བཅུ་གཉིས་ནི། མདོ་ཡི་སྡེ་དང་། དབྱངས་ཀྱིས་བསྙད་པའི་སྡེ་དང་། ལུང་བསྟན་པ་དང་། ཚིགས་སུ་བཅད་པ་དང་། ཆེད་དུ་བརྗོད་པ་དང་། གླེང་གཞི་དང་། རྟོགས་པ་བརྗོད་པ་དང་། དེ་ལྟ་བུ་བྱུང་བ་དང་། སྐྱེ་བའི་རབས་དང་། ཤིན་ཏུ་རྒྱས་པ་དང་། རྨད་དུ་བྱུང་བའི་ཆོས་དང་། གཏན་ལ་དབབ་པ་དག་གོ །མཐའ་དྲུག་ནི། དྲང་དོན་དང་། ངེས་དོན་དང་། དགོངས་པ་ཅན་དང་། དགོངས་པ་ཅན་མ་ཡིན་པ། སྒྲ་ཇི་བཞིན་པ། སྒྲ་ཇི་བཞིན་མ་ཡིན་པ་དང་དྲུག་གོ །མཐོ་རིས་ཀྱི་ཡོན་ཏན་བདུན་ནི། སློབ་དཔོན་དབྱིག་
གཉེན་གྱིས། ཚེ་རིང་དེ་བཞིན་ནད་མེད་དང་། །གཟུགས་དང་སྐལ་བ་བཟང་དང་རིགས། །ནོར་དང་ཤེས་རབ་དག་དང་བདུན། །གསུངས། རྒྱུ་འབྲས་མན་ངག་བདུན་ནི། མར་ཤེས་པ། དྲིན་དྲན་པ། དྲིན་གཟོ་བ། ཡིད་འོང་གི་བྱམས་པ། སྙིང་རྗེ་ཆེན་པོ། ལྷག་བསམ་རྣམ་དག །བྱང་ཆུབ་ཀྱི་སེམས་སོ། །སྒྱུ་མ་དང་། རྨི་ལམ་དང་། སྨིག་རྒྱུ་དང་། དྲི་ཟའི་གྲོང་ཁྱེར་དང་། རབ་རིབ་དང་། མིག་ཡོར་དང་། སྤྲུལ་པ་དང་། མེ་ལོང་གི་གཟུགས་བརྙན་དང་བརྒྱད་དོ། །ཞི་གནས་ཀྱི་རྒྱུ་ཚོགས་དྲུག་ནི། མཐུན་པའི་ཡུལ་ན་གནས་པ་དང་། འདོད་པ་ཆུང་བ། ཆོག་ཤེས་པ། བྱ་བ་སྤོང་བ། ཚུལ་ཁྲིམས་མི་སྤོང་བ། རྣམ་རྟོག་སྤོང་བ་དང་དྲུག་གོ །ཏིང་ངེ་འཛིན་གྱི་གེགས་ཉེས་པ་ལྔ་ནི། ལེ་ལོའི་ཉེས་པ། གདམས་ངག་བརྗེད་པའི་ཉེས་པ། བྱིང་རྒོད་ཀྱི་ཉེས་པ། འདུ་མི་བྱེད་པའི་ཉེས་པ། འདུ་བྱེད་པའི་ཉེས་པ་དང་ལྔའོ། དེའི་གཉེན་པོ་འདུ་བྱེད་བརྒྱད་ནི། ཏིང་ངེ་འཛིན་གྱི་ཡོན་ཏན་དྲན་པའི་དད་པ། ཏིང་ངེ་འཛིན་ལ་དོན་གཉེར་གྱི་འདུན་པ། ཏིང་ངེ་འཛིན་ལ་རྩོལ་བའི་བརྩོན་འགྲུས། རྩོལ་བའི་འབྲས་བུ་ཤིན་
སྦྱང་གི་བདེ་བ། བསམ་པ་དང་། དྲན་པ་དང་། ཤེས་བཞིན་དང་། འདུ་བྱེད་པ་དང་། འདུ་མི་བྱེད་བཏང་སྙོམས་སུ་འཇོག་པ་དང་བརྒྱད་དོ། །སེམས་གནས་དགུ་ནི། དམིགས་རྟེན་ལ་སེམས་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། བླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་བྱེད་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པར་བྱེད་པ་དང་དགུའོ། སྟོབས་དྲུག་ནི། ཐོས་པའི་སྟོབས། བསམ་པའི་སྟོབས། དྲན་པའི་སྟོབས། ཤེས་བཞིན་གྱི་སྟོབས། བརྩོན་འགྲུས་ཀྱི་སྟོབས། ཡོངས་སུ་འདྲིས་པའི་སྟོབས་དང་དྲུག་གོ །ཡིད་བྱེད་བཞི་ནི། རབ་ཏུ་བསྒྲིམས་ཏེ་འཇུག་པའི་ཡིད་བྱེད། འཆད་ཅིང་འཇུག་པའི་ཡིད་བྱེད། ཆད་པ་མེད་པར་འཇུག་པའི་ཡིད་བྱེད། རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་དོ། །གནད་བཞི་ནི། དགག་བྱ་ངེས་པའི་གནད། ཁྱབ་པ་ངེས་པའི་གནད། བདེན་པའི་དུ་བྲལ་ངེས་པའི་གནད། རང་བཞིན་གཅིག་དུ་བྲལ་ངེས་པའི་གནད་དོ། བདེན་པ་བཞི་ནི། སྡུག་བདེན། ཀུན་འབྱུང་བདེན་
པ། འགོག་བདེན། ལམ་བདེན་དང་བཞིའོ། །རྒྱུད་སྡེ་བཞི་ནི། བྱ་རྒྱུད། སྤྱོད་རྒྱུད། རྣལ་འབྱོར་རྒྱུད། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དོ། །ལས་བཞི་ནི། ཞི་རྒྱས་དབང་དྲག་གི་ལས་བཞིའོ། །ཁམས་དྲུག་ལྡན་གྱི་ལུས་ནི། ཕ་ལས་ཐོབ་པའི། རུས་པ་དང་། རྐང་། ཁུ་བ་གསུམ། མ་ལས་ཐོབ་པའི་ཤ་དང་། པགས་པ། ཁྲག་གསུམ་དང་དྲུག་གོ །དུས་གསུམ་ནི། འདས་པ་དང་། མ་འོངས་པ། ད་ལྟའི་དུས་གསུམ་མོ། །ལུགས་གཉིས་ནི། འཇིག་རྟེན་མི་ཆོས་ཀྱི་ལུགས་དང་། དམ་པའི་ལྷ་ཆོས་ཀྱི་ལུགས་དང་གཉིས་སོ། །ཁམས་བཅོ་བརྒྱད་ནི། མིག་གི་ཁམས་དང་། གཟུགས་ཀྱི་ཁམས་དང་། མིག་གི་རྣམ་པར་ཤེས་པའི་ཁམས་དང་། རྣ་བའི་ཁམས་དང་། སྒྲའི་ཁམས། རྣ་བའི་རྣམ་པར་ཤེས་པའི་ཁམས། སྣའི་ཁམས་དང་། དྲིའི་ཁམས། སྣའི་རྣམ་པར་ཤེས་པའི་ཁམས། ལྕེའི་ཁམས་དང་། རོའི་ཁམས་དང་། ལྕེའི་རྣམ་པར་ཤེས་པའི་ཁམས། ལུས་ཀྱི་ཁམས་དང་། རེག་བྱའི་ཁམས་དང་། ལུས་ཀྱི་རྣམ་པར་ཤེས་པའི་ཁམས། ཡིད་ཀྱི་ཁམས་དང་། ཆོས་ཀྱི་ཁམས་དང་། ཡིད་ཀྱི་
རྣམ་པར་ཤེས་པའི་ཁམས་སོ། །སྐྱེ་མཆེད་བཅུ་གཉིས་ནི། མིག་གི་སྐྱེ་མཆེད་དང་། གཟུགས་ཀྱི་སྐྱེ་མཆེད་དང་། རྣ་བའི་སྐྱེ་མཆེད་དང་། སྒྲའི་སྐྱེ་མཆེད་དང་། སྣའི་སྐྱེ་མཆེད་དང་། ལྕེའི་སྐྱེ་མཆེད་དང་། རོའི་སྐྱེ་མཆེད་དང་། ལུས་ཀྱི་སྐྱེ་མཆེད་དང་། རེག་བྱའི་སྐྱེ་མཆེད་དང་། ཡིད་ཀྱི་སྐྱེ་མཆེད་དང་། ཆོས་ཀྱི་སྐྱེ་མཆེད་དོ། ཚོར་བ་གསུམ་ནི། བདེ་བར་ཚོར་བ། སྡུག་བསྔལ་ཚོར་བ། བདེ་བ་ཡང་མ་ཡིན་སྡུག་བསྔལ་ཡང་མ་ཡིན་པའི་ཚོར་བ་དང་གསུམ་མོ། །ཕུང་པོ་ལྔ་ནི། གཟུགས་ཕུང་། ཚོར་ཕུང་། འདུ་ཤེས། འདུ་བྱེད། རྣམ་པར་ཤེས་པའི་ཕུང་པོ་ལྔའོ། །ནང་གི་ཁམས་བཞི་ནི། ཤའི་ཁམས་དང་། ཁྲག་གི་ཁམས། དྲོད་ཀྱི་ཁམས། དབུགས་ཀྱི་ཁམས་དང་བཞིའོ། །ཕྱིའི་ཁམས་བཞི་ནི། ས་ཁམས། ཆུ་ཁམས། མེ་ཁམས། རླུང་ཁམས་སོ། །ཁམས་ལྔ་ནི། ནམ་མཁའི་ཁམས་བསྣན་པས་ལྔའོ། །མིག་རྣ་བ་སྣ་ལྕེ་ལུས་ཡིད་ཀྱི་རྣམ་པར་ཤེས་པ་ལ་རྣམ་ཤེས་ཚོགས་དྲུག་ཡང་ཟེར། ཚོགས་དྲུག་རང་གྲོལ་ནི། མིག་གིས་གཟུགས་མཛེས་མི་མཛེས་སུ་འཛིན་
པའི་ཚོགས་དང་། རྣ་བའི་སྒྲ་སྙན་མི་སྙན་དུ་འཛིན་པའི་ཚོགས་དང་། དེ་བཞིན་དུ་སྣས་དྲི་ཞིམ་མི་ཞིམ། ལྕེས་རོ་མངར་མི་མངར། ལུས་ཀྱི་རེག་བྱ་འཇམ་མི་འཇམ། ཡིད་ཀྱིས་བདེ་སྡུག་ཏུ་འཛིན་པའི་རྟོག་ཚོགས་རྣམས་རང་སར་གྲོལ་བའོ། །བཀའ་རྒྱུད་པའི་ན་རོ་ཆོས་དྲུག་ནི། གཏུམ་མོ། སྒྱུ་ལུས། རྨི་ལམ། འོད་གསལ། བར་དོ། འཕོ་བ་དང་དྲུག་གོ །ཕྱག་ཆེན་གྱི་རྣལ་འབྱོར་བཞི་ནི། རྩེ་གཅིག་གི་རྣལ་འབྱོར། སྤྲོས་བྲལ་གྱི་རྣལ་འབྱོར། རོ་གཅིག་པའི་རྣལ་འབྱོར། བསྒོམ་མེད་ཀྱི་རྣལ་འབྱོར་དང་བཞིའོ། །དགེ་ལུགས་ཀྱི་བརྒྱུད་པ་གསུམ་ནི། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། ཉམས་ལེན་བྱིན་རླབས་བརྒྱུད་པ་དང་གསུམ་མོ། རྫོགས་ཆེན་པའི་འོད་གསལ་སྣང་བཞི་ནི། ཆོས་ཉིད་མངོན་སུམ་གྱི་སྣང་བ། ཉམས་སྣང་གོང་འཕེལ་གྱི་སྣང་བ། རིག་པ་ཚད་ཕེབས་ཀྱི་སྣང་བ། ཆོས་ཉིད་ཟད་པའི་སྣང་བ་དང་བཞིའོ། །རྙིང་མའི་བརྒྱུད་པ་གསུམ་ནི། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡ་བརྒྱུད། གང་ཟག་སྙན་བརྒྱུད་དོ། །དེའི་ཐོག་ཏུ་སྨོན་ལམ་དབང་བསྐུར་བརྒྱུད་པ། ལས་འཕྲོ་གཏེར་གྱི་
བརྒྱུད་པ། བཀའ་བབས་ལུང་བསྟན་གྱི་བརྒྱུད་པ་གསུམ་བསྣན་པས་བརྒྱུད་པ་དྲུག་ལྡན་ཟེར་བའང་འདུག །དྲུག་ལྡན་བརྒྱུད་པའི་ཆུ་བོ་མ་ཆད་ཅིང་། ཞེས་པ་དེ་ཡིན་ཟེར། དེའི་ཐོག་ཏུ་ཤོག་སེར་ཚིག་གི་བརྒྱུད་པ། བཀའ་བབ་དོན་གྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་བསྣན་ནས་བརྒྱུད་པ་དགུ་ལྡན་ཡང་ཟེར། དགུ་ལྡན་བརྒྱུད་པའི་བླ་མའི་ཐུགས་དམ་བསྐང་། ཟེར་བ་དེ་ཡིན་ཟེར་མཁན་འདུག །ཆོས་སྤྱོད་བཅུ་ནི། ཡི་གེ་འབྲི་བ། མཆོད་པ། སྦྱིན་པ། ཉན་པ། ཀློག་པ། འཛིན་པ། རབ་ཏུ་སྟོན་པ། ཁ་འདོན་བྱེད་པ། སེམས་པ། སྒོམ་པ་དང་བཅུའོ། དགོངས་པ་བཞི་ནི། མཉམ་པ་ཉིད་ལ་དགོངས་པ། དུས་གཞན་ལ་དགོངས་པ། དོན་གཞན་ལ་དགོངས་པ། གང་ཟག་གཞན་ལ་དགོངས་པའོ། །མཚན་ཉིད་གསུམ་ནི། ཀུན་བརྟགས་ཀྱི་མཚན་ཉིད། གཞན་དབང་གི་མཚན་ཉིད། ཡོངས་གྲུབ་ཀྱི་མཚན་ཉིད་དོ། །སྤྱན་ལྔ་ནི། ཤའི་སྤྱན་དང་། ལྷའི་སྤྱན་དང་། ཤེས་རབ་ཀྱི་སྤྱན་དང་། སངས་རྒྱས་ཀྱི་སྤྱན་ལྔའོ། མངོན་ཤེས་དྲུག་ནི། རྫུ་འཕྲུལ་གྱི་མངོན་ཤེས། ལྷའི་རྣ་
བའི་མངོན་ཤེས། གཞན་སེམས་ཤེས་པའི་མངོན་ཤེས། སྔོན་གྱི་གནས་རྗེས་སུ་དྲན་པའི་མངོན་ཤེས། ལྷའི་མིག་གི་མངོན་ཤེས། ཟག་པ་ཟད་པའི་མངོན་ཤེས་དང་དྲུག་གོ །འབྲུག་པའི་སྡོང་པོ་གསུམ་འདྲིལ་ནི། ལྟ་བ་ཕྱག་རྒྱ་ཆེན་པོ། སྒོམ་པ་ན་རོ་ཆོས་དྲུག །སྤྱོད་པ་འབྱུང་བ་རོ་སྙོམས་དང་གསུམ་མོ། རོ་སྙོམས་སྐོར་དྲུག་ནི། རྣམ་རྟོག་རོ་སྙོམས། ཉོན་མོངས་རོ་སྙོམས། ལྷ་འདྲེ་རོ་སྙོམས། སྡུག་བསྔལ་རོ་སྙོམས། ན་ཚ་རོ་སྙོམས། འཆི་བ་རོ་སྙོམས་དང་དྲུག་གོ །གྲུབ་པ་སྡེ་བདུན་ནི། དཔལ་གསང་བ་གྲུབ་པ། ཐབས་དང་ཤེས་རབ་གཏན་ལ་ཕབ་པའི་གྲུབ་པ། ཡེ་ཤེས་གྲུབ་པ། གཉིས་སུ་མེད་པར་གྲུབ་པ། ལྷན་ཅིག་སྐྱེས་གྲུབ་པ། དེ་ཁོ་ན་ཉིད་གྲུབ་པ། གསང་བའི་གསང་བ་དེ་ཁོ་ན་ཉིད་ཀྱི་མན་ངག་གྲུབ་པ་དང་བདུན་ནོ། སྙིང་པོ་སྐོར་དྲུག་ནི། དོ་ཧ་མཛོད་ལས། རྩེ་མོའི་དོ་ཧ། བདག་བྱིན་རླབས། ཕྱག་རྒྱ་བཞི་བ། སེམས་ཀྱི་སྒྲིབ་སྦྱོང་། བསམ་མི་ཁྱབ་དང་དྲུག་གོ །ཚོགས་ཀྱི་ཚིམས་པ་དྲུག་ལྡན་ནི། ཚོགས་ཞིང་གི་ལྷ་རྣམས་མཆོད་པས་ཚིམས་པ། རྣལ་འབྱོར་ཕོ་མོ་རྣམས་བཟའ་
བཏུང་གིས་ཚིམས་པ། ཡེ་ཤེས་ཀྱི་འཁོར་ལོ་བདུད་རྩིའི་དྭངས་མས་ཚིམས་པ། ལུས་དཀྱིལ་ལྷ་རྣམས་བདེ་སྟོང་ཡེ་ཤེས་ཀྱིས་ཚིམས་པ། ཕྱི་ནང་གི་མཁའ་འགྲོ་མ་རྡོ་རྗེ་གླུས་ཚིམས་པ། དྲེགས་པ་ལས་ཀྱི་འབྱུང་པོ་རྣམས་གཏོར་མས་ཚིམས་པ་སྟེ་ཚིམ་པ་དྲུག་ལྡན་ཡིན་ནོ། །སྔ་འགྱུར་གྱི་བཀའ་བབས་ཀྱི་ཆུ་བོ་བཞི་ནི། སྨིན་བྱེད་ཀྱི་དབང་། བསྐྱེད་རིམ། རྫོགས་རིམ། རྒྱུད་ཀྱི་བཤད་པ་དང་བཞིའོ། རིམ་ལྔ་ནི། རྡོ་རྗེ་བཟླས་པའི་རིམ་པ། སེམས་དམིགས་ཀྱི་རིམ་པ། བདག་བྱིན་རླབས་ཀྱི་རིམ་པ། མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་འཇུག་གི་རིམ་པ་དང་ལྔའོ། །རྡོ་རྗེ་བཟླས་པའི་རིམ་པ་ནི་ངག་དབེན་གྱི་རིམ་པ་ཡིན་ལ། སེམས་དབེན་ནི་སེམས་དམིགས་ཀྱི་རིམ་པ། སྒྱུ་ལུས་ནི་བདག་བྱིན་རླབས་ཀྱི་རིམ་པ། འོད་གསལ་ནི་མངོན་པར་བྱང་ཆུབ་པའི་རིམ་པ། ཟུང་འཇུག་གི་རིམ་པ་དང་ལྔའོ། །བསྡུ་ན་ལུས་དབེན་ངག་དབེན་གྱི་ཁོངས་སུ་བསྡུས་ནས། ངག་དབེན། སེམས་དབེན། འོད་གསལ། སྒྱུ་ལུས། ཟུང་འཇུག་གི་རིམ་པ་དང་ལྔའོ། །སྤྱིར་རྫོགས་རིམ་གྱི་ལམ་རྣམས་རིམ་པ་
ལྔར་བསྡུ་བ་དང་། དགའ་བ་བཞིར་བསྡུ་བ་དང་། སྦྱོར་བ་ཡན་ལག་དྲུག་ཏུ་བསྡུ་བ་སོགས། དོན་ཚན་སྣ་ཚོགས་ཡོད་དོ། །རྫོགས་རིམ་གྱི་སྐབས་སུ། རྟགས་བཅུ་འཆར་ཚུལ་ནི། དུ་བ་དང་། སྨིག་རྒྱུ་དང་། མཁའ་སྣང་དང་། སྒྲོན་མེ་དང་། འབར་བ་དང་། ཟླ་བ་དང་། ཉི་མ་དང་། སྒྲ། གློག་དང་། ཐིག་ལེ་ཆེན་པོ་སྟེ་བཅུའོ། །རྒྱུད་གསུམ་ནི། རྒྱུའི་རྒྱུད་དང་། ཐབས་ཀྱི་རྒྱུད་དང་། འབྲས་བུའི་རྒྱུད་དོ། །ཕྱག་རྒྱ་བཞི་ནི། ལུས་ཀྱི་ཕྱག་རྒྱ་དང་། ཆོས་ཀྱི་ཕྱག་རྒྱ་དང་། ཕྱག་རྒྱ་ཆེན་པོ་དང་། དམ་ཚིག་གི་ཕྱག་རྒྱ་དང་བཞིའོ། །དཔལ་དུས་ཀྱི་འཁོར་ལོའི་སྦྱོར་བ་ཡན་ལག་དྲུག་ནི། སོར་སྡུད་ཀྱི་ཡན་ལག །བསམ་གཏན་གྱི་ཡན་ལག །སྲོག་རྩོལ་གྱི་ཡན་ལག །འཛིན་པའི་ཡན་ལག །རྗེས་དྲན་གྱི་ཡན་ལག །ཏིང་ངེ་འཛིན་གྱི་ཡན་ལག་དང་དྲུག་གོ །རྫོགས་ཆེན་སྡེ་གསུམ་ནི། སེམས་སྡེ། ཀློང་སྡེ། མན་ངག་གི་སྡེའོ། །ཀློང་དགུ་ནི། ངོ་བོ་ཀ་ནས་དག་པའི་ཀློང་། རང་རིག་ལྷུན་གྱིས་གྲུབ་པའི་ཀློང་། མ་འགག་ཅིར་ཡང་འཆར་བའི་ཀློང་། རྒྱུ་འབྲས་བྱ་རྩོལ་བྲལ་བའི་ཀློང་། གོལ་སྒྲིབ་གཞི་
ནས་དག་པའི་ཀློང་། ལྟ་དགོངས་གདོད་ནས་དག་པའི་ཀློང་། བྱར་མེད་བཅོས་བསླད་བྲལ་བའི་ཀློང་། དགོངས་པ་བར་མཚམས་མེད་པའི་ཀློང་། ཆོས་རྣམས་རང་སར་གྲོལ་བའི་ཀློང་དང་དགུའོ། །ཆིངས་བཞི་ནི། མེད་པ་དང་། ཕྱལ་བ། ལྷུན་གྲུབ་དང། གཅིག་པུ་བའི་དོན་གྱི་སྙིང་པོ་མི་འགྱུར་བའི་ཆིངས་བཞིའོ། །བདེ་གཤེགས་མཆོད་རྟེན་བརྒྱད་ནི། པདྨ་སྤུངས་པའི་མཆོད་རྟེན། བྱང་ཆུབ་ཆེན་པོའི་མཆོད་རྟེན། ཆོས་ཀྱི་འཁོར་ལོ་བསྐོར་བའི་མཆོད་རྟེན། ལྷ་ལས་བབ་པའི་མཆོད་རྟེན། ཆོ་འཕྲུལ་ཆེན་པོའི་མཆོད་རྟེན། དབྱེན་ཟླུམ་མཆོད་རྟེན། བྱིན་རླབས་རྣམ་རྒྱལ་མཆོད་རྟེན། མྱ་ངན་འདས་པའི་མཆོད་རྟེན་དང་བརྒྱད་དོ། །ཕྱིན་ཅི་ལོག་བཞི་ནི། འཁོར་བ་མི་གཙང་བ་ལ་གཙང་བ། མི་རྟག་པ་ལ་རྟག་པ། མི་བདེ་བ་ལ་བདེ་བ། བདག་མེད་པ་ལ་ཡོད་པར་འཛིན་པའི་བློ་སྟེ། ཕྱིན་ཅི་ལོག་བཞི་ལ་ཟེར། ཡིད་ལ་མི་བྱེད་པའི་ཆོས་སྐོར་ཉི་ཤུ་རྩ་ལྔ་ནི། ཐུན་མོང་གྲུབ་མཐའ་བསྟན་པ་རིན་པོ་ཆེའི་ཕྲེང་བ་༡། དེའི་དོན་སྔགས་དང་སྦྱར་བ་དོ་ཧ་༢། རྩོད་སྤོང་ཡིད་ལ་མི་བྱེད་པར་བསྟན་པའི་
བདག་མེད་གསལ་བ་༣། ཐབས་ཁྱད་དུ་གསོད་པ་བཟློག་པའི་ཕྱིར་ལྟ་བ་ངན་སེལ་དང་༤། ལྟ་བ་ངན་སེལ་གྱི་དྲན་པ་༥། ལས་དང་པོའི་བྱ་བ་མདོར་བསྡུས་༦། སྔགས་ལམ་དབང་དང་འབྲེལ་བར་བསྟན་པ་དབང་ངེས་བསྟན་པ་༧། དགོས་པ་མདོར་བསྡུས་༨། དབང་གི་པྲ་ཁྲིད་དམ་བྱ་བ་མདོར་བསྡུས་༩། དབང་རྣམ་དག་༡༠། རྒྱས་གདབ་ཀྱི་དོན་ལ་ཕྱག་རྒྱ་ལྔ་བ་དང་༡༡། དགའ་གཅུག་ལྔ་བ་དང་༡༢། མི་ཕྱེད་ལྔ་བ་དང་༡༣། ཟུང་འཇུག་གི་དེ་ཉིད་ལྟ་བ་ཤན་འབྱེད་པ་ལ་དབུ་མ་དྲུག་པ་དང་༡༤། ལྷན་སྐྱེས་དྲུག་པ་༡༥། ལྟ་བ་དེ་དང་ལྡན་པའི་ཟུང་འཇུག་བཤད་པ་ལ་ཐེག་ཆེན་ཉི་ཤུ་བ་༡༦། དེ་ཉིད་ཉི་ཤུ་བ་༡༧། རབ་ཏུ་མི་གནས་པ་སྟོན་པ་བདེ་ཆེན་གསལ་བ་༡༨། ཟུང་འཇུག་ངེས་བསྟན་༡༩། ལྟ་བའི་གོ་རིམ་དཔེ་དང་སྦྱར་བ་ལ་རྨི་ལམ་ངེས་བསྟན་༢༠། སྒྱུ་མ་ངེས་བསྟན་༢༡། ཟབ་དོན་བསྡུ་བ་དེ་ཉིད་བཅུ་པ་དང་༢༢། དེ་ཉིད་རབ་ཏུ་བསྟན་པ་༢༣། ཟབ་མོའི་ཁྱད་པར་ཕྲ་མོ་སྟོན་པ་ལ་རབ་ཏུ་མི་གནས་པར་གསལ་བར་སྟོན་པ་༢༤། མ་རྟོགས་རྟོགས་པར་བྱེད་པ་དང་༢༥འོ། །རྒྱུད་འབུམ་ཕྲག་དྲུག་ཅུ་རྩ་བཞི་ལས་གསང་བ་
ཡང་བཅུད་དུ་ཕྱུང་པ་རྒྱུད་བཅུ་བདུན་ནི། རྒྱ་མཚོ་ལྟ་བུའི་རྒྱུད་རིག་པ་རང་ཤར་༡། ཉི་མ་ལྟ་བུའི་རྒྱུད་ཉི་ཟླ་ཁ་སྦྱོར་༢། སེང་གེ་ལྟ་བུའི་རྒྱུད་རྡོ་རྗེ་སེམས་དཔའ་སྙིང་གི་མེ་ལོང་༣། རི་རྒྱལ་ལྟ་བུའི་རྒྱུད་སེང་གེ་རྩལ་རྫོགས་༤། འཁོར་ལོ་ལྟ་བུའི་རྒྱུད་བཀྲ་ཤིས་མཛེས་ལྡན་༥། ལྡེ་མིག་ལྟ་བུའི་རྒྱུད་ཡི་གེ་མེད་པ་༦། རལ་གྲི་ལྟ་བུའི་རྒྱུད་སྒྲོན་མེ་འབར་བ་༧། གསེར་ཞུན་ལྟ་བུའི་རྒྱུད་ནོར་བུ་ཕྲ་བཀོད་༨། མེ་ལོང་ལྟ་བུའི་རྒྱུད་ངོ་སྤྲོད་སྤྲས་པ་༩། མུ་ཏིག་ལྟ་བུའི་རྒྱུད་མུ་ཏིག་ཕྲེང་བ་༡༠། སྦྲུལ་མདུད་འགྲོལ་བ་ལྟ་བུའི་རྒྱུད་རིག་པ་རང་གྲོལ་༡༡། ཆུ་རྒྱུན་ལྟ་བུའི་རྒྱུད་རྫོགས་པ་རང་བྱུང་༡༢། རྒྱལ་པོ་ལྟ་བུའི་རྒྱུད་སྐུ་གདུང་འབར་བ་༡༣། བང་མཛོད་ལྟ་བུའི་རྒྱུད་རིན་ཆེན་སྤུངས་པ་༡༤། གསལ་ཤིང་ལྟ་བུའི་རྒྱུད་ཀུན་ཏུ་བཟང་པོ་ཐུགས་ཀྱི་མེ་ལོང་༡༥། ཁྱུང་ཆེན་ལྟ་བུའི་རྒྱུད་ཀུན་བཟང་ཀློང་དྲུག་༡༦། ཆགས་རི་ལྟ་བུའི་རྒྱུད་སྒྲ་ཐལ་ཀྱུར་ཏེ་བཅུ་བདུན་ནོ་ཡང་ན་སྔགས་བསྲུང་ནག་མོའི་རྒྱུད་དང་ལུང་རིག་རྒྱུད་དོན་གཉིས་ཡོད་དོ། །ནང་པའི་གྲུབ་མཐའ་སྨྲ་བ་བཞི་ནི། བྱེ་བྲག་སྨྲ་བ་དང་། མདོ་སྡེ་བ། སེམས་ཙམ་པ།
དབུ་མ་པ་སྟེ་བཞིའོ། ཐེག་མཆོག་མཛོད་ལས། སངས་རྒྱས་ཀྱི་ས་རུ་འགྲོ་བའི་ལམ་ནི་ལྔ་སྟེ། ཚོགས་ལམ། སྦྱོར་ལམ། མཐོང་ལམ། བསྒོམ་ལམ། མཐར་ཕྱིན་པའི་ལམ་དང་ལྔའོ། །སེམས་ཅན་དུ་འཁྲུལ་པའི་ལམ་ལ་ཡང་རྒྱུད་ལྔ་སྟེ། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། ལས་ཀྱི་མཐའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། རྒྱུ་དང་འབྲས་བུ་སོ་སོར་མ་ངེས་པའི་ལམ་མོ་ཞེས་གསུངས། སྙིང་ཐིག་ཡ་བཞི་ནི། བི་མ་སྙིང་ཐིག །མཁའ་འགྲོ་སྙིང་ཐིག །བླ་མ་ཡང་ཏིག །མཁའ་འགྲོ་ཡང་ཐིག་དང་བཞིའོ། །བཀའ་རྒྱུད་པའི་གསེར་ཕྲེང་ལས། རྗེ་བཙུན་ཏི་ལོའི་བཀའ་བབས་བཞིའི་བླ་མ་ནི། སློབ་དཔོན་ས་ར་ཧ་པ། ལཱུ་ཨི་པ། དྷ་རི་ཀ་པ། སློབ་དཔོན་ཆེན་པོ་ལྡིང་གི་པ་ཞེས་བྱ་བ་ལ་ཕྱག་རྒྱ་ཆེན་པོའི་བཀའ་བབས། སུ་མ་ཏི་ཀུན་ཏུ་བཟང་པོ། ཐང་ལོ་ཤིང་ལོ་པ། ཀ་ན་རི་པ་ཞེས་བྱ་བ་ལ་མ་རྒྱུད་ཀྱི་བཀའ་བབས། བྱང་ཆུབ་སེམས་དཔའ་སློབ་དཔོན་རིན་ཆེན། སློབ་དཔོན་ཀླུ་སྒྲུབ། མ་ཏཾ་གི་ཞེས་བྱ་བ་ལ་འཕགས་སྐོར་གྱི་བཀའ་བབས། ཌོ་བྷི་ཧེ་རུ་ཀ །ཆང་ཚོང་མ་ལ་ཝ་པ། ཨིཎྜ་བྷོ་དྷི་ཞེས་
བྱ་བའི་འོད་གསལ་གྱི་བཀའ་བབས་པས་ན་བཀའ་བབས་བཞིའི་བྱིན་གྱིས་བརླབས་པའི་རྗེ་བཙུན་ཆེན་པོ་ཏཻ་ལོ་བའི་ཆོས་བརྒྱུད་འཛིན་པ་རྣམས་ལ་བཀའ་བརྒྱུད་པ་ཞེས་བྱ་བ་ཡིན་ནོ། །ཡང་ཏཻ་ལོའི་རྣམ་ཐར་ལས། ཨ་ཙརྱ་ཀླུ་སྒྲུབ་ལྭ་ཝ་པ། ཀུན་ཏུ་བཟང་པོའི་རྣལ་འབྱོར་པ། བཀའ་བབ་བཞིའི་བླ་མ་ཡིན་ཞེས་གསུངས་དོན། ནག་པོ་སྤྱོད་པས་གཏུམ་མོ་དང་རྨི་ལམ། ཀླུ་སྒྲུབ་ཀྱི་སྒྱུ་ལུས། ལྭ་ཝ་པས་འོད་གསལ། ཀུན་ཏུ་བཟང་པོས་འཕོ་བ་དང་བར་དོའི་བཀའ་བབས་པའོ། །གསུངས། བླ་མ་དེ་དག་ལ་ཆོས་བཀའ་སོ་སོར་ཞུས་པའི་རྗེས་སུ་ཆོས་དེ་དག་སོ་སོའི་བཀའ་བབས་པས་གྲུབ་ཐོབ་ཏཻ་ལོ་བའི་བརྒྱུད་པ་འཛིན་པ་ལ་བཀའ་བརྒྱུད་པ་ཞེས་གྲགས་པའོ། །རྒྱལ་བའི་བཀའ་ཡི་རྗེས་སུ་བརྒྱུད་པ་ཐམས་ཅད་ལ་བཀའ་བརྒྱུད་པ། ཞེས་མིང་བཏགས་མི་ཆོག་རྒྱུ་ཅི་ཡོད་དེ། འོན་ཀྱང་བླ་མའི་བཀའ་བབས་ཏཻ་ལོའི་ཁྱད་ཆོས་བཞི་ལྡན་ཡིན་པའི་རྒྱུ་མཚན་གྱི་མིང་དེ་སྐད་བཏགས། བཀའ་གདམས་པ་ནི། རྒྱལ་བའི་བཀའ་ཡི་དོན་གཅིག་ཡན་ཆད་གདམས་པར་ཤར་བས་ན་བཀའ་གདམས་ཟེར་སྐད། ཀུན་
མཁྱེན་པདྨ་དཀར་པོས་མཛད་པའི་བསྲེ་འཕོའི་ཁྲིད་ལས་བཀའ་བབས་བཞིའི་དང་པོ་ནི། རིགས་དྲུག་པ་རྡོ་རྗེ་འཆང་། གསང་བའི་བདག་པོ། བྲམ་ཟེ་ཆེན་པོ་ས་ར་ཧ། སློབ་དཔོན་ལཱུ་ཡི་བ། དེས་རྒྱ་པོ་དཱ་རི་ཀ་པ་དང་། བློན་པོ་ཊིངྒ་བ་གཉིས་ལ། དེ་གཉིས་ཆར་གྱིས་ཏིལླི་བ་ལ་གདམས་པ་ནི་ཕྱག་རྒྱ་ཆེན་པོའི་བཀའ་བབས། བཀའ་བབས་གཉིས་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། བྱང་སེམས་བློ་གྲོས་རིན་ཆེན། མགོན་པོ་ཀླུ་སྒྲུབ། མ་ཏིངྐ། དེས་ཏིལླི་པ་ལ་གདམས་པ་ནི་ཕ་རྒྱུད་ཀྱི་བཀའ་བབས། གསུམ་པ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཡུམ་སུ་མ་ཏི། ཐང་ལོ་བ། ཤིང་ལོ་བ། ཀརྞ་རི་བ། དེས་ཏིལླི་བ་ལ་གདམས་པ་ནི་མ་རྒྱུད་ཀྱི་བཀའ་བབས། བཞི་བ་ནི། རྡོ་རྗེ་འཆང་། ཕྱག་རྡོར། ཌོམ་བྷི་ཧེ་རུ་ཀ །རྣལ་འབྱོར་མ་བི་ས་ན་བཛྲ། དེས་ལྭ་བ་དང་། ཨིནྜ་བྷོ་དྷི་ཆུང་ངུ་གཉིས། དེ་གཉིས་ཀས་ཏིལླི་བ་ལ་གདམས་པ་ནི་འོད་གསལ་གྱི་བཀའ་བབས། ཡང་བརྟུལ་ཞུགས་སྤྱོད་པ་ནག་པོ་ཞབས། ཀླུ་སྒྲུབ་སྙིང་པོ། ལྭ་བ་པ། སུ་མ་ཏི་ཞེས་པ་ལ་སྐལ་བ་བཟང་པོ་སྟེ་བཞི་ལ་ཏིལླི་བས་གསན་པ་བཀའ་བཞི་
འདྲེན་ཚུལ་གཉིས་པའོ། །གསུངས། བཀའ་གདམས་(འདི་ནི་ཡོངས་འཛིན་རིན་པོ་ཆེའི་གསུངས་པའི་ཆོ་ག་ལྟར་)ཐིག་ལེ་བཅུ་དྲུག་ནི། ཐིག་ལེ་དང་པོ། གཞལ་ཡས་ཁང་གི་ནང་དུ་ཐིག་ལེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་གཉིས་པ་གཞལ་ཡས་ཁང་གི་ནང་དུ་ཐུབ་པ་ཆེན་པོ་རྣམ་སྣང་གངས་ཅན་མཚོའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་ཐུགས་རྗེ་ཆེན་པོ་བཅུ་གཅིག་ཞལ་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཞི་པ་གཞལ་ཡས་ཁང་གི་ནང་དུ་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་ཡུམ་ཆེན་མོ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་མཉམ་མེད་ཐུབ་པའི་དབང་པོའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བདུན་པ་གཞལ་ཡས་ཁང་གི་ནང་དུ་ཐུགས་རྗེ་ཆེན་པོ་ཞལ་བཞི་བའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བརྒྱད་པ་གཞལ་ཡས་ཁང་གི་ནང་དུ་རྗེ་བཙུན་མ་སྒྲོལ་མ་
དྲག་མོའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་དགུ་པ་གཞལ་ཡས་ཁང་གི་ནང་དུ་རྗེ་བཙུན་མ་སྒྲོལ་མ་དྲག་མོ་ཕྱག་བཞི་བའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅུ་པ། གཞལ་ཡས་ཁང་གི་ནང་དུ་རྗེ་བཙུན་མི་གཡོ་བ་སྔོན་པོའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅུ་གཅིག་པ་གཞལ་ཡས་ཁང་གི་ནང་དུ་ཇོ་བོ་རྗེ་ལོངས་སྐུའི་ཆ་སྤྱད་ཅན་གྱི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅུ་གཉིས་པ་གཞལ་ཡས་ཁང་གི་ནང་དུ་འབྲོམ་སྟོན་རྒྱལ་བའི་འབྱུང་གནས་གར་ཆས་སུ་བཞུགས་པའི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅུ་གསུམ་པ་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་བྱམས་པ་སྤྲུལ་སྐུའི་ཆ་ལུགས་ཅན་གྱི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅུ་བཞི་པ་གཞལ་ཡས་ཁང་གི་ནང་དུ་སློབ་དཔོན་ཀླུ་སྒྲུབ་སྤྲུལ་སྐུའི་ཆ་བྱད་ཅན་གྱི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅོ་ལྔ་པ་གཞལ་ཡས་ཁང་གི་ནང་དུ་རྒྱལ་བ་རྡོ་རྗེ་འཆང་ལོངས་སྐུའི་ཆ་ལུགས་ཅན་གྱི་ལྷ་ཚོགས། དེའི་ཐུགས་ཀར་ཐིག་ལེ་བཅུ་དྲུག་པ་གཞལ་ཡས་ཁང་གི་ནང་དུ་བླ་མ་སངས་རྒྱས་ཆོས་ཀྱི་སྐུ་སེར་པོ་སྐྱིལ་ཀྲུང་མཉམ་བཞག་ལོངས་སྐུའི་ཆ་ལུགས་ཅན་གྱི་ལྷ་ཚོགས།
དེ་ནི་ཐིག་ལེ་བཅུ་དྲུག་གོ །དེའི་ཐུགས་ཀར་བྱང་ཆུབ་སེམས་ཀྱི་ཐིག་ལེ་སེར་པོ་ཡུངས་འབྲུ་ཙམ་དྭངས་ཤིང་གསལ་བ་དེ། རྒྱ་ཇེ་ཆེར་སོང་བའི་ནང་དུ་ཐིག་ལེ་སེར་པོ་རྒྱ་སྲན་ཙམ་དྭངས་ཤིང་འོད་འཚེར་བ་རྒྱ་ཇེ་ཆེར་སོང་བས་ཁོད་སྙོམས་པ། གཞི་བརྟན་པ། རྒྱ་ཆེ་བ། ཁྱབ་ཆེ་བ། གཟུགས་བརྙན་ཐམས་ཅད་འཆར་བ་ཞིག་བསྒོམ་པར་གསུངས་སོ། །བཀའ་བརྒྱུད་པའི་སྙན་བརྒྱུད་ནོར་བུ་སྐོར་གསུམ་ནི། བརྒྱུད་པ་ཡིད་བཞིན་ནོར་བུ། རྨི་ལམ་ཡིད་བཞིན་ནོར་བུ། གྲོལ་ལམ་ཡིད་བཞིན་ནོར་བུ་དང་གསུམ་ཡིན། དེ་ཡང་གྲོལ་ལམ་ཡིད་བཞིན་ནོར་བུ་གདམས་པ་ལ་དྲུག་ཡོད་དེ། དེ་གང་ཞེ་ན་སྙན་བརྒྱུད་ཀྱི་གདམས་པ་དྲུག་ཀྱང་ཟེར། གཏུམ་མོ་བདེ་དྲོད་རང་འབར། སྒྱུ་ལུས་ཆོས་བརྒྱད་རང་གྲོལ། རྨི་ལམ་འཁྲུལ་པ་རང་སངས། འོད་གསལ་མ་རིག་མུན་བྲལ། འཕོ་བ་གསེར་འགྱུར་རྩི་མཆོག །གྲོང་འཇུག་སྦྲུལ་པ་གསལ་འདོར་ལེན་དང་དྲུག་ཡིན། སྙིང་པོ་དོན་གསུམ་ནི། ཚེ་འདིའི་ཉམས་ལེན། འཆི་ཀའི་ཉམས་ལེན། བར་དོའི་ཉམས་ལེན་གསུམ་གྱི་དོན་ལ་ཟེར། ལུས་མེད་སྲོག་གི་ཆོས་
སྐོར་དགུ་ནི། སྨིན་གྲོལ་སེམས་ཀྱི་རྒྱ་མདུད། དམ་ཚིག་རང་སེམས་མེ་ལོང་། རྩ་རླུང་དྲྭ་མིག་འཁོར་ལོ། བདེ་ཆེན་གསུང་གི་རིན་ཆེན། རང་གྲོལ་ཕྱག་རྒྱ་ཆེན་པོ། སྤྱོད་པ་ཆུ་ལ་རལ་གྲི །རིག་པ་ཡེ་ཤེས་སྒྲོན་མེ། དམ་རྫས་རྟོགས་པའི་ཉི་མ། རོ་སྙོམས་ཕྱིའི་མེ་ལོང་དང་དགུའོ། །དེ་ཡང་འདུལ་ལུང་སྡེ་བཞི་ནི། གཞི་དང་། རྣམ་འབྱེད་དང་། ཕྲན་ཚེགས་དང་། གཞུང་བླ་མ་དང་བཞིའོ། །རྒྱ་གར་སྐད་རིགས་བཞི་ནི། ཡུལ་མི་རང་བཞིན་པ་སོ་སོའི་སྐད་དང་། ཟུར་ཆག་གི་སྐད་དང་། ཤ་ཟའི་སྐད་དང་། སཾ་སྐྲི་ཏ་ལེགས་པར་སྦྱར་བ་ལྷའི་སྐད་དང་བཞིའོ། །དེ་ཡང་བསྐྱེད་རིམ་ལ་ཆོ་ག་གསུམ་བསྐྱེད་ནི། གསུང་ཡིག་འབྲུའི་ཆོ་ག །ཐུགས་ཕྱག་མཚན་གྱི་ཆོ་ག །སྐུ་ཡོངས་རྫོགས་ཀྱི་ཆོ་ག་གསུམ་ཡིན། ཡང་འགའ་རེས། ཆོ་ག་གསུམ་བསྐྱེད་ནི། གདན་པད་ཟླ། གསུང་ཡིག་འབྲུ། ཐུགས་ཕྱག་མཚན་ལས་བསྐྱེད་པ་གསུམ་ཡིན་ཟེར་བའང་འདུག །མངོན་བྱང་ལྔ་སྐྱེད་ནི། ཆོས་ཉིད་སྟོང་པ་ཉིད་ལ་བྱང་ཆུབ་པ། གདན་པད་གདན་ལ་བྱང་ཆུབ་པ། གསུང་ཡིག་འབྲུ་ལ་བྱང་ཆུབ་པ། ཐུགས་ཕྱག་མཚན་ལ་
བྱང་ཆུབ་པ། སྐུ་ཡོངས་རྫོགས་ལ་བྱང་ཆུབ་པ་དང་ལྔའོ། །ཏིང་ངེ་འཛིན་རྣམ་གསུམ་སྐྱེད་པ་ནི། དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན། ཀུན་ཏུ་སྣང་བའི་ཏིང་ངེ་འཛིན། རྒྱུའི་ཏིང་ངེ་འཛིན་དང་གསུམ་གྱི་སྒོ་ནས་བསྐྱེད་པར་བཤད། བཀའ་གདམས་གཞུང་དྲུག་ནི། མདོ་སྡེ་རྒྱན། བྱང་ས། བསླབ་བཏུས། སྤྱོད་འཇུག །སྐྱེས་རབས། ཆེད་དུ་བརྗོད་པའི་ཚོམས་དང་དྲུག་གོ །ཆོས་རྗེ་རྒྱ་རས་ཀྱི་དྲག་སྔགས་གསུམ་ནི། ཅི་ཡོང་བ་ཤོག །གང་ལྟར་འགྲོ་བར་སོངས། ཅིས་ཀྱང་དགོས་པ་མེད་བྱ་བ་གསུམ་མོ། །ཆགས་མེད་ཞེན་མེད་འཛིན་མེད་གསུམ་གྱི་ངང་ནས་དྲག་སྔགས་གསུམ་གྱི་ཉམས་ལེན་ལ་འབད་ན་ཚེ་འདི་བློས་ཐོངས་པར་འགྱུར་གསུངས། རྒྱ་གསུམ་ནི། རྣམ་སྨིན་ལུས་ཀྱི་རྒྱ། བག་ཆགས་ཀྱི་སྣང་བའི་རྒྱ། ཏིང་ངེ་འཛིན་གྱི་སེམས་ཀྱི་རྒྱའོ། །ཡང་ལུགས་གཅིག་ལ་རྣལ་འབྱོར་གྱི་ལུས་རྒྱ་ཁྱུང་གི་སྒོང་རྒྱ། སེང་གེའི་མངལ་རྒྱའོ། གསང་སྔགས་ཀྱི་ཆོས་ལྷ་གནས་གསུམ་དུ་གྲགས་ནས་འོང་ཚུལ་ནི། འོག་མིན། དགའ་ལྡན། རི་རབ་ཀྱི་རྩེའི་སུམ་ཅུ་རྩ་གསུམ་ལ་གནས་གསུམ་མོ། ཆད་ཐོ་
འགའ་རེ་ན། ལྷ་གནས་གསུམ་དང་རི་བོ་མ་ལ་ཡར། །གསང་བའི་བདག་པོ་ལ་སོགས་འཁོར་ཚོགས་ལ། །ཞེས་དབྱངས་རིང་པོར་བྱས་འདོན་པ་ཚོས་ཤེས་ན་ལེགས། སྦྱངས་པའི་ཡོན་ཏན་བཅུ་གཉིས་ནི། བསོད་སྙོམས་པ་དང་། སྟན་གཅིག་པ་དང་། ཟས་ཕྱིས་མི་ལེན་པ་དང་། ཆོས་གོས་གསུམ་པ་དང་། ཕྱིང་བ་པ་དང་། ཕྱགས་དར་ཁྲོད་པ་དང་། དགོན་པ་བ་དང་། ཤིང་དྲུང་པ་དང་། བླ་གབ་མེད་པ་དང་། དུར་ཁྲོད་པ་དང་། ཅོག་པུ་པ་དང་། གཞི་ཇི་བཞིན་པ་དང་བཅུ་གཉིས་སོ། །གཞི་གསུམ་ཆོ་ག་ནི། གསོ་སྦྱོང་གི་གཞི་དང་། དབྱར་གནས་ཀྱི་གཞི་དང་། དགག་དབྱེའི་གཞིའོ། །ལྟུང་བ་སྡེ་ལྔ་ནི། ཕམ་པའི་སྡེ་དང་། ལྷག་མའི་སྡེ་དང་། ལྟུང་བྱེད་ཀྱི་སྡེ་དང་། སོར་བཤགས་ཀྱི་སྡེ་དང་། ཉེས་བྱས་ཀྱི་སྡེ་དང་ལྔའོ། །ཆོས་གོས་རྣམ་གསུམ་ནི། རྣམ་སྦྱར། བླ་གོས། མཐང་གོས་དང་གསུམ་མོ། །སྙིགས་མ་ལྔ་ནི། ཚེའི་སྙིགས་མ། སེམས་ཅན་གྱི་སྙིགས་མ། ཉོན་མོངས་པའི་སྙིགས་མ། ལྟ་བའི་སྙིགས་མ། བསྐལ་པའི་སྙིགས་མ་དང་ལྔའོ། །རྩ་བའི་ཉོན་མོངས་དྲུག་ནི། འདོད་ཆགས་དང་།
ཁོང་ཁྲོ་དང་། གཏི་མུག་དང་། ང་རྒྱལ་དང་། ལྟ་བ་དང་། ཐེ་ཚོམ་དང་དྲུག་གོ །ལྟ་བ་དེ་ལ་འཇིགས་ཚོགས་ལ་ལྟ་བ་དང་། མཐར་འཛིན་ལྟ་བ་དང་། ལོག་པར་ལྟ་བ་དང་། ལྟ་བ་མཆོག་འཛིན་དང་། ཚུལ་ཁྲིམས་བརྟུལ་ཞུགས་མཆོག་འཛིན་གྱི་ལྟ་བ་དང་ལྔའོ། །དེ་རྣམས་སོ་སོར་ཕྱེ་ན་བཅུ་ཡོད་པས་ན་རྩ་བའི་ཉོན་མོངས་བཅུ་ཡང་ཟེར། ཉེ་ཉོན་ཉི་ཤུ་རྩ་ལྔ་ནི། ཁྲོ་བ་དང་། འཁོན་དུ་འཛིན་པ་དང་། འཆབ་པ་དང་། འཚིག་པ་དང་། ཕྲག་དོག་དང་། སེར་སྣ་དང་། སྒྱུ་དང་། གཡོ་དང་། རྒྱགས་པ་དང་། རྣམ་པར་འཚེ་བ་དང་། ངོ་ཚ་མེད་པ་དང་། ཁྲེལ་མེད་པ་དང་། རྨུགས་པ་དང་། རྒོད་པ་དང་། མ་དད་པ་དང་། ལེ་ལོ་དང་། བག་མེད་པ་དང་། བརྗེད་ངེས་དང་། རྣམ་གཡེང་དང་། ཤེས་བཞིན་མ་ཡིན་པ་དང་། འགྱོད་པ་དང་། གཉིད་དང་། རྟོག་པ་དང་། དཔྱོད་པ་དང་། ཉེ་བའི་ཉོན་མོངས་རྣམ་གཉིས་དང་ཉི་ཤུ་རྩ་ལྔའོ། །དེ་བཞིན་དུ་སློབ་དཔོན་དབྱིག་གཉེན་གྱིས། འདོད་ཆགས་ཁོང་ཁྲོ་གཏི་མུག་དང་། །ང་རྒྱལ་ལྟ་བ་ཐེ་ཚོམ་མོ། །ཁྲོ་དང་འཁོན་དུ་
འཛིན་པ་དང་། །འཆབ་དང་འཚིག་དང་ཕྲག་དོག་དང་། །སེར་སྣ་དང་ནི་སྒྱུར་བཅས་དང་། །གཡོ་རྒྱགས་རྣམ་འཚེ་ངོ་ཚ་མེད། །ཁྲེལ་མེད་རྨུགས་དང་རྒོད་པ་དང་། །མ་དད་པ་དང་ལེ་ལོ་དང་། །བག་མེད་པ་དང་བརྗེད་ངེས་དང་། །རྣམ་གཡེང་ཤེས་བཞིན་མ་ཡིན་དང་། །འགྱོད་དང་གཉིད་ཀྱང་དེ་བཞིན་ཏེ། །རྟོག་པ་དང་ནི་དཔྱོད་པའོ། །ཉེས་བའི་ཉོན་མོངས་རྣམ་གཉིས། ཞེས་གསུངས་སོ། དགེ་བ་ཟད་པའི་རྒྱུ་བཞི་ནི། མ་བསྔོས་ཡང་ན་ལོག་པར་བསྔོས། །གཞན་ལ་བསྒྲགས་དང་འགྱོད་པ་སྐྱེས། །དེ་ནི་དགེ་བ་ཟད་པའི་རྒྱུ་བཞི་ཡིན། གསུངས། གསང་བ་ཡེ་ཤེས་ཀྱི་རྣལ་འབྱོར་བཞི་ནི། རོ་རྐྱང་གི་རླུང་དྷུ་ཏིར་འཇུག་པའི་རྣལ་འབྱོར་དང་། ཙཎྜ་ལིའི་རྣལ་འབྱོར་དང་། བདེ་བའི་རྣལ་འབྱོར་དང་། ཡན་ལག་གི་རྣལ་འབྱོར་དང་བཞིའོ། །ས་སྐྱའི་ལམ་འབྲས་སྣང་གསུམ་གྱི་ཁྲིད་ནི། ངེས་འབྱུང་བསྐྱེད་པ་མ་དག་སྣང་བའི་ཁྲིད། ལྷག་བསམ་བསྐྱེད་པ་ཉམས་ཀྱི་སྣང་བའི་ཁྲིད། སྤྲོ་བ་བསྐྱེད་པ་དག་པའི་སྣང་བའི་ཁྲིད་དང་གསུམ་མོ། །ཞེན་པ་བཞི་བྲལ་ནི། ཚེ་འདི་ལ་ཞེན་པ་དང་བྲལ་བ། འཁོར་བ་ལ་ཞེན་པ་དང་
བྲལ་བ། བདག་དོན་ལ་ཞེན་པ་དང་བྲལ་བ། དངོས་པོ་དང་མཚན་མ་ལ་ཞེན་པ་དང་བྲལ་བ་བཞིའོ། །འཇིགས་པའི་སྒྲ་བཞི་ནི། ས་རླང་ལས་རི་བོ་ཉིལ་བའི་སྒྲ། ཆུ་རླུང་ལས་རྒྱ་མཚོ་འཆོལ་བའི་སྒྲ། མེ་རླུང་ལས་ནགས་ཚལ་འཚིགས་པའི་སྒྲ། རླུང་གི་རླུང་ལས་དུས་ཀྱི་རླུང་གི་སྒྲ་དང་བཞིའོ། །ཉམས་ང་བའི་གཡང་ས་གསུམ་ནི། ཞེ་སྡང་གི་ཤེས་པའི་རང་གདངས་ཀྱི་གཡང་ས་དཀར་པོ། འདོད་ཆགས་ཀྱི་ཤེས་པའི་རང་གདངས་ཀྱི་གཡང་ས་དམར་པོ། གཏི་མུག་གི་ཤེས་པའི་རང་གདངས་ཀྱི་གཡང་ས་ནག་པོ་གསུམ་མོ། །འཇིགས་པ་བརྒྱད་ནི། སེང་གེ་གླང་ཆེན་མེ་དཔུང་དུག་སྦྲལ་ཆོམ་རྐུན་ལྕགས་སྒྲོག་ཤ་ཟ་རྒྱལ་པོ་ཡི་ཆད་པའི་འཇིགས་པ་དང་བརྒྱད་དོ། །དབང་བཞི་ནི། བུམ་དབང་། གསང་དབང་། ཤེར་དབང་། ཚིག་དབང་དང་བཞིའོ། །སྒྲིབ་པ་བཞི་ནི། ལུས་ཀྱི་སྒོ་ནས་བསགས་པའི་སྒྲིབ་པ། ངག་གི་སྒོ་ནས་བསགས་པའི་སྒྲིབ་པ། ཡིད་ཀྱི་སྒོ་ནས་བསགས་པའི་སྒྲིབ་པ། ལུས་ངག་ཡིད་གསུམ་གྱི་སྒོ་ནས་བསགས་པའི་སྒྲིབ་པ་དང་བཞིའོ། །ཡང་ལུས་ཀྱི་སྒྲིབ་པ། ཉོན་
མོངས་ཀྱི་སྒྲིབ་པ། ཤེས་བྱའི་སྒྲིབ་པ། བག་ཆགས་ཀྱི་སྒྲིབ་པ་དང་བཞི་ཡིན་ཟེར། སྐུ་བཞི་ནི། ཆོས་སྐུ། ལོངས་སྐུ། སྤྲུལ་སྐུ། ངོ་བོ་ཉིད་སྐུ་དང་བཞིའོ། སྒྲིབ་པ་གཉིས་ནི། ཉོན་མོངས་པའི་སྒྲིབ་པ་དང་། ཤེས་བྱའི་སྒྲིབ་པ་གཉིས་སོ། །ཚོགས་གཉིས་ནི། བསོད་ནམས་ཀྱི་ཚོགས་དང་། ཡེ་ཤེས་ཀྱི་ཚོགས་སོ། །སྐུ་གཉིས་ནི། ཆོས་སྐུ་དང་། གཟུགས་སྐུ་གཉིས་སོ། །དོན་གཉིས་ནི། རང་དོན་དང་། གཞན་དོན་གཉིས་སོ། །གསུང་སྒྲོས་ཐོར་བུ་ལས། འཕགས་པའི་རིགས་བཞི་ནི། ཆོས་གོས་ངན་ངོན་ཙམ་གྱིས་ཆོག་པ་དང་། བསོད་སྙོམས་ངན་ངོན། མལ་ཆ་ངན་ངོན། ན་བའི་གསོས་སྨན་ལ་སོགས་པའི་ཡོ་བྱད་ངན་ངོན་ཙམ་གྱིས་ཆོག་པ་གཅིག་ཡིན། ཡང་ན་འདོད་པ་ཆུང་བ། ཆོག་ཤེས་པ། གསོ་སླ་བ། དགངས་སླ་བ་དང་བཞི་ཡིན་གསུངས། དགེ་སྦྱོང་གི་ཆོས་བཞི་ནི། ཚུར་ཁྲོ་ཡང་སླར་མི་ཁྲོ། ཚུར་གཤེ་ཡང་སླར་མི་གཤེ། ཚུར་མཚང་འབྲུ་ཡང་སླར་མཚང་མི་འབྲུ། ཚུར་བརྡེག་ཀྱང་སླར་མི་བརྡེག་པ་དང་བཞིའོ། ལམ་རིམ་གྱི་སྐྱེས་བུ་གསུམ་ནི། སྐྱེས་བུ་ཆུང་ངུ་། སྐྱེས་བུ་འབྲིང་།
སྐྱེས་བུ་ཆེན་པོ་དང་གསུམ་མོ། །བློ་སྦྱོང་གི་སྦྱོར་བ་བཞི་ལྡན་ནི། ཚོགས་བསག་པའི་སྦྱོར་བ། སྡིག་པ་སྦྱང་བའི་སྦྱོར་བ། གདོན་ལ་མཆོད་པའི་སྦྱོར་བ། ཆོས་སྐྱོང་མཆོད་པའི་སྦྱོར་བ་དང་བཞིའོ། །བླ་མཆོད་ནས། སྦྱོར་བ་བཞི་དང་ལྡན་པའི་ཐབས་མཁས་ཀྱི། གསུངས་པ་འདི་ལ་ཟེར། སྟོབས་ལྔ་ནི། དཀར་པོ་ས་བོན་གྱི་སྟོབས། སྨོན་ལམ་གྱི་སྟོབས། སུན་འབྱིན་པའི་སྟོབས། འཕན་པའི་སྟོབས། གོམས་པའི་སྟོབས་དང་ལྔའོ། སྟོབས་ལྔ་ཡང་དག་སྦྱར་བའི་གདམས་ངག་གིས། གསུངས་པ་འདི་ལ་ཟེར། སྤྲོས་པའི་མཐའ་བརྒྱད་དང་བྲལ་བའི་ལྟ་བ་ནི། སྐྱེ་འགག་གཉིས། རྟག་ཆད་གཉིས། འགྲོ་འོང་གཉིས། གཅིག་ཐ་དད་གཉིས་ཏེ་སྤྲོས་པའི་མཐའ་བརྒྱད་བྲལ་བའོ། །མཐའ་བཞི་ནི། ཡོད་མཐའ། མེད་མཐའ། ཡོད་མེད་གཉིས་ཀའི་མཐའ། གཉིས་ཀ་མ་ཡིན་པའི་མཐའ་སྟེ་དེ་བཞི་ལ་ཟེར། ཡང་རྟག་པར་ལྟ་བ། ཆད་པར་ལྟ་བ། བདག་ཏུ་ལྟ་བ། མཚན་མར་ལྟ་བ་དང་བཞི་ལ་ཟེར། བདུད་བཞི་ནི། ཉོན་མོངས་པའི་བདུད། ཕུང་པོའི་བདུད། འཆི་བདག་གི་
བདུད། ལྷའི་བུའི་བདུད་དང་བཞིའོ། །གཅོད་ཀྱི་བདུད་བཞི་ངོས་འཛིན་ནི། ཐོགས་བཅས་ཀྱི་བདུད། ཐོགས་མེད་ཀྱི་བདུད། དགའ་བྲོད་ཀྱི་བདུད། སྙེམས་བྱེད་ཀྱི་བདུད་དང་བཞིའོ་བདག་འཛིན་ལ་ཟེར། དགོངས་པ་བཞི་ནི། མཉམ་པ་ཉིད་ལ་དགོངས་པ། དུས་གཞན་ལ་དགོངས་པ། དོན་གཞན་ལ་དགོངས་པ། གང་ཟག་གཞན་ལ་དགོངས་པ་དང་བཞིའོ། །ལྡེམ་དགོངས་བཞི་ནི། གཞུག་པ་ལྡེམ་དགོངས། མཚན་ཉིད་ལྡེམ་དགོངས། གཉེན་པོ་ལྡེམ་དགོངས། བསྒྱུར་བ་ལྡེམ་དགོངས་དང་བཞིའོ། །རྟོན་པ་རྣམ་པ་བཞི་ནི། ཚིག་ལ་མི་རྟོན་དོན་ལ་རྟོན། གང་ཟག་ལ་མི་རྟོན་ཆོས་ལ་རྟོན། རྣམ་ཤེས་ལ་མི་རྟོན་ཡེ་ཤེས་ལ་རྟོན། དྲང་དོན་ལ་མི་རྟོན་ངེས་དོན་ལ་རྟོན་པ་དང་བཞིའོ། །ལོག་འཚོ་ལྔ་ནི། ཚུལ་འཆོས། ཁ་གསག །གཞོགས་སློང་། རྙེད་པས་རྙེད་པ་འཚོལ་བ། ཐོབ་ཀྱིས་འཇལ་བ་དང་ལྔའོ། །ཤ་ལྔ་ནི། བ་གླང་གི་ཤ་དང་། རྟའི་ཤ་དང་། མིའི་ཤ་དང་། གླང་པོ་ཆེའི་ཤ་དང་། ཁྱིའི་ཤ་དང་ལྔའོ། །དེ་ལ་ལྕགས་ཀྱུ་ལྔ་ཡང་ཟེར། བདུད་རྩི་ལྔ་ནི། དྲི་ཆེན་དང་། དྲི་ཆུ་དང་། བྱང་སེམས་དཀར་པོ་
དང་། ཁྲག་དང་། རྐང་མར་དང་ལྔའོ། དེ་ལ་སྒྲོན་མ་ལྔ་ཡང་ཟེར། དེའི་རྒྱུ་མཚན་དངོས་གྲུབ་ཐམས་ཅད་འགུགས་པའི་ལྕགས་ཀྱུ་འདྲ་བས་ལྕགས་ཀྱུ་ཡང་ཟེར། ཡོན་ཏན་ཐམས་ཅད་གསལ་བར་བྱེད་པའི་སྒྲོན་མེ་དང་འདྲ་བས་སྒྲོན་མེ་ཡང་ཟེར་སྐད། རྗེ་རིན་པོ་ཆེའི་གསུང་གི་དཔྱིད་ཀྱི་རྒྱལ་མོའི་གླུ་དབྱངས་ལས། མཚན་ཉིད་དྲུག་ལྡན་མཚོ་སྐྱེས་རྒྱས་པ་ཡི། །གསུངས་པའི་མཚན་ཉིད་དྲུག་ནི། པདྨ་ཟླུམ་རྒྱས་དྲོ་འཇམ་དམ་ཞིང་ཟབ་ཟེར་མཁན་ཡང་འདུག །ལྟ་བ་བཀའ་བཏགས་ཀྱི་ཕྱག་རྒྱ་བཞི་ནི། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ནི་ཞི་ཞིང་བདེ་བའོ། །བརྟགས་པ་གསུམ་ནི། ལུང་དང་། རིགས་པ། ཉམས་མྱོང་། གསུམ་གྱི་སྒོ་ནས་བརྟག་པའོ། །ཚད་མ་གསུམ་ནི། མངོན་སུམ་ཚད་མ། རྗེས་དཔག་ཚད་མ། ལུང་ཚད་མ་གསུམ་ལ་ཟེར། ཚད་མ་བཞི་ནི། བདེ་བར་གཤེགས་པའི་བཀའ་ཚད་མ་དང་། བླ་མ་དམ་པའི་གསུང་ཚད་མ་དང་། རྣལ་འབྱོར་གྱི་ཉམས་མྱོང་ཚད་མ་
དང་། རྟེན་ཅིང་འབྲེལ་བར་འབྱུང་བའི་ལོ་རྒྱུས་ཚད་མའོ། །འཁྱེར་སོ་གསུམ་ནི། སྣང་བ་ལྷ། སྒྲ་གྲགས་སྔགས། དྲན་རྟོག་ཐུགས་ཀྱི་འཁྱེར་སོ་དང་གསུམ་མོ། །མཐོང་བ་གསུམ་ནི། བླ་མ་ལ་སངས་རྒྱས་སུ་མཐོང་བ། གདམས་ངག་ལ་བདུད་རྩིར་མཐོང་བ། དམ་ཚིག་ལ་སྲོག་ཏུ་མཐོང་བ་དང་གསུམ་མོ། །དམ་པ་གསུམ་ནི། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པས། སྤྱིར་དགེ་བ་གང་བྱས་ཀྱང་། སྦྱོར་བ་བྱང་ཆུབ་ཀྱི་སེམས་ཀྱིས་ཟིན་པ། དངོས་གཞི་ལ་དམིགས་པ་དང་མཚན་མ་མེད་པའི་ཐབས་ཀྱིས་ཟིན་པ། རྗེས་སྒྱུ་མ་རྨི་ལམ་ལྟ་བུའི་བསྔོ་བ་དམ་པས་ཟིན་པ་སྟེ། དམ་པ་གསུམ་དང་འབྲེལ་ན་ཐར་པ་ཆ་མཐུན་གྱི་དགེ་བ་ཞེས་བྱ་ལ། སངས་ཀྱི་ལམ་མམ་རྒྱུ་བྱེད་པ་ཡིན་གསུངས། བསྡུ་ན་སྦྱོར་བ་སེམས་བསྐྱེད་དམ་པ། དངོས་གཞི་དམིགས་མེད་དམ་པ། རྗེས་བསྔོ་བ་དམ་པ་དང་གསུམ་མོ། །ལྷ་ཞི་བའི་ཚུལ་དགུ་ནི། རྔམས་གློག་ལས། དེ་ལྟ་བུའི་སྐུ་མཆོག་རེ་རེ་ལ། །ཚུལ་དགུ་དག་དང་ལྡན་པ་སྟེ། །མཉེན་དང་ལྕུག་དང་འཁྲིལ་བག་དང་། །ལྡེམ་བག་ཆགས་དང་གཞོན་ཚུལ་ཅན། གསལ་
འཚེར་དང་ལྷུན་སྡུག་དང་། །གཟི་བྱིན་འབར་བར་རབ་ཏུ་གནས། ཞེས་དང་། ཁྲོ་བོའི་གར་གྱི་ཉམས་དགུ་ནི། གལ་པོ་ལས། སྒེག་པ་དཔའ་བ་མི་སྡུག་པ། །དགོད་དང་དྲག་ཤུལ་འཇིགས་སུ་རུང་། །སྙིང་རྗེ་རྔམས་དང་ཞི་བ་སྟེ། །གར་དགུའི་ཚུལ་གྱིས་བསྒྱིངས་པའོ། །ཞེས་སོ། དག་པ་གཉིས་ལྡན་གྱི་སངས་རྒྱས་ནི། གདོད་མའི་དབྱིངས་དང་རང་བཞིན་གྱིས་འོད་གསལ་བ་སྟེ་ཡེ་ནས་དྲི་མ་དང་བྲལ་བས་རང་བཞིན་གྱིས་རྣམ་པར་དག་པ་དང་། གློ་བུར་གྱི་དྲི་མ་ཆ་དང་བཅས་པའང་ཤིན་ཏུ་རྣམ་པར་དག་པས་དག་པ་གཉིས་ལྡན་གྱི་སངས་རྒྱས་ཞེས་བྱའོ། །སངས་རྒྱས་ནི་སྐྱབས་འགྲོ་བདུན་ཅུ་པ་ལས། །མ་རིག་གཉིད་ལས་སངས་ཕྱིར་དང་། །ཤེས་བྱ་ལ་ཡང་བློ་རྒྱས་ཕྱིར། །སངས་རྒྱས་པདྨའི་འདབ་མ་རྒྱས། །གསུངས། སེམས་བསྐྱེད་ཉི་ཤུ་རྩ་གཉིས་ནི། མངོན་རྟོགས་རྒྱན་ལས། །དེ་ཡང་ས་གསེར་ཟླ་བ་མེ། །གཏེར་དང་རིན་ཆེན་འབྱུང་གནས་མཚོ། །རྡོ་རྗེ་རི་སྨན་བཤེས་གཉེན་དང་། །ཡིད་བཞིན་ནོར་བུ་ཉི་མ་ཀླུ། རྒྱལ་པོ་མཛོད་དང་ལམ་པོ་ཆེ། །གཞོན་པ་བཀོད་མའི་ཆུ་
དང་ནི། །སྒྲ་སྙན་ཆུ་བོ་སྤྲིན་རྣམས་ཀྱི། རྣམ་པ་ཉི་ཤུ་རྩ་གཉིས་སོ། །བྱམས་པའི་སྨོན་ལམ་ལས། རྣམ་པར་ཐར་པའི་སྒོ་གསུམ་དང་། །དུས་གསུམ་མཉམ་པ་ཉིད་དང་ནི། །རིག་གསུམ་མངོན་སུམ་བགྱིས་པ་ཡིས། ཤེས་རབ་ཕ་རོལ་ཕྱིན་རྫོགས་ཤོག །ཅེས་པའི་རྣམ་ཐར་སྒོ་གསུམ་ནི། སྟོང་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་དང་གསུམ། དུས་གསུམ་ནི། འདས་དང་། མ་འོངས་དང་། ད་ལྟའི་དུས་དང་གསུམ། རིག་པ་གསུམ་ནི། ཐེག་ཆེན་མདོ་སྡེ་ལས། ལྷ་ཡི་མིག་གིས་རིག་པ་དང་། སྔོན་གནས་རྗེས་སུ་དྲན་པའི་རིག་པ་དང་། ཟག་པ་ཟད་པའི་རིག་པ་སྟེ། རིག་པ་ནི་གསུམ་ཤེས་བར་བྱའོ། །ཞེས་གསུངས། སྒྲིབ་པ་ལྔ་ནི། བཤེས་སྤྲིངས་ལས། རྒོད་དང་འགྱོད་དང་གནོད་སེམས་རྨུགས་པ་དང་། །གཉིད་དང་འདོད་ལ་འདུན་དང་ཐེ་ཚོམ་སྟེ། །སྒྲིབ་པ་ལྔ་པོ་འདི་དག་དགེ་བའི་ནོར། །འཕྲོག་པའི་ཆོམ་རྐུན་ལགས་པར་རིག་པར་མཛོད། །གསུངས། ཡང་ཆོས་དབྱིངས་བསྟོད་པ་ལས། དྲི་མེད་ཉི་མ་ཟླ་བ་ཡང་། །སྤྲིན་དང་དུ་བ་ཁུག་སྣ་དང་། དགྲ་གཅན་གདོང་དང་རྡུལ་ལ་སོགས། །
བསྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །དེ་བཞིན་འོད་གསལ་བ་ཡི་སེམས། །འདོད་ཆགས་གནོད་སེམས་ལེ་ལོ་དང་། །རྒོད་པ་དང་ནི་ཐེ་ཚོམ་སྟེ། །བསྒྲིབ་པ་ལྔ་ཡིས་བསྒྲིབ་པར་འགྱུར། །གསུངས། དེས་ན་གཉིད་རྨུགས་གཉིས་ལེ་ལོར་བསྡུས། རྒོད་འགྱོད་གཉིས་རྒོད་པར་བསྡུས་ནས་ལྔ་བྱས་པ་ཡིན་ནམ་སྙམ། དབང་བཅུ་ནི། ཚེ་ལ་དབང་བ། ཡོ་བྱད་ལ་དབང་བ། སེམས་ལ་དབང་བ། ལས་ལ་དབང་བ། སྐྱེ་བ་ལ་དབང་བ། མོས་པ་ལ་དབང་བ། སྨོན་ལམ་ལ་དབང་བ། རྫུ་འཕྲུལ་ལ་དབང་བ། ཆོས་ལ་དབང་བ། ཡེ་ཤེས་ལ་དབང་བ་དང་བཅུའོ། །ཆོ་འཕྲུལ་གསུམ་ནི། སྐུ་རྫུ་འཕྲུལ་གྱི་ཆོ་འཕྲུལ། གསུང་ཀུན་ཏུ་བརྗོད་པའི་ཆོ་འཕྲུལ། ཐུགས་རྗེས་སུ་བསྟན་པའི་ཆོ་འཕྲུལ་དང་གསུམ་མོ། །རྣམ་ཤེས་ཚོགས་བརྒྱད་ནི། མིག་གི་རྣམ་པར་ཤེས་པ། རྣ་བའི་རྣམ་པར་ཤེས་པ། སྣའི་རྣམ་པར་ཤེས་པ། ལྕེའི་རྣམ་པར་ཤེས་པ། ལུས་ཀྱི་རྣམ་པར་ཤེས་པ། ཡིད་ཀྱི་རྣམ་པར་ཤེས་པ། ཀུན་གཞིའི་རྣམ་པར་ཤེས་པ། ཉོན་ཡིད་ཀྱི་རྣམ་པར་ཤེས་པ་དང་བརྒྱད་དོ། །སྐྱེ་བ་རྣམ་པ་
བཞི་ནི། རྗུས་སྐྱེས། མངལ་སྐྱེས། དྲོད་གཤེར་སྐྱེས། སྒོང་སྐྱེས་ཏེ་བཞིའོ། །རིགས་དྲུག་ནི། དམྱལ་བ། ཡི་དྭགས། དུད་འགྲོ། མི། ལྷ། ལྷ་མིན་ནོ། །རྒྱུད་ལམ་ལྔ་ནི། ལྷ་གཡེང་བའི་ལམ། མི་གདུང་བའི་ལམ། བྱོལ་སོང་མུན་པའི་ལམ། ལྷ་མིན་བྱོལ་སོང་གྱི་ལམ། ཡི་དྭགས་འགགས་པའི་ལམ། དམྱལ་བ་དུབ་བའི་ལམ་དང་ལྔའོ་ཟེར་སྐད། ས་གསུམ་ནི། ས་འོག །ས་སྟེང་། ས་བླ་གསུམ་མོ། །ལུས་ཀྱི་གནས་གསུམ་ནི། སྤྱི་བོ། མགྲིན་པ། སྙིང་ག་དང་གསུམ་མོ། །ཕྱིའི་གནས་གསུམ་ནི། ས་འོག་གི་གནས། ས་སྟེང་གི་གནས། ས་བླའི་གནས་དང་གསུམ་མོ། །གཞན་ཡང་འཁྲུལ་པའི་ལམ་ལྔ་ནི། རྨི་ལམ་གྱི་ལམ། བག་ཆགས་ཀྱི་ལམ། འཁྲུལ་པའི་ལམ། འཁྲུལ་འཁོར་མ་ངེས་པའི་ལམ། འཁྲུལ་འཁོར་ཤིན་ཏུ་མ་ངེས་པའི་ལམ་དང་ལྔའོ། །བླ་མ་ལྕེ་སྒོམ་པའི་གཏོར་མ་བརྒྱ་རྩའི་རྣམ་བཤད་ལས། འགོ་བའི་ལྷ་ལྔ་ནི། འཚོ་བའི་ལྷ་དང་གཅིག །བསྲུང་བའི་ལྷ་དང་གཉིས། སྐྱོབ་པའི་ལྷ་དང་གསུམ། འགྲོགས་པའི་ལྷ་དང་བཞི། འགོ་བའི་ལྷ་དང་ལྔའོ། །(ཡང་ན་ཡུལ་ལྷ།
ཕོ་ལྷ། མོ་ལྷ། དགྲ་ལྷ། སྲོག་ལྷ་ལྔ་ལ་ཡང་ཟེར།) བཀའ་གདམས་པའི་ཆོས་སྐྱོང་དཀར་པོ་བརྒྱད་ཅུ་ནི། རྒྱལ་པོ་ཆེན་པོ་སྡེ་བཞི། ཕྱོགས་སྐྱོང་བཅོ་ལྔ། ལྷ་ཆེན་པོ་བརྒྱད། ཀླུ་ཆེན་བརྒྱད། གཟའ་ཆེན་པོ་བརྒྱད། རྒྱུ་སྐར་ཉི་ཤུ་རྩ་བརྒྱད། འཇིགས་བྱེད་ཆེན་པོ་དགུ་སྟེ་དེ་རྣམས་ལ་དཀར་པོ་བརྒྱད་ཅུ་ཡང་ཟེར། ཡང་བསྟན་མ་བཅུ་གཉིས་སམ་སྒྲོལ་མ་བཅུ་གཉིས་ནི། གསེར་མཚོ་མ། འོད་འཚོ་མ། བསྟན་སྐྱོང་མ། ཡིད་འཛིན་མ། སྟོབས་མོ་ཆེ། དྲག་ཤུལ་ཅན། ཁྲག་མདོག་མ། དུད་ཁ་མ། ཐོགས་མེད་མ། སྟོབས་མོ་ཆེ། དབང་སྡུད་མ། ལས་འཇོམས་མ་སྟེ། དེ་བཅུ་གཉིས་ལ་ཟེར། འཇིག་རྟེན་ལ་གྲགས་པའི་སྡེ་བརྒྱད་ནི། དམུ་དང་། བཙན་དང་། རྒྱལ་པོ་དང་། མ་མོ་དང་། སྲིན་པོ་དང་། གཟའ་དང་། ལྷ་དང་། གཤིད་རྗེ་དང་བརྒྱད་དོ། །རྟེན་འབྲེལ་ཡན་ལག་བཅུ་གཉིས་ནི། མ་རིག་པ་རྒན་མོ་ལོང་བ་འདྲ། །འདུ་བྱེད་རྫ་མཁན་དག་དང་འདྲ། །རྣམ་ཤེས་ཁང་སྟོང་སྤྲེའུ་འདྲ། །མིང་དང་གཟུགས་ནི་གྲུ་གཟིངས་འདྲ། །སྐྱེ་མཆེད་དྲུག་ནི་མཁར་དང་འདྲ། །རེག་པ་གྲོགས་ལ་འོ་བྱེད་
འདྲ། །ཚོར་བ་མིག་ལ་མདའ་རྒྱབ་འདྲ། །སྲེད་པ་ཆང་འཐུང་དག་དང་འདྲ། །ལེན་པ་སིལ་ཐོག་རྙབ་པ་འདྲ། །སྲིད་པ་ཕོ་མོའི་འདོད་སྤྱོད་འདྲ། །སྐྱེ་བ་བྱིས་པ་བཙས་པ་འདྲ། །རྒ་ཤི་རྒན་མོ་འཁར་ཐོགས་འདྲ། འདི་ནི་སྲིད་པའི་འཁོར་ལོའི་མཐའ་ནས་བྲིས། རྗེ་བདག་ཉིད་ཆེན་པོའི་སངས་རྒྱས་ཀྱི་བསྟོད་པའི་མགོ་ན། སྐབས་གསུམ་པ་དང་དབང་པོའི་སྒྲ། །ཞེས་གསུངས་པས། སྐབས་གསུམ་པོ་གང་ཡིན་ན། ལྷ་རྣམས་ཀྱིས་སྐྱེ་བ་སྔ་མའི་སྐབས་གང་གིས་སྐྱེས་པ་དང་། ད་ལྟའི་སྐབས་ལས་ཅི་ཞིག་གིས་སྐྱེས་པ་དང་། སྐྱེ་བ་ཕྱི་མའི་སྐབས་གང་གིས་སྐྱེ་བ་གསུམ་པོ་ཤེས་པ་ཡིན་པས་ན། མངོན་བརྗོད་ཀྱི་ལྷའི་མིང་ལ་སྐབས་གསུམ་པ་ཞེས་ཟེར་སྐད། ཁྲི་ཁའི་ཇུ་ཇུའི་ལྷ་ཁང་དང་པོ་ཆོས་རྗེ་ལྷུན་གྲུབ་རྒྱ་མཚོས་བཞེངས་པ་ས་སྐྱ་པཎ་ཆེན་གྱིས་རབ་གནས་མཛད། དེ་དུས་སངས་རྒྱས་བྱང་སེམས་མང་པོ་ཐིམས་པའི་སྣང་བ་ཤར། ལྷ་ལྡན་ཇོ་བོ་དང་བྱིན་རླབས་མཉམ། ལྷ་ཁང་དཀར་པོའི་ནང་རྟེན་ལ་ཕ་བོང་ཞིག་ལ་འཕགས་པ་བྱམས་པའི་སྐུ་རང་བྱོན་དུ་བབས་པ་ཞིག་བཞུགས། རྒྱ་མཁར་གྱི་མཆོད་རྟེན་དཀར་པོའི་ནང་
རྟེན་དུ་མངའ་བདག་ཁྲི་རལ་པ་ཅན་གྱི་དབུ་ཐོད་བཞུགས། ཨ་ཆུང་གནམ་རྫོང་དུ་དང་པོ། གཙང་རབ་གསལ། གཡོ་དགེ་བ་འབྱུང་། དམར་ཤཱཀྱ་སྟེ་བོད་ཀྱི་མཁས་པ་མི་གསུམ་ཡུན་རིང་བཞུགས་ཤིང་སྒོམ་ཁྲིད་བསྐྱངས། ཕྱིས་སུ་རྒྱལ་དབང་སྡེ་བ་ཆོས་རྗེ་རིན་པོ་ཆེ་ཆོས་ཀྱི་རྒྱ་མཚོ་སོགས་སྐྱེས་ཆེན་དམ་པ་མང་པོ་བཞུགས་ཤིང་། བྱིན་གྱིས་བརླབས་པའི་གནས་བྱིན་རླབས་ཅན་ཞིག་ཡིན་ཞེས། རྗེ་བཙུན་སྐལ་ལྡན་རྒྱ་མཚོས་གསུང་པའི་ཨ་མདོའི་ཆོས་འབྱུང་ལས་གསུངས། རྒྱལ་སྲིད་སྣ་བདུན་ནི། འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ་དང་བདུན་ནོ། །ཉེ་བའི་རིན་ཆེན་བདུན་ནི། ནགས་ཚལ་རིན་པོ་ཆེ། རལ་གྲི་རིན་པོ་ཆེ། ཁང་བཟང་རིན་པོ་ཆེ། གོས་རིན་པོ་ཆེ། པགས་པ་རིན་པོ་ཆེ། ལྷམ་རིན་པོ་ཆེ། མལ་ཆ་རིན་པོ་ཆེ་དང་བདུན་ནོ། ཁ་སྦྱོར་ཡན་ལག་བདུན་ནི། རང་བཞིན་མེད་པའི་ཡན་ལག ཁ་སྦྱོར་གྱི་ཡན་ལག །བདེ་ཆེན་གྱི་ཡན་ལག །ལོངས་སྤྱོད་རྫོགས་པའི་
ཡན་ལག །རྒྱུན་ཆད་མེད་པའི་ཡན་ལག །སྙིང་རྗེ་ངེས་པར་གང་བའི་ཡན་ལག །འགོག་པ་མེད་པའི་ཡན་ལག་དང་བདུན་ནོ། །དབང་ཕྱུག་བརྒྱད་ནི། སྐུའི་དབང་ཕྱུག །གསུང་གི་དབང་ཕྱུག །ཐུགས་ཀྱི་དབང་ཕྱུག །རྫུ་འཕྲུལ་གྱི་དབང་ཕྱུག །ཀུན་ཐུབ་ཀྱི་དབང་ཕྱུག །འདོད་པའི་དབང་ཕྱུག །གནས་ཀྱི་དབང་ཕྱུག །འཁོར་གྱི་དབང་ཕྱུག་དང་བརྒྱད་དོ། །ཕྱག་རྒྱ་བཞི་ནི། ལས་གྱི་ཕྱག་རྒྱ། དམ་ཚིག་གི་ཕྱག་རྒྱ། ཡེ་ཤེས་ཀྱི་ཕྱག་རྒྱའམ་ཆོས་གྱི་ཕྱག་རྒྱ། ཕྱག་རྒྱ་ཆེན་པོ་དང་བཞིའོ། །དགའ་བ་བཞི་ནི། མཆོག་དགའ། ཁྱད་པར་གྱི་དགའ་བ། ལྷན་ཅིག་སྐྱེས་པའི་དགའ་བ་དང་བཞིའོ། །ཤེས་རབ་གསུམ་ནི། ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། བསྒོམ་བྱུང་གི་ཤེས་རབ་དང་གསུམ་མོ། །ཤེས་རབ་བཞི་ནི། ཤེས་རབ་ཆེ་བ། མྱུར་བ། གསལ་བ། ཟབ་པ་བཞིའོ། །ཚུལ་ཁྲིམས་རྣམ་གསུམ་ནི། ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས། དགེ་བ་ཆོས་སྡུད་ཀྱི་ཚུལ་ཁྲིམས། སེམས་ཅན་དོན་བྱེད་ཀྱི་ཚུལ་ཁྲིམས་སོ། །འཁོར་ལོ་ལྔ་ནི། སྤྱི་བོར་བདེ་ཆེན་གྱི་འཁོར་ལོ། མགྲིན་པ་ལོངས་སྤྱོད་རྫོགས་
པའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ། ལྟེ་བ་སྤྲུལ་པའི་འཁོར་ལོ། གསང་གནས་བདེ་སྐྱོང་གི་འཁོར་ལོ་དང་ལྔའོ། །ལུས་ཀྱི་དྭངས་མ་བདུན་ནི། དངོས་ཟས་ཀྱི་དྭངས་མ། དེ་ལས་ཁྲག་གི་དྭངས་མ། དེ་ལས་ཤའི་དྭངས་མ། དེ་ལས་ཚིལ་གྱི་དྭངས་མ། དེ་ལས་རུས་ཀྱི་དྭངས་མ། དེ་ལས་རྐང་གི་དྭངས་མ། དེ་ལས་ཁུ་བའི་དྭངས་མ་སྟེ་བདུན་ནོ། །སྤྱོད་པ་དྲུག་ནི། ཀུན་ཏུ་བཟང་པོའི་སྤྱོད་པ། རིག་པ་བརྟུལ་ཞུགས་ཀྱི་སྤྱོད་པ། སྤྲོས་མེད་ཀྱི་སྤྱོད་པ། ཤིན་ཏུ་སྤྲོས་མེད་ཀྱི་སྤྱོད་པ། ཕྱོགས་ལས་རྣམ་རྒྱལ་གྱི་སྤྱོད་པ། གཞན་དོན་ཚོགས་ཀྱི་སྤྱོད་པ་དང་དྲུག་གོ །གྲུབ་པ་ཆེན་པོ་བརྒྱད་ནི། མིག་སྨན། མཁའ་ལ་འགྲོ་བ། རིལ་བུ། རྐང་མགྱོགས། རལ་གྲི། བུམ་པ་བཟང་པོ། ས་འོག་གི་གཏེར་ཆེན་པོ། རོ་ལངས་གསེར་དུ་བསྒྱུར་བ་(བཅུད་ལེན་གྲུབ་པ་ཡང་ཟེར་)དང་བརྒྱད་དོ། །བསྒྲལ་བའི་ཞིང་བཅུ་ནི། རྙིང་མ་བའི་དམ་ཚིག་གསལ་བཀྲ་ལས། དཀོན་མཆོག་གི་སྐུ་དགྲ། བླ་མ་དམ་པའི་སྐུ་དགྲ། དམ་ཚིག་མཐའ་དག་དང་འགལ་བ། རྒྱུ་འབྲས་མི་བདེན་པར་ལྟ་བའི་ལོག་ལྟ་ཅན།
ཕ་མ་དང་སློབ་དཔོན་སོགས་ལ་འཁུ་ཞིང་གནོད་པར་བྱེད་པ། གསང་སྔགས་ཀྱི་ཚོགས་གྲལ་དུ་འདུ་བར་མི་འོས་ཀྱང་དགག་པའམ་བསྐྲོད་པར་མི་ནུས་པ། སེམས་ཅན་ཡོངས་ལ་གནོད་ཅིང་འཚེ་བར་བྱེད་པ། དམྱལ་བ་ཡི་དྭགས་དུད་འགྲོ་དང་བཅས་པ་ཡིན་པར་བཤད་པའི་ལུགས་དང་། ཡང་འདྲེན་ཚུལ་གཅིག་ནི། མགོན་པོའི་རྒྱུད་ལས། བླ་མ་ལ་སྡང་སྔགས་ལ་སྨོད། །བསྟན་ལ་སྡང་ཞིང་སེམས་ཅན་འཚེ། དཀོན་མཆོག་སྨད་དང་སྒྲུབ་ལ་སྡང་། །དམ་ཉམས་པ་དང་དམྱལ་བ་དང་། །ཡི་དྭགས་དུད་འགྲོ་ཞིང་བཅུའོ། །ཞེས་གསུངས་སོ། །ཡང་སངས་རྒྱས་བསྟན་པ་བཤིག་པ། དཀོན་མཆོག་གི་དབུ་འཕང་སྨད། དགེ་འདུན་དཀོར་ནི་འཕྲོག །ཐེག་ཆེན་སྨོད་ཅིང་སུན་འབྱིན། བླ་མའི་སྐུ་ལ་བསྡོ་བ། རྡོ་རྗེ་སྤུན་སུན་འབྱིན་པ། སྒྲུབ་ལ་བར་ཆད་བྱེད་པ། བརྩེ་བ་སྙིང་རྗེ་གཏན་མེད། དམ་ཚིག་སྡོམ་པ་རལ་བ། ལས་འབྲས་ལོག་པར་ལྟ་བ། དེ་དག་བསྒྲལ་བའི་ཞིང་བཅུའོ། །གསལ་བ་གསུམ་ནི། རང་ལྷར་གསལ་བ། དགྲ་བགེགས་དངོས་སུ་གསལ་བ། ཕུར་པ་སྲས་མཆོག་ཏུ་གསལ་བའོ། །འཚེངས་པ་
གསུམ་ནི། དགྲ་ཆོས་ཀྱིས་འཚེངས་པ། རང་ཚེས་འཚེངས་པ། ཆོས་སྐྱོང་ཤ་ཁྲག་གིས་འཚེངས་པའོ། །དུར་ཁྲོད་ཆེན་པོ་བརྒྱད་ནི། སྡོམ་འབྱུང་ལས། གཏུམ་དྲག་དེ་བཞིན་ཚང་ཚིང་དང་། །རྡོ་རྗེ་འབར་བ་ཀེང་རུས་ཅན། །དབང་ལྡན་དུ་ནི་མི་བཟད་བཞད། །བྱིན་ཟ་རུ་ནི་བཀྲ་ཤིས་མཆོག །མུན་པ་དྲག་པོ་བདེན་བྲལ་དུ། །རླུང་ཕྱོགས་ཀི་ལི་ཀི་ལིའི་སྒྲ། །ཞེས་དང་། ཤར་དུ་གཏུམ་དྲག །ལྷོར་ཚང་ཚིང་གི་འཁྲིགས་པ། ནུབ་ཏུ་རྡོ་རྗེ་འབར་བ། བྱང་དུ་ཀེང་རུས་ཅན། ཤར་ལྷོ་བཀྲ་ཤིས་མཆོག་གམ་བཀྲ་ཤིས་ཚལ་དང་གཅིག །ལྷོ་ནུབ་ཏུ་མུན་པ་དྲག་པོ། ནུབ་བྱང་དུ་ཀི་ལི་ཀི་ལ། བྱང་ཤར་དུ་མི་བཟད་བཞད་པའམ་ཧ་ཧ་རྒོད་པ་སྟེ། འདི་དག་འཛམ་གླིང་སྤྱིའི་དབང་དུ་བགྱིས་པའི་དུར་ཁྲོད་ཆེན་པོ་བརྒྱད་དོ། །འཇིག་རྟེན་གསུམ་ནི། ས་འོག །ས་སྟེང་། ས་བླའི་འཇིག་རྟེན་གསུམ་མོ། སྲིད་པ་གསུམ་ནི། སྟེང་ལྷ་དང་མིའི་སྲིད་པ། བར་ལྷ་མ་ཡིན་དང་དུད་འགྲོའི་སྲིད་པ། འོག་དམྱལ་བ་དང་ཡི་དྭགས་ཀྱི་སྲིད་པ་གསུམ་ཡང་ཡིན་པར་ཟེར་རོ། །པཎ་ཆེན་ནཱ་རོ་པས་རྗེ་མར་པ་ལོ་
ཙཱ་བ་ལ། སྒོ་བརྒྱད་འཁོར་བའི་སྐར་ཁུང་ཅན། །སྒོ་གཅིག་ཕྱག་རྒྱ་ཆེན་པོའི་ལམ། །སྒོ་བརྒྱད་བཅད་ནས་སྒོ་གཅིག་འབྱེད། །སེམས་ཀྱི་མདའ་ལ་རླུང་གི་གཞུ། །ཧིག་གི་རྒྱུད་ཀྱིས་རབ་བསྐུལ་ནས། །རྣམ་ཤེས་ཚངས་པའི་ལམ་ནས་འཕེན། །མིང་ཡང་འཕོ་བའི་གདམས་ངག་ཟེར། །རླུང་དུས་སུ་ཁེགས་སམ་ལོ་ཙཱ་བ། །ཞེས་གསུངས། སྒོ་བརྒྱད་ནི། འདོད་ཁམས་ཀྱི་ལྷར་སྐྱེ་བའི་སྒོ་ལྟེ་བ། གཟུགས་ཁམས་ཀྱི་ལྷར་སྐྱེ་བའི་སྒོ་སྨིན་མཚམས། མི་རུ་སྐྱེ་བའི་སྒོ་མིག །གནོད་སྦྱིན་དུ་སྐྱེ་བའི་སྒོ་སྣ། མིའམ་ཅིར་སྐྱེ་བའི་སྒོ་རྣ་བ། ཡི་དྭགས་སུ་སྐྱེ་བའི་སྒོ་ཁ། བྱོལ་སོང་དུ་སྐྱེ་བའི་སྒོ་ཆུ་ལམ། དམྱལ་བར་སྐྱེ་བའི་སྒོ་གཤང་ལམ་དང་བརྒྱད་དོ། །ཞེས་འཕོ་ཁྲིད་གསེར་གྱི་སྒོ་འབྱེད་ནས་གསུངས་སོ། །གཞན་ཡང་བཤད་ཚུལ་མི་འདྲ་བ་མང་ངོ་། །བུད་མེད་ཀྱི་སྐྱོན་ལྔ་ནི། སྐྱེས་པ་གཞན་ལ་སེམས་དད་པ། སེར་སྣ་དང་། མི་རིགས་པར་ཆགས་པ་དང་། མི་རིགས་པའི་གནས་ལ་རྗེས་སུ་དགའ་བ་དང་། ཁྱིམ་ཐབས་ཀྱི་སྲོག་གཅོད་པར་འདོད་པ་དང་ལྔའོ། །བུད་མེད་ཀྱི་ཡོན་ཏན་ལྔ་ནི། བསམ་པ་དང་མཐུན་པར་འགྱུར་བ་དང་།
བུ་མང་པོ་བཙས་བར་འགྱུར་བ་དང་། རིགས་མཐུན་པར་འགྱུར་བ་དང་། སྲིད་པ་མཐོ་བར་འགྱུར་བ་དང་། ཁྱིམ་ཐབས་བུད་མེད་གཞན་ལ་ཕྲག་དོག་མི་བྱེད་པ་དང་ལྔའོ། །སྒྲོལ་མའི་ནང་དུ། འཇིག་རྟེན་བདུན་པོ་ཞབས་ཀྱིས་མནན་ཏེ། །ཞེས་པའི་འཇིག་རྟེན་བདུན་ནི། དམྱལ་བ། ཡི་དྭགས། དུད་འགྲོ། ལྷ། མི་སྟེ་འདོད་ཁམས་ཀྱི་འགྲོ་བ་རྒྱུད་ལྔ་དང་། གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་དང་བདུན་ནོ། །འགའ་ཞིག་གིས། འགྲོ་བ་རིགས་དྲུག་སྲིད་པ་བར་དོ་དང་བདུན་ཡིན་ཟེར། ཡང་། རིམ་པ་བདུན་པོ་རྣམས་ནི་འགེམས་མ། །ཞེས་པས། ས་འོག་གི་རིམ་པ་བདུན་ནི། གཞི་དང་། ལྷག་པའི་གཞི་དང་། གཞི་མེད་པ་དང་། གཞི་ཉིད་དང་། བཅུད་ཀྱི་གཞི་དང་། གཞི་བཟང་པོ་དང་། དག་པའི་གཞི་དང་བདུན་ནོ། །གསེར་གྱི་རི་བདུན་ནི། མདོག་སྔོན་པོ་དང་། མན་དྷ་རའི་རི་དང་། རྩིབས་ཅན་དང་། ནོར་བུ་བྱེད་དང་། བྲེ་བོ་དང་། ཁ་བའི་རི་དང་། རྡོ་རྗེའི་རིའོ། དུས་འཁོར་ལས་སོ། །རོལ་མཚོ་བདུན་ནི། དུས་འཁོར་ལས། ཕྱི་ལ་ལན་ཚྭའི་ཆུ་དང་།
དེའི་ནང་མ་ཆུའི། དེའི་ནང་མ་འོ་མའི། དེའི་ནང་མ་ཞོའི། དེའི་ནང་མ་མར་གྱི། དེའི་ནང་མ་རི་རབ་ལ་ཉེ་བ་ན་སྦྲང་རྩིའི་མཚོའོ། །ཚ་དམྱལ་བརྒྱད་ནི། ཡང་སོས། ཐིག་ནག །བསྡུས་འཇོམས། ངུ་འབོད། ངུ་འབོད་ཆེན་པོ་དང་། ཚ་བ་དང་། རབ་ཏུ་ཚ་བ་དང་། མནར་མེད་པའོ། །གྲང་དམྱལ་བརྒྱད་ནི། ཆུ་བུར་ཅན་དང་། ཆུ་བུར་རྡོལ་བ་དང་། སོ་ཐམ་ཐམ་པ་དང་། ཀྱི་ཧུད་ཟེར་བ་དང་། ཨ་ཆུ་ཟེར་བ་དང་། ཨུཏྤལ་ལྟར་གས་པ་དང་། པདྨ་ལྟར་གས་པ་དང་། པདྨ་ཆེན་པོ་ལྟར་གས་པའོ། །དེའི་སྟེང་དུ་ཉི་ཚེ་བའི་དམྱལ་བ་དང་། ཉེ་འཁོར་བའི་དམྱལ་བ་བསྣན་པས་དམྱལ་ཁམས་བཅོ་བརྒྱད་དོ། །འདོད་ལྷ་རིགས་དྲུག་ནི། རྒྱལ་ཆེན་རིགས་བཞི་དང་། སུམ་ཅུ་རྩ་གསུམ་དང་། འཐབ་བྲལ་དང་། དགའ་ལྡན་དང་། འཕྲུལ་དགའ། གཞན་འཕྲུལ་དབང་བྱེད་ཀྱི་ལྷ་རྣམས་སོ། །གཟུགས་ཁམས་གནས་རིགས་བཅུ་བདུན་ནི། ཚངས་རིས་དང་། ཚངས་པ་འདུན་ན་འདོན་དང་། ཚངས་པ་ཆེན་པོ་ཏེ་བསམ་གཏན་དང་པོ། འོད་ཆུང་དང་། ཚད་མེད་འོད། འོད་གསལ་ཏེ་བསམ་གཏན་གཉིས་པ། དགེ་
ཆུང་། ཚད་མེད་དགེ །དགེ་རྒྱས་ཏེ་བསམ་གཏན་གསུམ་པ། སྤྲིན་མེད་འོད། བསོད་ནམས་སྐྱེས། འབྲས་བུ་ཆེ་བ་སྟེ་སོ་སྐྱེའི་གནས་གསུམ་དང་། མི་ཆེ་བ། མི་གདུང་བ། གྱ་ནོམ་སྣང་བ། ཤིན་ཏུ་མཐོང་བ། འོག་མིན་ཏེ་འཕགས་པའི་གནས་བཙང་ལྔར་བཅས་བའི་བརྒྱད་པོ་བསམ་གཏན་བཞི་རྣམས་སོ། །གཟུགས་མེད་སྐྱེ་མཆེད་མུ་བཞི་ནི། ནམ་མཁའ་མཐའ་ཡས་སྐྱེ་མཆེད། རྣམ་ཤེས་མཐའ་ཡས་སྐྱེ་མཆེད། ཅི་ཡང་མེད་པའི་སྐྱེ་མཆེད། འདུ་ཤེས་མེད་མིན་གྱི་སྐྱེ་མཆེད་དང་བཞིའོ། །ཁམས་གསུམ་ནི། སྟོང་དང་པོ་ཆུང་ངུའི་འཇིག་རྟེན་ཁམས། སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་སོ། །ཡང་འདོད་ཁམས། གཟུགས་ཁམས། གཟུགས་མེད་ཁམས་གསུམ་ཟེར་མཁན་ཡང་འདུག །སྟོང་གསུམ་ནི། སྟོང་དང་པོ། གཉིས་པ། གསུམ་པའི་སྟོང་ལ་ཟེར། རིག་པའི་གནས་བཅོ་བརྒྱད་ནི། འདུལ་བ་ལུང་ལས། འདི་ལྟ་སྟེ་གསང་སྔགས་ཀྱི་རྒྱུད་དང་། ཆོ་ག་ཞིབ་མོ་དང་། གཏན་ཚིགས་རིག་པ་དང་། རིག་
བྱེད་དང་། བརྡ་སྤྲོད་པ་དང་། སྒྲ་ངེས་པར་སྦྱོར་བ་དང་། ཤེས་གསལ་དང་། ངེས་པའི་ཚིག་དང་། ལྡེབ་སྦྱོར་བསྡུས་པ་དང་། སྐར་མའི་རིག་པ་དང་། རྟོགས་བྱེད་ཀྱི་རིག་པ་དང་། ཆུར་ལྷུང་གི་རིག་པ་དང་། ཆེར་སྤྱོད་ཀྱི་རིག་པ་དང་། འཇིག་རྟེན་རྒྱང་ཕན་པའི་རིག་པ་དང་། བྱེ་བྲག་པའི་རིག་པ་དང་། རྒྱུ་དྲུག་བཅུ་པ་དང་། ཁྱུར་མིད་ཀྱི་རིག་པ་དང་། གནས་འདུག་གི་རིག་པ་སྟེ་རིག་པའི་གནས་བཅོ་བརྒྱད་དོ། །ཅེས་གསུངས། སློབ་དཔོན་དྷརྨ་ཀིརྟིས་འདིའི་ཐད་ཀྱི་འགྲེལ་པར་རིག་གནས་བཅོ་བརྒྱད་ནི། འདི་ལྟ་སྟེ། རོལ་མོ། འཁྲིག་ཐབས་དང་། སོ་ཚིས་དང་། གྲངས་ཅན་དང་། སྒྲ། གསོ་བའི་དཔྱད་དང་། ཆོས་ལུགས་དང་། བཟོ་དང་། འཕོང་དཔྱད་དང་། གཏན་ཚིག་དང་། སྦྱོར་བ་དང་། རང་གི་དཔྱད་དང་། རྣལ་འབྱོར་ཐོས་ཤིང་དྲན་པ་དང་། སྐར་མའི་དཔྱད་དང་། རྩིས་དང་། མིག་འཕྲུལ་དང་། སྔོན་གྱི་རབས་དང་། སྔོན་བྱུང་བརྗོད་པ་བཅས་སོ། དེ་བཞིན་དུ་བྱེ་བྲག་པ་དང་། །དེ་བཞིན་དུ་ཕྲེང་བ་དང་། རིག་པའི་བསྟན་བཅོས་དང་། ཡོངས་སུ་བརྟག་པའི་ཞེས་
འབྱུང་པས་སོ། །མཛོད་རང་འགྲེལ་ལས། རོལ་མོ་འཁྲིག་ཐབས་འཚོ་རྩིས་གྲངས་དང་སྒྲ། །གསོ་དཔྱད་ཆོས་ལུགས་བཟོ་འཕོང་གཏན་ཚིགས་དང་། རྣལ་འབྱོར་ཐོས་པ་དྲན་པ་སྐར་མའི་དཔྱད། །རྩིས་མིག་འཕྲུལ་འཁོར་སྔོན་རབས་སྔོན་བྱུང་རིགས། །འདི་དག་རིག་པའི་གནས་ཆེན་བཅོ་བརྒྱད་ཡིན། །ཞེས་བྱུང་ངོ་། །རིག་པའི་གནས་ཆེ་བ་ལྔ་ནི། བཟོ་རིག་པ། གསོ་བ་རིག་པ། སྒྲ་རིག་པ། གཏན་ཚིགས་རིག་པ། ནང་རིག་པ་སྟེ་ལྔའོ། །རིག་གནས་ཆུང་བ་ལྔ་ནི། སྙན་ངག་དང་། མངོན་བརྗོད་དང་། ལྡེབ་སྦྱོར་དང་། ཟློས་གར་དང་། རྩིས་ཀྱི་རིག་པ་སྟེ་ལྔའོ། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། སློབ་དཔོན་དྷརྨ་ཀིརྟིས། སྙན་ངག་དང་། གླུ་དབྱངས་དང་། གླེགས་འདྲ་མཁན་དང་། འཐབ་མོ་དང་། རོལ་མོ་དང་། མཚན་མ་དང་། མེ་ཏོག་གི་ལས་ཀྱི་སྦྱོར་བ་དང་། དམག་གི་བཀོད་པ་དང་། རྩིས་དང་། གཡོས་ཀྱི་ལས་དང་། བུད་མེད་ཀྱི་མཚན་ཉིད་དང་། སྐྱེས་པའི་མཚན་ཉིད་དང་། གར་དང་། མཆོང་དང་། ཤིང་འཇོག་དང་། འདྲི་བ་དང་། རྩི་ཡི་ལས་དང་།
རི་མོའི་ལས་དང་། སོག་ལེའི་ལས་དང་། ཁྱིམ་པ་བརྟག་པའི་མཚན་ཉིད་དང་། རིན་པོ་ཆེ་བརྟག་པ་དང་། སྐུ་གཟུགས་ཀྱི་མཚན་ཉིད་དང་། གླང་པོ་ཆེ་བརྟག་པ་དང་བཞད་གད་དང་། བྲོ་གར་དང་། ལུས་ཀྱི་སྐུ་མཉེ་དང་། ལྟས་ཤེས་པ་དང་། སྔོ་ར་ཛྙཱ་ན་ནོར་སྒྱུར་མཁན་དང་། གཏེར་ཤེས་པ་དང་། མཆོད་སྦྱིན་གྱི་ཆོ་ག་ཤེས་པ་དང་། མཚན་ཉིད་བརྟག་པ་དང་། ལུགས་ཀྱི་བསྟན་བཅོས་ཤེས་པ་དང་། མིག་འཕྲུལ་ཤེས་པ་དང་། བཞོན་པ་ལྷན་ཅིག་སྤྱོད་པ་དང་། དེ་ལ་སོགས་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཡོད་དོ་ཅེས་གསུང་པ་དང་། ལུང་ཕྲན་ཚིགས་ཀྱི་འགྲེལ་བ་སློབ་དཔོན་ཚུལ་ཁྲིམས་བསྐྱང་གིས་མཛད་པ་ལས། རོལ་མོའི་མཚན་ཉིད་སྒྱུ་མ་དང་། །འགྱོད་སྟོབས་དང་ནི་མེ་ཏོག་ལས། །དམག་རྣམས་དང་ནི་བདག་ཉིད་ཤེས། །གཡོས་སུ་བྱ་བ་རྣམ་པར་ངེས། །ཚོང་དང་ནོར་ནི་བསྒྱུར་བ་དང་། །དྲན་དང་ལག་རྩིས་བཅུད་ཀྱིས་ལེན། །འཁྲུལ་འཁོར་སྦྱོར་དང་དྲི་བ་དང་། །འཕོང་དཔྱད་དང་ནི་ཚེ་སྦྱོར་སྒྲ། །ཡི་གེ་དང་ནི་ཁ་སྐད་དང་། །རང་རང་བཟོ་དང་མཚན་རྣམས་བརྟག །གཅོད་ཐབས་དང་ནི་མགོ་ལེ་དང་། །
ཕུབ་རྣམས་བསྐོར་བར་བྱེད་པ་དང་། །སོང་དང་འོང་བ་ཤེས་པ་དང་། །བཞི་པའི་མཚན་ཉིད་ཤེས་པ་དང་། །མདུང་དང་རྡོ་རྗེ་བརྟག་པ་དང་། །ལྡེར་སོ་དག་གི་མཚན་ཉིད་དང་། །ཟུག་རྔུ་འབྱིན་དང་མིག་འཕྲུལ་དང་། །བྷ་ར་ཏ་ཡི་བསྟན་བཅོས་ཤེས། །བཅིངས་དང་ཁང་པ་བརྩེགས་མ་རྣམས། །དེ་བཞིན་རྡོ་རྗེ་འཕང་བ་དང་། །ཡན་ལག་མཉེ་དང་སོ་འདེབས་དང་། །དེ་བཞིན་ཆུ་ནི་ཀུན་འཛིན་དང་། །དུང་གི་སྒྲ་དང་སྡེབ་སྦྱོར་དང་། །གྲོང་བརྡལ་དང་ནི་གླེགས་འདྲ་དང་། །མཚན་མོ་ཆོམ་རྐུན་ཤེས་པ་དང་། །བྱིས་པ་རྣམས་ནི་གསོ་བ་དང་། མི་རྣམས་གཉིད་ཀྱིས་ལོག་པ་དང་། སྒོ་ལྕགས་དབྱེ་བར་བྱེད་པ་དང་། །སྒྲ་དང་ས་རྟོག་བྱེད་པ་དང་། །སྐྱེས་པ་བུད་མེད་རྟ་དང་ནི། །གླང་པོའི་མཚན་ཉིད་གར་སློབ་དང་། །འབྱུང་པོ་དག་ནི་གསོ་བ་དང་། །ཟངས་མ་འཁར་བ་གསེར་དག་དང་། །ཤིང་དང་དུང་གི་མིང་ཤེས་དང་། །རི་མོ་མཚན་དང་སོ་དག་གི །ལས་རྣམས་དེ་དག་གོ་རིམ་བཞིན། །སྙམ་པའི་མཚན་ཉིད་དེ་ཤེས་པ་དང་། །མཚན་མ་ཤེས་པ་ཉིད་དང་ཡང་། །ངེས་པའི་ཚིག་གི་གཞུང་རྣམས་
ཀྱི། །སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཤེས། །འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ནི། འོ་བྱེད་པ། འཁྱུད་པ། སོ་འདེབ་པ། སེན་མོ་འདེབ་པ། ཡང་དག་པར་བསྐྱོད་པ། སིད་ཀྱི་སྒྲ་སྒྲོག་པ། སྐྱེས་པའི་བྱ་བ་བྱེད་པ། སྟེང་ནས་འདུག་པ་སྟེ་བརྒྱད་པོ་རེ་རེ་ལ་བརྒྱད་བརྒྱད་ཕྱེ་བས་དྲུག་ཅུ་རྩ་བཞིའོ། །ཡང་འདོད་པའི་སྒྱུ་རྩལ་དྲུག་ཅུ་ནི། འཁྱུད་པའི་ཆར་གཏོགས་པ་བརྒྱད། སྐྱེས་པའི་བྱ་བ་བྱེད་པ་སོགས་ཀྱི་ཆར་གཏོགས་པ་བརྒྱད། སོ་འདེབ་པ་སོགས་བརྒྱད། སེན་མོ་འདེབ་པ་སོགས་བརྒྱད། ཡང་དག་པར་བསྐྱོད་པ་སོགས་བརྒྱད། སིད་ཀྱི་སྒྲ་སྒྲོག་པ་སོགས་བརྒྱད། སྟེང་ནས་འདུག་པ་སོགས་བརྒྱད་དེ་དྲུག་ཅུ་ལ་བཤད། རྡོ་རྗེ་མཁའ་འགྲོ་ཡི་འགྲེལ་པ་ལས། འཁྱུད་པ་དང་། འོ་བྱེད་པ་དང་། སོ་འདེབ་པ་དང་། སེན་མོ་འདེབ་པ་དང་། ཡང་དག་པར་བསྐྱོད་པ་དང་། སིད་ཀྱི་སྒྲ་སྒྲོག་པ་དང་། སྐྱེས་པའི་བྱ་བ་བྱེད་པ་དང་། སྟེང་དུ་འདུག་པ་སྟེ་སྒྱུ་རྩལ་བཅོ་བརྒྱད། དེ་བརྒྱད་ལ་ནང་གསེས་ཀྱི་ཁྱད་པར་བརྒྱད་བརྒྱད་ཕྱེ་བའི་དྲུག་ཅུ་རྩ་བཞིའོ། །ཞེས་གསུངས། འདོད་པའི་སྒྱུ་རྩལ་དྲུག་ཅུ་རྩ་བཞི་ཡིན་ལགས། རིན་པོ་
ཆེ་སྣ་བདུན་ནི། བརྒྱད་སྟོང་འགྲེལ་ཆེན་ལས། མུ་སལ་གྷཪྦྷ་བཻཌཱུརྱ། དངུལ་དང་གསེར་དང་ཤེལ་དང་ནི། །མུ་ཏིག་དམར་པོ་རྡོ་སྙིང་རྣམས། །ཀུན་ལ་འཚམས་ཕྱིར་རིན་ཆེན་བདུན། །ཞེས་དང་། འཇིག་རྟེན་པ་ཡོངས་གྲགས་ཀྱིས་གསེར་དངུལ་ཟངས་ལྕགས་གཡུ་བྱུ་རུ་མུ་ཏིག་མུ་མེན་བདུན་ལ་ཟེར། མདོ་ལས། གསེར་དང་། དངུལ་དང་། བཻཌཱུརྱ་དང་། སྤུག་དང་། མུ་ཏིག་དམར་པོ་དང་། རྡོའི་སྙིང་པོ་དང་། ཀེ་ཀེ་རུ་བདུན་ལ་ཟེར། རིན་ཆེན་སྣ་ལྔ་ནི། མུ་ཏིག་དང་། གསེར་དང་། དངུལ་དང་། བྱུ་རུ་དང་། མུ་མེན་ནོ། །དག་བྱེད་བདུད་རྩིའི་ཆུ་བཞི་ནི། མཆོད་ཡོན། ཞབས་བསིལ། ཞལ་བསིལ། བསང་གཏོར་བཞིའོ། །མཆོད་ཡོན་ཕྱག་ཏུ་ཕུལ། ཞབས་སིལ་ཞབས་འཁྲུས་པ་དང་། ཞལ་བསིལ་གྱིས་ཞལ་འཁྲུས་པ་དང་། བསང་གཏོར་གྱིས་སྐུ་ལ་འཐོར་བའོ། །བླ་མ་མཆོད་པའི་སྐབས་ཀྱི། དག་བྱེད་བདུད་རྩིའི་ཆུ་བཞི་དལ་གྱིས་འབབས། །གསུངས་པ་དེའོ། །མཆོད་ཡོན་གྱི་ཞི་བའི་རྫས་བདུན་ནི། དཀྱིལ་ཆོག་རྡོ་རྗེ་ཕྲེང་བ་ལས། ཞི་བ་ལ་ནས་དང་། འོ་མ་
དང་། མེ་ཏོག་དཀར་པོ་དང་། ཀུ་ཤ་དང་། ཏིལ་དང་། འབྲས་ཡོས་དང་། བདུད་རྩི་དང་། སའི་དྲི་དཀར་པོའི་ཆུ་རྣམས་དགོས་པར་གསུངས། འཁོར་གསུམ་ནི། མཆོད་པ་ལ་མཚོན་ན། མཆོད་བྱ་མཆོད་བྱེད་མཆོད་ཡུལ་གསུམ་མོ། །སྦྱིན་པར་ཡིན་ན། སྦྱིན་བྱ་སྦྱིན་བྱེད་སྦྱིན་ཡུལ་གསུམ་མོ། །ཡོངས་སུ་དག་པའི་ལྟ་བས་རྩིས་ཟིན་པར་བྱེད་པ་ལ་ཟེར། ཞལ་ཟས་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ། གསུངས་པས། རོ་བརྒྱ་ནི། མངར་བ། སྐྱུར་བ། བསྐ་བ། ཁ་བ། ཚ་བ། ལན་ཚྭ་སྟེ་རྩ་བའི་རོ་དྲུག་ལ་ཟེར། དེ་རེ་རེ་ལ་མངར་བའི་མངར་བ་སོགས་དྲུག་དྲུག་ཏུ་ཕྱེ་བས་སོ་དྲུག །དེ་རེ་རེ་ལ་དམན་དང་། འབྲིང་དང་། མཆོག་གསུམ་གསུམ་དུ་ཕྱེ་བས་རོ་བརྒྱ་དང་བརྒྱད་ཡོད་པ་ལ་བཤད། ཡན་ལག་བརྒྱད་ལྡན་གྱི་ཆུ་ནི། བསིལ་བ། ཞིམ་པ། འཇམ་པ། ཡང་པ། དྭངས་པ། དྲི་ང་མེད་པ། མགྲིན་པར་མི་གནོད་པ། འཐུང་ན་ལྟོ་བ་ལ་ཕན་པ་དང་བརྒྱད་དོ། །བསྟོད་མངའ་རིས་སྐོར་གསུམ་ནི། སྤུ་ཧྲེང་གངས་ཀྱིས་བསྐོར་བར། གུ་གེ་གཡའ་ཡིས་བསྐོར་བར། རུ་ཐོག་མཚོ་ཡིས་བསྐོར་རོ། །བར་
དབུས་གཙང་རུ་བཞི་ནི། གཙང་ལ་གཡས་རུ་དང་རུ་ལག །དབུས་ལ་གཡོ་རུ་དང་དབུ་རུ་ཞེས་སོ། སྨད་མདོ་ཁམས་སྒང་དྲུག་ནི། ཁམས་ཟལ་མོ་སྒང་སོགས་ལ་ཡང་ཟེར། རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་རྣམ་ཐར་སྟོད་ཆ་སྡེ་སྲིད་རིན་པོ་ཆེའི་མཛད་པ་ལས། གངས་རིའི་ཕྲེང་བས་ཡོངས་སུ་བསྐོར་བའི་རྒྱལ་ཁམས་འདི་ཉིད་ལ། ཆོས་རྒྱལ་མེས་དབོན་གྱི་དུས་སུ། སྤུ་ཧྲེང་མང་ཡུལ་ཟངས་དཀར་གསུམ་སྐོར་གཅིག །ལི་བྲུ་ཤ་སྦལ་ཏི་གསུམ་སྐོར་གཅིག །ཞང་ཞུང་ཁྲི་ཏེ་སྟོད་ཁྲི་ཏེ་སྨད་དང་གསུམ་སྟེ། སྟོད་མངའ་རིས་ཡུར་བ་དང་འདྲ་བས་སྐོར་གསུམ། ཤར་འོལ་དགའི་ཤུག་པ་སྤུན་བདུན། ལྷོ་དམག་ལ་ལ་བརྒྱད། ནུབ་གཞུ་སྙེ་མོ། བྱང་སྟགས་ཀྱི་གླང་མ་གུར་ཕུབ། དབུས་ཚད་ལྷ་ས་ར་མོ་ཆེར་བྱས་པ་དབུ་རུ། ཤར་ཀོང་ཡུལ་བྲེ་སྣ། ལྷོ་ཤ་འུག་སྟག་སྒོ། ནུབ་ཁ་རག་གངས་རྩེ། བྱང་དམའ་ལ་ལ་རྒྱུད། དབུས་ཚད་པ་ར་ཀླུང་ཁྲ་འབྲུག་ལ་བྱས་པ་གཡོ་རུ། ཤར་རྟགས་ཀྱི་གླང་མ་གུར་ཕུབ། ལྷོ་གཉའ་ནང་གཡག་པོའི་སྣ། ནུབ་བྱེ་མ་ལ་དགུ །བྱང་སྨྲི་ཏི་ཆུ་ཞག །དབུས་
ཤངས་ཀྱི་ཞོང་བ་ཚལ་ལ་བྱས་པ་གཡས་རུ། ཤར་འཇམ་རྣེ་བཀྲ། ལྷོ་བལ་བོ་གླང་སྣ། ནུབ་ཀོམ་གཡག་མིག །བྱང་བྱེ་མ་ལ་སྔོན། དབུས་བསྟོད་ཀྱི་ངུར་བ་རྣལ་བྱས་པ་རུ་ལག །ཤར་སྐེ་ཡུལ་བུམ་ནག །ལྷོ་སྨྲི་ཏི་ཆུ་ནག །ནུབ་ཡོལ་ཞགས་སྡིངས་པོ་ཆེ། བྱང་ནག་ཤོད་གཟི་འཕྲང་། དབུས་ཚད་རྒྱ་ཤོད་སྟག་པ་ཚལ་ལ་བྱས་པ་སུམ་པའི་རུ་སྟེ། བར་དབུས་གཙང་རྫིང་དང་འདྲ་བས་རུ་བཞི། ཡན་ལག་གསུམ་པའི་རུ་དང་ལྔ། མདོ་ཁམས་དང་སྨད་ཁམས། མདོ་སྨད་དང་གཡར་མོ་ཐང་། བཙོང་ཁ་དང་གྱི་ཐང་སྟེ་མདོ་ཁམས་ཞིང་དང་འདྲ་བས་སྒང་གསུམ། གཞན་ཡང་སྟོང་སྡེའི་དབང་དུ་བཏང་ན་དྲུག་ཅུ་རྩ་གཅིག །ཡུལ་གྱི་དབང་རིས་ཆེན་པོའི་སྡེ་ཚན་དུ་དབྱེ་ན་བཅོ་བརྒྱད་དོ། །ཡང་བསྟོད་མངའ་རིས་གུང་ཐང་ནས། སོག་ལ་སྐྱའོ་ཡན། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། དེ་ནས་རྨ་ཆུ་ཁུག་པ་ཡན། མདོ་སྟོད་མགོ་ནག་མིའི་ཆོལ་ཁ། དེ་ནས་རྒྱ་མཆོད་རྟེན་དཀར་པོ་ཡན། དུད་འགྲོ་རྟའི་ཆོལ་ཁ་སྟེ་ཆོལ་ཁ་གསུམ་དུ་གྲགས། ཕྱིས་ས་སྐྱ་པ་ལ་ཧོར་གྱིས་འཇའ་སས་བཅད་ནས། དབུས་ཁྲི་དྲུག །གཙང་ཁྲི་
དྲུག །གཙང་མིན་དབུས་མིན་ཡར་འབྲོག་ཁྲི་གཅིག་སྟེ། ཁྲི་སྐོར་བཅུ་གསུམ། མདའ་ལྔ་ནི། སྒྲོན་གསལ་ལས། བརྗེད་པར་བྱེད་པ་དང་རྨོངས་པར་བྱེད་པ། ཀུན་ཏུ་རྨོངས་པར་བྱེད་པ་དང་། བརྒྱལ་བར་བྱེད་པ་དང་། སེམས་མེད་པར་བྱེད་པ་དང་མདའ་ལྔའོ། །ཞེས་དང་། ཤུགས་དྲགས་ཆུ་བོ་བཞི་ནི་ཀུན་བཏུས་ལས། འདོད་པའི་ཆུ་བོ་དང་། སྲིད་པའི་ཆུ་བོ་དང་། ལྟ་བའི་ཆུ་བོ་དང་། མ་རིག་པའི་ཆུ་བོ་དང་བཞིའོ། །ཞེས་དང་། མཆོད་པ་རྣམ་པ་ལྔ་ནི། ཏིང་འཛིན་ཡིད་ཀྱི་མཆོད་པ་དང་། བརྗོད་བྱ་ཚིག་གི་མཆོད་པ་དང་། སྙན་པ་དབྱངས་ཀྱི་མཆོད་པ་དང་། ཕྱག་རྒྱ་གར་གྱི་མཆོད་པ་དང་། བཤམས་པ་རྫས་ཀྱི་མཆོད་པ་དང་ལྔའོ། །མི་ཆོས་གཙང་མ་བཅུ་དྲུག་ནི། ལེགས་བཤད་འཕྲུལ་གྱི་ལྡེ་མིག་ལས། གཞན་ཡང་རང་གི་བཀའ་ལ་གཏོགས་པ་ཡིས། །དཀོན་མཆོག་གསུམ་ལ་དད་གུས་བསྐྱེད་པར་བྱ། །དམ་པའི་ཆོས་བཙལ་སྒྲུབ་ལ་ནན་ཏན་བྱ། །ཕ་དང་མ་ཡི་དྲིན་ལན་འཇལ་བར་བྱ། །ཡོན་ཏན་ཅན་ལ་ཞེས་མཐོང་ཆེ་བར་བྱ། །རིགས་མཐོ་བ་དང་རྒན་ལ་བཀུར་སྟི་བྱ། །
ཉེ་དུ་འཛའ་བཤེས་རྣམས་ལ་གཞུང་བཟང་བསྲིང་། །ཡུལ་མི་ཁྱིམ་མཚེས་རྣམས་ལ་ཕན་གདགས་བྱ། །བཀའ་ནི་དྲངས་ཤིང་རྒྱུན་དུ་སེམས་ཆུང་བྱ། །ཡ་རབས་རྗེས་སྙེགས་ཕྱི་ཐག་རིང་བར་བྱ། །ཟས་ནོར་རྣམས་ལ་རང་ཚོད་ཟིན་པར་བྱ། །སྔར་གྱི་དྲིན་ཅན་མི་ལ་དྲིན་ལན་གཞལ། །བུ་ལོན་འཇལ་ཞིང་བྲེ་སྲང་གཡོ་སྒྱུ་སྤང་། །ཀུན་ལ་སྙོམས་ཤིང་ཕྲག་དོག་མེད་པར་བྱ། །ངན་པའི་ངག་ལ་མི་ཉན་རང་ཚུགས་འཛིན། །ངག་ནི་འཇམ་ཞིང་སྨྲ་བ་ཉུང་བར་བྱ། །ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པར་བྱ། །དེ་ལྟར་མི་ཆོས་གཙང་མ་བཅུ་དྲུག་གི །ཁྲིམས་ཀྱི་གཞི་བཟུང་བཀའ་ཁྲིམས་ནན་ཏན་མཛོད། །ཞེས་གསུངས། དགེ་བཅུ་ཚངས་པའི་ཡུལ་ནི། ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཞིང་ཆུ་ཆུ་ཡི་དགེ །གམ་འབྲོག་རྒྱངས་འབྲོག་འབྲོག་གི་དགེ །ཁང་ཤིང་འབུད་ཤིང་ཤིང་གི་དགེ །ཁང་རྡོ་འཐག་རྡོ་རྡོ་ཡི་དགེ་སྟེ་བཅུའོ། །འཁོར་ལོ་བཞི་ནི། སློབ་དཔོན་ཀླུ་སྒྲུབ་ཀྱིས། མཐུན་པར་གྱུར་པའི་ཡུལ་ན་གནས་པ་དང་། །སྐྱེས་བུ་དམ་པ་དག་ལ་བསྟེན་པ་དང་། །བདག་ཉིད་ལེགས་སྨོན་སྔོན་ཡང་བསོད་ནམས་ཀྱིས། །འཁོར་
པོ་ཆེན་པོ་བཞི་ནི་ཁྱོད་ལ་མངའ། །གསུངས། བླ་མ་མཆོད་པ་ལས། ཐེག་མཆོག་འཁོར་ལོ་བཞི་དང་མི་འབྲལ་ཞིང་། །ཞེས་པའི་དོན་ནི། དཔེར་ན་ཤིང་རྟ་ལ་འཁོར་ལོ་བཞི་འཛོམས་ན་གང་འདོད་པའི་གནས་སུ་ཡུད་ཀྱིས་བགྲོད་པ་ལྟར། མཐུན་པའི་ཡུལ་སྐྱེས་བུ་དམ་པ་ལེགས་སྨོན་བསོད་ནམས་ཏེ་བཞི་པོ་འདི་འཛོམས་ན། ལམ་ལ་ས་ཆོད་འབྱུང་བས་དེའི་རྒྱུ་སྒྲུབ་ཅིང་སྨོན་ལམ་འདེབས་དགོས་པས་གལ་ཆེའོ། །ཚེ་སྔོན་བླ་མ་དགེ་བའི་བཤེས་གཉེན་དགེ་འདུན་པ་སོགས། ཞིང་ས་ཁྱད་པར་ཅན་ལ་ས་ཆ་ཡུལ་རིས་ཁང་པ་སོགས་ཕུལ་བ་དང་། ས་ཆ་ཡུལ་ཕྱོགས་བཟང་པོ་ལ་ཞུགས་སུ་བཅུག་པ་སོགས་ཀྱི་བསོད་ནམས་ཀྱི་མཐུས་ཚེ་འདིར་ས་ཆུ་འཕྲོད་ཅིང་ཆུ་ཤིང་སོགས་མཐུན་རྐྱེན་འཛོམས་པའི་མཐུན་པར་གྱུར་པའི་ཡུལ་དུ་གནས་རྒྱུའི་སྐལ་བ་དང་ལྡན་པ་དང་གཅིག །ཚེ་སྔོན་དགེ་བའི་བཤེས་གཉེན་བསམ་སྦྱོར་དག་པ་ལ་བསྟེན་པའི་འབྲས་བུ་ཚེ་འདིར་བླ་མ་སྐྱེས་བུ་དམ་པ་གང་བཟང་བསྟེན་དུ་ཡོད་པ་དང་གཉིས། ཚེ་སྔོན་མ་རྣམས་སུ་ལེགས་པའི་སྨོན་ལམ་མང་པོ་བཏབས་པའི་མཐུས། ཚེ་འདིར་
ཆོས་ཡིད་ལ་བསམ་ཚད་འགྲུབ་པས་ན། སྔོན་གྱི་ལེགས་སྨོན་འགྲུབ་པ་དང་གསུམ། ཚེ་སྔོན་བསོད་ནམས་ཀྱི་ཚོགས་རྒྱ་ཆེན་པོ་བསགས་པའི་མཐུས། ཚེ་འདིར་ཆོས་ཀྱི་མཐུན་རྐྱེན་ཟས་ནོར་སོགས་བདེ་བའི་ཡོ་བྱད་འབད་མེད་ལྷན་གྲུབ་དུ་འོང་བ་ཡིན་པས་ན། སྔོན་གྱི་བསོད་ནམས་བགྱིས་པའི་འབྲས་བུ་ལ་ལོངས་སྤྱོད་རྒྱུའི་སྐལ་བ་བྱུང་བ་དང་བཞིའོ། །སྨྲས་པ། དམར་སེར་འོད་ཀྱིས་རབ་མཛེས་པའི། །འཇམ་མགོན་མཁྱེན་པའི་གཏེར་ཁྱོད་ཀྱིས། །འགྲོ་ཀུན་མི་ཤེས་མུན་པ་སོལ། །ཤེས་རབ་སྣང་བ་བསྐྱེད་དུ་གསོལ། །ཆོས་སྤྱོད་སྨོན་ལམ་ལ་སོགས་པའི། །སྐབས་སུ་མཁོ་བའི་གྲངས་འདྲེན་འདི། །རང་གཞན་ཡོངས་ལ་ཕན་པའི་ཕྱིར། །གཞུང་གཞན་དག་ནས་འདི་རུ་བླངས། །བཤད་པ་ཐུབ་ན་སྙན་གྲགས་འབྱུང་། །སྒྲུབ་པ་ནུས་ན་གྲུབ་ཐོབ་ཡོང་། །ཆོས་ལ་མཁས་ཤིང་ཚུལ་ཁྲིམས་གཙང་། །བསམ་པ་བཟང་ན་འཛོམས་གསུམ་ཡིན། །དེ་འདྲའི་ཆོས་པ་བཟང་པོ་ལ། །གཞན་གྱིས་གྲངས་འདྲེན་དྲིས་པའི་ཚེ། །ཐོགས་པ་མེད་པར་བཤད་ཙ་ན། །བསྟན་འགྲོ་ཡོངས་ལ་ཕན་ཐོགས་འབྱུང་། །ལུང་རྟོགས་ཡོན་ཏན་རྒྱན་
ལྡན་པའི། །ཞབས་དཀར་ལྷ་ཡི་དབང་པོ་ངས། །གཞུང་མང་ལྷ་ཡི་སྐྱེད་ཚལ་ནས། །བླངས་པའི་གྲངས་འདྲེན་མེ་ཏོག་ཕྲེང་། །བློ་གསལ་ལྷ་ཕྲུག་གཞོན་ནུ་ཡི། །མགུལ་པའི་རྒྱན་དུ་ལེན་ནུས་ན། །ལྷ་མི་ཀུན་གྱི་ཡིད་འཕྲོག་ནས། །རྟག་ཏུ་མཆོད་བསྟོད་བཀུར་བར་འགྱུར། །རྒྱལ་བའི་གསུང་རབ་དགོངས་འགྲེལ་དང་། །མཐུན་པའི་ལེགས་བཤད་བཟང་པོ་འདིས། །བླུན་པོའི་བློ་སྐྱེད་ཐོན་པ་དང་། །མཁས་པར་གསལ་འདེབས་ཡོང་བར་ཤོག །ཅེས་པའང་གྲངས་འདྲེན་མེ་ཏོག་ཕྲེང་བ་བློ་གསལ་གཞོན་ནུའི་མགུལ་རྒྱན་ཞེས་བྱ་བ་འདི་ནི། མཁས་བཙུན་བཟང་གསུམ་འཛོམས་པའི་མ་ཕྱག་རི་ཁྲོད་པའི་སྐུ་སྐྱེས་བློ་བཟང་ལྷུན་གྲུབ་དང་། དགེ་སློང་ཡེ་ཤེས་དར་རྒྱས། འཇིགས་མེད་སྙན་གྲགས་བློ་བཟང་སོགས་སྐལ་ལྡན་གྱི་སློབ་མ་རྣམས་ཀྱིས་ཉེར་མཁོའི་གྲངས་འདྲེན་འདི་ལྟ་བུ་ཞིག་དགོས་ཞེས་བསྐུལ་ངོར་༧རྣལ་འབྱོར་ཞབས་དཀར་བས། དཔེ་ཆ་མང་པོ་བལྟ་ཞོར་ལ་དབེན་གནས་བཀྲ་ཤིས་འཁྱིལ་པ་ནས་སྦྱར་བའོ། །འདིས་ཀྱང་ཀུན་ལ་ཕན་ཐོག་པར་གྱུར་ཅིག། །།སརྦ་མངྒ་ལཾ།། །།